བོད་ཀྱི་ངོ་སྤྲོད་སྙིང་བསྡུས།

དང་པོ། བོད་ཀྱི་ངོ་སྤྲོད་སྙིང་བསྡུས། 

       བོད་ཅེས་པའི་མིང་ཐོགས་ཚུལ། ཀ༽ ཆོས་མིང་ཡུལ་ལ་འཇགས་པ་སྟེ། བོན་ལས་ཟུར་ཆགས་ཏེ་བོད་ཅེས་ཟེར་བ་དང༌། ཁ༽ རྒྱལ་པོའི་མིང་ཡུལ་ལ་འཇགས་པ་སྟེ། པུ་ཏི་གུང་རྒྱལ་ལས་བོད་ཅེས་གྲགས་པ། ག༽ མི་ཚོགས་ཀྱི་མིང་ཡུལ་ལ་ཆགས་པ་བྲོས་ལས་བོད་དུ་འགྱུར་བ་དང༌། ང༽ བློ་སྟོབས་ཆེ་བས་ཕོད་པ་ལས་ཟུར་ཆགས་ཏེ་བོད་ཟེར་བ་དང༌། ཅ༽ ལེགས་སྦྱར་སྐད་དུ་བྷོ་ཊ་ཟུར་ཆགས་ཏེ་བོད་ཟེར་བ་དང༌། ཡང༌། ལེགས་སྦྱར་གྱི་ཏྲིབིཤིཀྲཊབ་ཞེས་པ་ཏི་བྦཏ་ལ་འགྱུར་ཟེར་བ་དང༌། ཆ༽ སོག་པོས་ཐུ་བྷི་ཐུ་དང༌། ཨ་རབ་པ་ཚོས་ཐུབྷ་ཏ། ཐའི་ལཌན་པས་ཐིབྷི་ཐི་སོགས་ལས་ཟུར་ཆགས་ཏེ། ཊིབྷེཊིའི་དང༌། ཡང་ན་སྟོད་བོད་ཅེས་པའི་མིང་གི་སྒྲ་ལས་ཟུར་ཆག་སྟེ། ཊིབྷེཊིའི་ཞེས་པའི་ཐ་སྙད་དེ་ཕར་ཆག་པ་སོགས་ཀྱི་བཞེད་ཚུལ་མང་བས་དཔྱད་པར་འཚལ་ལོ།།

       བོད་ཀྱི་མིང་གི་རྣམ་གྲངས། ཁ་བ་ཅན་དང༌། ཁ་བའི་ལྗོངས། ཁ་བའི་རྡུལ་བརྩེགས། གངས་ཅན། གངས་ཅན་ལྗོངས། བསིལ་ལྡན་ལྗོངས། ས་ལའི་སྨན་ལྗོངས། གངས་རི་རྭ་བས་སྐོར་བའི་ཞིང་ཁམས། ཟལ་མོ་སྒང༌། འཛམ་གླིང་ཡངས་ཐོག་སོགས་ས་བབས་ལ་གཞིགས་པའི་མིང་གི་མངོན་བརྗོད་ལས་གསལ་བ་མང་ཞིང༌། མང་ཆེ་བ་ནི་རྒྱ་གར་སྐད་ནས་འགྱུར་བ་ཡིན།

       བོད་ཡུལ། བོད་ཡུལ་འདི་བཞིན་ཡུལ་ལྗོངས་ཀྱི་བཀོད་པ་མཛེས་ཤིང༌། རང་བྱུང་གི་སྣོད་བཅུད་བཟང་བ། གཏེར་ཁ་སྣ་ཚོགས་ཀྱིས་ཕྱུག་པའི་ས་རྒྱ་ཆེ་ཞིང་མཐོ་ཚད་ཆ་སྙོམས་རྒྱ་མཚོའྀ་ངོས་ལས་ཕི་ཊི་ ༡༥༠༠༠ ལྷག་ཙམ་དུ་གནས་པ་འདིར་ཀུན་གྱིས་འཛམ་གླིང་གི་ཡང་ཐོག་ཅེས་འབོད་པའི་ཡུལ་འདི། ནུབ་ཕྱོགས་ཡོ་རབ་གྱི་གླིང་ཆེན་གྱི་དབུས་སུ་གནས་ཡོད་པ་ཞིག ཁ་རྒྱུན་ལྟར་ན་བོད་ཡུལ་འདི་བཞིན་ཀྲི་ཐི་རྒྱ་མཚོའི་འོག་ཏུ་གནས་པ་ཞིག་ལ་ངོས་འཛིན་དང༌། བོད་ཀྱི་མཐའ་འཁོར་ཡོངས་སུ་མཐོ་ཞིང་བརྗིད་ཆགས་པའི་གངས་རིས་བསྐོར་ཡོད་སྟབས་བོད་མི་ཚོས་ཁ་བ་གངས་ཅན་གྱི་ཡུལ་ཞེས་འབོད་པ་དང༌། ཨེ་ཤ་ཡ་གླིང་ཕྲན་གྱི་ཐུན་མོང་མ་ཡིན་པའི་སྲོག་ཆགས་དང་རྩི་ཤིང༌། སྲོག་ལྡན་ཀུན་གྱི་འཚོ་རྟེན་གཙོ་བོ་གཙང་པོ་སྙན་གྲགས་ཅན་ཡར་ལུང་གཙང་པོ་དང༌། སེང་གེ་ཁ་འབབ། རྫ་ཆུ། འབྲི་ཆུ། རྨ་ཆུ་སོགས་གཙང་པོ་འདྲ་མིན་གྱི་མགོ་བོད་ཁ་བ་གངས་ཅན་གྱི་ལྗོངས་ཡིན། བོད་རིགས་ནི་འཛམ་གླིང་ནང་གི་མི་རིགས་ནང་ནས་ལོ་རྒྱུས་རིང་ཞིང༌། རིག་གནས་སྔོན་ཐོན་ཡིན་པ། མངའ་ཁོངས་རྒྱ་ཁྱོན་ཆེ་ཞིང༌། མི་གྲངས་མང་བའི་གདོད་མའི་མི་རིགས་ཀྱི་གྲས་ཤིག་ཡིན།

       བོད་རྒྱལ་ཁབ་ཆགས་ས། གླིང་ཕྲན་ཨེ་ཤེ་ཡའི་དབུས།

       ཆ་སྙོམས་མཐོ་ཚད། གྲོང་དང་གྲོང་ཕལ་མོ་ཆེ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་རམ་ཕི་ཊི་ ༤༠༠༠ ཐོག་ཆགས་ཡོད། འདི་ནི་འཛམ་གླིང་ནང་མིའི་འགྲོ་བ་ས་ཡ་དྲུག་གནས་སའི་ས་གཞི་མཐོ་ཤོས་ཡིན་པས་འཛམ་གླིང་གི་ཡང་རྩེ་ཞེས་ཡོངས་སུ་གྲགས།

       འཛམ་གླིང་ས་ཁྲའི་ས་ཐིག གཞུང་ཐིག་ཤར་ ༧༨་༥ ཌིག་རི་ནས་ཤར་ ༡༠༥ ཌིག་རི་བར་དང༌། ཕྲེད་ཐིག་བྱང་ ༢༧་༣ ཌིག་རི་ནས་བྱང་ ༣༩་༥ ཌིག་རི་བར་ལ་བོད་རྒྱལ་ཁབ་ཆགས་ཡོད།

       བོད་ཀྱི་ཡུལ་ལྗོངས། མི་ལོ་སྟོང་ཕྲག་མང་པོའི་སྔོན་སྟོད་མངའ་རིས་སྐོར་གསུམ་མཚོ་དང༌། བར་དབུས་གཙང་རུ་བཞི་ཡུར་བ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་དང་འདྲ་བ་ཡོད། དེ་རྗེས་དུས་རབས་གང་ཙམ་སོང་རྗེས་ཡུལ་ལྗོངས་ཀྱི་རྣམ་པ་ཆགས་ཏེ་སྟོད་མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང༌། བར་དབུས་གཙང་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། སྨད་མདོ་ཁམས་སྒང་དྲུག་འདབ་བྱའི་གླིང་དུ་གྱུར་བ་ཡིན།

       ས་ཆའི་རྒྱ་ཁྱོན་དང་མཐོ་ཚད། བོད་རྒྱལ་ཁབ་ཀྱི་རྒྱ་ཁྱོན་ལ་ཀི་ལོ་ཊར་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ ༢་༥༠༠༠༠༠། ཡོད་ལ། བོད་སྤྱིའི་ས་ཆའི་ཆ་སྙོམས་མཐོ་ཚད་ནི་རྒྱ་མཚོའི་ངོས་ནས་ཕི་ཊི་ ༡༢༠༠༠ མཐོ་བ་ཡོད་ཅིང༌། བོད་ཀྱི་ས་ཆའི་རྒྱ་ཁྱོན་གྱིས་ཨེ་ཤ་ཡའི་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་ལྔ་དང༌། གྲངས་ཆུང་ལྔ་ཙམ། ༼༥༥༽ ཟིན་གྱི་ཡོད།

       བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ། རྒྱ་གར་འཕགས་ཡུལ་དང༌། བལ་ཡུལ། འབྲུག་སོགས་ཀྱི་བྱང་དང༌། པ་ཀི་སི་ཐན་དང༌། ཨབ་གྷ་ནི་སི་ཐན་སོགས་ཀྱི་ཤར། ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་དང༌། ཧོར་སོག་གི་ཡུལ་ནས་ལྷོ། རྒྱ་ནག་གི་ཡུལ་ནས་ནུབ་ཉིད་དུ་གནས་ཡོད།

       བོད་ཀྱི་རྒྱལ་ས། ལྷ་ས་ནི་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ ༣༦༥༠ ཡོད། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་རྒྱལ་ས་ཡར་ཀླུང་འཕྱོངས་རྒྱས་སུ་ཡིན་ལ། ཕྱི་ལོ་ ༦༣༣ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་ལྷ་སར་སྤོས་པ་ཡིན།

       བོད་ཀྱི་མི་རིགས། བོད་ཀྱི་མི་རིགས་ནི་རྒྱལ་ཁབ་གཞན་དང་མ་འདྲེས་པའི་མི་རིགས་ཁྱད་གཙང་ཞིག་ཡིན། ༡༽ བཀའ་ཆེམས་དང༌། མཎི་བཀའ་འབུམ་སོགས་ནས་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་དུ་གྲགས་པའི་སྤྲེའུ་དང་བྲག་སྲིན་ཕ་མ་གཉིས་འདུས་པ་ལས་མི་རྒྱུད་རིམ་བཞིན་འཕེལ་བར་འདོད་པ་དང༌། ༢༽ སློབ་དཔོན་ཤེས་རབ་གོ་ཆས་མཧཱབྷཱརཏའི་དམག་གི་སྐབས་རྒྱལ་པོ་རཱུཔཝཏཱི་དཔུང་བཅས་གངས་ཅན་དུ་བྲོས་པ་དེང་དུས་བོད་པ་ཟེར་ཞེས་དྲངས་ནས་རྒྱ་གར་ནས་མཆེད་པ་དང༌། ༣༽ དངོས་རྫས་རྙིང་པ་བསྔོག་འདོན་གྱི་ཚན་རིག་པ་ལྟར་ན། བོད་ཀྱི་མི་རིགས་ཡུལ་ལུང་གཞན་ནས་ཡོང་བ་མ་ཡིན་པར་གདོད་མ་ནས་བོད་ས་རང་དུ་བྱུང་བའི་མི་རིགས་ཡིན་པར་བཤད། རྡོའི་དུས་རབས་རྙིང་པ་ཕྱི་ལོའི་སྔོན་གྱི་ལོ་ཆིག་འབུམ་ནས་ལྔ་ཁྲིའི་སྔོན་གྱི་བར་དང༌། རྡོའི་དུས་རབས་གསར་པའི་ལོའི་མི་སྡེ་ཡོད་པའི་རྟགས་མཚན་རེ་ཟུང་ཡོད་ཅིང༌། གང་ལྟར་མི་རིགས་རང་མཚན་པ་ཞིག་ཡིན་པ་དང༌། ཆོལ་ཁ་སོ་སོའི་མིའི་གཟུགས་དབྱིབས་སོགས་མི་འདྲ་བ་ཅུང་ཟད་ཡོད་ཀྱང་སྤྱི་ཡོངས་ནས་ཁྱད་པར་དེ་ཙམ་མི་མངོན་ནོ།།

       བོད་མིའི་མི་འབོར། སྤྱི་ལོ་ ༡༩༥༩ ལོའི་གོང་གི་མི་འབོར། ས་ཡ་དྲུག་ནི་ཆོལ་ཁ་གསུམ་སྟེ། ༡༽ མདོ་སྟོད། ༢༽ མདོ་སྨད། ༣༽ དབུས་གཙང་བཅས་ཀྱི་ནང་ལ་ཁྱབ་ཡོད་ཅིང༌། 

       ཟ་བཏུང་གཙོ་བོ། གྲོ་ནས་སྲན་གསུམ་གཙོ་བོར་གྱུར་པའི་འབྲུ་རིགས་འདྲ་མིན་ལས་གྲུབ་པའི་ཐུན་མོང་མ་ཡིན་པའི་བོད་ཟས་རྩམ་པ་དང༌། ཤ་མར་ཐུད་གསུམ་དང༌། ཇ་ཆང་སོགས་ཡིན་ནོ།།

       བོད་ཀྱི་སྐད་ཡིག བོད་སྐད། བོད་སྐད་ནི། ཡུལ་ལུང་གཞན་ནས་མ་བྱུང་བའི་རང་མཚན་པ་ཞིག་ཡིན་པ་དང༌། བོད་ཡིག་ནི་ཡོངས་གྲགས་ཕྱི་ལོ་བརྒྱ་ཕྲག་བདུན་པའི་དཀྱིལ་ཙམ་ལ་རྒྱ་གར་གུཏཔའི་ཡི་གེར་དཔེར་བལྟས་ནས་ད་ལྟའི་བོད་ཡིག་དེ་བཟོས་པ་དང༌། དེའི་གོང་ཞང་ཞུང་གི་ཡི་གེ་ཡོད་ཚུལ་འདོད་མཁན་ཡོད་ཀྱང་ལོ་རྒྱུས་ད་དུང་བཙལ་དགོས་ཤིང༌། བོད་སྐད་དེ་སོ་སོའི་ཕ་སྐད་དུ་བེད་སྤྱོད་བྱེད་མཁན་ནི། རྒྱལ་ཁབ་ཀྱི་དབང་དུ་བྱས་ན་བོད་དང༌། འབྲུག་ཡུལ། བལ་ཡུལ་བཅས་རྒྱལ་ཁབ་བཞི་ཡི་ནང་དུ་ཁྱབ་ཡོད། ཆོས་རིག་གི་གཞུང་ཁོ་ནའི་ཆེད་བེད་སྤྱོད་གནང་མཁན་སོག་པོ་བཅས་སོ།།

       ཆོས་ལུགས། ༡༽ བོད་རང་ནས་དར་ཁྱབ་བྱུང་བའི་ཐུན་མོང་མ་ཡིན་པའི་གདོད་མའི་ཆོས་ལུགས་ནི། བོན་ཡིན་པ་རྒྱལ་རབས་དང་ཆོས་འབྱུང་ལས་བྱུང་བ་ལྟར་ཡིན་ལ། ༢༽ ད་ལྟ་བོད་མིའི་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་ཐེག་ཆེན་མདོ་སྔགས་ཟུང་འབྲེལ་གྱི་ནང་ཆོས་འདི་ནི་ཕྱི་ལོ་ ༤༣༣ ལོར་བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དབུ་བརྙེས་ཤིང༌། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྐབས་སྲོལ་བཟང་བཏོད། རྒྱལ་རབས་སོ་བརྒྱད་པ་ཆོས་ཁྲི་སྲོང་ལྡེའུ་བཙན་སྐབས་དར་ཞིང་རྒྱས་པར་མཛད་པ་བཅས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་དར་འཕེལ་བྱུང་བ་ཞིག་ཡིན། ༣༽ ཁ་ཆེ་ཉུང་ཤས་དང༌། ཡི་ཤུ་ཆེས་ཉུང༌། དེ་མིན་ཆོས་ལུགས་གཞན་མེད།

       བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་ཀྱི་རྒྱལ་དར་འདི་བཞིན། མི་ལོ་སྟོང་ཕྲག་བརྒལ་བའི་རྒྱལ་རབས་ལོ་རྒྱུས་ཁུངས་དག་དང་འབྲེལ་བ་ཞིག་ཡིན་ཏེ། དེ་ཡང་བོད་རྒྱལ་ལོ་བརྒྱད་བརྒྱ་ཉི་ཤུའི་ནང་ངམ། ཡེ་ཤུའི་འདས་ལོ་བརྒྱ་ཕྲག་བདུན་པའི་ནང༌། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ༑ བོད་རྒྱལ་ཁབ་ཆེན་པོའི་ནང་གསེས་ས་ཡུལ་རྒྱ་ཆེ་ཞིག་རྒོད་ཀྱི་སྟོང་སྡེ་དང༌། གཡུང་གི་མི་སྡེ་ཞེས་པའི་ཡུལ་གྲུ་ཁག་ཏུ་དབྱེ་བགོས་མཛད། སྡེ་ཁག་དེ་དག་ནས་དམག་གི་དཔུང་ཆེན་པོ་འབུམ་ཕྲག་ཉི་ཤུ་རྩ་བརྒྱད་དང༌། ཁྲི་དྲུག་ཙམ་བསྡུས་ཏེ་བོད་ཀྱི་མཐའ་མཚམས་ཁག་ཏུ་མངགས། བོད་རྒྱལ་ཁབ་ཀྱི་མངའ་རིས་ཡོངས་རྫོགས་བདེ་བར་བསྲུངས། བོད་ཀྱི་ཁྱིམ་མཚེས་རྒྱ་ནག་རྒྱལ་སའང་བོད་དམག་གིས་དབང་བ་སོགས་སྔ་རབས་བོད་མིའི་སྙིང་སྟོབས་དཔའ་མཛངས་ཀྱི་ལོ་རྒྱུས་ནི། དུས་ད་ལྟའི་བར་ཡང་འཛམ་གླིང་འདིའི་ནང་ཁྱབ་གདལ་དུ་ཡོད་པ་ལྟར། སྐབས་དེའི་བོད་ཀྱི་དམག་དཔུང་གི་ནང་ཚན་གཡོན་རུ་སྟོད་ཀྱི་རུ་དར་སེངྒེ་ཁ་སྤྲོད་དང༌། གཡས་རུ་སྨད་ཀྱི་རུ་དར་སེངྒེ་གོང་བཀྲ། གཙང་རུ་ལག་གི་རུ་དར་སེངྒེ་གནམ་སྒྲེང༌། དབུ་རུ་སྟོད་ཀྱི་རུ་དར་དམར་པོ་ལ། མེ་ལྕེ་དཀར་པོ་གསལ་བ་ཞེས་སོགས་དམག་རུ་སོ་སོར་རུ་དར་རྣམ་པ་མི་འདྲ་བ་རེ་རེ་ཡོད་པའི་གནའ་སྲོལ་རིམ་བརྒྱུད་ཀྱིས་ལོ་རབས་ཉི་ཤུ་པ་འདིའི་འགོ་སྟོད་བར། བོད་དམག་ཚོའི་རུ་དར་གཞི་དམར་པོའི་ངོས་སུ་སེངྒེ་ཁ་སྤྲོད་དང༌། སེངྒེ་གནམ་མཆོངས་ཀྱི་རི་མོས་བརྒྱན་པ་ཅི་རིགས་ཡོད་ཅིང༌། ཕྱིས་གངས་ལྗོངས་ཆོས་སྲིད་ཡོངས་ཀྱི་དབུ་འཁྲིད་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་དུས་བསྟུན་འཛམ་གླིང་རྒྱལ་ཁབ་སྤྱི་སྲོལ་འགྲོ་ལུགས་ཡར་རྒྱས་ཀྱི་ལེགས་ཆ་བཏུས་ཏེ་སྤྱི་ལོ་ ༡༩༡༨ ལོར་བོད་དམག་རྣམས་དབྱིན་ལུགས་སུ་བསྒྱུར་གནང་བ་དང་ཆབས་ཅིག་བོད་དམག་གི་དར་ཆ་གཅིག་གྱུར་གཏན་འབེབས་མཛད་པའི་ཆབ་སྲིད་འཛིན་སྐྱོང་བཀའ་དྲིན་ཆེ་སྐབས། ད་ལྟའི་བོད་ཀྱི་རྒྱལ་དར་འདིའི་རིས་བཀོད་ཀྱང་རྩ་བ་སྔར་ཡོད་ལ་གཞི་བཅོལ་གྱིས་རྒྱས་སྤྲོས་མཛད། བོད་ཀྱི་རྒྱལ་སྲུང་དམག་སྒར་ཚང་མས་རྒྱལ་དར་འདི་གཅིག་གྱུར་ཏུ་བསྒྲེང་འཛུགས་དགོས་པའི་གཞུང་འབྲེལ་ཁྱབ་བསྒྲགས་བསྐྱངས། དུས་དེ་ནས་བཟུང་བོད་དམག་རུ་ཤོག་སོ་སོའི་དམག་དར་ཡང་བོད་ཀྱི་རྒྱལ་དར་འདི་ཉིད་བྱེད་པ་ཡིན། རྒྱལ་དར་འདིའི་ཚོན་རིས་ཀྱིས་གངས་ལྗོངས་བོད་ཆོས་ལྡན་ཞིང་གི་བཀོད་པ་དང༌། བོད་མི་རིགས་ཀྱི་སྤྱི་ཚོགས་གོམས་གཤིས། བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་སོགས་གང་སྤྱིའི་ཁྱད་ཆོས་གསལ་པོར་མཚོན་པ་དང༌། བོད་ནི་འཛམ་གླིང་ནང་རྒྱལ་ཁབ་རྙིང་ཁུངས་ཀྱི་གྲས་ཤིག་ཡིན་པའི་རྒྱལ་རབས་ལོ་རྒྱུས་གསལ་པོར་སྟོན་གྱི་ཡོད་པར་བརྟེན། ཆོལ་ཁ་གསུམ་དུ་གྲགས་པའི་བོད་ཡུལ་ཁྱོན་གྱི་སྐྱེ་བོ་རིས་སུ་མ་ཆད་པས་རྒྱལ་དར་འདི་བཞིན་རང་གི་ཕ་མེས་ཀྱིས་བཞག་པའི་བོད་རྒྱལ་ཁབ་ཀྱི་སྤྱི་ནོར་བླ་ན་མེད་པ་ཞིག་ཡིན་པར་གཅིག་གྱུར་ཏུ་ངོས་འཛིན་དང༌། གཙིགས་མཐོང་ཤིན་ཏུ་ཆེན་པོ་བྱས་དང་བྱེད་བཞིན་ནོ།།

       རྒྱལ་དར་གྱི་འགྲེལ་བཤད། དབུས་སུ་ལྷུན་སྟུག་གངས་ཀྱི་རི་བོ་བརྗིད་ཆགས་སུ་གནས་པས་གངས་རིས་བསྐོར་བའི་ཞིང་ཞེས་ཡོངས་སུ་གྲགས་པའི་བོད་རྒྱལ་ཁབ་ཆེན་པོའི་ཡུལ་གྱི་བཀོད་པ་མཚོན། ནམ་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་བས། སེ་དང༌། རྨུ་དང༌། ལྡོང་དང༌། སྟོང༌། འབྲུ་དང༌། དབྲ་སྟེ་དྲུག་གིས་བོད་མིའི་རིགས་ཀྱི་ཕྱི་མོ་མིའུ་གདུང་དྲུག་མཚོན། རྒྱས་པར་ཕྱེ་ན་རིགས་ཀྱི་ཕྱི་མོ་བཅུ་གཉིས་མཚོན། རིགས་ཀྱི་ཁ་དོག་དམར་པོ་དང༌། ནམ་མཁའི་ཁ་དོག་སྔོ་ནག་སྤེལ་བས་རིང་ནས་འགོ་བའི་ལྷ་སྲུང་དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོང་གི་འཕྲིན་ལས་རིགས་གཡེལ་མེད་དུ་སྒྲུབ་པ་མཚོན། གངས་རིའི་རྩེ་ནས་ཉི་མ་ཤར་བའི་འོད་ཟེར་རྒྱ་ཁྱབ་ཏུ་འཕྲོ་བས་བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱིས་རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་སྣང་བར་ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན།

       གངས་རིའི་ངོགས་སུ་མི་འཇིགས་གདོང་ལྔ་འབར་བའི་སེངྒེ་ཟུང་རྣམ་པར་འགྱིངས་པས་ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཆབ་སྲིད་ཀྱི་འཕྲིན་ལས་ཀུན་ལས་རྣམ་པར་རྒྱལ་བ་མཚོན། སེངྒེ་གཉིས་ཀྱི་ལག་ཏུ་ནོར་བུ་དགའ་འཁྱིལ་ཁ་དོག་གཉིས་ལྡན་ཞིག་བཟུང་བས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་སྙིང་པོར་གྱུར་པའི་ལུགས་ཟུང་བླང་དོར་གྱི་རང་ཁྲིམས་གཅེས་སྲུང་བྱེད་པ་མཚོན། མཐའ་ལྕགས་ཁ་དོག་སེར་པོས་བརྒྱན་པས་གསེར་སྦྱངས་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་མུ་མེད་དུ་དར་ཞིང་རྒྱས་པ་མཚོན་པ་བཅས་སོ།།

       བོད་རྒྱལ་ཁབ་ཀྱི་རྒྱལ་གླུ། སྲིད་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར། །ཐུབ་བསྟན་བསམ་འཕེལ་ནོར་བུའི་འོང་སྣང་འབར། །བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན། །འཕྲིན་ལས་ཀྱི་རོལ་མཚོ་རྒྱས། རྡོ་རྗེའི་ཁམས་སུ་བརྟན་པས། ཕྱོགས་ཀུན་བྱམས་བརྩེས་སྐྱོང༌། གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས། །བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་བས་ཁྱབ། །ཆོས་སྲིད་ཀྱི་དཔལ་ཡོན་དར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར། །བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱིས། །བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོ་བའི་གཟིས།།

ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག།

       བོད་ཆོལ་ཁ་གསུམ། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང༌། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མགོ་ནག་མིའི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་བཅས་སོ།།

       བོད་ཀྱི་རི་རྒྱུད་ཆེ་ཁག ཧི་མ་ལ་ཡའི་རི་རྒྱུད་དང༌། ཏེ་སེའི་རི་རྒྱུད། ངང་ལུང་རི་རྒྱུད། ཨལ་ཏན་ཐག་རི་རྒྱུད། ཁུ་ནུ་རི་རྒྱུད། ཀ་ར་ཀོ་རམ་རི་རྒྱུད། གཉན་ཆེན་ཐང་ལའི་རི་རྒྱུད། གདང་ལ་རི་རྒྱུད། བ་ཡན་ཧའི་རི་རྒྱུད། ཁྲོ་ལ་རི་རྒྱུད། ཨ་མྱེས་རྨ་ཆེན་རི་རྒྱུད། མི་ཉག་གངས་དཀར་རི་རྒྱུད། སྨར་ཁམས་རི་རྒྱུད། ཁ་བ་དཀར་པོའི་རི་རྒྱུད། སེར་ཐང་རི་རྒྱུད། གཡག་ར་སྟག་རྩེ་རི་རྒྱུད། ཁ་བ་དཀར་པོའི་རི་རྒྱུད། མདོ་ལ་རི་རྒྱུད། གངས་དཀར་ཕྱོགས་ལས་རྣམ་རྒྱལ་རི་རྒྱུད་སོགས་སོ།།

       གཙང་པོའམ་རྒྱུག་ཆུ་ཆེ་ཁག ཁ་འབབ་རྣམ་བཞི་སྟེ་སེངྒེ་ཁ་འབབ་དང༌། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ། རྟ་མཆོག་ཁ་འབབ་བཅས་དང༌། ཡར་ཀླུང་གཙང་པོ། རྨ་ཆུ། འབྲི་ཆུ། རྫ་ཆུ། ཟླ་ཆུ། རྒྱལ་མོ་རྔུལ་ཆུ༑ སྐྱིད་གྲོང་གཙང་པོ། བུམ་ཆུ། འགྲམ་གཙང་པོ་སོགས་སོ།།

       བོད་ཀྱི་མཚོ་ཆེན་ཁག མཚོ་སྔོན་པོ་དང༌། གནམ་མཚོ། སེར་གླིང་མཚོ། ཐ་རོ་མཚོ། བཀྲ་རི་གནམ་མཚོ། སྤང་གོང་མཚོ། ལ་ལྔ་མཚོའམ་ར་དགའ་མཚོ། མ་ཕམ་གཡུ་མཚོ། ཡར་འབྲོག་གཡུ་མཚོའམ་འདྲེ་མོ་མཚོ། དྭངས་ར་གཡུ་མཚོ། ཕུ་མ་གཡུ་མཚོ། ངང་ལ་རིང་མཚོ། ངང་རྩེའམ་ངང་རྩེད་མཚོ། པད་ཁུད་མཚོའམ་འཕེལ་དགུ་མཚོ། བྱ་རོག་མཚོ། གདོང་ཟོལ་མཚོ། མི་རིག་རྒྱང་འགྲམ་མཚོ། སྐེ་རིང་མཚོ། སྐྱ་རིང་མཚོ། སྔོ་རིང་མཚོ། ཨ་ལ་མཚོ་སོགས་སོ།།

       བོད་ཀྱི་རང་བྱུང་གཏེར་ཁ། རྡོ་རྗེ་ཕ་ལམ་དང༌། གསེར། གསེར་དཀར་པོ། དངུལ་རྡོ། ཟངས། ལྕགས་རྡོ། རག་གན། རྡོ་སོལ། ལྕགས་ཁབ་ལེན། ངར་ལྕགས། ཤིའུ། ཁྲོ་ལྕགས། ཧ་ཡང༌། ཞ་ཉེ། མུ་ཟི། དངུལ་ཆུ། གཡང་ཊི། གཡུ། རྡོ་ཀ་མ་རུ་པ། གཤའ་དཀར། གཤའ་རྡོ། ཤེལ་ཀོ ཆུ་ཤེལ། གྱོ་མོ་དཀར་པོ། སྤོས་ཤེལ། རྡོ་སྣུམ། རྡོ་རྒྱུས་བྱ་བལ་མ༑ དཀར་ཡོལ། རྨའུ། ལིང་ཐལ། ཚྭ། ཚ་ལ། ཡིང་ཧྲེ། ཀོ ཀོ་ལྕགས། ཧྲིན། ཡུའུ། སྣས། ལིན། མ་འིལ། སྣའ། རྫའ། རྡོ་སྣག་སོགས་ཤིན་ཏུ་མང་པོ་ཡོད།

       སྟོངས་ལ་ཉེ་བའི་བོད་ཀྱི་བདག་ཏུ་མ་བཟུང་བའི་སེམས་ཅན་ཁག་ཅིག གཉན། འབྲོང༌། རྐྱང༌། གནའ་བ། རྒོ་བ། ཁྲུང་ཁྲུང་སྐེ་ནག བྱི་ལ་དོམ། དོམ་ཁྲ་དམར་ཆུང༌། སྤྲེལ་སེར། དྲེད་མོང་སོགས་སོ།།          ཆབ་སྲིད་ཀྱི་གནས་སྟངས། ཕྱི་ལོ་ ༡༩༥༩ ནས་ད་བར་ཆབ་སྲིད་ཀྱི་གནས་སྟངས་ནི་སྐྱབས་བཅོལ་ཡིན། ད་ལྟའི་བོད་ས་གནས་ཀྱི་འཛིན་སྐྱོང་བ་ནག་དམར་པོའི་གཞུང༌།

       བོད་མི། མདོ་སྨད། ༼ད་ཆ་རྒྱ་ནག་གིས་དུམ་བུར་བཏང་སྟེ་རྒྱའི་ཞིང་ཆེན་ཆིང་ཧཱེ་དང༌། ཀན་སུ། སི་ཁྲོན་བཅས་སུ་བགོ་འགྲེམས་བྱས་ཡོད།༽ མདོ་སྟོད། ༼རྒྱ་ནག་གི་ཞིང་ཆེན་ཆིང་ཧཱེ་དང༌། སི་ཁྲོན། ཡུ་ནན་བཅས་སུ་བགོ་འགྲེམས་བྱས་ཡོད།༽ དབུས་གཙང༌། ༼ཁམས་ཀྱི་ནུབ་ཕྱོགས་དང་དབུས་གཙང་གཉིས་སུ་ཚུད་པར་བོད་རང་སྐྱོང་ལྗོངས་ཟེར་གྱི་ཡོད།༽ དེ་གསུམ་གྱི་མི་འབོར་རྒྱ་དམར་གྱི་བཙན་འཛུལ་མ་བྱུང་གོང་ས་ཡ་དྲུག་ཙམ་ཡོད།               རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་ཁ་བྲལ་དུམ་བུར་ས་བགོས་བྱས་པའི་ལྗོངས་དང་ཞིང་ཆེན་ལྔ་ནི།

       ཀ༽ བོད་རང་སྐྱོང་ལྗོངས། ༡༩༦༥ ༡༽ ལྷ་ས་གྲོང་ཁྱེར། ༢༽ མངའ་རིས་ས་ཁུལ། ༣༽ གཞིས་རྩེ་ས་ཁུལ། ༤༽ ནག་ཆུ་ས་ཁུལ། ༥༽ ལྷོ་ཁ་ས་ཁུལ། ༦༽ ཉིང་ཁྲི་ས་ཁུལ། ༧༽ ཆབ་མདོ་ས་ཁུལ།           ཁ༽ མཚོ་སྔོན་ཞིང་ཆེན། ༡༩༥༥ ༡༽ ཟི་ལིང་ཁྲོང་ཁྱེར། ༢༽ མཚོ་ནུབ་བོད་སོག་རང་སྐྱོང་ཁུལ། ༣༽ མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ༤༽ མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ༥༽ རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ༦༽ མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ༧༽ མཚོ་ཤར་ས་ཁུལ། ༨༽ ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།

       ག༽ ཀན་སུའུ་ཞིང་ཆེན། ༡༽ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ༡༩༥༠ ༢༽ དཔའ་རིས་བོད་རིགས་རང་སྐྱོང་རྫོང༌། ༡༩༥༣

       ང༽ ཟིན་ཁྲོན་ཞིང་ཆེན། ༡༽ རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ། ༡༩༥༥ ༢༽ རྨི་ལི་བོད་རིགས་རང་སྐྱོང་ཁུལ། ༡༩༥༥ ༣༽ དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ༡༩༥༧

       ཅ༽ ཡུན་ནན་ཞིང་ཆེན། ༡༩༥༧ ༡༽ བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ༡༩༥༧ བཅས་ཡིན་ཞིང༌། རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཡོངས་ལ་འདི་ལྟར་དུམ་བུ་འགའ་ཤས་སུ་བགོ་བཤའ་རྒྱག་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་གྲངས་འབོར་ཉུང་དུ་གཏོང་བ་དང༌། རྒྱ་མི་མང་པོ་གནས་སྤོ་བྱས་ཏེ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ཐབས་ཇུས་ངན་པ་འཐེན་ཡོད་པ་བཅས་སོ།།     །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སྤྱི་བོད་ཅེས་པའི་མིང་ཐོགས་ཚུལ་ལ་བཞེད་པ་མི་མཐུན་པ་མང་ཡོད་ཀྱང་། ཡོངས་གྲགས་སུ་བོད་ཅེས་པའི་མིང་འདི་ནི་སྟོད་སིལ་བུའི་དུས་སུ་མངའ་མཛད་བཅུ་ཡི་དབང་མཛད་པའི་དུས་བདུན་པ་མ་སངས་རུས་དགུ་དབང་མཛད་དེ་ཡུལ་གྱི་མིང་ལ་བོད་ཁ་གཡག་དྲུག་ཟེར། དེ་བས་བོད་ཅེས་པ་ནི་གནས་ལུགས་གང་ཡང་བཤད་རྒྱུ་མེད་པའི་འདོད་རྒྱལ་གྱི་མིང་ཡིན་པ་འདོད་དོ།