ནང་ཆོས་ངོ་སྤྲོད་སྙིང་བསྡུས།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། དེ་རིང་གཞི་རྐང་ཐེ་ཝན་ནས་ཡོང་བ་ཁྱེད་རང་རྣམས་ཡིན་ལ། ང་རང་ཚོ་སྔོན་མ་ནས་ཐེངས་ཁ་ཤས་ཐུག་སྟེ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་རྒྱུ་བྱུང་ཡོད། ཁྱེད་རང་ཚོ་བར་ལམ་དུས་ཡུན་གང་འཚམས་ཕྱིན་པའི་རིང་དེར། རང་ཉིད་ཀྱི་བསམ་བློའི་ནང་དུ་འགྱུར་བ་གང་འདྲ་ཞིག་འགྲོ་ཡི་འདུག་གམ། འགྱུར་བ་ཡག་ཏུ་འགྲོ་ཡི་འདུག་གམ། ཁྲེབ་ཏོ་ཆགས་ནས་སྡུག་ཏུ་འགྲོ་ཡི་འདུག་གམ།

དུས་མི་རྟག་ཅིང༌། མི་ཚེར་སྙིང་པོ་ལེན་དགོས་པའི་སྐོར།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། དེ་རིང་གཞི་རྐང་ཐེ་ཝན་ནས་ཡོང་བ་ཁྱེད་རང་རྣམས་ཡིན་ལ། ང་རང་ཚོ་སྔོན་མ་ནས་ཐེངས་ཁ་ཤས་ཐུག་སྟེ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་རྒྱུ་བྱུང་ཡོད། ཁྱེད་རང་ཚོ་བར་ལམ་དུས་ཡུན་གང་འཚམས་ཕྱིན་པའི་རིང་དེར། རང་ཉིད་ཀྱི་བསམ་བློའི་ནང་དུ་འགྱུར་བ་གང་འདྲ་ཞིག་འགྲོ་ཡི་འདུག་གམ། འགྱུར་བ་ཡག་ཏུ་འགྲོ་ཡི་འདུག་གམ། ཁྲེབ་ཏོ་ཆགས་ནས་སྡུག་ཏུ་འགྲོ་ཡི་འདུག་གམ།

                ང་རང་ཚོ་ཚང་མ་ལོ་རྒས་འགྲོ་ཡི་ཡོད་ལ། དུས་ཚོད་ཀྱིས་རྩ་བ་ནས་སྒུག་གི་མེད་ཅིང༌། དུས་ནི་རྟག་ཏུ་འགྲོ་ཡི་ཡོད། གལ་སྲིད་དུས་ཚོད་འཕྲོ་བརླག་ཏུ་ཕྱིན་ཡོད་ཚེ་དུས་ཚོད་བསྐྱར་ལོག་བྱ་རྒྱུ་མེད། དེར་བརྟེན་ང་རང་ཚོ་ཉིན་རེ་བཞིན་དུ་དུས་ཀྱི་འགྱུར་བ་དེ་རྟག་ཏུ་འགྲོ་ཡི་ཡོད་པ་དང༌། དེ་ཡང་སྐད་ཅིག་སྐད་ཅིག་གིས་འགྲོ་བ་ལས། མི་འགྲོ་བར་བསྡད་པ་ཞིག་རྩ་བ་ནས་མེད་པས། དུས་ཀྱི་ནང་དུ་ཡོད་པའི་ང་རང་ཚོའི་ལུས་པོ་འདི་ཡང་འདི་ལྟར་འགྱུར་འགྲོ་ཡི་ཡོད།

                དེས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུངས་པའི་སྐབས་སུ། མི་རྟག་པ་དང༌། སྡུག་བསྔལ་བ། སྟོང་པ། བདག་མེད་བཞི་ལས་མི་རྟག་པ་དེ་ཐོག་མར་གསུངས་པ་ཡིན། 

                དེར་བརྟེན་དུས་ལ་རྟག་པ་མེད་པ་དེར་ང་རང་ཚོར་རང་དབང་གང་ཡང་མེད་ཅིང༌། དེ་ནི་སུ་གཅིག་གིས་ཀྱང་བཀག་ཐུབ་ཐབས་མེད།  འོ་ན་ང་ཚོས་གང་ཞིག་བྱེད་ཐུབ་བམ་ཞེ་ན། དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་དོན་དང་ལྡན་པ་ཞིག་བྱ་རྒྱུ་དེ་རང་ཉིད་ཀྱི་ལག་ཏུ་ཡོད། ཕྱོགས་གཅིག་ནས་དུས་དེ་མི་རྟག་པ་ཡིན་པས་དེར་དགེ་མཚན་ཡང་ཡོད། དེ་ལ་བརྟེན་ནས་འགྱུར་བ་འགྲོ་ཡི་ཡོད་སྟབས། མི་རྟག་པ་ཡིན་པའི་ཆ་ནས་རྒྱུ་དང་རྐྱེན་གྱིས་བྱེད་པ་འཇུག་གི་ཡོད་ལ། རྒྱུ་དང་རྐྱེན་གྱིས་བྱེད་པ་འཇུག་གི་ཡོད་པས་ན། མཐུན་པའི་རྒྱུ་ཚོགས་ཚང་ན་འབྲས་བུ་ཡོང་བ་དང༌། མི་མཐུན་པའི་འགལ་རྐྱེན་འཕྲད་ན་འབྲས་བུ་འགག་འགྲོ་བ་བཅས། མདོར་ན་སྐྱེ་འགག་འཕེལ་འགྲིབ་ཡོང་བ་དེ་དག་མི་རྟག་པ་ཡིན་པའི་ཆ་ནས་ཡོང་གི་ཡོད། 

ཆོས་ཀྱི་དགོས་མཁོ་དང༌། མི་ཚེའི་རིན་ཐང༌། 

                ཁྱེད་རང་ཚོ་ཆོས་ཞུ་བ་གསར་པ་མང་པོ་ཞིག་ཡོད་སྟབས། ཐོག་མར་ཆོས་ཞེས་པ་དེ་མི་ཚེའི་ནང་དུ་འབྲེལ་བ་ཡོད་པ་ཞིག་དང༌། དགོས་མཁོ་ཡོད་པ་ཞིག་དང༌། དེའི་ནང་ཚན་ནས་སངས་རྒྱས་ཀྱི་ཆོས་གང་འདྲ་ཡིན་པ་དེ་འགྲེལ་བཤད་ཅིག་བརྒྱབ་ན་བསམ་པ་དྲན་བྱུང༌། འཇིག་རྟེན་ཆགས་པ་དང༌། འཇིག་པ་དང༌། བསྐལ་པ་སྟོང་པ་ཞེས་པ་དེ་དག་ཤེས་བྱའི་གནས་ལུགས་གཏན་ལ་ཕབ་སྐབས་འབྲེལ་བ་སླེབས་པ་ལྟར་དགོས་ན་ཡང༌། ད་ལྟ་ང་ཚོར་གལ་ཆེ་ཤོས་གང་ཞིག་རེད་དམ་ཞེ་ན། ང་ཚོར་མི་ཚེ་གཅིག་ཡོད་པ་འདི་མི་ཚེ་དོན་དང་ལྡན་པ་ཞིག་དང༌། མི་ཚེ་སྐྱིད་པོ་ཡོང་བ་དེ་དག་ང་ཚོ་ཚང་མའི་རེ་འདོད་དང་དམིགས་ཡུལ་ཆགས་ཡོད། ང་རང་ཚོ་རང་གཞན་རོགས་གསུམ་སུ་ཞིག་ཡིན་ན་ཡང༌། རང་གི་ངང་གིས་ང་སྙམ་པའི་བློ་ཞིག་དང༌། ཚོར་བ་བདེ་བ་དང་སྡུག་བསྔལ་མྱོང་རྒྱུ་ཡོད་པ་འདིའི་སྟེང་ནས། ཚོར་བ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དུད་འགྲོ་ཚུན་ཆད་ལ་ང་ཚོས་རྩོད་པ་རྩོད་མི་དགོས་ལ། སྒྲུབ་བྱེད་ཀྱང་བཀོད་མི་དགོས་པར་རང་གི་མྱོང་བས་ཚོར་བ་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད། 

                ངས་ནམ་རྒྱུན་རྟག་ཏུ་འདི་ལྟར་དྲན་གྱི་འདུག ང་རང་ཚོའི་མི་འདོད་པའི་སྡུག་བསྔལ་དང༌། འདོད་པའི་བདེ་སྐྱིད་གཉིས་ཀྱི་ནང་ནས། གཙོ་བོ་སྒོ་ལྔའི་དབང་པོའི་ཤེས་པ་ལ་བརྟེན་ནས་ཡོང་བའི་སྡུག་བསྔལ་གཅིག་དང༌། གཙོ་བོ་དབང་པོའི་ཤེས་པ་དང་འབྲེལ་ནས་ཡོང་བའི་བདེ་སྐྱིད་གཅིག་བཅས་གཉིས་ཡོད་ཅིང༌། དེ་ལྟ་བུའི་སྡུག་བསྔལ་མི་འདོད་པའི་བློ་དང༌། སྡུག་བསྔལ་དེ་ལས་ཐར་འདོད་བྱེད་ཅིང༌། དེ་བཞིན་སྒོ་ལྔའི་ཤེས་པ་དེ་དག་ལ་བརྟེན་པའི་བདེ་སྐྱིད་དོན་དུ་གཉེར་བ་ནི་དུད་འགྲོ་ཚུན་ཆད་ལ་ཡོད།

                མ་གཞི་ཕལ་ཆེར་དུད་འགྲོའི་ནང་དུའང་ཇི་ཙམ་གྱིས་སེམས་དུལ་བ་ཡོད་པ་དེའི་ཚོད་ཀྱིས་དུད་འགྲོ་དེ་དག་ཅུང་ཟད་སྐྱིད་པ་ཡོད་ས་རེད། ཡིན་ན་ཡང་ང་རང་ཚོ་གཙོ་བོ་སེམས་དུལ་མ་དུལ་ཞེས་པ་ནི། མི་ལ་འབྲེལ་བ་ཤུགས་ཆེ་ཤོས་ཡིན་ཞིང༌། མི་ལ་འབྲེལ་བ་ཡོང་བ་དེ་ཡང༌། གཙོ་བོ་མི་ནི་དུད་འགྲོ་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པའི་འཕགས་ཆོས་ནི། མིའི་རྣམ་དཔྱོད་ཀྱི་ཐོག་ནས་ཡོང་གི་ཡོད།

                རྣམ་རྟོག་འདྲ་མིན་གྱིས་བསམ་བློ་བཏང་སྟེ། མི་ལ་རྟོག་དཔྱོད་བྱེད་པའི་ནུས་པ་གཞན་དང་མི་འདྲ་བ་ཞིག་ཡོད་པས། རྟོག་དཔྱོད་དང་རྣམ་རྟོག་འདྲ་མིན་མང་དུ་ཡོད་པ་དེས་རྐྱེན་བྱས་ཏེ། མིའི་ལུས་པོ་དམིགས་བསལ་ཤུགས་ཆེ་བ་གང་ཡང་མིན་ལ། མི་ལས་ཤུགས་ཆེ་བའི་སེམས་ཅན་མང་དུ་ཡོད་ཀྱང༌། མིའི་རྣམ་དཔྱོད་གཞན་དང་མི་འདྲ་ཞིག་ཡོད་པས། དེའི་ཆ་ནས་མིས་གཞན་དབང་འདུ་བ་དང༌། རང་ཉིད་ཀྱི་འདོད་དོན་བསྒྲུབ་པའི་དོན་དུ་ཐབས་ཤེས་འདྲ་མིན་སྣ་ཚོགས་བྱེད་ཐུབ་པ་དེ་དག་མིའི་རྣམ་དཔྱོད་ལ་བརྟེན་ནས་ཡོང་གི་ཡོད། འོན་ཀྱང་མིའི་རྣམ་དཔྱོད་དེར་བསམ་བློ་ཡག་པོ་ཞིག་བཏང་ན། མིའི་རྣམ་དཔྱོད་ཀྱིས་རྐྱེན་པས་མི་ལ་སྡུག་བསྔལ་ཡང་མང་པོ་ཞིག་ཡོང་ངེས་ཏན་ཡིན།

                ཕྱོགས་གཅིག་ནས་ང་ཚོར་དུད་འགྲོ་ལས་ལྷག་པའི་དྲན་པ་ཤུགས་ཆེ་བ་ཡོད་ཅིང༌། རང་ཉིད་ཀྱི་མི་ཚེ་གཅིག་གི་གནས་ཚུལ་ཙམ་མིན་པར་མི་རབས་གོང་མ་དག་གི་ལོ་རྒྱུས་ང་ཚོར་བཤད་རྒྱུ་ཡོད་པ་ཞིག་དང༌། ཉམས་མྱོང་དྲན་རྒྱུ་ཡོད་པས་ན། ང་ཚོར་དྲན་པ་དེ་ཡང་ཤུགས་ཆེ་བ་ཡོད།

                གཉིས་ནས་མ་འོངས་འབྱུང་འགྱུར་ལ་འདི་དང་འདི་ལྟ་བུ་བྱུང་ན་བསམ་པའི་རྣམ་རྟོག་གི་བཀོད་པ་དེ་ཡང༌། ང་ཚོ་མིས་བསམ་བློ་ཧ་ཅང་ཤུགས་ཆེ་བ་གཏོང་ཐུབ་ཀྱི་ཡོད། ད་ལྟ་འབྲེལ་བའི་སྐབས་སུའང་ང་རང་ཚོ་འཕྲལ་སེལ་གྱི་བདེ་སྡུག་གི་ཚོར་བ་དེ་ཙམ་མིན་པར། དེའི་རྒྱུ་དང་རྐྱེན་མང་པོ་ཞིག་བསམ་བློའི་ནང་དུ་རྟོག་དཔྱོད་བྱས་ཏེ་བསམ་བློ་གཏོང་རྒྱུ་ཡོང་གི་ཡོད།

                དེས་རྐྱེན་པས་ང་རང་ཚོར་ཕྱོགས་གཅིག་ནས་སྡུག་བསྔལ་ཧ་ཅང་མང་པོ་ཞིག་ཕལ་ཆེར་ཡོང་གི་ཡོད་ས་རེད། དཔེར་ན། ད་ལྟ་མཐུན་རྐྱེན་ཧ་ཅང་གི་འཛོམས་པོ་ཞིག་ཡོད་ཀྱང༌། འདས་པའི་ལོ་རྒྱུས་མང་པོ་ཞིག་བསམ་བློར་འཁོར་བ་དེས་ཀྱང་སེམས་འཁྲུག་པ་ཞིག་ཡོང་གི་ཡོད། ཡང་མ་འོངས་འབྱུང་འགྱུར་གྱི་རྣམ་རྟོག་འདྲ་མིན་མང་པོ་འཆར་བ་དེས་རྐྱེན་པས་རེ་དོགས་ལུ་གུ་བརྒྱུད་ཀྱིས་བཅིངས་ནས་དེས་ཀྱང་མ་སྐྱིད་པ་ཞིག་ཡོང་གི་ཡོད།

                ད་ལྟ་འབྲེལ་བའི་སྐབས་སུའང་བདེན་མི་བདེན་གང་ཞིག་ཡིན་ན་ཡང༌། རང་ཉིད་ཀྱི་རྣམ་རྟོག་གིས་འདི་མིན་ནམ། འདི་བྱས་པ་ལས་འདི་བྱུང་བ་མིན་ནམ། འདིས་ཀྱང་བྱུང་བ་མིན་ནམ་བསམ་པ་ལྟ་བུའི་རྣམ་རྟོག་རྒྱ་བསྐྱེད་ནས། དོགས་པ་རྣམ་རྟོག་ཧ་ཅང་མང་པོ་ཞིག་ཡོང་གི་འདུག་ཅིང༌། དེ་ལྟ་བུས་རྐྱེན་བྱས་ཏེ་བསམ་བློ་ཧ་ཅང་རྒྱ་ཆེན་པོ་གཏོང་རྒྱུ་ཡོད་པའི་རྐྱེན་གྱིས་སེམས་མ་སྐྱིད་པ་ཡོང་བ་ཏན་ཏན་རེད། བསམ་བློ་འདྲ་མིན་མང་དུ་འཁོར་བ་དེས་རྐྱེན་པས་སེམས་མ་སྐྱིད་པ་ཡོད་པ་དེ། ཕྱི་ཡི་སྒོ་ལྔའི་ཤེས་པ་ལ་བརྟེན་པའི་ཚོར་བ་བདེ་བ་དེས། སེམས་ཀྱི་རྣམ་རྟོག་གི་རྐྱེན་པས་མ་སྐྱིད་པ་ཡོད་པ་དེ་ཟིལ་གྱིས་གནོན་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་རེད།

                མདོར་ན་སེམས་ཀྱི་རྣམ་རྟོག་འདྲ་མིན་ཤར་ནས་མ་སྐྱིད་པ་ཡོད་པ་དེ་ཉིད་ཟས་ནོར་ལོངས་སྤྱོད་དང༌། གཉེན་ཉེ་དུ། སྡོད་ཁང་ཕུན་སུམ་ཚོགས་གང་ཞིག་ཡོད་ཀྱང༌། དེས་དེ་ལ་བརྟེན་པའི་བདེ་བ་དེ་ཟིལ་གྱིས་གནོན་ཐུབ་ཀྱི་མེད། ང་རང་ཚོར་སེམས་ཀྱི་རྣམ་རྟོག་འདྲ་མིན་ཤར་བ་དེས་རྐྱེན་པས་མ་སྐྱིད་པ་ཞིག་ཡོང་གི་ཡོད་པས་ན། ང་རང་ཚོར་སྐབས་རེ་སྨན་པས་སྨན་སྤྲད་པ་དེ་འདྲ་ཡོང་གི་ཡོད། སྔར་ང་མ་སུ་རིར་ལོ་གཅིག་བསྡད་པའི་རིང་སྨན་པ་ཞིག་ཐུག་སྟེ་སྐད་ཆ་བྱུང་བར། སྐབས་དེ་དུས་ནད་པ་ཞིག་སེམས་ཧ་ཅང་འཁྲུག་སྟེ་མ་སྐྱིད་བྱེད་མཁན་ཞིག་སྨན་པ་དེ་བསྟེན་པར་སླེབས་པ་རེད་འདུག ནད་པ་དེར་སྨན་ཞིག་སྤྲད་ཅིང༌། རིལ་བུ་དེས་གང་ཞིག་ཕན་གྱི་ཡོད་དམ་ཞེས་དྲིས་པར།  དེས་སེམས་ཅུང་ཟད་ལྐུག་ཏུ་གཏོང་གི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག

                དེར་བརྟེན་རྣམ་རྟོག་འདྲ་མིན་འཆར་བ་དེས་རྐྱེན་པས་སེམས་འཁྲུག་པའི་སྡུག་བསྔལ་ཡོང་སྐབས། དེ་སེལ་ཐབས་དེ་རྣམ་རྟོག་འདྲ་མིན་འཆར་བ་དེ་དག་ཅུང་ཟད་ཉུང་དུ་གཏོང་བའི་ཐབས་ཤེས་བྱེད་ཀྱི་འདུག་ཅིང༌། དེས་གང་ཞིག་བསྟན་པ་རེད་དམ་ཞེ་ན། སེམས་ཀྱི་སྡུག་བསྔལ་དང་མ་སྐྱིད་པ་མང་པོ་ཞིག་ཡོང་བའི་རྐྱེན་ནི། རྣམ་རྟོག་མང་དྲགས་པའི་རྐྱེན་གྱིས་བྱུང་བ་དེར་ངོས་འཛིན་བྱེད་ཀྱི་ཡོད། དེས་ན། ནམ་རྒྱུན་སེམས་མ་སྐྱིད་པ་ཡོད་པ་འགའ་ཞིག་ལ། སེམས་ཀྱི་སྨན་པས་ཁྱེད་རང་བསམ་བློ་གཏོང་རྒྱུ་མང་དྲགས་འདུག་པས་བསམ་བློ་མང་པོ་མ་གཏོང་ཞེས་བརྗོད་ཀྱི་འདུག ཐབས་ཤེས་དེ་ནི་གཏི་ཐུག་གི་ཐབས་ཤེས་ཤིག་དང༌། འུ་ཐུག་པའི་ཐབས་ཤེས་ལྟ་བུ་ཞིག་རེད། དེ་འདྲ་ཡིན་ན་མིའི་རྣམ་དཔྱོད་ཧ་ལས་པ་ཡོང་བའི་ཀླད་པ་དེ་མར་བཏོན་ན། མི་དེ་རོ་ལྟར་འདི་ལྟར་བསྡད་མདོག་ཁ་པོ་རེད།

                འོ་ན་གཏི་ཐུག་མིན་པའི་ཐབས་ཤེས་གང་ཞིག་བྱེད་རྒྱུ་ཡོད་དམ་ཞེ་ན། རྣམ་དཔྱོད་དེ་ཉིད་ཀྱི་ཐོག་ནས་རྣམ་དཔྱོད་ཀྱིས་རྐྱེན་པས་སྡུག་བསྔལ་ཡོང་བ་དེ་སེལ་ཐུབ་པ་ཞིག་བྱུང་ན་དེ་ནི་མཁས་པ་རེད། རྣམ་རྟོག་འདྲ་མིན་ཡོང་བའི་ནང་ནས་ཡུལ་གྱིས་དཔྱད་པ་བྱེད་པ་སྟེ། སོ་སོར་རྟོག་པའི་ཤེས་རབ་བམ། མདོར་ན་རྟོག་དཔྱོད་ཀྱིས་དཔྱད་པ་བྱེད་རྒྱུ་དེ་གཅིག་པུས་སེམས་འཁྲུག་པ་ཕལ་ཆེར་མིན། རྟོག་དཔྱོད་ཀྱིས་དཔྱད་པ་རིམ་པར་བྱས་ཏེ་དེའི་ལག་རྗེས་སམ། དཔྱད་པ་བྱས་པ་དང་ཆབས་ཅིག་ང་རང་ཚོའི་སེམས་ཀྱི་ནང་དུ་ཚོར་བ་ཤུགས་དྲག་པོ་ཞིག་ཡོང་གི་ཡོད་ཅིང༌། དེས་རྐྱེན་བྱས་ཏེ་སེམས་འཁྲུག་སྟེ་མ་སྐྱིད་པ་ཡོང་གི་ཡོད།

                རྣམ་དཔྱོད་རང་ཉིད་ཀྱི་སྟེང་ནས་སེམས་མ་སྐྱིད་པ་ཡོང་བ་དེ་སེལ་ཐབས་གང་འདྲ་ཞིག་བྱེད་དགོས་སམ་ཞེ་ན། རྣམ་དཔྱོད་དེས་དཔྱད་པ་ཆ་ཚང་བྱེད་རྒྱུ་ཡོད་པའི་ཐོག་ཏུ་སེམས་ལ་མ་སྐྱིད་པ་ཡོང་བའི་ཚོར་བ་དྲག་པོ་དེའི་རིགས་གང་དང་གང་ཞིག་ཡོད་པ་དེ་དག་ལ་ང་ཚོས་བརྟག་དཔྱད་ཞིབ་འཇུག་བྱས་པའི་སྟེང་ནས། སེམས་མ་སྐྱིད་པ་ཡོང་བ་དེ་འགོག་ཐབས་ཤིག་བྱ་དགོས།

                དེས་ན། དེང་སྐབས་འཛམ་གླིང་གི་སྤྱི་ཚོགས་འདིའི་སྟེང་འདི་ལྟར་བསམ་བློ་ཞིག་བཏང་ན། དངོས་པོ་ཡར་རྒྱས་མ་ཕྱིན་པའི་ལུང་པ་རྣམས་ཀྱི་ནང་དུ། ད་ལྟ་ལྟོ་གོས་དང༌། ནད་ན་ཚ་སོགས་ཀྱི་སྡུག་བསྔལ་ཛ་དྲག་ཡོད་པས་ན། དེ་དག་སེམས་ཀྱི་རྣམ་དཔྱོད་ཀྱི་རྐྱེན་བྱས་ཏེ་སྡུག་བསྔལ་ཡོང་བ་དེ་དམིགས་བསལ་མངོན་གསལ་དོད་པོ་མ་ཆགས་པ་ལྟ་བུ་དང༌། དངོས་པོ་ཡར་རྒྱས་ཡག་པོ་ཕྱིན་པའི་སྤྱི་ཚོགས་ཀྱི་ནང་དུ། དངོས་པོ་ཡར་རྒྱས་ཕྱིན་ཏེ་སྤྱིའི་ནད་ན་ཚ་ཉུང་དུ་འགྲོ་བ་དང༌། དེ་བཞིན་མཐུན་རྐྱེན་གང་ཞིག་ཡིན་ནའང་ཡོད་པ། གཙོ་བོ་སྒོ་ལྔའི་ཤེས་པའམ་དབང་པོའི་ཤེས་པ་ལ་བརྟེན་པའི་བདེ་སྐྱིད་ཅིག་དང༌། དབང་པོའི་ཤེས་པ་ལ་བརྟེན་པའི་སྡུག་བསྔལ་གང་འཚམས་ཉུང་དུ་ཕྱིན་པའི་སྤྱི་ཚོགས་ཀྱི་ནང་དུ། གཞི་ནས་སེམས་ཀྱི་རྣམ་རྟོག་གི་རྐྱེན་པས་སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོང་བ་དེ་ཕལ་ཆེར་མངོན་གསལ་དོད་དུ་འགྲོ་བ་ལྟ་བུ་ཞིག་ཡོད། 

 

ཆོས་ཀྱི་ཕན་ཡོན་དང༌། དགེ་མཚན།

                དེ་འདྲའི་གནས་སྟངས་ཀྱི་འོག་ནས། མིའི་སྤྱི་ཚོགས་སམ་མིའི་ལོ་རྒྱུས་ཀྱི་ནང་དུ་གཞི་ནས་ཆོས་དད་ཞེས་པ་ཕལ་ཆེར་ཡོང་གི་ཡོད། ང་རང་ཚོ་མིས་ཐབས་ཤེས་བྱེད་པའི་ནུས་པ་ཁོ་ན་ལས་བརྒལ་ཏེ། མིས་ཐབས་ཤེས་མི་ཐུབ་པ་ཞིག་གི་མཚམས་སུ་སླེབས་སྐབས། རེ་བ་མ་བརླག་པར་རེ་བ་འཛིན་པ་དེ་དད་པས་བྱེད་ཀྱི་ཡོད་པ་སྟེ། རང་ལས་ལྷག་པའི་སྐྱབས་གནས་ནུས་ལྡན་ཞིག་ཡོད་ཅེས་སྐྱབས་གནས་དེར་བློ་གཏད་བཅོལ་ནས་དེས་རེ་བ་འཛིན་པ་ཞིག་ཡོང་གི་ཡོད།

                དཔེར་ན། སྤྱིར་ང་རང་ཚོ་མིའི་ལོ་རྒྱུས་ཀྱི་ནང་དུ་མི་ཤི་ཟིན་ན། མིའི་ཐབས་ཤེས་ཀྱི་ཡུལ་ལས་འདས་ཤིང༌། ཤི་ཚར་བའི་མི་དེའི་དོན་དུ་ང་རང་ཚོར་བྱེད་རྒྱུ་གང་ཡང་མེད་པ་ཆགས་ཟིན་པ་རེད།  ཆོས་ལུགས་ཕལ་མོ་ཆེས་འདས་པོ་དེའི་དོན་དུ་སྨོན་ལམ་རྒྱབ་རྒྱུ་དང༌། དག་ཞིང་དུ་སྐྱེ་བའི་དོན་ལྟ་བུ་དང༌། ཡང་ན། ཁྱེད་རང་ཚོ་རྒྱ་མི་ཚོས་རང་ཉིད་ཀྱི་ཕ་མེས་ལ་དུར་མཆོད་བྱེད་རྒྱུ་མང་པོ་ཞིག་འདུག་ཅིང༌། དེ་སྨོན་ལམ་རྒྱབ་རྒྱུ་དང༌། དད་པ་དང་ཡིད་ཆེས་ཀྱི་སྟེང་ནས་རང་ཉིད་ཀྱིས་བྱེད་ཐུབ་ཐབས་རྩ་བ་མེད་ས་དེར། སྨོན་ལམ་ཞིག་རྒྱབ་ན་དེས་ཕན་གྱི་རེད་བསམ་པའི་རེ་བ་བརྒྱབ་ཏེ་ཆོས་དད་དེ་དག་སླེབས་ཀྱི་ཡོད།

                ཆོས་དད་ཀྱི་ནང་དུ་རིགས་འདྲ་མིན་ཧ་ཅང་མང་པོ་ཞིག་ཡོད། ལྟ་བ་དང་གྲུབ་མཐའ་ཡོད་པའི་ཆོས་བརྒྱུད་གཅིག་དང༌། ལྟ་བ་དང་གྲུབ་མཐའ་མེད་པར་གྲོང་གསེབ་ལྟ་བུ་ཞིག་གི་ནང་ཁོ་རང་ཚོར་ལྷ་དང་འདྲེ་ལ་སོགས་པ་མིང་གང་ཞིག་བཏགས་རུང་མ་བཏགས་རུང༌། དེར་གསོལ་མཆོད་བྱས་ཏེ། ལྟ་བ་དང་གྲུབ་མཐའ་གང་ཡང་མེད་པའི་ཆོས་ལུགས་མང་པོ་ཞིག་ད་ལྟ་ཡིན་ན་ཡང་གསར་པ་ཡོང་གི་ཡོད་ཀྱང༌། སྔར་གྱི་ཆོས་བརྒྱུད་དེའི་རིགས་མང་པོ་འགག་ཟིན་པ་རེད།

                རིགས་གཅིག་ནི་ལྟ་བ་དང་གྲུབ་མཐའ་ཡོད་པ་ལྟར། ལྟ་བ་དང་གྲུབ་མཐའ་ཡོད་པའི་ཆོས་ལུགས་ཀྱི་ནང་དུ་འཇིག་རྟེན་བཀོད་པ་པོ་འདོད་པའི་སྡེ་ཚན་གཅིག་དང༌། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་སྡེ་ཚན་གཅིག་བཅས་གཉིས་ཡོད། གྲུབ་མཐའ་མེད་པའི་ཆོས་ལུགས་ནི་དེ་ཙམ་གནས་ཐུབ་རྒྱུ་དཀའ་ལ། དེ་ཙམ་གྱི་རླབས་ཆེན་པོ་ཞིག་ཀྱང་ཁག་པོ་ཡིན།

                གྲུབ་མཐའ་ཡོད་པའི་ཆོས་བརྒྱུད་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང༌། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གང་ཞིག་ཡིན་ན་ཡང༌། འཛམ་གླིང་འདིའི་སྟེང་འདས་པའི་ལོ་བརྒྱ་ཕྲག་མང་པོའི་རིང་མི་མང་པོར་ཕན་ཐོགས་བྱུང་ཡོད་ལ། ད་ལྟའང་ཕན་ཐོགས་ཡོང་དང་ཡོང་བཞིན་པ་རེད། མ་འོངས་པར་ཡང་དེ་དག་གནས་པ་ཞིག་དང༌། ཕན་ཐོགས་ཡོང་བ་ཞིག་ཏན་ཏན་རེད་བསམ་གྱི་འདུག

                ངས་ནམ་རྒྱུན་རྟག་པར་བརྗོད་ཀྱི་ཡོད། ང་རང་ཚོའི་ལོ་རྒྱུས་ཀྱི་ནང་དུ་མིས་དད་པ་བྱེད་སའི་ཆོས་ལུགས་འདྲ་མིན་གྱི་སྟེང་ནས་འཁྲུག་པ་བརྒྱབ་པ་དེ་འདྲ་ཡང་ཡོང་གི་ཡོད། དེས་ན་ཆོས་བརྒྱུད་ཚང་མར་ཆོས་བརྒྱུད་དེ་ནས་བཤད་པའི་ལྟ་བ་དང་གྲུབ་མཐའ་དེར་རང་ཉིད་ཀྱི་ཆོས་བརྒྱུད་ཀྱི་ཐོག་ནས་མོས་མཐུན་ཡོད་མེད་ཇི་ལྟར་ཡང༌། ལྟ་བ་དང་གྲུབ་མཐའ་དེ་དང་འབྲེལ་བའི་ཆོས་བརྒྱུད་དེས་མི་མང་པོ་ཞིག་ལ་ཕན་གྱི་ཡོད་ཅིང༌། མི་ལ་ཕན་གྱི་ཡོད་པས་ན་ཕན་པ་དེས་འགྲིགས་ཀྱི་ཡོད།

                དེས་ན། མིའི་སྤྱི་ཚོགས་ནང་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་ཧ་ཅང་གི་གསལ་པོ་རེད། བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ཀྱང༌། རང་ཉིད་ཀྱི་གདུལ་བྱའི་ནང་དུ་ཁམས་དང་མོས་པ་སྣ་ཚོགས་ཤིག་ཡོད་པས་ན། བཅོམ་ལྡན་འདས་སྟོན་པ་གཅིག་ཉིད་ཀྱིས་རང་གི་གདུལ་བྱའི་ནང་དུའང་ཁམས་དང་མོས་པའི་ཁྱད་པར་དང་བསྟུན་ནས་ལྟ་བ་དང་གྲུབ་མཐའ་མི་འདྲ་བ་དེ་དག་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་ཀྱི་ཡོད།

                འདིས་རྟགས་གང་ཞིག་བསྟན་པ་རེད་དམ་ཞེ་ན། མི་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་ཞིག་ཡིན་པས་ན། དཔེར་ན། ནང་པའི་ནང་དུའང་བཅོམ་ལྡན་འདས་རང་ཉིད་ཀྱི་རང་ལུགས་ལྟ་བ་དང་གྲུབ་མཐའ་མཐོ་ཤོས་དེ་ཏན་ཏན་ཡིན་དགོས་ཀྱང༌། གདུལ་བྱ་ལ་བསྟན་སྐབས་བཅོམ་ལྡན་འདས་རང་ཉིད་ཀྱི་མཐར་ཐུག་གི་ལྟ་བ་དང་གྲུབ་མཐའ་དེར་ཐམས་ཅད་ཀྱིས་བརྩི་བཀུར་དང་མོས་པ་བྱེད་དགོས་ཞེས་མི་གསུངས་པར། གང་ལ་བསྟན་སའི་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་ལྟ་བའི་རྣམ་གཞག་མི་འདྲ་བ་མང་པོ་གསུངས་པ་འདིས། ང་རང་ཚོར་གོ་བ་སླེབས་ཐུབ་པ་ཞིག་རེད།

                འཛམ་གླིང་འདིའི་སྟེང་དུ་མི་མཐའ་ཡས་པ་ཞིག་ཡོད་པ་དེ་དག་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པའི་ནང་དུ་ཁམས་དང་མོས་པ་སྣ་ཚོགས་ཡོད་པས་ན། རང་རང་གི་ཁམས་དང་མོས་པ་དང་བསྟུན་པའི་ཆོས་བརྒྱུད་མི་འདྲ་བ་ཆགས་ཡོད་ལ། ཆགས་དགོས་པ་ཞིག་ཀྱང་རེད།

                གྲུབ་མཐའ་ཡོད་པའི་ཆོས་ལུགས་དེ་དག་ལ་ངོས་ལྟ་བུ་གཉིས་ཡོད་པ་དེ་བཤད་ཐུབ་པ་ཡིན། ཆོས་དེའི་རྣམ་གཞག་མར་བཤད་སྐབས། ལྟ་བ་དང་གྲུབ་མཐའི་རྣམ་གཞག་གམ་སྡེ་ཚན་གྱི་ངོས་ལྟ་བུ་གཅིག་དང༌། ལྟ་བ་དང་གྲུབ་མཐའི་རྣམ་གཞག་བཤད་པའི་གྲུབ་དོན་གང་ཞིག་རེད་དམ་ཞེ་ན། སེམས་དུལ་དགོས་པ་དེ་རེད། དེས་ན་ངོས་གཉིས་ལྟ་བུ་ཞིག་ཆགས་ཀྱི་ཡོད།

                རྒྱུ་མཚན་གྱིས་གཏན་ལ་འབེབས་བྱེད་ཀྱི་ལྟ་བ་དང་གྲུབ་མཐའ་བཤད་པའི་སྡེ་ཚན་གཅིག་དང༌། དེའི་གྲུབ་དོན་སེམས་དུལ་དགོས་པའི་ཕྱོགས་ལྟ་བུ་སྡེ་ཚན་གཉིས་སུ་ཕྱེ་སྐབས། མདོར་ན། འཛམ་གླིང་འདིའི་སྟེང་ལྟ་བ་དང་གྲུབ་མཐའ་ཡོད་པའི་ཆོས་བརྒྱུད་ཕལ་མོ་ཆེའི་ལྟ་བའི་རྣམ་གཞག་བཤད་སྐབས། ཧ་ཅང་མི་འདྲ་བ་ཐོན་ཡོང་གི་ཡོད་ཅིང༌། དེ་གྲུབ་དོན་སེམས་དུལ་དགོས་པའི་སྟེང་དུ་ཕལ་ཆེར་མཐུན་པ་རེད།

                དཔེར་ན། ཆོས་ལུགས་ཚང་མ་སྟེ། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང༌། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གང་ཞིག་ཡིན་ཡང༌། མི་ལ་བྱམས་སྙིང་རྗེ་དགོས་པ་དང༌། བཟོད་པ་དགོས་པ། ཆོག་ཤེས་དགོས་པ། རང་ཁྲིམས་བསྲུང་བའི་ཚུལ་ཁྲིམས་དགོས་པ་རེད་ཅེས་གསུངས་པ་དེ་དག་ཆོས་ལུགས་ཚང་མས་བཤད་ཀྱི་འདུག

                དེས་ན། ལྟ་བ་དང་གྲུབ་མཐའ་ཡོད་པའི་ཆོས་བརྒྱུད་དེ་དག་ལྟ་བའི་རྣམ་གཞག་གི་ཐོག་ནས་མཐུན་པ་རེད་ཅེས་བརྗོད་པ་ཡིན་ན་ཕལ་ཆེར་རྫུན་རེད། འདྲ་ཆགས་པོ་ཞིག་ཐོག་ནས་ང་ཚོ་ཚང་མ་གཅིག་པ་རེད་ཅེས་བརྗོད་ན་དེ་ནི་རྫུན་ཡིན་པ་ལས་བདེན་པ་མིན། ཡང་ལྟ་བ་དང་གྲུབ་མཐའི་རྣམ་གཞག་མི་མཐུན་པ་ཡོད་པ་དེ་རྒྱུ་མཚན་དུ་བྱས་ཏེ། དེ་དག་གི་གྲུབ་དོན་སེམས་འདུལ་ཐབས་བྱེད་པའི་རིམ་པ་དེའི་ནང་དུའང་མི་འདྲ་བ་ཡོད་ཅེས་བརྗོད་ཀྱང༌། དེ་ཡང་ཕལ་ཆེར་ངའི་སེམས་ནང་བདེན་པ་རང་ཨེ་ཡིན་བསམ་གྱི་འདུག

                གྲུབ་དོན་སེམས་དུལ་བ་བཤད་སྐབས། ཆོས་བརྒྱུད་ཚང་མ་བསླབ་བྱ་གཅིག་པ་བརྒྱབ་མཁན་ཞིག་རེད། གང་ལགས་ཤེ་ན། བསླབ་བྱ་བརྒྱབ་ས་གཙོ་བོ་མི་ཡིན་ཞིང༌། མི་ལ་རང་བཞིན་ལྷན་སྐྱེས་ཀྱིས་ཁོང་ཁྲོ་དང༌། ཕྲག་དོག་ལ་སོགས་པ་དེ་དག་གིས་མིའི་སྤྱི་ཚོགས་ནང་རྙོག་དྲ་བཟོ་ཡི་ཡོད་ཅིང༌། སྤྱི་ཚོགས་ལ་རྙོག་དྲ་བཟོ་བ་དང་ཆབས་ཅིག་རང་ཉིད་ཀྱང་མ་སྐྱིད་པ་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་སྟབས། དེ་སེལ་ཐབས་ལ་བྱམས་བརྩེ་དང༌། བཟོད་པ། ཆོག་ཤེས་དགོས་ཞེས་པ་དེ་དག་རང་བཞིན་གྱིས་སླེབས་ཀྱི་ཡོད་པས་ན། གྲུབ་དོན་གཅིག་པ་སླེབས་ཡོང་གི་འདུག་བསམ་པ་དྲན་གྱི་ཡོད།

                གྲུབ་དོན་སེམས་འདུལ་ཐབས་ཀྱི་རིམ་པ་དེ་བཤད་སྐབས། རིམ་པ་དེའི་ནང་དུ་ཆོས་ལུགས་ཕལ་མོ་ཆེ་གཅིག་པ་རེད་ཅེས་བརྗོད་ཆོག་པ་ཞིག་རེད། ལྟ་བ་དང་གྲུབ་མཐའ་བཤད་སྐབས་རྩ་བ་ནས་མི་འདྲ་བ་རེད་ཅེས་དབྱེ་བ་བྱེད་དགོས་ཤིང༌། ལྟ་བ་དང་གྲུབ་མཐའི་རྣམ་གཞག་གསུངས་སྐབས། དེའི་ངོས་ལྟ་བུ་དེར་ཁྱད་པར་ཡོད་ལ། དེ་བཞིན་རྒྱ་ཆེ་ཆུང་དང༌། གཏིང་ཟབ་ལོས་ཀྱི་ཁྱད་པར་ཡང་ཡོད་ཅེས་བརྗོད་དགོས་པ་རེད།

                ཡིན་ན་ཡང་འདིར་ཁམས་དང་མོས་པའི་ཁྱད་པར་ལས་ལྟ་བ་རྒྱ་ཆེ་བ་དང་ཟབ་པ་ཡོད་པ་དེས་ཕན་པའི་ངེས་པ་ཕལ་ཆེར་མེད། ཁམས་དང་མོས་པའི་རིགས་གཅིག་ལ་མདོར་བསྡུས་ཤིག་གི་ཐོག་ནས་སེམས་ལ་འགུལ་བསྐྱོད་ཤུགས་ཆེ་བ་ཐེབས་པ་ཡོང་སྲིད་པ་རེད། ལག་ཏུ་བླངས་ནས་སེམས་འདུལ་ཐབས་བྱེད་པའི་རིམ་པ་དེའི་སྟེང་སླེབས་སྐབས། ཕལ་ཆེར་ཆོས་འདི་ཟབ་པ་དང་ཆོས་འདི་མི་ཟབ་པ་ཞེས་ཅུང་ཙམ་བཤད་ཐུབ་པ་ཁག་པོ་རེད།

                དཔེར་ན། སྨན་དང་མཚུངས་པ་ཡིན། སྨན་ཞེས་བརྗོད་པ་ཡིན་ན། སྨན་གྱི་དགོས་དོན་དེ་ནད་སེལ་རྒྱུ་དེ་ཡིན་ལ། ནད་པའི་ན་ཚའི་བབས་དང༌། འབྱུང་བའི་ཁམས་ལ་བསྟུན་ནས་ནད་དྲག་པའི་དགོས་པ་དེ་ཉིད་ཀྱི་དོན་དུ་སྨན་ཟ་ཡི་ཡོད་པ་ལས། སྨན་གྱི་རིན་ཐང་ཆེ་ཆུང་གི་སྐད་ཆ་མིན།

                དེས་ན། མི་སྒེར་སོ་སོའི་ཁམས་དང་མོས་པའི་ཁྱད་པར་ལས་ང་ལ་ཆོས་འདི་ཟབ་ཤོས་ཡིན་ཞེས་བརྗོད་ཐུབ་པ་ཞིག་ལས། སྤྱི་ཡོངས་ཀྱི་འཛམ་གླིང་འདིའི་སྟེང་དུ་ཆོས་འདི་ཟབ་ཤོས་རེད་ཅེས་བརྗོད་ཐུབ་ཁག་པོ་རེད། ངས་སྐད་ཆ་འདི་མགོ་བདེ་པོ་བྱས་ཏེ་བཤད་ཀྱི་ཡོད་པ་ལྟ་བུ་ཞིག་འདུག་གམ། ཡང་ན་དྲང་པོ་བྱས་ཏེ་བརྗོད་ཀྱི་ཡོད་པ་ལྟ་བུ་ཞིག་འདུག་གམ། འདི་ནི་ཁྱེད་རང་ཚོ་གཅིག་པོར་བརྗོད་པ་མིན་པར་ངས་གང་སར་བཤད་ཀྱི་ཡོད་ལ། ང་རྟག་པར་འདི་དྲན་གྱི་ཡོད།

                དཔེར་ན། ང་རང་ཚོས་ཆོས་ལུགས་སོ་སོའི་ནང་དུ་བདེན་པ་གཅིག་ཁོ་ན་རེད་ཅེས་དང༌། བདེན་པ་གཅིག་པུ་ནི་རང་ཉིད་ཀྱི་ཆོས་དེ་རེད་ཅེས་པའི་སྐད་ཆ་བཤད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཞིག་ཡོད་ལ། ལྷག་དོན་གྲུབ་མཐའ་ཡོད་པའི་ཆོས་ལུགས་མང་པོ་ཞིག་དངོས་ཡོད་གནས་ཚུལ་ལ་ཡོད་པ་རེད། འདི་ལྟའི་འོག་ནས་བདེན་པ་གཅིག་རེད་ཅེས་ཨུ་ཚུགས་བརྒྱབ་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་རེད། དེར་བརྟེན་སྒེར་རང་ཉིད་གཅིག་དང་འབྲེལ་ནས་བདེན་པ་གཅིག་སྟེ། ང་ལ་ཆོས་འདི་ཟབ་ཤོས་རེད། ང་ལ་ཆོས་འདི་གཅིག་པོ་བདེན་པ་རེད་ཅེས་བརྗོད་ཐུབ་པ་ཞིག་རེད། དུ་མ་དང་འབྲེལ་ནས་ཡོང་སྐབས། ཁམས་དང་མོས་པ་སྣ་ཚོགས་ཡོད་པས་ན། ཆོས་འདི་གཅིག་ཁོ་ན་བདེན་པ་རེད། འདི་གཅིག་པོ་མཐར་ཐུག་གི་བདེན་པ་རེད་ཅེས་བརྗོད་ཐུབ་རྒྱུ་ཁག་པོ་རེད། དེས་ན་བདེན་པ་མང་པོ་ཡོད་ཆོག་གི་འདུག

                ཆོས་བརྒྱུད་གཅིག་གིས་རང་ཉིད་ཀྱི་ཆོས་བརྒྱུད་དེ་གཞན་དུ་གང་མང་ཁྱབ་སྤེལ་བྱས་ཏེ་ཆོས་ལུགས་བསྒྱུར་བཅོས་གཏོང་བ་ཞེས་པ་དེ་ཧ་ཅང་གི་ཁག་པོ་ཡིན་ལ། དེས་རྙོག་དྲ་སྣོན་མ་བཟོ་ཉེན་ཡོད། དཔེར་ན། ནང་པའི་ནང་དུ་སྔར་ཆོས་རྒྱལ་ཨ་ཤྭ་ཀའི་སྐུ་དུས་སུ། ལུང་པ་འདྲ་མིན་ལ་ནང་ཆོས་སྤེལ་མཁན་དེ་འདྲ་བྱུང་བའི་ལོ་རྒྱུས་བཤད་རྒྱུ་འདུག་ཅིང༌། མདོ་དོན་གང་ཞིག་ཡིན་ན་ཡང༌། སྤྱི་ཡོངས་ནས་བརྩིས་ན། ནང་པའི་འགྲོ་སྟངས་ནི། མ་གསོལ་བར་མི་བྱའོ། །ཞེས་ཆོས་བཤད་རོགས་གྱིས་ཞེས་ཚུར་མ་བརྗོད་ཚེ། ཕར་ཨུ་ཚུགས་བརྒྱབ་ནས་བཤད་རྒྱུ་མིན་པ་རེད། དེར་བརྟེན་དེ་འདྲའི་འགྲོ་སྟངས་བརྩིས་ན། དོན་གཉེར་ཡོད་མཁན་ཞིག་གིས་ཚུར་རེ་འདུན་བྱས་ན། དེར་བཤད་དགོས་པ་ལས། ཉན་མཁན་ཡོད་མེད་ཇི་ལྟར་ཡང་རྣ་མཆོག་ཚ་ཚ་བར་བཤད་རྒྱུ་མེད།

                སྐབས་རེ་ཆོས་བརྒྱུད་འགའ་ཞིག་གི་ནང་དུ་ཆེད་མངགས་ཆོས་སྤེལ་བའི་འགྲོ་སྟངས་ལྟ་བུ་ཞིག་ཡོང་གི་འདུག དེས་རྐྱེན་པས་དཀའ་རྙོག་འཕྲད་ཀྱི་འདུག་པས། དེར་བརྟེན་རང་ཉིད་ཀྱི་ཕ་མེས་ནས་ཆོས་བརྒྱུད་གང་ཞིག་ཡིན་ཡང༌། དེའི་སྟེང་ནས་ཕྱིན་ན་བབ་བརླིང་ཤོས་སམ་བརྟན་ཤོས་རེད།

                ང་ནམ་རྒྱུན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕྱིན་པའི་སྐབས་སུ།  ཡེ་ཤུ་དང༌། འཇིའུ་དང༌། དེ་བཞིན་ཁ་ཆེའི་ཆོས་ལུགས་ཡོད་པ་དེ་དག་ལ། རང་ཉིད་ཀྱི་ཆོས་དེའི་ཉམས་ལེན་བྱས་ན་ལེགས་ཚུལ་དང༌། ཨ་གསར་གྱིས་ནང་པའི་ཆོས་ལ་བསྒྱུར་བ་ལྟ་བུ་བྱས་ན། བརྟན་པོ་དང་བསམ་བློ་གཟབ་གཟབ་བཏང་ན་མ་གཏོགས་ཡག་པོ་མེད་ཅེས་དེ་ལྟར་བཤད་ཀྱི་ཡོད།

                ཡང་ཚུར་ཕྱོགས་དེར་ང་རང་ཚོ་རྒྱ་ཡི་ཆོས་གྲོགས་ཚོ་དང༌། དེ་བཞིན་བོད་པ་གང་ཞིག་ཡིན་ནའང༌། ང་ཚོ་ཕ་མེས་ནས་ནང་པའི་ཆོས་ཉམས་སུ་ལེན་མཁན་ཞིག་ཆགས་ཡོད་ཅིང༌། ང་རང་ཚོའི་ཕ་མེས་ནས་ཆོས་ཡོད་པ་དེ་གའི་སྟེང་དུ་ཕྱིན་ན་བརྟན་པ་རེད། གང་ཟག་བྱེ་བྲག་པ་རེ་ཟུང་ཆོས་བརྒྱུད་གཞན་རང་ཉིད་ཀྱི་ཁམས་དང་མོས་པར་རན་པ་དེ་འདྲ་ཡོང་སྲིད་པ་རེད། དེ་ནི་སོ་སོའི་རང་དབང་རེད། ཡིན་ན་ཡང་ང་ཚོ་སྤྱི་ཡོངས་ནས་བཤད་པ་ཡིན་ན། རང་ཉིད་ཀྱི་ཕ་མེས་ཀྱི་ཆོས་བརྒྱུད་དེའི་སྟེང་དུ་ཕྱིན་ན་ཡག་པོ་རེད། 

                ཆོས་བརྒྱུད་འདྲ་མིན་ཚང་མའི་ནང་དུ་ཡོད་པ་ལྟ་བུ་ཞིག་རེད། ང་རང་ཚོ་སངས་རྒྱས་པའི་ཆོས་པའི་ནང་དུའང་ཆོས་ངོ་མ་དེ་གང་འདྲ་ཞིག་ལ་འཇོག་དགོས་པ་མ་ཤེས་པར། ཆོས་བྱས་ཞེས་བརྗོད་སྐབས།  ཆོས་བྱེད་སྟངས་དེ་ལམ་དང་ལུགས་སྲོལ་ལྟ་བུའི་ཐོག་ཏུ་འགྲོ་མཁན་ཞིག་ཡོང་གི་འདུག་པས་དེ་ནི་རྗེས་ལུས་རེད།

                འགའ་ཞིག་ལ་སྐད་ཆ་དྲིས་པའི་སྐབས་སུ་འདི་ལྟར་བརྗོད་ཀྱི་འདུག ཆོས་དེ་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་དུ་འབྲེལ་བ་དེ་ཙམ་ཡོང་གི་མི་འདུག་ཅེས་བརྗོད་མཁན་དེ་འདྲ་ཡོང་གི་འདུག དེ་ནི་ཆོས་ཡག་པོ་ཞིག་ངོས་འཛིན་མ་ཐུབ་པའི་རྟགས་རེད། དཔེར་ན། ཡེ་ཤུའི་ཆོས་པ་ཞིག་ཡིན་ན། རེས་གཟའ་ཉི་མར་ལྷ་ཁང་ནང་དུ་ཕྱིན་ཏེ་སྨོན་ལམ་བརྒྱབ་པ་ལྟ་བུ་ཞིག་བྱས་ཏེ། རང་ཉིད་ཀྱི་ཡེ་ཤུའི་ཆོས་ཞེས་པ་དེ་ཙམ་ཞིག་ལ་ངོས་འཛིན་པ་ཡིན་ན། དེ་ནི་ཆོས་ཡག་པོ་ཞིག་ངོས་འཛིན་མ་ཐུབ་པའི་རྟགས་ཡིན།

                དེ་བཞིན་བོད་པ་ཞིག་ལ་ཆ་བཞག་ན། ཆོས་ཞེས་པ་དེ་རང་ཉིད་ཀྱི་ཤག་ཏུ་ཁ་འདོན་ཞིག་བཏོན་པ་དང༌། གཟུངས་སྔགས་བགྲང་བ་དེ་ཁོ་ནར་ངོས་འཛིན་ནས་བསྡད་ན། ཐུན་གྲོལ་རྗེས་ཆགས་སྡང་སྐྱེ་བའི་རྐྱེན་འཕྲད་པའི་གནས་སྐབས་སུ། དེ་ཙམ་གྱིས་འབྲེལ་བ་གང་ཡང་ཆགས་ཀྱི་མེད། ཡེ་ཤུའི་ཆོས་པ་དང༌། ནང་པ་གང་ཞིག་ཡིན་ཡང༌། ཆོས་ངོ་མ་དེ་བྱམས་སྙིང་རྗེ་སྒོམ་པ་དང༌། བཟོད་པ་སྒོམ་པ། དེ་བཞིན་ཆོག་ཤེས་བསྟེན་པ་དེ་དག་ཡིན་པ་ཤེས་པ་ཡིན་ན། ཐུན་འཛིན་པའི་སྐབས་དེར་དེ་དག་གི་རྒྱུ་མཚན་ལ་བསམ་བློ་བཏང་སྟེ། སེམས་ལ་ངེས་པ་བསྐྱེད་ཐབས་ཤིག་བྱེད་པ་དང༌། དེ་ནས་ངེས་པ་རྙེད་པའི་དོན་དེ་ཐུན་གྲོལ་ཟིན་ནས་ཉི་མ་གཅིག་གི་མི་ཚེ་བསྐྱེལ་བའི་སྐབས་སུ་འདོད་པ་སྐྱེས་སྐབས་ཆོག་ཤེས་བྱས་ན་མ་གཏོགས། དགོས་པ་གང་ཡང་མེད། སྡུག་བསྔལ་སྣོན་མ་སླེབས་ཀྱི་རེད་བསམ་པ་ལྟ་བུ་དང༌། ཁོང་ཁྲོ་ཟ་བའི་རྐྱེན་འཕྲད་ན་ཨ་ཙི་ང་ཆོས་པ་ཡིན། བཟོད་པ་བསྒོམ་ན་མ་གཏོགས་མི་འགྲིགས་བསམ་པ་ལྟ་བུ་དང༌། དེ་བཞིན་ཉམ་ཐག་པ་ཞིག་མཐོང་ན། དངོས་སུ་སྡུག་བསྔལ་ལས་སྐྱོབ་པ་དང༌། གང་ཐུབ་ཀྱིས་བདེ་བར་སྦྱོར་བ་དེ་དག་མ་བྱས་ན་མི་འགྲིགས་བསམ་པ་ལྟ་བུའི་ཉམས་ལེན་དང༌། ཆོས་ཞེས་པ་དེ་འདྲ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ། དེར་ཉམས་ལེན་བྱེད་པ་ཞིག་བྱུང་ན། དེ་ནི་ཐུན་མཚམས་ཀྱི་སྐབས་སུ་གཙོ་བོ་ཡོང་གི་ཡོད་ལ། ཉིན་ཞག་ཕྲུགས་གཅིག་གི་ནང་དུ་ཡོང་བ་མ་ཟད། རྨི་ལམ་ཚུན་ཆད་ལ་ཡོང་གི་རེད།

                མདོར་ན་ཆོས་ཞེས་བརྗོད་སྐབས། གདན་གྱི་སྟེང་དུ་ཙོག་བུར་བསྡད་ནས་འདོན་པ་ཞིག་བཏོན་པ་དེ་ཆོས་ལྟ་བུ་ཞིག་དང༌། དེ་མིན་གྱི་ཉིན་རེའི་མི་ཚེ་བསྐྱེལ་བའི་སྐབས་སུ། ཆགས་སྡང་སྐྱེ་སྐབས་གཉེན་པོ་བསྟེན་རྒྱུ་དང༌། དེ་བཞིན་དགེ་བའི་བློ་གོང་ནས་གོང་དུ་སྤེལ་བ་ལ་འགལ་རྐྱེན་འཕྲད་སྐབས། ཆེད་དུ་གཉེར་ནས་དགེ་བའི་བློ་གོང་ནས་གོང་དུ་སྤེལ་རྒྱུ་དེ་དག་སྣང་མེད་ཀྱིས་དོ་སྣང་གང་ཡང་མེད་པར་ལུས་སྐབས་ཧ་ཅང་གི་ཁྱད་མཚར་ཞིག་རེད། ཆུ་ཚོད་སྦྲེལ་ནས་ཁ་འདོན་བྱེད་མཁན་གྱི་མི་ཞིག་ཀྱང་ཐུན་མཚམས་སྐབས་སུ། ཆགས་སྡང་གཞན་ལས་ཚ་བ་ལྟ་བུ་བྱས་ཏེ་སྡོད་མཁན་དེ་འདྲ་ཡོང་གི་ཡོད། དེ་ནི་ཆོས་ངོ་མ་ཤེས་པའི་རྟགས་རེད། བོད་པའི་ནང་དུའང་དེ་འདྲ་ཡོང་གི་འདུག

                དཔེར་ན། ཉེ་ཆར་པི་ཏིར་དུས་འཁོར་དབང་ཆེན་གྱི་ཆོས་ཞུ་བའི་ནང་ནས་བསྙེན་པ་གཏང་གི་ཡིན་ཞེས་པ་ལྟ་བུ་དང༌། དེ་བཞིན་ཕྱག་འཚལ་གྱི་ཡིན་ཞེས་དང༌། སྲོག་བླུ་གཏོང་གི་ཡིན་ཞེས་བརྗོད་མཁན་མང་པོ་ཞིག་ཡོང་གི་འདུག དེ་བཞིན་ཐ་མ་བཅད་ཀྱི་ཡིན། ཤ་སྤང་གི་ཡིན་ཞེས་བརྗོད་མཁན་ཡང་མང་པོ་འདུག་པས་ཧ་ཅང་གི་ཡག་པོ་རེད། ངོ་མཚར་ཆེན་པོ་རེད།

                ཡང་སྔར་ལོ་ཞིག་ལ་རྡོ་རྗེ་གདན་གྱི་དུས་དབང་ངམ། ཝ་ར་ཎ་སིའི་དུས་འཁོར་དབང་ཆེན་སྐབས་དེ་འདྲ་ཞིག་ལ། བལ་ཡུལ་ནས་ཡོང་བའི་མི་ཞིག་གིས། ངས་མི་ཚེ་འདིར་ཁོང་ཁྲོ་སྤང་གི་ཡིན་ཞེས་ཁས་ལེན་བྱས་སོང་བས། དེ་ནི་ཧ་ལས་པ་ཞིག་རེད། ན་ནིང་ཡང་བསྐྱར་རྡོ་རྗེ་གདན་དུ་ཐུག་བྱུང་བས། ངས་ཀྱང་ཁོང་ཁྲོ་སྤང་ཐུབ་ཀྱི་མི་འདུག་སྟབས། མི་དེས་ཁོང་ཁྲོ་སྤང་གི་ཡིན་ཞེས་བརྗོད་པ་དེ་དངོས་གནས་ལག་ལེན་ལ་འཁྱོལ་ཐུབ་ཀྱི་ཡོད་དམ་མེད་བསམ་ནས་ངས་ད་ཆ་ཁྱེད་རང་ཁོང་ཁྲོ་རྩ་བ་ནས་ཟ་ཡི་མི་འདུག་གམ། ཁོང་ཁྲོ་མི་ཟ་བ་ཏན་ཏན་ཡོང་གི་འདུག་གམ་ཞེས་དྲིས་པར། ཚིག་ཐག་ཆོད་པོས་གང་ཡང་བཤད་མ་སོང་ཡང༌། ཕལ་ཆེར་ཁོང་ཁྲོ་ཡོང་གི་མི་འདུག་ཅེས་བརྗོད་ཀྱི་འདུག དེ་ནི་ངོ་མཚར་ཆེན་པོ་རེད། དེ་ནི་དངོས་གནས་ཆོས་རེད།

                དེས་ན། ང་རང་ཚོ་རང་ཉིད་ལ་ཆོས་ཀྱི་དད་པ་ཞིག་ཡོད་ན། དོ་གལ་ཆེན་པོ་ཞིག་དང༌། གལ་ཆེ་དོན་ཆེ་བྱས་ཏེ་བསམ་པ་རྣམ་དག་བྱ་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་རེད། རང་ཉིད་ཀྱིས་ཆོས་དད་ཡོད་ཅེས་ཆོས་བྱེད་སྟངས་དེ་ལམ་དང་ལུགས་སྲོལ་ལྟར་འདི་ལྟར་ཕྱིན་ཚེ། གསོབ་གསོབ་ཅིག་གི་སྟེང་དུ་འགྲོ་ཡི་འདུག དགག་ལ་ཐུག་སྐབས་ཆོས་བརྗེད་རྒྱུ་ཧ་ཅང་གི་ལས་སླ་པོ་རེད།

ལྟོ་བགྲང་ཉི་མ་དྲོས་ཚེ་ཆོས་པའི་གཟུགས། །

རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ། །

                ཞེས་གསུངས་པ་ལྟར་ཏག་ཏག་ཆགས་འགྲོ་ཡི་རེད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་རྟེན་འབྱུང་ཞེས། ནམ་རྒྱུན་ངས་རྟག་ཏུ་ཞུས་པའི་སངས་རྒྱས་ཀྱི་ཆོས་ལ་ལྟ་བ་དང་སྤྱོད་པ་གཉིས་ཀྱི་ཐོག་ནས་བཤད་པ་དང༌། ལྟ་བ་དེ་གང་ཞིག་རེད་དམ་ཞེ་ན། རྟེན་འབྱུང་གི་ལྟ་བ་དང༌། སྤྱོད་པ་དེ་གང་ཞིག་རེད་དམ་ཞེ་ན། འཚེ་བ་མི་བྱེད་པ་སྟེ། འཚེ་བ་མི་བྱེད་པ་ཞེས་པ་དེ་ནི་རབ་ལ་གཞན་ལ་ཕན་བཏགས་ཤིང༌། མ་མཐར་ཡང་གཞན་ལ་གནོད་པ་མི་བྱེད་པ་དེ་ཡིན།

                སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་ཡང༌། འཚེ་བ་མེད་ཙམ་ཞིག་ལ་ཕལ་ཆེར་བརྗོད་ཀྱི་མེད། དཔེར་ན། ང་ཚོའི་མདུན་དུ་ཡོད་པའི་ཀ་བ་འདིས་གནོད་པ་གང་ཡང་བྱེད་ཀྱི་མེད། དེས་ན་དེར་འཚེ་བ་མི་བྱེད་པ་རེད་ཅེས་བརྗོད་རྒྱུ་གང་ཡང་མེད་ཅིང༌། ཀ་བ་དེར་མགོ་རྡུང་ན་ཕལ་ཆེར་ཀ་བས་འཚེ་བ་བྱས་པ་ལྟ་བུ་ཞིག་མིན་ནམ། འཚེ་བ་ཕར་བྱས་པ་ཡིན་ནམ། འཚེ་བ་ཚུར་བྱས་པ་གང་ཡིན་མི་ཤེས་ཀྱང༌། གང་ལྟར་ན་ཚ་གཏོང་གི་ཡོད་པ་ལས། འདི་ལྟར་བཞག་ན་འཚེ་བ་མེད་པ་ལྟ་བུ་ཞིག་ཡོད་ཀྱང༌། དེར་དེ་ཙམ་གོ་རྒྱུ་གང་ཡང་མེད།

                དེས་ན། འཚེ་བ་མེད་པ་ཞེས་པ་ནི། འཚེ་བ་མེད་ཙམ་མིན་པར། འཚེ་བ་བྱེད་པའི་གོ་སྐབས་ཤིག་སླེབས་ཀྱང་འཚེ་བ་ལ་ཉེས་དམིགས་སུ་བལྟས་པའི་ཐོག་ནས་འཚེ་བ་བསྡོམས་པ་ཞིག་ལ་འཚེ་བ་མེད་པ་ཞེས་གོ་དགོས་པ་ཡིན།

                དཔེར་ན། ང་རང་ཚོས་དཀར་པོ་དགེ་བ་བཅུའམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཞེས་པ་ནི། སྲོག་གཅོད་ལྟ་བུ་ཡོང་བའི་རྐྱེན་དང་འཕྲད་སྐབས། སྲོག་གཅོད་ལ་ཉེས་དམིགས་བལྟས་ནས་བསྡོམས་པའི་འདུ་ཤེས་དེར་སྲོག་གཅོད་སྤངས་པའི་དགེ་བ་ཞེས་བརྗོད་ཀྱི་ཡོད་པ་ལས། སྲོག་གཅོད་མེད་ཙམ་ཞིག་ལ་བྱ་བ་མིན།

                དེ་བཞིན་ད་ལྟ་འཚེ་བ་མེད་པ་ཞེས་པ་ནི། རྩ་བ་འཚེ་བ་ལ་ཉེས་དམིགས་སུ་བལྟས་ཏེ་འཚེ་བ་བསྡོམས་པའི་སྟེང་ནས་བསམ་བློ་གཏོང་དགོས་པ་ཡིན། དེས་ན། འཚེ་བ་མེད་པ་ཞེས་གཙོ་བོའི་གོ་ས་དེ་སྙིང་རྗེར་ཐུག་ཡོད་ཅིང༌། ཇི་ཙམ་གྱིས་གཞན་ཕན་གྱི་བརྩེ་བའི་བློ་ཞིག་ཡོད་པ་དེའི་ཚོད་ཀྱིས་འཚེ་བ་མེད་པ་ཞེས་པ་དེ་ཡོང་གི་ཡོད།

                དེས་ན་འཚེ་བ་མེད་པ་ཞེས་པ་དེ་སྙིང་རྗེའི་སྤྱོད་པ་དང༌། འཚེ་བ་མེད་པ་ཡོང་བའི་བསམ་པ་དེ་སྙིང་རྗེ་དང༌། དེ་ལ་བརྟེན་ནས་སྤྱོད་པ་དེ་འཚེ་བ་མེད་པ། སྤྱོད་པ་འཚེ་བ་མེད་པ་ཞེས་དེ་ཡོང་བ་ལ། བྱམས་བརྩེའི་བློ་ལ་ལྟོས་ཤིང་བྱམས་བརྩེའི་བློ་དང་འབྲེལ་བ་ཞིག་ཡིན། བྱམས་བརྩེའི་བློ་ཞེས་པ་དེ་རྩ་ཆེན་ཡིན་པ་དང༌། ཕན་ཐོགས་ཡོད་པ། དགོས་མཁོ་ཡོད་པ། ཕན་པའི་རང་བཞིན་ཡིན་པ་དེ་དག་མཐོང་བའི་ཐོག་ནས་བྱམས་བརྩེ་དང་དུ་ལེན་པ་ཞིག་དགོས་པ་ལས། བྱམས་བརྩེའི་ཉམས་ལེན་བྱེད་དགོས་པ་དེ་སངས་རྒྱས་ཀྱི་བཀའ་རེད་ཅེས། རྒྱུ་མཚན་མཐོང་མིན་དང༌། རྒྱུ་མཚན་ཡོད་མིན་ལ་མ་བལྟས་པར་བཀའ་རེད་ཅེས་བརྩི་བ་ལྟ་བུའི་སྐད་ཆ་ཞིག་མིན།

                ལར་ནས་བློ་ལ་འགྱུར་བ་འགྲོ་བ་དེ་དང་དུ་ལེན་པའི་ཐོག་ནས་འགྱུར་བ་འགྲོ་དགོས་པ་ལས། བཙན་པོ་དབང་ཡོད་བཤད་ནས་བློ་ལ་འགྱུར་བ་འགྲོ་རྒྱུ་མེད། དང་དུ་ལེན་པ་ཞིག་ཡོང་བ་ལ། གང་དོན་དུ་གཉེར་བའི་དོན་དེར་དགེ་མཚན་གང་ཞིག་ཡོད་པ་དང༌། དེ་བྱུང་ན་ཕན་ཐོགས་གང་ཞིག་ཡོད་པ་དེ་དག་མཐོང་ཞིང༌། དེའི་ལྡོག་ཕྱོགས་དེ་གནོད་པའི་རང་བཞིན་ཡིན་པ་དང༌། སྐྱོན་གང་དང་གང་ཞིག་ཡོད་པ་དེ་དག་ཤེས་ཤིང༌། རྒྱུ་མཚན་མཐོང་བའི་ཐོག་ནས་དོན་འདི་དང་འདི་ལྟ་བུ་སྐྱོན་རེད། དོན་འདི་དང་འདི་ལྟ་བུ་ཡག་པོ་རེད་བསམ་པའི་སེམས་ལ་རྒྱུ་མཚན་མཐོང་བའི་ཐོག་ནས་ངེས་ཤེས་སྐྱེས་པའི་ཐོག་ནས་དང་དུ་བླང་སྐབས། སེམས་ལ་འགྱུར་བ་ཐེབས་ཀྱི་ཡོད། བྱམས་རྩེ་དང་སྙིང་རྗེའི་བློ་དེ་དག་དགོས་པ་དེ། རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་དགོས།

                དེས་ན། རྟེན་འབྱུང་ཞེས་པ་དེ་ང་རང་ཚོ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གོང་ཞུས་ལྟར་རྒྱུ་མཚན་བཀོད་དགོས་པ་མི་འདུག་ཅིང༌། སྡུག་བསྔལ་མི་ཡོང་བ་དང༌། བདེ་བ་ཡོང་བ་དེ་དག་ཇི་ལྟར་བྱེད་དགོས་སམ། བདེ་བ་དང་སྡུག་བསྔལ་གཉིས་ཀ་འགྱུར་བ་འགྲོ་བའི་འགྱུར་བའི་རང་བཞིན་གྱི་ཆོས་ཤིག་ཡིན། དེས་ན། དེ་ནི་མི་རྟག་པའི་རང་བཞིན་ཅན་འགྱུར་བ་འགྲོ་བ་ཞིག་རེད། མི་རྟག་པ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། བདེ་སྡུག་གི་ཚོར་བ་རེ་སྐྱེས་པའི་སྐབས་སུ་དེ་སྐྱེས་དགག་བྱེད་ཀྱི་ཡོད། སྐྱེ་འགག་བྱེད་པ་ནི་རྒྱུ་ལ་བརྟེན་པ་དང༌། མི་རྟག་པའི་ཡིན་པས་ན་རྒྱུ་དང་རྐྱེན་ལ་ལྟོས་ནས་ཡོང་གི་ཡོད་པ་དེ་དག་ཤེས་ཀྱི་ཡོད། རྒྱུ་དང་རྐྱེན་གྱིས་དབང་གིས་འགྱུར་འགྲོ་བ་དེ་དག་ཀྱང་མཐོང་དགོས་པ་ཡིན། རྒྱུ་དང་རྐྱེན་གྱི་དབང་གིས་འགྱུར་བ་འགྲོ་བའི་རྒྱུ་རྐྱེན་ཞེས་པ་དེ་རྒྱུ་གཅིག་དང༌། རྐྱེན་གཅིག་ཁོ་ནས་འབྲས་བུ་བདེ་སྡུག་ཡོང་བ་དེ་ཕལ་ཆེར་ཁག་པོ་རེད། རྒྱུ་མང་པོ་ཞིག་ལས་ཡོང་བ་ཞིག་ཡིན།

                རྒྱུ་རྐྱེན་བཤད་སྐབས། དངོས་རྒྱུ་དང་བརྒྱུད་རྒྱུ་ཞེས་བཤད་ཀྱི་ཡོད། དེ་ལྟ་བུའི་རྒྱུ་དང་རྐྱེན་དང༌། དེའི་ཡང་རྒྱུ་དང་རྐྱེན་བྱས་ཏེ་ཧ་ཅང་གི་རྒྱ་ཆེན་པོའི་འབྲེལ་བ་ཞིག་སླེབས་ཀྱི་ཡོད། དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཡིན་པ་དང༌། རྒྱུ་མེད་པ་ལས་བྱུང་བ་མིན་ལ། རྟག་པའི་རྒྱུ་ལས་བྱུང་བ་མ་རེད། བྱེད་པ་པོའི་རྒྱུ་ལས་ཀྱང་བྱུང་བ་མིན། རང་རང་གི་མཐུན་པའི་རྒྱུ་དང་རྐྱེན་ཙམ་གྱིས་འགྱུར་བའི་དབང་གིས་བདེ་སྡུག་གི་འགྱུར་བ་སྣ་ཚོགས་ཡོང་གི་ཡོད་པའི་ལྟ་བ་དེ་སླེབས་དགོས་པ་ཡིན། རྒྱུ་མཚན་འདིའི་ཐོག་ནས་བྱམས་པ་དང་སྙིང་རྗེ་ཞེས་པ་དེ་དག་གལ་ཆེན་པོ་འདུག་ཅེས་སླེབས་སྐབས། རྟེན་འབྱུང་གི་ལྟ་བས་རྒྱབ་སྐྱོར་དང༌། རྟེན་འབྱུང་གི་ལྟ་བའི་འགྲེལ་བཤད་ཀྱི་ཐོག་ནས་གཞི་ནས་བྱམས་སྙིང་རྗེ་ཞེས་པ་དེ་རྩ་ཆེན་པོ་ཡིན་པ་དེ་མཐོང་བ་ཞིག་དགོས།

                དེས་ན། སངས་རྒྱས་པའི་ཆོས་ཉམས་སུ་ལེན་པ་ལ། རྒྱུ་མཚན་གྱི་ཐོག་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། རྒྱུ་མཚན་བསམ་བློ་གཏོང་བ་ལ་དཔྱད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཞིག་དང༌། དཔྱད་པ་བྱེད་སའི་ཡུལ་དེ་དག་གི་གནས་ཚུལ་མང་པོ་ཞིག་དང་འབྲེལ་བ་སླེབས་ཀྱི་ཡོད། དེས་ན་སངས་རྒྱས་པའི་གཞུང་དུ་སྤྱིར་འཇིག་རྟེན་ཆགས་འཇིག་ལ་སོགས་པ་དེ་དག་སླེབས་ཀྱི་ཡོད་ལ། ཕྱི་སྣོད་ཀྱི་བཀོད་པ་དང༌། ནང་བཅུད་ཀྱི་སེམས་ཅན། བཅུད་ཀྱི་སེམས་ཅན་དེ་དག་ཀྱང་ཕུང་ཁམས་བསྐྱེད་མཆེད་ཀྱི་ཆོས་དེ་དག་གསུངས་སྐབས། ཁམས་བཅོ་བརྒྱད་དང༌། སྐྱེད་མཆེད་བཅུ་གཉིས། འདུས་བྱས་ཀྱི་ཆོས་དེ་དག་བསྡུས་སྐབས། ཕུང་པོ་ལྔ་སོགས་རྣམ་གྲངས་མང་པོ་ཞིག་བཤད་པ་དེ་དག་དཔྱད་པ་བྱས་ཏེ་གཏན་ལ་ཕབ་རྒྱུའི་དོན་དུ་འབྲེལ་ཡོང་བས་ན། དེ་དག་གི་རྣམ་གཞག་མང་པོ་ཞིག་ཐོན་ཡོང་གི་ཡོད། ལྷག་པར་གོང་ཞུས་ལྟར་བདེ་སྐྱིད་ཀྱི་རྩ་བ་སེམས་དུལ་མ་དུལ་གྱི་སྟེང་ནས་འབྲེལ་བ་ཡོང་གི་ཡོད་པས་ན། སྡུག་བསྔལ་ཡོང་བ་དེ་མ་དུལ་བའི་སེམས་ཀྱི་ཡོང་གི་ཡོད་པ་དང༌། བདེ་སྐྱིད་དེ་དུལ་བའི་སེམས་ཀྱི་ཡོང་གི་ཡོད་པ་རེད། མ་དུལ་བའི་སེམས་དེ་འདུལ་ཐབས་བྱེད་པ་དེ་ཡང་སེམས་དེ་ཉིད་ཀྱི་སྟེང་ནས་འགྲོ་དགོས་པ་ལས་ཐབས་གཞན་མེད་ཅིང༌། དེས་ན་དུལ་བའི་སེམས་དེ་གོང་ནས་གོང་དུ་སྤེལ་ཞེས་པ་དེ་ཡང༌། དེའི་ལྡོག་ཕྱོགས་ལ་གཉེན་པོ་བསྟེན་པའམ་ལྡོག་ཕྱོགས་ཀྱི་ནུས་པ་ཆུང་དུ་གཏོང་བའི་སྒོ་ནས་མཐུན་པའི་རྐྱེན་དེ་དག་ལ་གོམས་འདྲིས་བསྟེན་ནས་འགྲོ་དགོས་པ་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་ནང་དུ་སེམས་ཀྱི་རྣམ་གཞག་དེ་དག་ཧ་ལས་པའི་ཞིབ་ཚགས་པོ་དང༌། རྒྱ་ཆེན་པོ་ཞིག་ཡོང་གི་ཡོད།

                དེས་ན། དེང་སྐབས་ནང་ཆོས་ལ་དོ་སྣང་ཡོད་པའི་མཁས་པ་འགའ་ཞིག་གིས་འདི་ལྟར་བརྗོད་ཀྱི་འདུག ནང་པའི་ཆོས་འདི་དབྱིན་སྐད་དུ་ཆོས་ཞེས་པ་དེ་མ་རེད། ནང་པའི་ཆོས་འདི་སེམས་ཀྱི་ཚན་རིག་ཅེས་བརྗོད་ཀྱི་འདུག དེར་རྒྱུ་མཚན་ཡོད་པ་ལྟ་བུ་ཞིག་རེད། ང་རང་ཆུང་ཆུང་གི་སྐབས་ནས་ཚན་རིག་ལ་དོ་སྣང་ཡོད། ཚན་རིག་པས་དོ་སྣང་དང་ཞིབ་འཇུག་བྱས་ཏེ། ཚན་རིག་གི་སྡེ་ཚན་གང་ཞིག་ཡིན་ཡང༌། སྡེ་ཚན་དེ་དག་གི་ནང་དུ་ཞིབ་འཇུག་གིས་ཕྱོགས་བསྡོམས་བྱས་པ་དེ་དག་དངོས་གནས་ཧ་ལས་ཤིང་ངོ་མཚར་སྐྱེ་བ་ཞིག་རེད། དེར་བརྟེན་ཚན་རིག་པ་དང་ཐུག་ནས་སྐད་ཆ་བཤད་པ་སོགས་འབྲེལ་བ་བྱེད་པ་འདི་ངས་སྔར་ནས་དོ་སྣང་བྱེད་ཀྱི་ཡོད། དེ་འདྲའི་དོ་སྣང་ཡོད་པའི་སྐབས་དེར། ཡང་ངའི་ངོ་ཤེས་པའི་སངས་རྒྱས་པའི་ཆོས་པ་ཁ་ཤས་ཀྱིས། ང་ལ་ཞེད་སྣང་བསྐུལ་བ་དང་ཉེན་བརྡ་བཏང་སྟེ། ཚན་རིག་ཅེས་པ་ནི་ཆོས་རྩ་མེད་གཏོང་མཁན་དེ་རེད། དེས་ན་ཚན་རིག་པ་དང་འབྲེལ་བ་བྱེད་པ་འདི་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད་ཅེས་བརྗོད་བྱུང༌། ངས་དེར་བསམ་བློ་ཞིག་བཏང་བ་ཡིན། དངོས་གནས་ཚན་རིག་པའི་འགྲོ་སྟངས་ནི། ཐོག་མར་བརྟག་དཔྱད་ཞིབ་འཇུག་ལེགས་པར་བྱས་ཏེ་འགྲོ་བ་ཞིག་དང༌། དེ་ཡང་ལམ་སེང་ཡིད་ཆེས་མ་བྱས་པར་ཐེ་ཚོམ་དང༌། དོགས་པའི་ངང་དུ་བསྡད་ཅིང༌། ཐེ་ཚོམ་དང་དོགས་པ་ཡོད་ན། དྲི་བ་སླེབས་པ་དང༌། དྲི་བ་སླེབས་ན་བརྟག་དཔྱད་བྱེད་ཀྱི་རེད། བརྟག་དཔྱད་བྱས་ན་ལན་དེ་རྙེད་ཀྱི་རེད། དེར་བརྟེན་ཚན་རིག་པའི་འགྲོ་སྟངས་ནི། བློ་གཟུ་བོར་གནས་པའི་ཐོག་ནས་རང་གི་རྣམ་རྟོག་གིས་འདི་རེད་འདི་མ་རེད་ཅེས་ཐག་གཅོད་མི་བྱེད་པར། རང་ཉིད་བློ་གཟུ་བོར་གནས་པའི་ཐོག་ནས་ཡུལ་དེར་བརྟག་ཅིང་དཔྱད་པ་དང༌། བརྟག་དཔྱད་བྱས་རྗེས་ངེས་པ་རྙེད་པ་ཞིག་བྱུང་ན་དེ་ཉིད་ཁས་བླངས་ཤིང༌། བརྟག་དཔྱད་བྱས་ཏེ་ངེས་པ་རྙེད་པ་ཞིག་མ་བྱུང་ན། ཁས་མི་ལེན་པ་ནི་ཚན་རིག་པའི་འགྲོ་སྟངས་རེད།

                འདི་ནི་ནང་པ་སངས་རྒྱས་པའི་ཆོས་ཚུལ་སྤྱི་དང༌། ལྷག་པར་ཐེག་པ་ཆེན་པོའི་ཆོས་ཚུལ་གྱི་འགྲོ་སྟངས་དང་ཏག་ཏག་ཆགས་ཡོད། དེས་ན་བློ་གཟུ་བོར་གནས་པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་རེད། བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་གཏོང་བ་དང༌། ལུང་ཙམ་ལ་སྐྱབས་སུ་འཛིན་པ་མ་ཡིན་པར། རིགས་པས་དཔྱད་པ་བྱས་ཏེ། ཁས་ལེན་ནམ་དམ་བཅར་རིགས་པས་གནོད་ཀྱི་འདུག་ན། དེར་ལུང་གི་ཁུངས་ཡོད་ཀྱང༌། དེ་ནི་སྒྲ་ཇི་བཞིན་པ་མ་ཡིན་པར་དགོངས་པ་གཞན་དུ་བཀྲལ་དགོས་པ་ཞིག་རེད། གལ་ཏེ་ཁས་ལེན་ནམ་དམ་བཅའ་དེ་རིགས་པས་དཔྱད་ནས་གནོད་པ་མེད་པ་ཞིག་ཡིན་ན། གལ་སྲིད་ལུང་ཞིག་དང་འགལ་གྱི་ཡོད་ཀྱང༌། ལུང་དེ་དགོངས་པ་གཞན་དུ་དྲང་རྒྱུ་ལས། ང་རང་ཚོས་དངོས་སུ་བརྟག་དཔྱད་བྱས་ཤིང༌། ཉམས་མྱོང་བསགས། ཞིབ་དཔྱད་བྱས་ཏེ་མིག་མཐོང་ལག་ཟིན་གྱི་ངེས་པ་རྙེད་པ་ཞིག་བྱུང་ན། ཁས་ལེན་ཞིང་དམ་བཅས་པའི་དོན་དེ་ལུང་དང་འགལ་གྱི་འདུག་ཅེས་འཇོག་ཐབས་མེད། དེར་བརྟེན་རིགས་པས་དཔྱད་པ་དེ་གཙོ་བོར་མཛད་པ་ལས། ལུང་གི་རྒྱབ་རྟེན་དེ་དག་གཙོ་བོར་རྩིས་ཀྱི་མེད། དེས་ན། ནང་པ་སྤྱི་དང་ལྷག་པར་ཐེག་ཆེན་གྱི་དཔྱད་པ་བྱེད་སྟངས་དང༌། ཚན་རིག་པའི་འགྲོ་ལུགས་གཉིས་ཧ་ཅང་འདྲ་པོ་རེད།

                གཉིས་ནས་བརྟག་དཔྱད་བྱེད་སའི་ཡུལ་དེ་བདེན་དོན་གཅིག་ཆགས་ཀྱི་ཡོད། ང་རང་ཚོའི་སངས་རྒྱས་པའི་གཞུང་ནས་ནང་གི་སེམས་ཀྱི་རྣམ་གཞག་གཙོ་བོར་དཔྱད་ཀྱི་ཡོད་པ་ལས། ཕྱི་དངོས་པོའི་རྣམ་གཞག་གཙོ་བོར་དཔྱད་ཀྱི་མེད། ཚན་རིག་པས་ཕྱི་དངོས་པོའི་གནས་ཚུལ་གཙོ་བོར་གཏན་ལ་ཕབ་པ་ཞིག་ལས། ནང་སེམས་ཀྱི་རྣམ་གཞག་གཏན་ལ་འབེབས་རྒྱུར་ད་ལྟ་བར་དུ་ཕྱིན་མེད། མ་འོངས་པར་ཡར་རྒྱས་འགྲོ་བ་ཡོང་གི་རེད། དེར་བརྟེན་སེམས་ཀྱི་རྣམ་གཞག་ཅེས་བརྗོད་སྐབས་སོ་སོའི་ལས་ཚུལ་བསམ་གྱིས་མི་ཁྱབ་པའི་སྟེང་ནས་རྣམ་རྟོག་འདྲ་མིན་མང་དུ་ཡོད་པས་ན། དཔྱད་རྒྱུ་ཁག་པོ་ཡིན་ས་རེད། ཕྱི་དངོས་པོའི་གནས་ཚུལ་ནི་ཐུན་མོང་གི་ལས་ཀྱིས་གྲུབ་པ་ཞིག་ཡིན་སྟབས། དེ་ནི་མཐུན་སྣང་དུ་གྲུབ་པས་ན་ལས་སླ་བ་རེད། དེ་ལྟའི་ཐོག་ནས་དཔྱོད་སླ་བ་ཡོད། དེ་དག་ཐོག་ནས་མིན་ནམ། ད་ལྟ་བར་གྱི་ཚན་རིག་གི་འགྲོ་སྟངས་ནི་ཕྱི་དངོས་པོར་གཙོ་བོར་དཔྱད་ཀྱི་ཡོད། གང་ལྟར་ཡང་དཔྱོད་པའི་ཡུལ་གཅིག་ནི་སངས་རྒྱས་པའི་ཆོས་ཀྱི་ནང་དུ་ཡིན་ཡང་དངོས་པའི་གནས་ཚུལ་གཏན་ལ་ཕབ་ནས་རྣམ་གཞག་བཤད་ཀྱི་ཡོད།

                དེས་ན། གཏན་ལ་འབེབས་རྒྱུའི་གཞི་གཅིག་ཡིན་པས་ན། དཔྱད་དོན་གཅིག་དང༌། བདེན་དོན་འཚོལ་གྱི་ཡོད་པ་གཅིག་མཚུངས་ཡིན། འཚོལ་སྟངས་དེ་ཡང་རྣམ་རྟོག་གི་བཅོས་སླད་མེད་པར་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱས་ཏེ་འགྲོ་ལུགས་གཅིག་པ་ཡིན་སྟབས། དེར་འགལ་བ་མི་འདུག་བསམ་པ་དྲན་པ་ལྟར་ཚན་རིག་པ་དང་འབྲེལ་བ་བྱས་ཤིང༌། ཚན་རིག་པ་དང་མཉམ་དུ་འབྲེལ་བ་མང་པོ་ཞིག་ཡོང་གི་ཡོད། དེས་ན་ཇི་ཙམ་གྱིས་འབྲེལ་བ་མང་བ་བྱུང་བ་དེའི་ཚོད་ཀྱིས་ཚན་རིག་པ་ཚོས་ཀྱང་སངས་རྒྱས་པའི་འགྲེལ་བཤད་བརྒྱབ་སྟངས་དེས་བློ་བསྐྱེད་སླེབས་པ་ཞིག་དང༌། ང་རང་ཚོ་སངས་རྒྱས་པའི་ཆོས་དེར་ཚན་རིག་གི་ཐོག་ནས་ད་ལྟ་འགྲེལ་བཤད་རྒྱབ་ཐུབ་རྒྱུ་ཡོད་པ་དེ་དག་གིས་དངོས་གནས་ཕན་ཐོགས་ཡོད་པ་ཞིག་ཡོང་གི་འདུག དེར་བརྟེན་སངས་རྒྱས་ཀྱི་ཆོས་ལ་དཔྱད་པ་བྱས་ཏེ་འགྲོ་རྒྱུ་དེ་ཧ་ཅང་གི་གནད་ཆེན་པོ་ཆགས་ཀྱི་ཡོད། དཔྱད་པ་བྱེད་ཅེས་པ་དེ་ཡང་ཇི་ཙམ་གྱིས་དཔྱད་པ་བྱེད་རྒྱུའི་སྒོའི་རྣམ་གྲངས་ཇི་ཙམ་མང་བ་དེའི་ཚོད་ཀྱིས་དཔྱད་པ་ཟབ་པ་ཡོང་གི་རེད། དཔྱད་པ་ཟབ་པ་བྱུང་བ་དེའི་ཚོད་ཀྱིས་གྲུབ་དོན་སེམས་ལ་ངེས་ཤེས་ཤུགས་ཆེ་བ་ཡོང་གི་རེད། དེས་ན་དཔྱད་པ་བྱེད་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན།།    །། 

ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།