གླེང་གཞི་ཟུར་གསུམ་མ།

ཁྲུང་ཁྲང་གཤོག་ཟུང་ཟད་པའི་དགུ་ཚིགས་འདབས།།
སྨུག་མདོག་ཁ་བྱང་གྲུ་བཞི་རླུང་ལ་ཤོར།།
འོ་མའི་འཇིག་རྟེན་བཤར་པའི་ལང་འཚོ་ཡིས།།
གླིང་སྒྲུང་དེབ་ཐེར་ཁྲོད་ན་གཡུལ་འགྱེད་བྱས།།

ཁྲོན་ཆུང་ཟུར་གསུམ་མདོ་ཡི་ཁྱིམ་གཞིས་སུ།།
ཁུ་བྱུག་མགྲིན་པ་གཡར་ནས་གླུ་ལེན་དུས།།
འགྱིག་གི་སྤྱན་གྱིས་གཟིགས་པའི་ཁྲི་ཆིན་ཚོས།།
སྒོ་ཁུང་ཐལ་བ་བར་དུ་རྡོག་སྒྲིལ་བཏང༌།
གོ་ལ་བྱེ་ཚན་ནང་དུ་ཐིམ་པའི་ཚུལ།།
ལ་ཁའི་བྲག་རྡོ་ངོས་སུ་བརྐོས་ན་ཡང༌།།
རྐང་དུང་འགོ་མཇུག་ལྡོག་པའི་སྔགས་འཆང་གིས།།
རྒྱལ་བོ་སྲོང་བཙནཁོག་གི་གསེར་དངུལ་ངོམས།།
དྭངས་གཙང་གངས་ཆུ་འཁྱིལ་པའི་མཚོ་མོ་ཀློང༌།།
ལང་འཚོ་གསར་པའི་འཁོར་བའི་རྟོག་སྒྲུང་བྲིས།།
གནམ་འོག་དྲི་ངད་ལྡང་པའི་དྲི་ཆབ་ཞིག
ལྷད་མེད་ཁ་དབུགས་ཁྲོད་དུ་གཏོར་ ན་ཡང༌།།
གཤིན་རྗེས་མཁར་རྔ་ནག་པོར་དྲག་རྡུང་གིས།།
དབྱར་གཞུང་ལང་འཚོའི་བརྡ་རྟགས་ལྷགས་པས་འཁྱེར།།
ལྟག་རྒྱབ་འབུར་དུ་ཐོན་པའི་སྨྲེ་བ་ཡིས།།
མུ་མེད་མུན་གླིང་བགྲོད་པའི་ལམ་སྣ་དྲངས།།
མིག་སྔར་ཁ་ཁྲམ་ནག་པོའི་ཁྲེལ་དགོད་ཀྱིས།།
ཁྱེད་ལ་ཁྱེད་རང་འགྲེལ་བའི་སློབ་ཁྲིད་བྱས།།
རྨི་ལམ་རི་བོ་བརྒལ་བའི་ཁ་ཆར་གྱིས།།
མཚན་མོའི་ནགས་ཁྲོད་སྒྲེང་པའི་ཚོར་སྣང་སྤྲོད།།
ཁ་སང་མོ་པའི་འཕྲུལ་གྱི་པྲ་བ་ངོས།།
རབ་རིབ་རྐངལམ་ལྟ་བུའི་གབ་ཚིག་གི།
བརྡ་རྟགས་སྒྱེལ་མོ་གང་གི་གསང་བ་རྣམས།།
དེ་རིང་དར་ལྕོག་འདི་ཡི་ཕྲག་སྟེང་ལྷུང༌།།
ཀུན་གྱིས་དབྱར་གཞུང་གླེང་བའི་རྒྱ་ལྕོག་སྟེང༌།།
ཁྱོད་ཉིད་མིག་ཆུ་འདྲུད་པའི་ངལ་་བ་ཁྲོད།།
ཁ་སང་སྣ་ཚས་གསུབ་པའི་སྙིང་སྡུག་ཞལ༌།།
མྱ་ངན་རོལ་དབྱངས་དཀྱིལ་ན་ཕྱིར་དྲན་བྱས།།
མཚན་ཉིད་ཇི་བཞིན་བཀླགས་པའི་འཐེན་ཤུགས་ཀྱིས།།
གནམ་འོག་བདེན་པ་འཚོལ་བའི་སློང་མོར་འགྱུར།།
གོ་ལ་གཞུང་བཤར་བཏང་པའི་རྔུལ་ཆུའི་ནང༌།།
རེ་བའི་འོད་རྦབས་གསོན་ཤུགས་སྔར་ལྟར་རྒྱས།།
བྲང་ཁོག་འཁྱག་ལ་སྦྱར་བའི་རྟོག་སད་ཀྱིས།།
ཁྱོད་དང་ཨ་མའི་བར་གྱི་རྒྱང་ཚད་གཏོར།།
སྟོང་ཆ་སྔར་ནས་མིད་པའི་ཁུ་བྱུག་གིས།།
ཁྱེད་ཀྱི་འོད་གཤོག་གླུ་ཡི་བརྗོད་གཞིར་བཟུང༌།།

༢༠༠༧ ༦ ༢༡ཉིན་རྩོད་རྒྱུག་སྐབས་སུ་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།