རྒྱ་ཡིག་ཐང་ན་སྐྱིད་ཉལ་བྱེད་པའི་བོད་ཀྱི་ཤེས་རྒན་འགའ།


རྒྱ་ཡིག་ཐང་ན་སྐྱིད་ཉལ་བྱེད་པའི་བོད་ཀྱི་ཤེས་རྒན་འགའ། སྒོ་ཡོན་ཏན་བཟང་པོ། —དོར་ཞི་དང་ཚུལ་ཁྲིམས་བློ་གྲོས་སོགས་ལ། དུས་ཀྱི་དགོངས་པ་དང་བསྟུན་ཏེ་བོད་ཀྱི་སྐད་ཡིག་སྤྱི་དང་བོད་ཡིག་སྤྱོད་མཁན་སྤྱི།བོད་རྩོམ་མཛད་མཁན་སྤྱི་ལ་བོད་པ་དྲྭ་བདག་གང་མང་གིས་དཀའ་ངལ་ཅི་རིགས་སྤྱད་དེ།ལྷག་བསམ་གྱི་ངོས་དང་ཉེར་མཁོ་ཡི་ངོས་ནས་བོད་ཕྱི་ནང་གཉིས་སུ་ནང་དོན་དང་དམིགས་པ་མི་མཚུངས་པའི་སྤྱི་སྒེར་གྱི་དྲྭ་ཚིགས་ཉིས་བརྒྱར་ཉེ་བ་ཞིག་དོ་དམ་དང་བསྟར་སྒྲིག་བྱེད་ཀྱིན་ཡོད་པ་དང༌།

དྲྭ་སྟེགས་དེ་དག་ཏུ་བོད་ཡིག་རང་རྐྱ་བས་སྐད་བསྐུར་བ་དང་གནས་ཚུལ་སྤེལ་བ།སེམས་གཏམ་གླེང་བ་དང་རིག་གནས་བགྲོ་བ།སྲིད་དོན་སྒྲུབ་པ་དང་དཔལ་འབྱོར་འཚོལ་བ་སོགས།གྲངས་སྤུས་གང་གི་ཐད་ནས་ཀྱང་ནུབ་གླིང་ཁག་གི་བརྡ་འཕྲིན་གྱི་གླིང་ཀ་ལྟ་བུའི་ཕུན་སུམ་ཚོགས་པ་ཞིག་མ་ཡིན་ཡང༌། རང་ཚོད་ཀྱིས་མིག་མྱུལ་བྱས་པ་ཡིན་ན།ལྷག་བསམ་རབ་ཏུ་ཡངས་པའི་བོད་རིག་པའི་སྲུང་འཛིན་པ་འགའ་ཞིག་དང་བཙུན་པ་སྨོན་ལམ་དང་བློ་བཟང་སྨོན་ལམ་རྣམ་པའི་རྩིས་འཕྲུལ་གྱི་རྩལ་ནུས་སྤྱོད་པ་ལ་བརྟེན་ཏེ།བོད་རང་ལ་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་འཐུས་ཚང་གི་ཡི་གེ་ཡོད་པ་དང༌། ཆེད་ལས་དང་སྣ་མང་རང་ལུགས་ཀྱི་དྲ་བའི་འཁོར་ལམ་མང་བ། དུས་རྒྱུན་དྲྭ་ཐོག་གི་བརྩམས་ཆོས་དག་ལ་དོ་སྣང་བྱེད་པའི་ཀློག་པ་བོ་ཡང་མང་ཙམ་ཡོད་པས་ན།བོད་སྤྱི་ཚོགས་དང་བོད་ཀྱི་སྐད་ཡིག་གིས་གྲུབ་པའི་རིག་གནས་སྤྱི་ལ་དོ་ཁུར་བྱེད་པ་ཞིག་ཡིན་ན། བོད་ཡིག་གི་དྲྭ་ཚིགས་རྣམས་ཞིབ་ཀློག་བྱེད་པ་ནི་དོན་དམ་དུ་བོད་རང་ཀློག་པ་ཡིན་ལ།བོད་ཡིག་དྲྭ་སྟེགས་ཀྱི་དྲྭ་རྩོམ་པ་ཆེ་གྲས་ཁག་མར་བཞག་པ་ནས་ཁ་ལག་མང་བའི་དྲྭ་འབུའི་རིགས་ཡར་བརྩིས་པའི་དྲྭ་བའི་སྟེང་གི་བོད་མི་རྣམས་ནི་བོད་ཀྱི་སྤྱི་ཚོགས་ཤིག་ཡིན་པས་ན།འདི་ལ་ཐུགས་འཚེར་མི་བྱེད་པ་ནི་ཕར་དེད་ན་བོད་སྤྱི་ལ་འདང་ཟབ་མ་བརྒྱབ་པ་རེད་ལ།བོད་ཡིག་བརྡ་འཕྲིན་ཅན་དུ་བསྒྱུར་བ་ལ་སྐྱོར་མ་དང་དགའ་མོས་མེད་པ་ནི།བལྟས་ཤིང་དཔྱད་ན་བོད་ཡིག་སྲུང་འཛིན་མ་བྱས་པ་དང་བོད་ཡིག་གི་ཚེ་སྲོག་ལ་དོ་ཞིབ་མ་གནང་བ་ཁོ་ན་རང་རེད།
དེ་བས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་རྟོག་པ་རབ་ཏུ་མཐོ་བའི་དོར་ཞི་དང་ཚུལ་ཁྲིམས་བློ་གྲོས་རྣམ་པ་ནི།བོད་མི་ཡུལ་དུ་གནས་མིན་ནི་བོད་ཀྱི་སྐད་ཡིག་ཟུང་ལ་ཐུག་ཡོད་ཚུལ་དང་བོད་ཀྱི་སྐུ་ཚེའི་ཚད་ནི་བོད་ཡིག་གི་དབུགས་གཏོང་ལེན་ལ་འབྲེལ་བ་དམ་པོ་ཡོད་ལུགས་ཀྱི་གསུང་བཤད་རབ་དང་རིམ་པ་གནང་བའི་གྲས་ཡིན་ལ། བོད་སྐད་ཡིག་གི་གཙོས་པའི་རིག་གནས་མཐའ་དག་ལ་འདི་དང་དེ་ཞེས་ཤུགས་མཐོན་པོས་བཀའ་སློབ་གནང་ཞིང་ཐོང་ཐང་ཆེན་པོས་མཛད་པ་བརྒྱབ་སྟེ། རིག་པའི་གཞུང་ལུགས་ཀྱི་ལམ་དང་ཤར་ནུབ་ཀྱི་སྐད་བརྡའི་རིག་ལམ་སྟེང་ནས་བོད་ཀྱི་ཡི་གེ་ནི་འཛམ་བུ་གླིང་གི་ཡིག་རིགས་ཨང་གཉིས་པར་ཚུད་ཀྱིན་ཡོད་རབས་དང༌།བོད་ཀྱི་ནང་གཞུང་རིག་གནས་ནི་མིའི་རིགས་ཀྱི་སྙིང་ནོར་ཨང་དང་བོ་ཡིན་ཚུལ་གྱི་རྒྱལ་མཚན་མཁའ་ལ་ཕྱར་གྱིན་ཡོད་ནའང༌། ཕྱིའི་སྲིད་ཇུས་ཀྱི་འགོག་གཅོད་དང་ནང་རིགས་སྡེ་ཡི་རྟོགས་པ་དམན་པའི་དབང་གིས།བོད་ཡིག་གི་ཚེ་སྲོག་ཕྲ་མོ་ད་ལྟ་འགག་དང་དེ་རིང་ཆད་ལ་ཐུག་པའི་སྐལ་ངན་འདིར།རྒྱ་མིའི་ཀློག་པ་བོ་ཁྲི་འབུམ་ལས་བོད་རིགས་ཀློག་པ་བོ་བརྒྱ་སྟོང་མིག་ལ་མི་འཇོག་པའི་དོར་ཞི་རྣམས་ཀྱིས།རྩོམ་རིན་གྱི་བརྒྱ་ཤོག་བརྩེགས་པར་བྲེལ་བ་ལས་རིན་མེད་ཀྱི་བརྩམས་ཆོས་སྤེལ་ལོབ་མེད་པའི་དོར་ཞི་རྣམས་ཀྱིས།དྲན་དུ་འོས་པའི་ཡབ་མེས་རྣམས་ཀྱིས་ཤུལ་བཞག་གི་ཡིག་འབྲུ་འགའ་བོ་འདི་ཉིད་འཛམ་གླིང་རང་བཞིན་ཅན་ལ་གསར་དུ་གཏོང་འགོ་རྩོམ་བཞིན་པའི་དུས་སྐབས་འདིར།དོར་ཞི་རྣམས་ཀྱིས་བོད་ཡིག་ཀྱང་རྒྱ་ཡིག་ནང་བཞིན་དྲྭ་ལམ་དུ་སྤྱོད་ཆོག་པ་ཐོས་མ་མྱོང་བ་ཡིན་ནམ།ཧི་གཟུགས་བོད་ཡིག་བཏགས་མི་ཤེས་པ་ཡིན།ཡང་ན་དྲྭ་སྟེགས་སུ་དུས་ཀུན་ངན་བཙོག་ཅིག་བཙལ་དུ་མ་རྙེད་ནས་བྲེལ་བཞིན་པའི་དྲྭ་འབུའི་རིགས་ལ་འཇིགས་ཤིང་སྐྲག་པ་སྟེ། ཅི་སྟེ། དོར་ཞི་རྣམས་ཀྱིས་བོད་རང་གི་གཞུང་ལུགས་མཐའ་དག་རྒྱ་ཡུལ་དུ་བགོ་བཤམས་བྱེད་ཆེད་རྒྱ་ཡིག་ཏུ་འཛུགས་བསྐྲུན(རིག་གནས་གཞན་སྟེར་རང་ལུགས་ཀྱི་ཐད་ལ་གཞན་དུ་རྒྱས་པར་འཆད་འདོད་པས་འདིར་མི་སྤྲོའོ)བྱ་བ་ལས།རྒྱ་མིའི་རིག་གནས་དང་ནུབ་གླིང་གི་ཉེར་མཁོའི་གཞུང་ལུགས་སྣ་གཅིག་བོད་ལ་ཚུར་བསྒྱུར་མི་བྱེད་ཁར། རྒྱ་ཡིག་གི་སྟེང་ནས་དྲྭ་ཚིགས་དང་ཟིན་བྲིས་གང་མང་བདག་གཉེར་བྱས་ཡོད་ནའང༌།བོད་ཡིག་དྲ་བ་རུ་ཡིག་རྡོག་གཅིག་གི་ཤུལ་རྗེས་ཀྱང་མཐོང་རྒྱུ་མེད་པ་རེད།
(<བོད་ལྗོངས་དྲྭ་རྒྱ>རུ་དོར་ཞིའི་དཔྱད་རྩོམ་འགའ་ཆེད་བཀོད་བྱས་ཡོད་ཀྱང༌།དེ་ནི་དོར་ཞི་རང་གིས་གཉེར་བ་མིན་པར་དྲྭ་ཞབས་པས་སྒེར་བཀོད་དམ་བཤུས་བཀོད་བྱས་པ་ཞིག་རེད) དེ་ཡང་གཤམ་དུ་བོད་ཀྱི་སྐད་ཡིག་གི་རྟ་ཁ་བཟུང་བའི་དོར་ཞི་རྣམས་ཀྱིས་དེ་རིང་ཁ་སང་མཛད་པ་དང་འཕྲིན་ལས་སྐྱོང་སའི་རྒྱ་ཡིག་གི་དྲྭ་ཟིན་འགའི་གཟུགས་པར་སྦྱར་བ་དང་མཉམ་དུ།རེ་རེ་བཞིན་མཚམས་སྦྱོར་བསྡུས་པ་ཞིག་བྱེད་རྒྱུ་ཡིན། ༡ དོར་ཞི། ཁོང་རང་གིས་དུས་རྒྱུན་བཀོལ་བའི་མཚན་ལྟར་སྨོས་ན།དོར་ཞི་གདོང་དྲུག་སྙེམ་པའི་བློ་ལྡན་རྣམ་དཔྱོད་མཆོག་སྡེར་འབོད་པ་གང་ཉིད་ནི།བོད་ཀྱི་སྲོལ་རྒྱུན་གཞུང་ལུགས་ལ་ངེས་དོན་གྱི་མཁས་པའི་རྒན་རབས་པ་ཞིག་ཡིན་ཞིང༌།«དོར་ཞིའི་གསུང་རྩོམ་ཕྱོགས་བསྒྲིགས»དང་བོད་ཡིག་གསར་བཅོས་པ་ཐོན་མི་ཨ་ནུར་དགག་པའི«ནོར་བུ་བགྲུང་བྱེད»«བོད་ཀྱི་སྤྱི་སྐད་ལས་འཕྲོས་པའི་གཏམ»སོགས་བརྩམས་ཆོས་གང་མང་མཛད་ཡོད་པས།བོད་ཀྱི་སྲོལ་རྒྱུན་སྲུང་སྐྱོབ་ཐད་ལ་ཟུར་གཅིག་ནས་བཀའ་དྲིན་ཆེན་པོ་བསྐྱངས་ཡོད་ནའང༌།དུས་རྒྱུན་རྒྱ་ཡིག་གི«བོད་མིའི་རིག་གནས་དྲ་བ»སོགས་སུ་ཟིན་བྲིས་སྣ་མང་སྤེལ་གྱིན་པའི་ཁོང་གིས།དཔའ་རིས་ཀྱི་ཡུལ་སྐད་ཕལ་བ་ཙམ་ལས་བོད་ཀྱི་སྤྱི་སྐད་ཀྱི་ཟུར་ཙམ་བཤད་ཀྱིན་མེད་ཁར།བོད་ཡིག་གི་ཆེད་གཉེར་དྲྭ་ཚིགས་ཤིག་གི་དྲི་ཙམ་ཡང་མི་བྲོ་ལ།རྒྱང་ནས་ཐོས་ཚོད་ལྟར་ན།ཁོང་གི་ཡུམ་སྲས་འཁོར་དང་བཅས་པས་ཀྱང་བོད་སྐད་ཡིག་ཚུལ་མཐུན་ཞིག་གཏན་དུ་ཤེས་ཀྱིན་མེད་ཚོད་འདུག འདི་ནི་གཞན་ལ་གང་འདོད་དུ་དབང་བསྐུར་བར་སྤོབས་ནའང་རང་ཉིད་དམ་ཚིག་ཏུ་གནས་མི་འདོད་པ་སྟེ།ཕར་དེད་ན་རང་སྟེང་ནས་འགོ་མ་བརྩམས་པར་ཁ་གཞན་ལ་བསྐོར་བའི་གནད་དོན་ཞིག་རེད། ༢ ཚུལ་ཁྲིམས་བློ་གྲོས། ཡོངས་ཀྱི་སྐད་དུ་བརྗོད་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སུ་གྲགས་པ་གང་ཉིད་ཀྱིས།སྔ་གཞུག་ཏུ«ལུགས་གཉིས་གསལ་བའི་མེ་ལོང—སྐད་ཡིག་ཐད་ལ»དང«འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ»སོགས་བསམ་བློས་རྩིས་མ་ཟིན་ཡང་ལྟ་ཐོས་ཀྱི་བློ་གྲོས་གསལ་བའི་རྩོམ་ཡིག་འབོར་ཆེན་མཛད་ཡོད་ལ།༢༠༠༧ནས«རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད»ཀྱི་ལས་གཙོ་བྱས་ཏེ་བོད་ཀྱི་སྐད་ཡིག་སྤྱི་ལ་ཕན་ནུས་གང་འཚམ་ཐོན་ཡོད་ནའང༌།ཁོང་གིས་དེ་སྔོན་བདག་གཉེར་བྱེད་ཀྱིན་པའི་བླ་རུང་ནང་བསྟན་སློབ་གླིང་གི་ཡིག་ནོར་སྟོང་གིས་སྦགས་པའི་སྒོ་བྱང་དང་ཟས་ཐོ་དེ་དག་མཐོང་ན།གནས་དེར«མིང་མཛོད»ཀྱི་དྲི་ཙམ་ཡང་ཚོར་མི་ནུས་ལ།ཁོང་གི་དངོས་སློབ་ཏུ་ཁས་འཆེས་པའི་བླ་གྲྭ་ཁག་དང་གཉེན་ཉེ་རྣམས་ཀྱི་སྨྲ་སྒོ་ལ་མཉན་ན་བོད་སྐད་གཙང་དག་ཅིག་བཙལ་ཡང་རྙེད་ཐུབ་ཀི་མེད། དེ་བཞིན་དུས་རྒྱུན་བོད་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་གྱི་ཁོང་གིས་རྒྱ་ཡིག་གི་དཔེ་དེབ་བཅུ་གྲངས་ཤིག་མཛད་ཡོད་པས་མི་ཚད།རྒྱ་མིའི་དྲྭ་ཐོག་ཏུ་རྒྱ་ཡིག་ཁོ་ནའི་ཟིན་བྲིས་འགའ་ཞིག་གཉེར་ཡོད་ན་ཡང༌།བོད་ཡིག་གི་དྲྭ་ལམ་ཁག་ནི་ཁོང་གི་སྦྱན་དང་ཕྱག་གིས་གནའ་ཞིག་ནས་བོར་ཚར་ལ་ད་དུང་ཡང་མཐོང་ཐུབ་ཀྱིན་མི་འདུག ༣ བསོད་དར་རྒྱས། རྒྱ་མི་དགེ་བསྙེན་འགའ་རེས“མཁན་པོ་བསོད་ནམས་དར་རྒྱས”(索达吉堪布)སུས་གསོལ་བ་གང་ཉིད་ཀྱིས།དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་དེ་རིང་ལ་ཐུག་གི་བར་དུ«རྒྱལ་སྲས་ལག་ལེན»དང«སྤྱོད་འཇུག»ནས་བཀའ་པོད་ལྔའི་བར་གྱི་བོད་རང་གི་ཐུན་མིན་གྱི་གཞུང་ལུགས་དེབ་གྲངས༨༠ལྷག་ཅིག་རྒྱ་ཡིག་ཏུ་ཡོངས་བསྒྱུར་བྱས་ཡོད་པས།རྒྱའི་རིག་གནས་དོན་གཅོད་ལས་ཁང་ལ་མཚོན་ན་མཁན་པོ་ཁོང་ནི་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་ཀྱི་རིག་གནས་པ་གཙོ་གྲས་ཤིག་ཏུ་གྱུར་ཡོད་ཚོད་རེད། འོན་ཏེ། ༡༩༨༨ཡས་མས་སུ་ཁོང་གིས་སྒྲིག་རྩོམ་བྱས་པའི«རི་བོ་རྩེ་ལྔའི་གནས་ཡིག»དང༢༠༠༩ལོར་བོད་ཡིག་ཏུ་བསྒྱུར་པའི«སློབ་མའི་བསླབ་བྱ»སྟེ།སྔོན་ཆད་རྒྱ་ནག་ཆིན་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་པའི་ལག་ཆར་སྤྱོད་པའི་རོའུ་ལུགས་ཀྱི་གཞུང་དཔེ་དེ་གཉིས་མ་གཏོགས།བོད་ཀྱི་ཡི་གེའི་འབྱུང་རྒུད་ཅིག་དགོངས་པའི་ཟུར་ལ་འཁྲུངས་མི་འདུག་ཅིང༌།བལྟས་ཚོད་ལ་ཁོང་གི་ཆེད་ལས་ནི་རྒྱའི་རིག་གནས་འཐུས་ཚང་དང་དར་རྒྱས་སུ་གཏོང་བ་ལས།བོད་པ་རང་གི་སྐད་ཡིག་དར་སྤེལ་དང་བརྡ་འཕྲིན་དུ་ཕྱོགས་པ་ལ་དོ་ཁུར་སྤུ་ཙམ་མ་མཆིས་ཏེ།དེ་ནི་བོད་ཡིག་གི་དྲྭ་ལམ་དུ་ཁོང་གི་མིང་ཙམ་མེད་པས་མཚོན་ནུས་པ་མ་ཡིན་ནམ། མཐའ་མའི་འཕྲོས་གཏམ། ང་ཚོ་ཀུན་ཀྱིས་རྒྱང་ཉེ་གང་རུང་ནས་ཤེས་ཀྱིན་ཡོད་པ་བཞིན།ཨ་རི་གཙོས་པའི་སྔོན་ཐོན་རྒྱལ་ཁབ་ཀྱི་མི་རིགས་རྣམས་ནི་སྔ་མོ་ནས་བརྒྱ་ཆ་བརྒྱ་བོ་དྲྭ་ལམ་རིག་གནས་སུ་ཞུགས་ཏེ།ཁོ་ཚོས་མི་སྒེར་གྱི་དོན་བྱ་དང་རྒྱལ་ཁབ་ཀྱི་གནད་བྱ་མང་ཆེ་བ་དྲྭ་ལམ་ནས་ཐག་གཅོད་བྱེད་ཀྱིན་ཡོད་པ་ལྟར་རེད།དེ་བཞིན་རྒྱའི་མི་རིགས་ལ་མཚོན་ནའང་མང་ཆེ་བས་དྲྭ་སྟེང་ནས་བྱ་བ་སྣ་ཚོགས་བྱེད་པ་དང་ལས་ཐབས་གང་མང་དར་སྤེལ་གཏོང་གིན་ཡོད་པ་རེད། དེ་ལྟར་ཡང༌།རང་ཅག་ལ་མཚོན་ན།དྲྭ་ལམ་རིག་གནས་ཀྱི་འགོ་གསར་དུ་བརྩམས་ནས་ལོ་ངོ་རེ་གཉིས་འདས་ཟིན་ཡང༌།མཁས་ཆེན་དུ་གསོལ་བའི་རང་རློམ་པ་རྣམས་ཀྱིས་ནི་རིང་ས་ནས་བཀའ་འབེབས་པ་ལས་ལག་ལེན་དངོས་ནང་དུ་ཞུགས་པར་མི་བྱེད་ཅིང༌།བོད་ཡིག་ཀློག་འདོན་ཤེས་པའི་དྲྭ་མྱུལ་བ་མང་ཆེ་བས་ནི་གནས་སྐབས་ཀྱི་རྩེད་ཆས་ཤིག་ལས་བོད་ཡིག་དྲ་བའི་འདུན་མར་སེམས་ཁུར་མི་བཟོ་ལ་སེམས་ཁུར་བྱེད་ཀྱང་མི་ཤེས་པས།འགོ་གསར་དུ་བརྩམས་པའི་བོད་ཀྱི་དྲྭ་སྟེགས་ཀྱང་བྱིས་པ་ཁ་ཅིག་གི་རྩོམ་སྦྱང་ར་བ་ཙམ་ལས་རྒྱན་སྐྱོང་དང་སྲ་བརྟན་ཡོང་མིན་ནི་དཀའ་ཙམ་གདའ་ཕྱིར།ཕྱི་ནང་ཀུན་ལ་རྒྱང་གཟིགས་གནང་ཞིང་བོད་ཀྱི་རིག་གནས་ཁྱེར་བའི(ཁོ་བོས་འདིར་དོར་ཞི་རྣམ་པ་གླེང་བ་དང་མཉམ་དུ།བོད་ཀྱི་འཚོ་བ་བརྙན་དུ་བཀོད་ནས་བྱ་དགའི་མེ་ཏོག་སྣ་ཚོགས་བཏུས་ཡོད་ནའང༌།གློག་བརྙན་ལ་བལྟ་འདོད་ཤིན་ཏུ་ཆེ་བའི་མང་ཚོགས་ཀྱི་ཕན་དུ་མི་རེ་ཞིང་བོད་ཡིག་དྲ་བར་དོ་ཁུར་སྤུ་ཙམ་མི་བྱེད་པར།དུས་རྒྱུན་རྒྱའི་སྐད་ཡིག་སྟེང་དུ་བོད་ཀྱི་འཚོ་བ་ཕབ་མཁན་གྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གཙོས་པའི་མི་སྣ་མང་བོ་ཞིག་གླེང་རྒྱུ་ཡོད་ཀྱང་།རེ་ཞིག་དྲྭ་རྩོམ་གྱི་རིང་ཐུང་རྐྱེན་གྱིས་སྨྲ་བ་བསྡམས་པར་བྱས་ཡོད)སྨྱུ་གུ་ཐོགས་མཁན་ཡོངས་ཀྱིས།འབུས་མ་ཐག་པའི་རང་རེའི་དྲྭ་ལམ་རིག་གནས་ལ་ཕྱི་ལྟ་ནང་སློག་རེ་བྱེད་པའི་སྐུལ་མ་ཞུ་ཀི་ཡིན། ། ༢༠༡༡/༠༤/༢༢ལ་བྲིས། 242100170622420595767124210037812

མཚོ་སྔོན་བོད་ཡིག་ཟིན་བྲིས་ནས་འདྲེན་བཀོད་བྱས།



གཤམ་གྱི་གདམ་བྱང་ཁག་ལ་བསྣུན་ནས་སྤེལ་རོགས།
Reddit! Del.icio.us! Mixx! Free and Open Source Software News Google! Live! Facebook! StumbleUpon! TwitThis Joomla Free PHP

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།