འགྲོ་བ་མི་ནི་

འགྲོ་བ་མི་ནི་ལྷ་ཡི་ལྷ་ཡིན།
______འབའ་པ་སྐལ་བཟང་འཕྲིན་ལས།
       མི་སྡེ་སྤྱི་ཚོགས་ཀྱི་སྣང་ངོར་ཆོས་ལུགས་ཀྱི་བསྡུས་གཟུགས་ནི་"དཀོན་མཆོག་"གསོན་པོའི་སྣང་བརྙན་དུ་བསྐྲུན་ཏེ། "དཀོན་མཆོག"དེ་པས་མི་ལ་མཁོ་བའི་འཚོ་གོས་གནས་མལ་གྱི་དངོས་གྲུབ་བསྩལ་ནུས་པ་དང༌།རང་ཉིད་འཇིག་རྟེན་དང་ཁ་བྲལ་བའི་ཚེ་འཇིག་རྟེན་ཕ་རོལ་གྱི་དག་ཞིང་ཞེས་པ་དེར་ཁྲིད་ནུས་པའི་ཡིད་རྟོན་བྱས།དེར་བརྟེན་རང་ཉིད་ལ་ཁེ་ཕན་དེ་དག་ཐོབ་ཆེད་ཉིན་མཚན་དུས་དྲུག་ཏུ་"དཀོན་མཆོག"་དགྱེས་པའི་མཆོད་གཏོར་བྱས་ཤིང་འགའ་རེས་བུ་དང་ཆུང་མ་ཐ་མ་རང་ཉིད་ཀྱི་ཚེ་སྲོག་ཚུན་དཀོན་མཆོག་ལ་མཆོད་པར་འབུལ་ནས་ཟ་གོས་གནས་མལ་དང་ཕྱི་མའི་དངོས་གྲུབ་དག་སློང༌།  དེ་ལས་ཚབས་ཆེ་བར་"དཀོན་མཆོག"སྲུང་སྐྱོབ་དང་ཁོང་གི་མངའ་ཐང་རྒྱ་བསྐྱེད་དོན་དུ་དམག་འཁྲུག་བསླངས་ཏེ་ཉམ་ཐག་པའི་བདག་ཡོད་མེད་ཀྱི་ཚེ་སྲོག་འབུམ་ཕྲག་མང་པོ་དང༌།ལྷག་པར་དུ་འགྲོ་བ་མི་མང་པོའི་ཚེ་སྲོག་ཤོར།དེ་བཞིན་ཚེ་སྲོག་མང་པོའི་འཚོ་གོས་གནས་མལ་ལ་དོ་ཕོག་ཚབས་ཆེན་པོ་བཏང་ཡོད།

གནའ་ནས་དེང་བར་བར་མ་ཆད་དུ་"དཀོན་མཆོག་"གམ་"ལྷ་"བསྲུང་སྐྱོབ་དོན་རྐྱེན་ལས་བརྩམས་པའི་འཁྲུག་རྩོད་ཀྱི་ཞེ་འཁོན་དེ་འགྲོ་བ་མིའི་བསམ་བློའི་གཏིང་ལ་འཛུལ་ཏེ་ད་བར་འཐབ་འཁྲུག་དེ་དག་འཇགས་མ་མྱོང༌།  དོན་རྐྱེན་དེས་བསླངས་པའི་ཡ་ང་བའི་ཆག་སྒོ་དག་ཀྱང་རྒྱུན་ཆད་མ་མྱོང༌།

      བྱེ་བྲག་རང་རེའི་བོད་བརྒྱུད་ནང་བསྟན་ལ་མཚོན་ན་ཡང་ནང་བསྟན་འདི་དོན་དངོས་ཐོག་སློབ་སྦྱོང་བྱ་སའི་རིག་པའི་གཞུང་ལུགས་ཤིག་ཡིན་མོད།ཞིང་འབྲོག་མང་ཚོགས་བརྒྱའི་ཆའི་ཚད་མང་ཤོས་ནང་གི་མང་ཤོས་ཀྱི་སྣང་ངོར་ཁ་མདངས་མཆེ་གཙིགས་ཅན་གྱི་སྐྱེས་ལྷ་ཡུལ་ལྷ་གང་ཞིག་གི་སྣང་བརྙན་དུ་བསྐྲུན་ཏེ།ཚེ་འདིའི་ལྟོ་གོས་གཏམ་གསུམ་དང་ཕྱི་མའི་མངོན་མཐོའི་གོ་འཕང་དང་གཏན་བདེའི་ས་ལམ་སོགས་"ལྷ་"གང་དེས་འབད་མེད་ལྷུན་གྲུབ་ཏུ་བསྩལ་བའི་སྣང་བ་ཤར།དེར་བརྟེན་ནད་རེ་བརྩམས་ན་སྨན་ཁང་དང་སྨན་བསྟེན་རྒྱུ་སྐྱུར།ཚོང་རེ་རྒྱག་པར་བརྩམས་ན་རྩིས་རྒྱག་རྒྱུ་སྐྱུར།ཐ་ན་ཞིང་རེ་འདེབས་པ་ཚུན་ཡུལ་དངོས་ཀྱི་གནས་བབ་ལ་རྟོག་ཞིབ་བྱ་བ་གཏན་ནས་སྐྱུར་ཏེ།མོ་འདེབས་རྩིས་རྒྱག་གི་མཇུག་འབྲས་བཟང་ངན་ལས་དཔག་པའི་ལྷ་མཆོད་འདྲེ་ཕུད་ཀྱི་བྱ་བ་རྒྱ་ཆེ་བ་རེ་བསྒྲུབས་རྗེས་གཟོད་བྱ་བ་གང་དེར་འཇུག་གི་ཡོད།

          འོན་ཏེ་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ལ་གཞིགས་ཀྱང་འགྲོ་བ་མི་ཡིས་"ལྷ་" དང་"དཀོན་མཆོག་"་ལ་གསོལ་བའམ་གསོ་བ།ཡང་ན་སྲུང་སྐྱོབ་དོན་དུ་རྒྱལ་ཁབ་དང་མི་རིགས་རང་སྲོག་ཚུན་འགྲོ་གྲོན་བཏང་ཏེ། "དཀོན་མཆོག"་གི་གསོལ་ཁང་སྤྲོས་པ་རྒྱ་བསྐྱེད་དང་ཁོང་གི་གསུང་རབ་ཁྱབ་སྤེལ།དེ་བཞིན་ཁོང་ལ་དད་མཁན་མངའ་འབངས་ཀྱི་ཁོར་ཡུག་རྒྱ་བསྐྱེད་བཏང་བ་སོགས་"དཀོན་མཆོག"ལ་མཁོ་བའི་བྱ་བ་མང་པོ་ཞིག་ལེགས་སྐྱེས་ཕུལ་ཡོད་མོད།འགྲོ་བ་མི་ཡི་འཚོ་གནས་ཀྱི་བརྒྱུད་པ་རིང་པོའི་ཁྲོད་མུ་གེ་དམག་འཁྲུག་དང༌།དེ་བཞིན་འབྱུང་བའི་འཇིག་པ་སོགས་འགྲོ་བ་མི་སྤྱི་བྱེ་གང་གི་ཡ་ང་བའི་དཀའ་སྡུག་དག་མྱོང་སྐབས་སུ་འགྲོ་བ་མི་ཡིས་འགྲོ་བ་མི་གསོ་བའམ་སྐྱོབ་པར་བྱས་པ་ལས་ཆོ་འཕྲུལ་གནམ་ལ་སྙེག་པར་གྲགས་པའི་"ལྷ"འམ"དཀོན་མཆོག"གང་གིས་ཀྱང་ཟ་བཏུང་གནས་མལ་གྱི་དངོས་གྲུབ་གནང་མྱོང་མེད།

   རེས་འགས་དོན་རྐྱེན་དེ་དག་སྐབས་"དཀོན་མཆོག"གམ་"ལྷ" གང་གིས་དངོས་མེད་དམ་གཟུགས་མེད་ཀྱི་རོགས་གདན་བྱས་པ་ཡིད་ཆེས་བྱས་མོད།གཟུགས་མེད་ཀྱི་ཆོ་འཕྲུལ་གནམ་ལ་ཐུག་ཀྱང་རུང་དམུ་གེ་དམག་འཁྲུག་སྐབས་མི་ལ་དོན་དངོས་མཁོ་བ་ནི་འཚོ་གོས་གནས་མལ་རོགས་འདེབས་ཡིན་པས་དེ་དག་མཁོ་སྤྲོད་བྱེད་པའི་"ལྷ"ཚོགས་ཤིག་ད་བར་བྱུང་མྱོང་མེད།

    དེས་ན་མི་ཡིས་"དཀོན་མཆོག་"གི་མངའ་ཐང་རྒྱ་བསྐྱེད་བཏང་བ་དང༌།དེ་དག་དོན་དུ་འབད་པ་ཆག་མྱོང་མེད་པས་་དོན་དམ་པར་"ལྷ"ཡི་མགོན་སྐྱོབ་དཔུང་གཉན་གྱི་ལྷ་ངོ་མ་ནི་འགྲོ་བ་མི་ཡིན།

        གཞན་ཡང་"ལྷ"འམ་"དཀོན་མཆོག་"ཟེར་བ་ཞིག་གིས་མིའི་སྡུག་བསྔས་སེལ་མི་ནུས་པར་དོ་བདག་རང་ཉིད་ཀྱི་འབད་པར་བརྟེན་ནས་སྡུག་བསྔལ་བསལ་དགོས་པར་སྟོན་པ་ཐུབ་པའི་དབང་པོས་ཀྱང་གསལ་བར་གསུངས་ཡོད་པ་སྟེ།"བདག་ཉིད་བདག་གི་མགོན་ཡིན་གྱིས།།གཞན་ནི་སུ་ཡི་མགོན་དུ་འགྱུར་"ཞེས་རང་ཉིད་ཀྱི་སྡུག་བསྔལ་གཏན་ནས་སྤངས་པའི་བདེ་བའི་གོ་འཕང་དེ་ཐོབ་པར་རང་ཉིད་ཀྱི་སེམས་ལ་བཅོས་བསྒྱུར་བྱེད་ཀྱིན་སོང་ན་མཐའ་མར་རང་ཉིད་ལེགས་པའི་ས་ལ་རང་ཉིད་ཀྱིས་ཁྲིད་ནུས་པ་དང༌།དེར་ཁྲིད་མཁན་གྱི་མགོན་པོ་ནི་རང་ཉིད་མ་གཏོགས་གཞན་སུ་ཡང་མེད་ཅེས་གསུངས་ཡོད་པ་དང༌།  ད་དུང་"ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།།འགྲོ་བའི་སྡུག་བསྔལ་ཕྱག་གི་མི་སེལ་ལ།།ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།།ཆོས་ཉིད་བདེན་པ་བསྟན་པས་གྲོལ་བརམཛད"ཅེས་"ལྷ"འམ་"དཀོན་མཆོག"ཞེས་པས་་སྡིག་པ་མེད་པར་བཏང་ནས་ཤེར་རྟོགས་རང་ཉིད་ལ་བསྩལ་མི་ནུས་པ་དང༌།ཐུབ་པས་བརྩམས་པའི་རིག་པའི་གཞུང་ལུགས་དག་ལ་བློ་སྦྱོང་བྱས་ནས་དེའི་གནད་ཤེས་པར་བྱས་ནས་ཡང་

ཡང་གོམས་ཤིང་འདྲིས་ན་ཐ་མར་སྡུག་བསྔལ་ཚང་མ་མེད་པར་བཏང་ཐུབ་པ་གསུངས་ཡོད།   དེ་བཞིན་ནང་པའི་སྐྱབས་འགྲོའི་བསླབ་བྱ་དག་ལ་འཇིག་རྟེན་པའི་"དཀོན་མཆོག་"དང་ལྷ་ཀླུ་དག་གཞན་ཕར་ཟད་རང་སྐྱོབ་པའི་ཁ་སྟབས་ཙམ་ཡང་མེད་པ་དང༌།སྐྱབས་ངོ་མ་ནི་རང་ཉིད་ཀྱི་འབྱུང་འགྱུར་སྡུག་བསྔལ་བཀག་པའི་འགོག་པའམ་ཡོན་ཏན་དེ་ཡིན་པར་གསལ་བསྟན་བྱས་ཡོད།དེ་ནི་རང་ཉིད་སྐྱོབ་མཁན་དངོས་ནི་རང་ཉིད་ཀྱི་ཡོན་ཏན་ནམ་ནུས་པ་དེ་ཁོ་ན་ཡིན་པ་ཡང་གསལ་བསྟན་བྱས་ཡོད།

དེས་ན་རང་རེའི་ནང་བསྟན་ཆོས་ལུགས་དབང་བཙན་པར་བྱས་ན་ནང་བསྟན་འདི་རིག་པའི་གཞུང་ལུགས་ཤིག་ཡིན་པས་དེ་ལ་སློབ་སྦྱོང་བྱས་ནས་ལུས་སེམས་སྡུག་བསྔལ་དག་སེལ་ཐབས་རང་ཉིད་ཀྱིས་བྱས་ཏེ།རིམ་བགྲོད་ཀྱིས་གཏན་བདེའི་ས་ལ་འགྲོ་དགོས་པ་ལས།བསང་གཏོང་གཏོར་འཕེན་གྱིས་ལྷ་ཚོགས་ལ་ལྐོག་རྔན་སྤྲད་ནས་ལྷ་ཚོགས་གང་ཞིག་གིས་རང་ཉིད་ཀྱི་ལག་པར་བཟུང་ནས་གཏན་བདེའི་སར་ཁྲིད་མི་ནུས་ལ།སྤྱི་ཚོགས་རིག་པ་དབང་བཙན་པར་བྱས་ན་ཡང་རང་ཉིད་འཚོ་གོས་གནས་མལ་ལ་རང་ཉིད་ཀྱིས་རྟོག་ཞིབ་དང་འབད་པར་བརྟེན་ནས་མཁོ་སྒྲུབ་དང་གོང་འཕེལ་གཏང་དགོས་པ་ལས་"ལྷ"ཟེར་བ་ཞིག་གིས་ནམ་ཡང་འབད་མེད་ཐོག་མཁོ་ཆས་བསྩལ་བ་མེད་དོ།

༢༠༡༦-༣-༦ཉིན།
_____________________

མཆན། "དཀོན་མཆོག" "ལྷ" དབྱིན་སྐད་དུ་Godཞེས་པ་དེ་དང་གོ་འཕང་མཉམ་པའི་སྐད་བརྡ་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།