བྲག་བརྐོས་མ་ཎི་ཡི་སེམས་པ་ལ་ཉན་པ།

མར་མེའི་འོད་མདངས་ལྷང་ལྷང་གསལ་བའི་མཆོད་སྟེགས་གྲུ་བཞིར་ཁ་ཕྱོགས་ཏེ།།
དད་པའི་རོལ་དབྱངས་མགྲིན་པས་འཁྲོལ་བཞིན་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར།།
གངས་དཀར་སེམས་ཀྱི་བཞི་མདོ་དཀྱིལ་དུ་ཉི་ཟླའི་རྔམས་ཁ་ཆུ་བཞིན་བཞུར།།
ཡིགདྲུག་གཟུངས་སྔགས་སྣུམ་རིས་བཞིན་དུ་དད་པའི་མཚོ་ངོགས་སྨུག་ངེར་དྲངས།།

འཚོལ་བསྙེགས་སྟོང་གི་ཕ་མཐའ་ཡུལ་ན་འཇའ་མཚོན་སྒྲོ་གུར་མིག་གིས་ཟིན།།
དགོད་སྒྲ་གཅིག་གི་སྔ་ཕྱིར་བར་ན་འོ་ཆུའི་དངས་སྙིགས་གཙང་བྱེས་བྱས།།
རླུང་དམར་འཚུབ་པའི་ཆོ་འཕྲུལ་སྐྱ་བོས་རྨ་ཁ་བརྒྱ་ཕྲག་ལུས་ལ་བཏབ།།
བཞི་མདོ་ཞིག་ཏུ་དབུགས་རིང་བཏང་མཐར་བྱེི་ཐང་བརྒལ་རྒྱུའི་ཆོད་སེམས་སྐྱེས།།

གྲང་ཤུལ་ཤུལ་གྱི་རྐང་རྗེས་རེ་རེས་བྱེ་མའི་འགྲམ་པར་འཁྱུག་རིས་བཀོད།།
ལྗིད་ཏིག་ཏིག་་གི་གོམ་སྒྲ་རེ་རེས་བྱེི་རླུང་རྩུབ་མོར་དྲན་པ་བསྐུལ།།
འོད་ཆེམ་ཆེམ་གྱི་རྐང་རྗེས་རེ་རེས་བྱེིམའི་བྲང་ངོས་ལོ་ཟླ་དྲངས།།
སེམས་ཀྱི་གདུང་བ་མིག་འཕོས་པས་མིག་ཆུའི་ཐིགས་པ་ཆར་བཞིན་འབབས།།

རྔ་མོང་ཁྱུའི་རྐང་རྗེས་འཐུ་སྟེ་ས་མཐོའི་མཚོ་མོའི་སྒོ་འགྲམ་བསྙེགས།།
དངས་གཙང་མཚོ་མོའི་མེ་ལོང་ངོས་སུ་མི་སྡུག་ངོ་གདོང་ལྷང་སེ་འབུད་།།
འཇིགས་རྔམས་མེ་ཡི་ཚ་གཟེར་བཏབ་ཏེ་ཕྱིར་བལྟས་བོར་ནས་རི་ངོས་བྲོས།།
ལྗོན་ཤིང་ཕྲག་གི་ཁ་ཏ་དགོད་བཞིན་རང་ངོར་ཡིན་ར་སྤྲོད་བཏང་།

ལྗོན་ཤིང་གྲིབ་འོག་ཡུན་གཅིག་བསྡད་པས་ལུས་སེམས་གཉིས་ཀ་གཉིད་དུ་གཡུར།།
སྒྱུ་མའི་མཁན་པོ་བསླུ་ཐེངས་གཅིག་གིས་རྨི་ལམ་ཞིང་དུ་དབང་མེད་བསྙེགས།།
རབ་རིབ་སྣང་བའི་འཆར་སྣང་ཁྲོད་ན་བྲག་དཀར་རྒན་པོའི་ངོ་གདོང་ངོས།།
ཆུ་ལས་ཆུཡི་ལྦུ་བ་ཚུལ་དུ་ཡིག་དྲུག་རང་གཟུགས་གསལ་ལེ་འཆར།།

བརྗོད་ཐབས་བྲལ་བའི་སྒུལ་ཤུགས་ཞིག་གིས་ལུས་ཀྱི་བ་སྤུ་གྱེན་དུ་གཟེངས།།
བཟི་ཁ་ལྟ་བའི་ཚོར་སྣང་སྐྱིན་པོས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར།།
དཀར་དམར་ཁྲ་བའི་དར་ལྕོག་རྩེི་ན་ཟུངས་ཁྲག་དམར་པོའི་དར་ལྕེ་བཏགས།།
དྲི་ཞིམ་སྤོས་ཀྱི་ཐུ་རུའི་སྣེ་རུ་ངལ་བའི་རྔུལ་ཆུ་མེ་རུ་སྒྲོན།།

ཁྲག་ཆུང་མིག་གི་དག་སྣང་ངོ་ན་རྨི་ལམ་མིན་པའི་རྨི་ལམ་འཆར།།
དངངས་སྐྲག་ལྟ་བུའི་འདུ་ཤེས་།ཞིག་གིས་ལུས་པོ་ཡོངས་རྫོགས་གཟེར་གྱིས་ཁྱབ།།
རེ་བས་བསླངས་པའི་ན་ཟུག་ཞིག་གིས་གློ་མཆིན་ཡོད་ཚད་ཁ་ནས་སྐྱུག།
བྲག་བརྐོས་མ་ཎི་འདུ་ཤེས་ལྡན་ལྟར་དམར་སྨུག་མཆུ་ཟུང་བདག་ལ་བསྲིངས།།

དྲོས་ཀྱིས་མྱོས་པའི་མིག་ཆུའི་རྡོག་པ་གཡང་གཟར་ས་རྡོའི་རྦབ་རིལ་བཞིན།།
བྱིན་རླབས་དངོས་གྲུབ་སྙིང་ལ་འཕོས་པས་སྒོ་གསུམ་སྨན་སྦྲིད་པ་བཞིན།།
ཉི་ཟླའི་སྣང་བ་ལུས་ལ་རྩོལ་པས་ཚ་གདུང་ཕྱག་གིས་སེལ་བ་བཞིན།།
རེ་བ་མ་ལུས་མཆུ་ལ་བསྡུས་ཏེ་དྲོད་འཇམ་འོ་ཞིག་ལན་དུ་བསྲིངས།།

དད་གུས་ཡིད་ཀྱི་རོལ་དབྱངས་ཁྲོད་ན་རྡོ་བརྐོས་མ་ཎི་བདག་ལ་འཁྱུད།།
བང་མཛོད་ནང་གི་གསང་བ་བརྟོལ་སླད་བྲང་ཁ་བདག་གི་རྣ་རྩར་སྦྱར།།
སྙིང་དཀྱིལ་ཟུག་པའི་དབུ་མའི་རྩ་རུ་འགྱུར་མེད་རྟ་ཕོའི་བང་རྩལ་འགྲན།།
གློ་མཆིན་བར་གྱི་མུན་ཁུང་ནང་དུ་འོ་ཆིུའདྲེས་པའི་གསར་འགྱུར་སྒྲོག།།


ད་ཐེངས་བྲང་ཁར་རྣ་བ་སྦྱར་ཉན་པས་ཟུར་གསུམ་སྙིང་གི་འཁོར་ཕྱོགས་རྟོགས།།
འཚམས་སྤྲིན་དམར་པོའི་མལ་གཟན་འོག་ན་ཁ་ཤུལ་ཉི་མའི་དྲོད་ཚད་རྟོགས།
ཕྲ་མཐོང་ཆེི་ཤེལ་མིག་ལ་ཐོགས་ཏེ་ཁྱོད་དང་ང་ཡི་ཉེ་ཚད་མཇལ།།
བྲག་བསྐོས་མ་ཎི་སེམས་འཐུང་བས་རང་ཚུགས་འཚོར་བའི་བཟི་ཁ་འབར།།

མེ་ཏོག་མདའ་རྩེར་སྙིང་གཉིས་རྒྱུས་པའི་ལྡོག་མེད་ལས་ཀྱི་འཕེན་པ་ཡིས།།
བཟི་བོ་བདག་ཀྱང་རང་དབང་མེད་པར་བྲག་བརྐོས་མ་ཎིའི་བྲང་ངོས་ཐིམ།།
རྟག་ཏུ་ཚེི་སྲོག་དབྱངས་སུ་གྱེར་པའི་མ་ཎི་འབྲུ་ཡི་རངིགཟུགས་འགྱུར།།
རྟག་ཏུ་མ་ཎི་རླུང་ལ་བསྐུར་བའི་གསེར་ཟངས་འཁོར་ལོའི་རྣམ་སྤྲུལ་འགྱར།།

འོན་ཀྱང་ཉི་མ་སྔ་དྲོ་ཡིན་པས་གླུ་དབྱངས་ལེན་པའི་དུས་ཚོད་མིན།།
ས་སྲོད་མུན་པའི་དཀྱིལ་འཁོར་ནང་དུ་ཐེག་ཟུག་རང་གཤིས་ངོམས་བྱུང་ན།།
བྲག་དཀར་ཁྱོད་ངོས་མ་ཎི་དྲངས་པའི་ཐོག་མའི་དམ་བཅའ་འགྲུབ་ལགས་པས།།
ངས་ཀྱང་ང་ཡི་འཇིགས་རྟེན་ངོགས་ནས་ཁ་བཏགས་དཀར་པོས་ཁྱེད་ཉིད་མཆོད།།
༢༠༠༩ ༤ ༧ཉིན་བློ་གླིང་ཞིང་འབྲོག་ནང་དུ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།