༄༅། །བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་ནོར། །

 དང་པོ། ནང་པའི་ཆོས་ཀྱིས་ཕན་ཐོགས་ཡོད་པའི་སྐོར།

              ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༢༣ཉིན་སྤེལ།  དེ་རིང་འདིར་འཛོམས་པའི་སློབ་ཕྲུག་རྣམས་ཀྱི་ནང་དུ་སྔ་ལོ་མེད་པ་གསར་པ་ཡོད་དམ་མེད། ལག་པ་ཞིག་བརྐྱོངས་དང༌། སྔ་ལོ་མེད་པ་གང་འཚམས་མང་པོ་འདུག མཐོ་རིམ་སློབ་གྲྭ་ཁག་ཇི་ཙམ་ནས་ཡོད་དམ། ཨ་རི་ནས་ཡོང་བ་ཇི་ཙམ་ཡོད་དམ། གཅིག་མཐོང་བྱུང་གཞན་མི་འདུག་ཅིང༌། ཁེ་ཎ་ཌ་ནས་ཇི་ཙམ་ཡོད་དམ། ཨོ་སི་ཀྲོ་ལི་ཡ་ནས་ཡོང་བ་ཇི་ཙམ་ཡོད་དམ། བལ་ཡུལ་ཡོང་བ་ཇི་ཙམ་ཡོད་དམ། ལག་པ་བརྐྱོངས་དང༌། རྒྱ་གར་དང་ཕྱི་རྒྱལ་དུ་སྐྱེས་པ་མིན་པར། སྐྱེས་ས་བོད་དུ་སྐྱེས་ནས་བར་ལམ་རྒྱ་གར་དུ་ཡོང་བ་ཇི་ཙམ་ཡོད་དམ། འབོར་ཆེན་པོ་ཞིག་འདུགསྔ་ལོ་ནས་བཟུང་སློབ་ཕྲུག་རྣམས་ཐུག་རྒྱུའི་རེ་འདུན་དང་གྲ་སྒྲིག་བྱས་ཏེ། སྔ་ལོ་ཚར་གཅིག་ཐུག་པ་རེད། རྗེས་སུ་སྐབས་དེའི་གཏམ་བཤད་བྱས་པ་དེ་དག་ཡིག་ཐོག་ཏུ་བཀོད་ནས་དཔར་ཐོན་འདུག་པས། ཁྱེད་རང་རྣམས་དོན་གཉེར་ཡོད་ན། སྔར་བཤད་པ་དེ་དག་ཡིག་ཐོག་ཏུ་ཡོད་པས་ན། ཁྱེད་རང་ཚོས་ལྟ་ཐུབ་ཀྱི་རེད། དེ་རིང་ང་རང་ཚོ་ཡང་བསྐྱར་ཐེངས་གཅིག་ཐུག་གི་ཡོད་ཅིང༌། ཁྱེད་རང་ཚོ་ཚང་མས་འཚམས་འདྲི་བྱེད་རྒྱུ་དང༌། འདིའི་གྲ་སྒྲིག་བྱེད་མཁན་གྱི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ང་རང་ཚོ་བོད་པ་ཆགས་ཡོད་ཅིང༌། ང་རང་ཚོའི་བོད་ལུང་པ་དེ་ས་ཆའི་བབ་དང༌། སྣོད་བཅུད་ཀྱི་བཀོད་པ་དེ་འཛམ་གླིང་གི་ཡང་ཐོག་ཅེས་བརྗོད་སྲོལ་ཡོད་ལ། བཤད་སྲོལ་ཡོད་པ་ལྟར་འཛམ་གླིང་གི་ས་ཁྲར་ལྟོས་དང༌། བོད་ཀྱི་ས་ཁྲ་དེ་ཉིད་ཡར་འབུར་དུ་ཐོན་པ་ཞིག་ཆགས་ཡོད། སྤྱིར་ས་ཆ་གང་དུ་ཡིན་ན་ཡང༌། ས་གནས་གང་དུ་ཡོད་པའི་མི་རིགས་དེ་གོམས་གཤིས་དང༌། མི་ཚེའི་འགྲོ་སྟངས་མང་པོ་ཞིག་ཁོར་ཡུག་གི་གནས་སྟངས་ལ་གཞིགས་པའི་འགྲོ་སྟངས་ཤིག་ཆགས་ཡོད། དེས་ན་ང་རང་ཚོའི་མི་རིགས་འདིའི་ཐོག་མའི་འཚོ་བའི་གནས་སྟངས་ཀྱི་འགྲོ་སྟངས་རྣམས་སོག་པོ་དང་འདྲ་པོ་ཡིན་ས་རེད། ཕྱུགས་རིགས་དང༌། རྟ་མང་པོ་བཅས་འབྲོག་པ་ལྟར་འཚོ་བ་སྐྱེལ་མཁན་ཞིག་ཡིན།

                བོད་ཀྱི་རིག་གཞུང་དང་བཅས་པ་འཕེལ་རྒྱས་འགྲོ་ཚུལ་བལྟས་ན། ཕྱོགས་གཅིག་ནས་བསམ་བློ་བཏང་ན། ས་ཞིང་འབྲེལ་བའི་འཕེལ་རྒྱས་འགྲོ་བ་དེ་དག་སྔར་སྟོད་ཁུལ་དུ་ཡོད་ས་རེད། ང་ངོ་ཤེས་པའི་ཨ་མི་རི་ཀའི་མི་ཞིག་ཡོད་ཅིང༌། ཁོ་ལོ་བོད་མང་པོ་བོད་དུ་ཕྱིན་པ་རེད། སྟོད་ཁུལ་དུ་ཞིབ་འཇུག་བྱས་ཤིང་དཔར་ཧ་ཅང་གི་མང་པོ་ཞིག་བརྒྱབ་འདུག དེབ་གཅིག་ཀྱང་ཐོན་ཡོད། སྔར་ཞིང་ཁ་བཏབ་པའི་ཤུལ་དེང་མི་བྱེད་ལུང་སྟོང་བྱང་ཐང་དུ་གྱུར་པ་མང་པོ་འདུག་ཅིང༌། འདི་ལྟར་དཔྱད་དེ་རིམ་བཞིན་སྟོད་ཀྱི་ཁུལ་དང༌། དབུས་གཙང་གི་ཁུལ། དེ་བཞིན་མདོ་སྟོད་སྨད་བཅས་ལ་རིམ་བཞིན་ཆགས་པ་ཡིན་ནམ།

                ཡང་ངའི་ངོ་ཤེས་པ་ཞིག་གིས་བརྗོད་པ་ལ། ཨ་མདོ་ཁུལ་གྱི་ས་འོག་ནས་གནའ་རྫས་རྙེད་པ། རྡོའི་དུས་རབས་སྐབས་ཀྱི་རྡོ་ཆས་བོད་ཀྱི་ས་ཁུལ་གྱི་ས་འོག་ནས་ཐོན་པ་དེ། ལོ་སྟོང་ཕྲག་སུམ་ཅུ་ཙམ་ཕྱིན་འདུག་ཅེས་བརྗོད་ཀྱི་འདུག དེ་ལྟར་བཤད་ན་རིམ་བཞིན་མདོ་སྨད་ནས་རིག་གཞུང་དར་འཕེལ་བྱུང་བ་ཡིན་ནམ། གང་འདྲ་ཞིག་ཡིན་ནམ། མདོར་ན་བོད་མི་རིགས་འདི་ལོ་རྒྱུས་ཡུན་རིང་ཡོད་པ་ཞིག་དང༌། ས་ཆའི་བབ་དང་མཐུན་པའི་མིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་ཆགས་པ་ཞིག་ཡིན།

                ང་རང་ཚོའི་མེས་པོའི་ཆོས་ནི་བོན་ཆགས་ཡོད་ལ། སྐབས་དེར་བོད་དང༌། ཞང་ཞུང་ཞེས་ཁག་གཉིས་ཡོད་ཅིང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཞང་བོད་ཟླ་སྒྲིལ་བ་ཞེས་པའི་སྐད་ཆ་ཞིག་བཤད་ཀྱི་ཡོད། བོན་པོའི་དཔེ་ཆ་ལོ་རྒྱུས་བཤད་མཁན་ཁ་ཤས་ཀྱི་ནང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཞང་ཞུང་མེད་པར་བཟོས་པ་རེད་ཅེས་དང༌། བོན་པོར་ཧ་ཅང་གི་སྡང་པོ་བྱས་པ་རེད་ཅེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཧ་ཅང་གི་སྡུག་ཅག་རེད་ཅེས་བཤད་ཀྱི་འདུག དེར་ཁག་མེད།

                བོན་པོའི་རང་གཞུང་ཆོས་བརྒྱུད་ཅིག་ཡོད་བཞིན་དུ་དེ་ཉིད་ཕར་བཞག་སྟེ། རྒྱ་གར་ནས་ནང་ཆོས་གསར་པ་ཞིག་ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་དང༌། མཐོ་རི་གཉན་བཙན་གྱི་སྐབས་ནས་ཀྱང་བཤད་ཀྱི་ཡོད། གཙོ་བོ་སྲོང་བཙན་གྱི་སྐབས་དང༌། ལྷག་པར་ཁྲི་སྲོང་གི་སྐབས་སུ་རྒྱ་གར་ནས་ཆེད་མངགས་མཁན་ཆེན་ཞི་བ་འཚོ། སྐད་གྲགས་ཡོད་པའི་དབུ་ཚད་སེང་གེ་འཇིགས་སྣོན་ཞེས་པའི་ལྟ་གྲུབ་གཟི་བརྗིད་ལྡན་པ་ཞིག་ཡིན། དབུ་མའི་ལྟ་བའི་རིགས་པའི་ཟུར་བརྒྱན་དུ་ཚད་མའི་གཞུང་བཅས་དབུ་མཛད་སེང་གེ་འཇིགས་སྣོན་ཞེས་པ་དེ་ཆགས་པ་རེད། ཁོང་རང་འདུལ་བ་འཛིན་པ་རེད། དེ་ལྟ་བུ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཚུགས་པ་དེ་ལྟར་ཡིན། དེས་ན་བོན་པོར་ཁག་དེ་ཙམ་མེད། རང་ཉིད་ཀྱི་ས་ཁུལ་དེར་ཡོད་བཞིན་པའི་ཆོས་བརྒྱུད་དེས་མ་འགྲིགས་པར་རྒྱ་གར་ནས་ཆོས་གསར་པ་ཞིག་སླེབས་སྐབས་དེར་འགལ་ཟླ་ཡོང་གི་རེད། དེས་ན། ང་རང་ཚོའི་ཕ་མེས་ཀྱི་ཆོས་བརྒྱུད་ནི་བོན་པོ་ཆགས་ཡོད།

                ཞང་ཞུང་གི་སྐད་དེ་དག་ནི་རྒྱལ་རབས་སྨྲ་བའམ་ལོ་རྒྱུས་མཁན་རྣམས་ཀྱིས་ཞིབ་འཇུག་བྱེད་དགོས་པ་ཡིན། བོན་གྱི་ལོ་རྒྱུས་མང་པོ་ཞིག་ཡོད་ཅིང༌། ནང་ཆོས་དང་འབྲེལ་བའི་ལོ་རྒྱུས་མང་པོ་ཞིག་གསུངས་ཀྱི་ཡོད་ཅིང༌། ཡང་ཞང་ཞུན་བོན་གྱི་ཡིག་རིགས་ཀྱི་ཐོག་ནས་ཤོད་ཚུལ་དང་འདོད་པ་གང་དང་གང་ཞིག་ཡོད་པ་དེ་དག་ང་ཚོས་ཉམས་ཞིབ་བྱེད་དགོས་པ་ཞིག་རེད། གཙོ་བོ་ལོ་རྒྱུས་བཤད་རྒྱུའི་གཞི་མ་ནི། ས་འོག་ནས་ཐོན་པའི་དངོས་རྫས་དག་ལ་གཞི་བཞག་དགོས་པ་ཡིན། དེ་མིན་རང་རང་སོ་སོ་སྣང་བ་དར་ཏེ། རང་སྣང་དག་པའི་བཤད་ཚུལ་དེ་འདྲ་ཡོང་གི་འདུག་ཅིང༌། མདོར་ན། བོད་ཅེས་ཡུལ་ཁམས་ཀྱི་གནས་སྟངས་དེ་དང་མཐུན་པའི་མི་རིགས་ཀྱི་རིག་གཞུང་ཞིག་རིམ་བཞིན་ཆགས་པ་འདི་ལྟར་ཡིན།

                ནང་ཆོས་དར་རྗེས་མི་རིགས་ཀྱི་གོམས་གཤིས་དེ་ཡང༌། དེ་སྔ་གདུག་རྩུབ་ཆེན་པོ་ཡོད་པ་ཞིག་ཕལ་ཆེར་ཡིན་ས་རེད། ད་ལྟ་བརྗོད་པ་བཞིན་འབྲོག་པ་ལྟར་བྱས་ཏེ་རྟ་ཧྲག་མི་ཧྲག་བྱས་ཏེ་ཡུལ་སྤོས་ཤིང༌། ལམ་དུ་བཅོམ་གྱིན་དང༌། གཏོར་གྱིན་དུ་འགྲོ་བ་ཞིག་ཕལ་ཆེར་མིན་ནམ། དེ་ནས་རིམ་བཞིན་ནང་ཆོས་དར་བ་དང༌། ཞིང་ལས་ཀྱི་ཡར་རྒྱས་དེ་དག་ཀྱང་རིམ་པར་ཕྱིན་ནས་གཏན་འཇགས་སུ་གྱུར་བ་དང༌། ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་རང་བཞིན་གྱིས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་པ་རེད།

                དཔེར་ན། བོད་པའི་གོམས་གཤིས་ཞེས་པ་དེ། སྔར་ཨ་རིར་གཞིས་ཆགས་སུ་འགྲོ་མཁན་གྱི་ལས་བྱེད་རྙིང་པ་ཞིག་རེད། ཁོ་རང་བཟའ་མི་གཉིས་ཨ་མི་རི་ཀའི་མཐོ་སློབ་ཅིག་གི་ཐབ་ཚང་དུ། ཚལ་ཚོང་ཁང་ནས་ཉོས་ཏེ་གཙང་མ་བཟོ་མཁན་གྱི་ལས་ཀ་བྱས་ནས་བསྡད་པ་ཡིན་ཞེས་བརྗོད་ཀྱི་འདུག ཁོ་གཉིས་ཀྱི་ཚལ་གཙང་བའི་སྐབས། ཚལ་ནང་སྐབས་རེ་འབུ་རེ་གཉིས་ཡོང་གི་འདུག་ཅིང༌། འབུ་ཡོད་པ་དེ་དག་སྣོད་ཅིག་གི་ནང་སྒྲུག་སྟེ་བསགས་ཤིང༌། ཚལ་བཀྲུས་ཟིན་རྗེས་འབུ་དེ་དག་མར་ཁྱེར་ཏེ་སྤང་ལ་སོགས་པའི་ས་གནས་སུ་སྐྱེལ་གྱི་ཡོད་ཅེས་བརྗོད་ཀྱི་འདུག ཐོག་མར་ལས་ཀ་མཉམ་དུ་བྱེད་མཁན་དེ་དག་གིས་འབུ་མཐོང་མ་ཐག་ཏུ་གསོད་རྐྱང་བྱེད་ཀྱི་འདུག་ཅིང༌། ཁོ་གཉིས་ཀྱི་དེ་ལྟར་བྱས་པས་ན། ཐོག་མར་ཡ་མཚན་མཚན་དང༌། དེ་ནི་ལས་ཀ་སྣོན་མ་ལྟ་བུ་ཞིག་སྟེ། དེ་མིན་འབུ་མཐོང་མ་ཐག་བསད་ན་ལས་ཀ་མང་པོ་གང་ཡང་མེད། ཁོ་གཉིས་ཀྱི་འབུ་དེ་དག་ཟུར་དུ་གཟོ་པོ་བྱས་ཏེ་བསགས་ཤིང༌། དེ་རྗེས་ཕྱི་ལོགས་སུ་ཁྱེར་ནས་གཡུག་གི་ཡོད་སྟབས། ལས་ཀ་སྣོན་མ་ལྟ་བུ་ཞིག་ཆགས་པ་རེད། དེར་ཡ་མཚན་མཚན་ལྟ་བུ་བྱེད་ཀྱི་འདུག་ཅིང༌། དེ་རྗེས་གང་འཚམས་ནས་རོགས་པ་རྣམས་ཀྱིས་ཀྱང་འབུ་རྣམས་མ་གསད་པར་རང་ཉིད་ཀྱི་ལས་ཀ་བྱེད་སའི་འཁྲིས་སུ་སྣོད་ཆས་བཞག་སྟེ། དེའི་ནང་དུ་འབུ་སྒྲུག་སྟེ་བསགས་རྗེས་ས་ཆ་གཞན་དུ་གཡུག་པ་དེ་ལྟར་བྱུང་སོང་ཞེས་ལོ་མང་པོའི་གོང་ལ་དེ་ལྟར་བརྗོད་ཀྱི་འདུག བོད་པའི་གཤིས་ཀར་སྲོག་ཆགས་བསད་ན་ཡག་པོ་མེད་ཅེས་པ་ཞིག་ང་ཚོའི་གོམས་གཤིས་སུ་འཇགས་ཡོད།

                ཡང་ཉེ་འཆར་ང་ལ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་མི་ཚོ་ཁག་ཅིག་ཐུག་པ་རེད། དེའི་ནང་དུ་སྔར་བཅིངས་གྲོལ་དམག་མིའི་ནང་བསྡད་མྱོང་བའི་དམག་མི་རྙིང་པ་ཞིག་འདུག་ཅིང༌། ཁོ་རང་གི་དམག་སྒར་དེ་སྐབས་ཤིག་ཁམས་ཀྱི་སྨར་ཁམས་ཁུལ་དུ་སྡོད་པ་ཞིག་བྱུང་པ་རེད་ཅེས་བརྗོད་ཀྱི་འདུག སྐབས་དེར་ཁོ་རང་ཚོ་བོད་པའི་དཀྱིལ་དུ་སྡོད་སྐབས། བོད་པ་རྣམས་ཀྱི་འབུ་ཞིག་མཐོང་ན། འབུ་དེ་མ་གསད་པར་འབུ་དེ་ཕར་སེལ་གྱི་འདུག་ཅིང༌། དཔེར་ན། ལམ་དུ་འགྲོ་སྐབས་འབུ་ཞིག་མཐོང་ན་ལམ་སེང་རྡོག་བརྫིས་མི་གཏོང་བར་འབུ་དེ་སྒྲུག་ནས་ཟུར་དུ་བཞག་པ་དེ་འདྲ་བྱེད་ཀྱི་འདུག་པས། བོད་པའི་གཤིས་ཀ་དེ་ཁྱད་མཚར་ཞིག་འདུག་ལ། ཁོ་རང་ཚོ་དམག་མི་ནང་ཚགས་རྣམས་ཀྱིས་ཀྱང་བོད་པའི་གཤིས་ཀར་སེམས་ཅན་གྱི་སྲོག་ལ་མཐོང་བྱེད་མཁན་ཞིག་འདུག་ཅེས་བརྗོད་ཀྱི་འདུག ཁོ་རང་ཆོས་པ་མིན་ཞེས་ཟེར། བོད་པའི་གཤིས་ཀ་དེ་འདྲ་ཞིག་འདུག་ཅེས་ཁོ་རང་གིས་ང་ལ་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག ང་རང་ཚོ་བོད་པར་དེ་ལྟའི་གོམས་གཤིས་ཤིག་འཇགས་ཡོད། མ་གཞི་ང་རང་ཚོ་ཤ་ཟ་ཡི་ཡོད། འབྲོག་པར་ཆ་བཞག་ན། མ་གཞི་ཐབས་གང་ཡང་མེད་པ་རེད། འོན་ཀྱང་རྩ་བའི་སྤྱི་ཚོགས་དེ་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་ཕལ་ཆེར་རེད།

                དེ་མིན་སྔར་ཨེམ་རྗེ་དབང་རྒྱལ་ལགས་སུ་བཤད་རྒྱུ་ཡོད། ཨེམ་རྗེ་དབང་རྒྱལ་ལགས་བོད་དུ་རྒྱའི་བཙོན་དུ་མང་པོ་བསྡད་ཅིང༌། དེ་བཞིན་ཨེམ་རྗེ་བསྟན་འཛིན་ཆོས་གྲགས་ལགས་ཀྱང་བཙོན་དུ་བསྡད་པ་རེད། དབང་རྒྱལ་དུ་གཅིག་བཤད་རྒྱུ་འདུག བསམ་སྡིང་གི་སྟག་ལུང་གསང་ཆོས་དགོན་གྱི་ཆུ་འོར་འདྲེན་བྱེད་མཁན་ཆུ་མ་ཞིག་ལ་སྐབས་དེར་འཐབ་རྩོད་བྱས་ཏེ། གསང་ཆོས་དགོན་པའི་ལས་སྣེ་འགའ་ཞིག་ལ་འཐབ་རྩོད་བྱེད་སླད་ཚོགས་འདུ་འཚོགས་ཏེ། དགོན་པའི་ཆུ་ལེན་མཁན་གྱི་ཆུ་མ་དེ་ཉིད་དགོན་པའི་ངལ་རྩོལ་རྒྱུགས་མཁན་ཚེ་གཡོག་ལྟ་བུ་ཞིག་ཡིན་སྟབས། ཆུ་མ་དེ་ཉིད་ཚོགས་འདུར་སྐད་བཏང་སྟེ། ཁྱོད་རང་སྔར་དགོན་པའི་ཚེ་གཡོག་ཡིན་ལ། དགོན་པའི་ཆུ་མ་བྱས་ཏེ་དཀའ་ལས་མང་པོ་བརྒྱབ་ཡོད། ཧ་ཅང་གི་སྡུག་པོ་མྱང་ཡོད་པས་ད་ལྟ་འཐབ་རྫིང་བྱེད་དགོས་ཞེས་བརྗོད་པ་རེད་ཅེས་བཤད་ཀྱི་འདུག ཆུ་མ་དེར་འཐབ་རྫིང་བྱེད་དགོས་ལ། ཉེས་པ་བསྒྲགས་དགོས་ཞེས་བརྗོད་སྐབས། ཆུ་མ་དེས་ཡར་ལངས་ཏེ་སྔར་ཁོ་རང་ཆུ་མའི་ལས་ཀ་བྱེད་སྐབས།

ཉིན་རེ་ཉིན་རེའི་ཇ་དང་ལྟོ་ཆས་རྣམས་དགོན་པའི་ཐབ་ཚང་ནས་བཟས་ཏེ་རང་ཉིད་ནས་འགྲོ་སོང་གཏོང་དགོས་མེད་ཅིང༌། དེའི་ཐོག་ཏུ་ལོ་རེར་འབྲུ་ཁག་བཅུ་བདུན་ཙམ་རག་གི་ཡོད་པས་ང་ལ་འཐབ་འཛིང་བྱ་རྒྱུ་གང་ཡང་མེད་ཅེས་བརྗོད་སྟབས། ཚོགས་འདུའི་གྲ་སྒྲིག་བྱེད་མཁན་གྱིས་མར་རྒྱུགས་ཞེས་ཚོགས་འདུ་ནས་ཕྱིར་ཕུད་བྱས་པ་རེད་ཟེར།

                དེ་མིན་ཁྱེད་རང་འགའ་ཞིག་དྲན་གྱི་ཡོད་ཀྱི་རེད། འབྲུག་པའི་ལྷ་བྲིས་སྤོ་ལགས་ཁོ་རང་བརྗོད་གསལ་ལ། སྤོ་ཁོ་རང་ཁམས་ནས་ཡར་ཡོང་སྟེ། ལྷོ་ཁའི་ཁུལ་དུ་ག་ལེར་གྲྭ་པ་ལོག བཟའ་ཚང་ཁ་ཐུག་ཅིང༌། ཁོ་རང་ཡི་གེ་ཤེས་ཤིང་མགོ་གྲུང་པོ་ཡོད་སྟབས། ས་གནས་གྲོང་གསེབ་དེ་གའི་འགོ་དཔོན་བྱས་ཏེ་བསྡད་འདུག་ཅིང༌། ཕྱིས་སུ་འཐབ་འཛིང་བཏང་སྐབས། སྤོ་ཁོ་རང་འཐབ་འཛིང་གཏོང་རྒྱུར་ཁྲིད་དེ་ཚོགས་འདུའི་སྐབས། རང་ཉིད་ཡོད་སའི་གྲོང་གསེབ་ཀྱི་མི་མང་རྣམས་འདུ་སྐོང་བྱས་ཏེ་འཐབ་འཛིང་ཐོངས་ཞེས་བཀའ་གཏང་སོང་ཞེས་དང༌། གྲོང་གསེབ་པ་དེ་དག་གི་མགོ་སྒུར་སྒུར་བྱས་ཏེ་ཁོ་རང་གི་མིང་ནས་བོས་དེ། ཁོ་རང་ང་ཚོར་ཧ་ཅང་གི་ཡག་པོ་ཡོད་པས་འཐབ་འཛིང་གཏོང་རྒྱུ་གང་ཡང་མེད་ཅེས་ཁ་སར་བཙུགས་ནས་འདི་ལྟར་བསྡད་སོང་ཞེས་ཁོ་རང་གིས་འདི་ལྟར་བརྗོད་བྱུང༌། རྗེས་སུ་ཉེས་པ་ཆེན་པོ་ཞིག་ཡོང་བའི་ཉེན་ཁ་བྱུང་སྟེ། གྲོང་གསེབ་པའི་ནང་ཁུལ་ནས་གསང་བརྡ་བཏང་སྟེ་བྲོས་ཕྱིན་འདུག འདི་ང་བཤད་དགོས་པ་དེ་གང་ལགས་ཤེ་ན། སྤྱིར་བཏང་སྡེ་ཚན་དུ་ཕྱེ་ནས་བཤད་ན། བོད་པའི་སྤྱི་ཚོགས་དེ་ཞིང་བྲན་ལམ་ལུགས་རེད། རྗེས་ལུས་ཡིན་ན་ཡང་བྱམས་བརྩེ་ལྡན་པའི་ཞིང་བྲན་ལམ་ལུགས་སམ་ཚེ་གཡོག་རིང་ལུགས་ཤིག་ཕལ་ཆེར་ཆགས་ཡོད། སྡུག་པ་བྱེད་མཁན་ཏན་ཏན་ཡོད།

                ཡང་ང་ལ་ལོ་རྒྱུས་ཤིག་བཤད་རྒྱུ་ཡོད། ང་ཆུང་ཆུང་གི་སྐབས་སུ་དགུན་དུས་རྩེ་ཕོ་བྲང་དུ་སྡོད་ཀྱི་ཡོད་ལ། རྩེ་ལ་སྡོད་སྐབས་མགྲོན་གཉེར་ཆེན་མོ་ཕ་ལྷ་ཡིན་ཞིང༌། ཤོད་སྣེ་མགྲོན་ཐུབ་བསྟན་ལེགས་སྨོན་ཞེས་པ་ཞིག་ཡོད། སྐབས་དེར་སྟག་བྲག་རིན་པོ་ཆེས་སྲིད་སྐྱོང་གནང་ནས་བཞུགས་ཡོད་ཅིང༌། སྐབས་དེར་ཕ་ལྷའི་མི་སེར་སྤོ་ལགས་ཤིག་གིས་ཁ་མཆུ་བཙུགས་ཏེ། མཐའ་མ་ཁ་མཆུ་དེ་ཉིད་ཤོད་འགག་ཏུ་སླེབས་འདུག སྐབས་དེར་ང་ཆུང་ཆུང་རེད། ཤར་རྒྱུད་ཀྱི་ཤོད་འགག་དེ་ཁྱེད་རང་ཚོས་དེ་ཙམ་ཤེས་ཀྱི་མ་རེད། མདོ་དོན་རྩེ་ཕོ་བྲང་གི་ནང་དུ་རེད། སྐབས་དེར་ང་ཆུང་ཆུང་ཡིན་ལ། གད་པ་དེ་དག་གིས་མར་གིར་ཞུ་བ་ལེན་གྱི་འདུག ཕ་ལྷ་མགྲོན་གཉེར་ཆེན་མོའི་མི་སེར་སྤོ་ལགས་ཤིག་ལ། སྣེ་མགྲོན་གྱི་ཞུ་བ་ལེན་གྱི་འདུག་ལ། ཕ་ལྷ་དང་སྣེ་མགྲོན་གཉིས་འགྲིགས་པོ་ཡོད་པ་རེད། དེས་ན་དྲང་པོ་རྩ་བ་ནས་བྱེད་ཀྱི་མི་འདུག་ཅིང༌། ཐུབ་ཚོད་བཤད་ཀྱི་འདུག་ཅེས་ང་ལ་དེ་ལྟར་བརྗོད་མཁན་བྱུང༌། ང་ཡང་གསང་བ་བྱས་ཏེ་ཉན་པར་ཕྱིན་པ་ཡིན། ཤོད་འགག་གི་ཞུ་བ་ལེན་སའི་སྟེང་དེར་རྣམ་གྲྭ་ཞིག་ཡོད་ཅིང༌། རྣམ་གྲྭ་དེའི་ཟུར་གྱི་སྦ་ཡོལ་གྱི་འོག་ནས་ངས་ལྟད་མོ་ལྟས་ཏེ་བསྡད་པ་ཡིན། སྣེ་མགྲོན་གྱིས་པ་ལགས་དེའི་བདེ་སྡུག་གི་བདེན་པ་ཡོད་པའི་ཁུངས་སྐྱེལ་བཤད་སྐབས། དེ་དག་རྩ་བ་ནས་མ་ཉན་པར་མར་ཁ་བརྡུང་དང་ཚིག་ངན་བརྗོད་དེ་བདེན་པའི་གནས་ཚུལ་རྣམས་བརྗོད་དུ་འཇུག་གི་མི་འདུག་ཅིང༌། དེ་ནི་སྒེར་གྱི་ཕན་ཚུན་ངོ་ཤེས་ཡོད་སྟབས། དྲང་པོའི་སྐད་ཆ་མེད་པར་དེ་ལྟར་བྱས་སོང༌། དངོས་གནས་བྱས་ན་ཞུ་བ་ལེན་ཏེ། དེ་དུས་ཁྲིམས་ཁང་ཟུར་དུ་མེད། ཁྲིམས་ཀྱིས་བདེན་རྫུན་གྱི་བརྡར་ཤ་བཅད་ཅིང་རྣམ་དབྱེ་ཕྱེ་ནས་བྱེད་ཀྱི་ཡོད་པའི་ཁུལ་ཡིན་ན་ཡང༌། དེ་ནི་ཉེ་དགའ་ཕྱོགས་ལྷུང་གི་སྟེང་དུ་འགྲོ་བ་དེ་འདྲ་ཡོང་གི་ཡོད། དེ་དག་ནི་ཐབས་སྡུག་དང༌། རྗེས་ལུས། ཧ་ཅང་གི་སྐྱོ་པོ་ཞིག་རེད།

                དེ་དང་དེས་མཚོན་པའི་མཆོད་གཞིས་ཁག་གི་མི་སེར་དེ་དག་ཧ་ཅང་སྐྱོ་པ་བྱས་ཏེ་བསྡད་པ་དང༌། སྒེར་པ་ཁག་གི་མི་སེར་རྣམས་ཀྱང༌། རིགས་ཁ་ཤས་ཅུང་ཟད་དྲག་པ་མེད་དམ། རིགས་འགའ་ཞིག་ནི་ཧ་ཅང་གི་ཁག་པོ་བྱེད་ཀྱི་ཡོད། དེ་དག་ལ་ལྟོས་ན་གཞུང་རྒྱུགས་པ་དེ་དག་དྲག་པ་ཡོད། གཞུང་སྒེར་མཆོད་གསུམ་ཞེས་གཞུང་རྒྱུགས་ཀྱི་རིགས་གཅིག་དང༌། སྒེར་པའི་ཁུངས་གཅིག མཆོད་གཞིས་ཁག་གི་ཁུངས་གཅིག་བཅས་ཡོད་པ་ལས་གཞུང་རྒྱུགས་པ་དེ་དག་ཅུང་ཟད་དྲག་པ་ཡོད། རྩ་བ་སྤྱི་ཚོགས་རྗེས་ལུས་དང༌། དྲང་པོ་མེད་པ་བཅས་ཀྱི་སྐྱོན་ཏན་ཏན་ཡོད་ཀྱང༌། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་རེད་ཅེས་ང་ཚོས་བརྗོད་ཐུབ་པ་ཞིག་རེད།

                དེ་ལྟའི་སྤྱི་ཚོགས་ཤིག་ང་ཚོ་བཙན་བྱོལ་བ་ཆགས་སྐབས། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་པ་གང་དུ་ཡོད་ན་ཡང༌། ས་དེའི་མི་རྣམས་ཀྱིས་བོད་པ་དེ་དག་ལ་ཤེས་བྱ་ཡོན་ཏན་ཆེན་པོ་འདུག་ཅེས་བརྗོད་མཁན་མེད་ལ། བོད་པ་དེ་དག་གིས་སྐྱག་རྫུན་བཤད་ཀྱི་མི་འདུག་ཅིང༌། བོད་པ་དེ་དག་གིས་དྲང་པོ་བྱེད་ཀྱི་འདུག་ཅེས་པ་ནི་སྐབས་དེར་ཡོངས་གྲགས་ཤིག་ཆགས་ཡོད། དཔེར་ན། ངས་ད་ལྟ་དྲན་པ་ཞིག་ལ། སྐབས་ཤིག་ང་ཨོ་རི་སའི་གཞིས་ཆགས་སུ་སླེབས་སྐབས། དེ་དུས་ང་ལོ་གཞོན་གཞོན་ཡིན་ལ། གཞིས་སྒར་འགའ་ཞིག་ལ་འགྲོ་ཡི་ཡོད། གཞིས་མི་རྣམས་ཀྱི་ཁང་པའི་ནང་དུ་གང་འདྲ་ཡོད་མེད་ལྟ་བར་འགྲོ་ཡི་ཡོད། སྐབས་དེར་གཞིས་མི་ཞིག་གི་ཁང་པའི་ནང་དུ་འགྲོ་སྐབས་པན་ཇབ་རྒྱའུ་ཞིག་སླེབས་འདུག ཨོ་རི་སར་སྤྱིར་པན་ཇབ་དེ་ཙམ་མེད་ཅིང༌། སྐབས་དེར་ང་ཚོ་ཀང་ར་རྫོང་འདི་ཉིད་པན་ཇབ་ཀྱི་ཁོངས་ཡིན་ཞིང༌། པན་ཇབ་ཀྱི་རྒྱའུ་ཞིག་མཐོང་སྐབས་ང་ཧ་ཅང་གི་དགའ་པོ་བྱུང༌། ཁྱེད་རང་གང་ནས་ཡིན་ནམ་ཞེས་བརྗོད་པར། ཁོ་ལུ་ཏི་ཨ་ནའི་སུད་ཚོང་བའི་གྲས་ཡིན་ཞེས་བརྗོད་ཀྱི་འདུག བོད་པ་རྣམས་ཀྱིས་བལ་གོས་སྔོན་ལ་ཁྱེར་ཏེ་རིན་འབབ་མ་ལེན་པ་མ་ཟད། གཏའ་མ་ལེན་པ་སོགས་མི་བྱེད་པར་བཟང་པོ་བློས་འགེལ་བྱས་ཏེ། བོད་པས་སྐྱག་རྫུན་ཤོད་ཀྱི་མ་རེད། བོད་པས་ཁ་བསླུས་རྒྱབ་ཀྱི་མ་རེད་ཅེས་ཡིད་ཆེས་གཙང་མ་བྱས་ཏེ། དངོས་ཟོག་དེ་དག་བསྐུར་ཞིང༌། བོད་པས་ཚོང་རྣམས་བརྒྱབ་སྟེ་དགུན་ཚོང་རྣམས་བརྒྱབ་ཚར་རྗེས་ལོ་གསར་གྱི་སྐབས་དེར་རྒྱའུ་དེ་ཉིད་མི་ཚང་དེའི་སྐུ་མགྲོན་དུ་སླེབས་པ་ཞིག་རེད་འདུག ཁོ་རང་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག

                དེའི་རྗེས་སུ་ལུ་ཏི་ཨ་ན་ནས་བོད་པ་རྣམས་ལ་སྤུན་མདོག་ཚོང་མཁན་གྱི་ཚོང་ཁང་གི་འཐུས་མི་མང་པོ་ཞིག་རྡ་སར་ཡོང་སྟེ་ང་ཐུག་པ་རེད། བོད་པ་ཚོས་སྐྱག་རྫུན་ཤོད་ཀྱི་མ་རེད། ཁོང་ཆོས་བློས་བཀལ་གྱི་ཡོད། ཧ་ཅང་གི་དྲང་པོ་བྱེད་ཀྱི་འདུག་ཅེས་ཁོང་ཚོ་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག

                ཡང་དེ་ལྟའི་ལོ་རྒྱུས་ཤིག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མི་ཚང་ཞིག་གམ་དངུལ་ཁང་ཞིག་ནས་ཨ་སྒོར་སྟོང་ཕྲག་གཅིག་ཙམ་ཞིག་བོད་པ་ཞིག་ལ་སྤྲད་དེ། འདི་མི་གཅིག་ལ་སྤྲོད་རོགས་གྱིས་ཞེས་པ་སྤྱིར་བཏང་ལུགས་སྲོལ་མེད་ཅིང༌། འཛིན་སྤྲད་པ་སོགས་པ་བྱེད་པ་ལས་དངུལ་རྐྱང་མི་ཞིག་གི་ལག་ཏུ་སྤྲད་ནས་གཞན་ཞིག་ལ་སྤྲོད་ཤོག་ཅེས་པ་ནི་ཡིད་ཆེས་དང་བློས་འཁེལ་ནས་བྱས་པ་ལས། ཡིད་ཆེས་བློས་འཁེལ་མེད་པར་བྱེད་ཀྱི་མ་རེད་ཅེས་སྐབས་དེར་དཔག་ཚོད་ཀྱིས་སྐད་གྲགས་ཆེན་པོ་བྱུང་བ་ཞིག་ང་ལ་བཤད་མཁན་ཞིག་བྱུང༌། དེ་ནི་ཕལ་ཆེར་ལོ་ཉི་ཤུ་ཙམ་གྱི་གོང་དུ་རེད།

                དེ་བཞིན་སུད་སིར་བོད་པ་ཐོག་མར་གཞིས་ཆགས་སུ་བསྐྱོད་པའི་སྐབས་སུ། བོད་པས་སྐད་མི་ཤེས་ཤིང༌། ཡི་གེའི་ཐོག་ནས་ལས་ཀ་བྱེད་ཀྱི་མེད་སྟབས། སུད་སིའི་བཟོ་གྲྭ་ཁག་ཏུ་ལག་པས་ངལ་རྩོལ་རྒྱུགས་ཏེ་ལས་ཀ་བྱེད་སྐབས་སུའང༌། ག་ལེར་བཟོ་གྲྭའི་སྦྱིན་བདག་དེ་དག་གིས་བོད་པ་རྣམས་ལ་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག གཡོ་ཟོལ་མི་བྱེད་ཅིང༌། སྐྱག་རྫུན་མི་བཤད་པར་ཧུར་འབད་བྱེད་ཀྱི་འདུག ཧ་ཅང་གི་ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག དེ་དག་གིས་གང་ཞིག་མཚོན་གྱི་ཡོད་དམ་ཞེ་ན། ང་ཚོ་བོད་པའི་མི་རིགས་ཀྱི་གོམས་གཤིས་ལ་དྲང་པོ་བྱེད་པ་དང༌། སྐབས་བྱུང་ན་མགོ་སྐོར་གཏོང་བ་ལྟ་བུ་མི་བྱེད་པར་དྲང་པོ་དྲང་བཞག་བྱེད་པ་ནི་ང་ཚོའི་གོམས་གཤིས་ཤིག་ཆགས་ཡོད།

                དེང་རིམ་བཞིན་བོད་པའི་ནང་ནས་ཁ་བསླུས་བརྒྱབ་མཁན་འདུག་ཅེས་པ་དང༌། བོད་པའི་ནང་ནས་རྐུན་མ་རྐུ་མཁན་འདུག་ཅེས་པའི་སྐད་ཆ་དེ་ཇེ་མང་དུ་འགྲོ་ཡི་འདུག་པ་ནི་བློ་ཕམ་པའི་གནས་ཤིག་རེད། སྔར་ལོ་ཤིག་ཀུ་ལུའི་ཁུལ་དུ་ཐོག་མར་བོད་པ་དང་རྒྱ་གར་བའི་ཡུལ་པ་འགའ་ཞིག་ཁ་རྩོད་ཤོར་ཞིང༌། དེ་རྗེས་བོད་པའི་ཚོང་ཁང་གང་འཚམས་ཤིག་ཡུལ་པ་ལ་ལས་མེ་བརྒྱབ་པའི་གནས་ཚུལ་ཞིག་བྱུང་བ་རེད། སྐབས་དེར་ཡུལ་པ་འགའ་ཞིག་གིས་བརྗོད་གསལ་ལ། སྔར་ཀུ་ལུའི་ཁུལ་དུ་བོད་པ་ལམ་བཟོ་བ་སྟོང་ཕྲག་ཁ་ཤས་ཡོད་ཀྱང༌། སྐྱག་རྫུན་ཤོད་པ་དང༌། འཁྲུག་པ་བརྒྱབ་པ། ཧམ་པ་ཤོད་མཁན་མེད་ཅིང༌། ཕྱིས་སུ་ཡོང་མཁན་གྱི་བོད་པ་དེ་དག་སྡུག་ཏུ་ཕྱིན་འདུག་ཅེས་བརྗོད་པའི་སྐད་ཆ་འདུག

                ད་ལྟ་འདི་ངས་བཤད་དགོས་དོན་ནི། ང་རང་ཚོའི་བོད་མིའི་གཤིས་ཀར་སེམས་པ་བཟང་པོ་བྱེད་པ་དང༌། སྙིང་རྗེ་བྱེད་རྒྱུ། དྲང་པོ་བྱེད་པ་དང༌། སྐྱག་རྫུན་མི་ཤོད་པ་དེ་དག་ཆུང་ངུའི་སྐབས་ནས་གོམས་གཤིས་སུ་འཇགས་ཡོད། དེ་ལྟའི་གོམས་གཤིས་དེ་གང་ནས་འཇགས་པ་རེད་དམ་ཞེ་ན། ཕལ་ཆེར་སངས་རྒྱས་པའི་ཆོས་ནས་འཇགས་པ་ཡིན་ཞིང༌། ཆོས་ཀྱི་སྙིང་པོ་ནི། བྱམས་པ་དང་བརྩེ་བ་བཅས་གཞན་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་དགོས་ཞེས་པའི་བསླབ་བྱ་ཞིག་རླུང་ལྟར་གྲགས་ཏེ། སྨོན་ལམ་ཞིག་བརྒྱབ་ན་ཡང༌། མ་རྒན་སེམས་ཅན་ཐམས་ཅད་ཅེས་བརྗོད་པ་ཞིག་ཡིན། ངས་གསལ་པོར་དྲན་པ་ཞིག་ལ། སྐབས་དེར་ང་ཆུང་ཆུང་ཡིན་ཞིང༌། སྨོན་ལམ་གྱི་སྐབས་སུ་སྨོན་ལམ་ཚོགས་མཇལ་ཞུ་མཁན་གྱི་ཨ་མདོ་མགོ་ལོག་པ་དེ་འདྲ་པགས་ཚགས་གྱོན་ཞིང༌། པགས་ཚགས་ཀྱི་འོག་ཏུ་གུ་ཐུང་ལ་སོགས་པ་གང་ཡང་མེད་པར་སྟོད་ཕྲེང་མར་ཕྲུ་གུ་མལ་འབྱར་ཆུང་ཆུང་དེ་འདྲ་ཨམ་ཕྲག་ནང་དུ་བླུགས་ནས་ཡོང་གི་འདུག་ཅིང༌། མགོ་ལོག་དེ་ཚོ་སྙིང་རྗེ། མགོ་ལོག་པ་འདི་ལྟར་བལྟས་ཚེ་སེམས་ཅན་གསོད་པ་ལ་ཡ་ང་སྙིང་རྗེ་ཨེ་ཡོད་པ་ལྟ་བུ་མགོ་ལོག་ཁྱུ་བསྒྲིགས་ནས་ཡོང་གི་ཡོད། ད་ལྟ་ཡང་སེམས་ནང་དེའི་དོན་སྤྱི་ཤར་གྱི་འདུག་ཅིང༌། མགོ་ལོག་པ་མིག་སྒོར་སྒོར་དུ་ལྟ་མཁན་གྱི་མི་ཧ་ཅང་གི་རྫིག་པོ་ཞིག་ངའི་འཁྲིས་སུ་ཡོང་ནས་སྨོན་ལམ་བརྒྱབ་སྐབས། མར་རྒན་སེམས་ཅན་ཐམས་ཅད་ཅེས་བརྗོད་ཀྱི་འདུག མ་རྒན་སེམས་ཅན་ཐམས་ཅད་ཅེས་པ་ཞིག་ཁར་འཇགས་ཡོད་ཅིང༌། དེའི་གོམས་གཤིས་ཀྱིས་རང་ཉིད་ཀྱི་གོ་ལྟོས་ཀྱི་དོན་དུ་སེམས་ཅན་གསོད་པ་ཡོང་གི་ཡོད་ཀྱང༌། རང་བཞིན་གྱིས་གཞན་ལ་གནོད་འཚེ་མི་བྱེད་པར་གཟོ་བོར་སྡོད་པ་ཞིག་ཡིན་ལ། དེ་བཞིན་བོད་ཀྱི་བྱང་ཐང་ཁུལ་དུ་ཆ་བཞག་ན། འབྲོང་དང༌། རྩོད། འགོ་བ་ལ་སོགས་པ་དེ་དག་རེ་ཟུང་གིས་རྔོན་པ་རྒྱག་གི་ཡོད་པ་ལས། དེ་མིན་བོད་ལ་དེ་སྔ་ཁྱི་ར་བརྒྱབ་པ་སོགས་པ་དེ་དག་མི་ཆོག་པ་ཞིག་ཡིན། ཉ་འཛིན་པ་དང༌། ཆུ་བྱ་གསོད་པ། རི་དྭགས་གསོད་པ་དེ་དག་ལ་རི་རྒྱ་རླུང་རྒྱ་བསྡམས་ནས་གསོད་མི་ཆོག་པ་ཡིན།

                འཁྲུལ་ཞིག་རིན་པོ་ཆེས་བཀའ་ཞིག་གནང་བ་ལ། སྟོད་ཁུལ་དུ་མཚོ་ཞིག་ཡོད་པ་དེར། ནམ་རྒྱུན་དཔྱིད་ཀ་དང༌། དབྱར་ཁའི་སྐབས་སུ་ཆུ་བྱ་མང་པོ་ཞིག་ཡོང་སྟེ་སྒོ་ང་གཏོང་བ་དང༌། ཕྲུ་གུ་དབྱར་ཐོག་དེར་གསོས་པ་སོགས་བྱེད་ཀྱི་ཡོད་ཅིང༌། དེ་ལྟར་དབྱར་ཐོག་ཆུ་བྱ་འཁོར་ནས་ཆུ་བྱའི་ཚང་བསགས་ཤིང་སྒོ་ང་བཏང་བའི་རིང་ལ་ས་གནས་དེ་གའི་རྫོང་ཁོངས་ནས་མི་ཞིག་བསྐོས་ཏེ། མི་དེར་འབྲུ་ཕོགས་བརྒྱབ་སྟེ་སྒོ་ང་དང་ཆུ་བྱའི་ཕྲུ་གུ་དེ་དག་སྲུང་སྐྱོབས་བྱེད་པའི་ལུགས་སྲོལ་ཡོད་འདུག

                དེ་ལྟར་གཞུང་གི་སྒྲིག་འཛུགས་དེའི་འོག་ནས་བདག་ཏུ་མ་བཟུང་བའི་བྱ་རིགས་སོགས་ཀྱི་སྒོ་ང་བཏོང་བ་དང་ཕྲུ་གུ་སྐྱེ་འཕེལ་བྱེད་སྐབས། ཆེད་མངགས་དེ་དག་ཕྲུ་གུ་སྲུང་སྐྱོབས་བྱེད་སླད་ས་གནས་རྫོང་ནས་འབྲུ་ཕོགས་སྤྲད་དེ་མི་སྣ་ཆེད་བཙུགས་ཀྱིས་སྲུང་སྐྱོབ་བྱེད་པའི་ལུགས་སྲོལ་ཡོད། དེས་ན། བོད་སྤྱི་ཡོངས་ནི་སྙིང་རྗེ་ལྡན་པའི་ཡུལ་ཁམས་ཤིག་རེད་ཅེས་བརྗོད་ཐུབ་པ་ཞིག་ཡིན། 

                ང་རང་ཚོ་ད་ཆ་བཙན་བྱོལ་བ་ཆགས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་འདི་སྲུང་སྐྱོབ་བྱེད་དགོས་ཞེས་གལ་ཆེ་དོན་ཆེ་བརྩི་བ་འདི། ཕྱོགས་གཅིག་ནས་མི་རིགས་ཀྱི་རྣམ་པ་མཚོན་པ་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་འཛམ་གླིང་འདིའི་སྟེང་ལ་མིའི་སྤྱི་ཚོགས་འདི་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བྱུང་ན་སྐྱིད་པ་ཡིན། མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པའི་ནང་གི་མི་སྡེ་ཆུང་ཆུང་ཞིག་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་འཛིན་ཐུབ་ན། དུང་ཕྱུར་དྲུག་ཅུ་ལྷག་ཙམ་དེ་ཆ་ཤས་ཤིག་ཕན་པ་ཡིན། དེང་འཛམ་གླིང་འདིའི་སྟེང་བོད་པར་དགའ་པོ་བྱེད་མཁན་མང་པོ་འདུག་ཅིང༌། བོད་པའི་རིག་གཞུང༌། བོད་པའི་གོམས་གཤིས་ལ་དགའ་པོ་བྱེད་མཁན་ཡང་མང་པོ་ཞིག་འདུག དེ་དག་མང་པོ་ཞིག་གིས་གཙོ་བོ་ནི། དེང་སྐབས་འཛམ་གླིང་འདིའི་སྟེང་འཚེ་བ་མེད་པའི་ལྟ་གྲུབ་དེར་དོ་སྣང་གསར་པ་སླེབས་པ་ཞིག་ཡིན་སྟབས། བོད་ཀྱི་སངས་རྒྱས་པའི་ཆོས་བྱམས་བརྩེ་རྩ་བར་གྱུར་པ་དེར་དོ་སྣང་གསར་པ་སླེབས་ཀྱི་ཡོད། དེ་ལྟའི་ངོས་ནས་ཆ་བཞག་ན་ཡང༌། ང་རང་ཚོས་བྱམས་བརྩེ་རྩ་བར་གྱུར་པའི་ཆོས་དང་རིག་གཞུང་འདི་བདག་པོ་བརྒྱབ་སྟེ། ཉར་ཚགས་བྱེད་པ་ནི་བོད་རང་ཉིད་ཀྱི་ཁེ་ཕན་ཡིན་ལ། སྒེར་རང་ཉིད་ཀྱི་ཁེ་ཕན་ཡང་ཡིན་ཞིང༌། འཛམ་གླིང་མི་སྤྱིའི་ངོས་ནས་བཤད་ཀྱང་ཕན་ཐོགས་ཡོད་པ་ཞིག་རེད།

                དཔེར་ན། འཛམ་གླིང་འདིའི་སྟེང་ལ་ང་ལ་དགའ་པོ་བྱེད་མཁན་གྱི་མི་གང་མཚམས་ཤིག་ཡོང་གི་ཡོད། དེ་དག་གིས་ང་ལ་ཁྱད་དུ་འཕགས་པའི་འཕགས་ཆོས་གང་ཡང་མེད། ང་མི་སྤྱི་འདྲ་སྤྱི་མཚུངས་ཤིག་ཡིན་པ་ལས། དེ་ལས་ལྷག་པའི་ཡོན་ཏན་གང་ཞིག་ཡོད། འོན་ཀྱང་ངས་བཤད་པ་དེ་དག་ནི། ང་རང་ཚོའི་བོད་དུ་དེ་སྔ་ནས་ཡོད་པ་དང༌། ང་རང་གི་ངོས་སློབ་སྦྱོང་བྱས་ཤིང༌། ཉམས་ལེན་བྱས་པའི་བྱམས་པ་དང༌། བརྩེ་བ་ཞེས་པ་དེ་དག་དང་འབྲེལ་བའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེ། མི་སྤྱི་ལ་ཆོས་ཀྱི་ངོ་བོའི་སྒོ་ནས་མ་བཤད་པར་མི་སྤྱིའི་ཁེ་ཕན་གྱི་ངོས་ནས་དང༌། མི་སྤྱིའི་བཟང་པོའི་ཡོན་ཏན་གྱི་ངོས་ནས་དང༌། མིའི་སྤྱིའི་རྣམ་དཔྱོད་ཀྱི་ཡོན་ཏན་གྱི་ངོས་ནས་བཤད་ཐུབ་པ་ཞིག་དང༌། འདི་བཤད་སྐབས་མི་རྣམས་ཀྱིས་དོ་སྣང་དང་དགའ་པོ་ཞིག་བྱེད་ཀྱི་འདུག

                རྟེན་འབྱུང་གི་ལྟ་བ་དེས་མིའི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པ་སྟེ། སྟོན་པ་ཐུབ་པའི་དབང་པོས་བཀའ་བ་རེད། མདོར་ན། མིའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པ་ཞིག་ཡིན་ལ། འདིའི་ངོས་ཇི་ཙམ་གྱི་བསམ་བློ་གཏོང་རྒྱུ་བྱུང་ན་ཡང༌། མིའི་རྣམ་དཔྱོད་ཀྱི་སྒོ་ཕྱེ་ནས་ཧ་ཅང་གི་ཕན་ཐོགས་ཡོད། ཆབ་སྲིད་དང༌། དཔལ་འབྱོར། འཕྲོད་བསྟེན་སོགས་གང་གི་ནང་དུ་ཡིན་ན་ཡང༌། རྟེན་འབྱུང་གི་ལྟ་བས་ཧ་ཅང་གི་ཕན་ཐོགས་ཡོང་གི་ཡོད་པས་ངས་གཙོ་བོ་གཅིག་འདི་བཤད་ཀྱི་ཡོད། གཙོ་བོ་གཅིག་ནི་སེམས་བཟང་པོ་བྱེད་དགོས་ཞེས་བཤད་ཀྱི་ཡོད། དེ་ནི་ནང་ཆོས་ཀྱི་སྙིང་པོ་ཡིན་ལ། དེ་ནི་རང་བཞིན་གྱིས་ཆོས་མེད་མཁན་གྱི་མི་ཞིག་ལའང་རན་ཞིང་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད། དེས་ན། རྒྱལ་བ་རིན་པོ་ཆེར་མིས་དོ་སྣང་དང་དགའ་པོ་བྱེད་པ་ནི། ངའི་ཤ་ཁྲག་རུས་གསུམ་ལ་ཁྱད་དུ་འཕགས་པའི་ཡོན་ཏན་གང་ཡང་མེད་ཅིང༌། དབྱིན་ཇིའི་སྐད་ཀྱང་ཡག་པོ་ཞིག་ཀྱང་མི་ཤེས། འོན་ཀྱང་མིས་དོ་སྣང་བྱེད་པ་ནི། བྱམས་པ་དང༌། བརྩེ་བ། བཟོད་པ་བཅས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་བསླབ་བྱའི་ཐོག་ནས་གཞན་གྱིས་དོ་སྣང་དང་དགའ་པོ་བྱེད་པ་འདི་ཆགས་པ་རེད།

                ངས་རྟག་ཏུ་རྒྱ་གར་བའི་གྲོགས་པོ་རྣམས་ལ་བཤད་ཀྱི་ཡོད། ང་ཕར་ཚུར་ནས་དམིགས་བསལ་གྱི་སྐད་ཆ་བཤད་རྒྱུ་གང་ཡང་མེད། ཁྱེད་རང་ཚོ་རྒྱ་གར་བའི་གནའ་རབས་ཀྱི་ལན་དེ་ངས་བཤད་ཀྱི་ཡོད། ང་རྒྱ་གར་བའི་གནའ་རབས་ཀྱི་ལྟ་སྤྱོད་ཀྱི་ལན་སྐྱེལ་མཁན་ཡིན་ཞེས་བཤད་ཀྱི་ཡོད། དཔལ་ནཱ་ལེདྲའི་མཁས་གྲུབ་རྣམས་ཀྱིས་ཉམས་བཞེས་གནང་ཞིང༌། གཏན་ལ་ཕབ་པའི་ཟབ་པ་དང་རྒྱ་ཆེ་བའི་མིའི་བསམ་བློ་གཏོང་སྟངས་དེ་ངས་འགྲེལ་བཤད་རྒྱབ་ཀྱི་ཡོད། དེས་ན། མི་ལ་རན་པ་དང་གཞན་ལ་ཕན་གྱི་ཡོད་པའི་རྟགས་ཤིག་ཡིན་ལ། དེ་མིན་ངས་སྐད་ཆ་བཤད་སྐབས་མི་ཁྲི་སྟོང་འཛོམས་ཀྱི་ཡོད་པ་དེ་དག་ཁྲལ་བསྐུལ་ནས་ཡོང་བ་མིན་ལ། ཡང་ལྟད་མོ་བསྟན་ནས་དེར་ཡིད་དབང་འཕྲོགས་ཏེ་ཡོང་བ་ཡང་མིན། ངས་གཏམ་བཤད་བྱས་པ་དེར་བྲོ་བ་ཡོད་པ་ཞིག་དང༌། ཁོ་རང་ཚོར་ཅུང་ཟད་ཕན་གྱི་ཡོད་པས་ན་ཡོང་གི་ཡོད་པ་རེད། དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་གཟི་བརྗིད་དང༌། ཁྱད་ཆོས་ཤིག་ཡིན།

                མདོ་དོན་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་གྱི་ཐོག་ནས་འཛིན་སྐྱོང་བྱེད་དགོས་ཞེས་བརྗོད་པ་ནི། ལྐུག་པའི་ཞེན་ཁོག་གིས་བཤད་པ་མིན་ལ། ཡང་ང་རྒྱལ་དང༌། ཕྲག་དོག་གི་ཐོག་ནས་བཤད་པ་ཡང་མིན། བློ་གཟུ་བོར་གནས་པའི་ཐོག་ནས་དང༌། བརྟག་ཅིང་དཔྱད་པའི་སྒོ་ནས་བསམ་བློ་བཏང་ན། ང་རང་ཚོའི་ཆོས་དང་རིག་གཞུང་འདི་སྤྱི་སྒེར་གང་ལའང་ཕན་ཐོགས་ཡོད་པ་ཞིག་ལ་ཚད་མས་མཐུན་སྣང་དུ་གྲུབ་པ་ཞིག་ཆགས་ཡིན་པས་ན། དེ་དག་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་བྱེད་དགོས་ཞེས་བཤད་པ་ནི་དེ་ལྟར་ཡིན།

                དཔེར་ན། ང་རང་ཚོ་བོད་པའི་ནང་དུ་ཆ་བཞག་ན་ཡང༌། ཆོས་ཕྱོགས་ཀྱི་བསམ་བློ་ཅུང་ཟད་ཡོད་པའི་མི་ཞིག་ཡིན་ན། དེར་དཀའ་ངལ་འཕྲད་སྐབས་ཕལ་ཆེར་སྙིང་སྟོབས་ཆེ་བ་ཡོད། ཆོས་མེད་པའི་མི་ཞིག་ལ་དཀའ་ངལ་འཕྲད་སྐབས། ང་རྒྱལ་དང་ཁོང་ཁྲོ་ལངས་སླ་བ་དང༌། དེའི་ཐོག་འཚེ་བ་བྱེད་པ་དེ་ཡོང་གི་འདུག་ཅིང༌། ཆོས་ཕྱོགས་ཀྱི་ཐོག་ནས་བསམ་བློ་དེ་ཙམ་མེད་པ་ཞིག་ཡིན་ན། རྐྱེན་ངན་འཕྲད་སྐབས་མ་སྐྱིད་པ་ཤུགས་ཆེན་པོ་ཡོང་བ་དང༌། མ་སྐྱིད་པ་དེས་གང་མཚམས་ནས་རླུང་གི་སྟེང་དུ་ཕྱིན་ཏེ་ཞེ་སྡང་ལངས། ཞེ་སྡང་ལངས་པ་དེས་འཚེ་བའི་ལམ་དུ་འགྲོ་བ་ཞིག་ཡོང་གི་འདུག བསམ་བློ་ཅུང་ཟད་གཏོང་ཤེས་མཁན་ཞིག་དང༌། ལས་རྒྱུ་འབྲས་ཀྱི་རྟེན་འབྱུང་དང་གཅིག ལྟོས་གྲུབ་ཀྱི་རྟེན་འབྱུང་དང་གཉིས། འཚེ་བའི་མེད་པའི་རྩ་བ་བྱམས་བརྩེ་ཡིན་ཞིང༌། དེ་ལྟའི་ཚོར་བ་དང་གོ་བ་ཅུང་ཟད་ཡོད་པ་ཞིག་ཡིན་ན། རྐྱེན་ངན་འཕྲད་སྐབས་སེམས་ཀྱི་ཞི་བདེ་འཛིན་ཐུབ་པ་ཞིག་དང༌། འཕྲལ་དུ་རླུང་ལངས་པ། ད་ལྟ་ཉིད་དུ་སེམས་ཞུམ་སྟེ་ཁོང་ཁྲོ་ལངས་པ་དེ་དག་ཕལ་ཆེར་ཡོང་རྒྱུ་ཉུང་བ་ཡོད། དེས་ན། བསམ་བློའི་འཁྱེར་སོ་དེ་ངེས་པར་དུ་མི་ལ་གནད་འགག་ཆེན་པོ་ཡོད་པ་ཞིག་དང༌། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེས་ཕན་ཐོགས་ཏན་ཏན་ཡོད་པ་ཞིག་རེད། ངེས་པར་དུ་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་དང་དད་པ་བྱས་ཏེ་ཁ་འདོན་དགེ་སྦྱོར་ལྟ་བུ་མ་བྱས་ཀྱང༌། དེ་ནི་གལ་ཆེན་པོ་དེ་ཙམ་མིན་ལ། སྒོམ་སྒྲུབ་ལྟ་བུ་དམིགས་བསལ་མི་བྱེད་མཁན་ཞིག་ཡིན་ན་ཡང༌། སངས་རྒྱས་པའི་ཆོས་ཀྱི་བྱམས་པ་དང༌། བརྩེ་བ། དེ་དང་འབྲེལ་བའི་བཟོད་པ། དེ་དང་འབྲེལ་བའི་ཆོག་ཤེས་བཅས་དང༌། ཡང་ཚུར་ཕྱོགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཞེས་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་དང༌། ལྟོས་གྲུབ་ཀྱི་རྟེན་འབྱུང་དེ་དག་གི་བསམ་བློ་ཞིག་འཁོར་ན། མིའི་བསམ་བློ་དེ་གུ་ཡངས་སུ་འགྲོ་བ་དང༌། རྒྱ་ཆེ་རུ་འགྲོ་བར་ཕན་ཐོག་ཏན་ཏན་ཡོད། ངེས་པར་དུ་ཆོས་ཡིན་མི་དགོས་ལ། ངེས་པར་དུ་ནང་པ་ཡིན་མི་དགོས། ནང་པའི་ལྟ་གྲུབ་ཀྱི་བསླབ་བྱ་དེ་དག་ཚུར་གཅིག་འཁྱེར་ཏེ་དེ་དག་ཉམས་ལེན་བྱས་ཤིང༌། ནང་པ་བྱས་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་མི་དགོས་པར་བྱས་ཏེ་བསྡད་ན་འགྲིགས་ཀྱི་ཡོད། དེས་ན། ངས་ནམ་རྒྱུན་སེ་ཁོ་ལར་་ ༤༢ ༥༥

                དེ་ནི་སྤྱི་ཡོངས་ཀྱི་བོད་དུ་ཡོད་པའི་སངས་རྒྱས་པའི་ཆོས་ཀྱིས་ཕན་ཐོགས་ཡོད་པའི་རྒྱུ་མཚན་དེ་དག་ཡིན་པས་ན། དེ་དག་ཁྱེད་རང་ཚོས་ཤེས་པར་བྱ་དགོས། 

གཉིས་པ། ང་ཞེས་པ་དེ་གང་ཞིག་ཡིན་མིན་སྐོར། 

                དེ་ནས་ཆོས་འགྲེལ་བཤད་བརྒྱབ་པ་ཡིན་ན། ཆོས་བརྒྱུད་འདྲ་མིན་གྱི་ཆོས་ལ་ཚོགས་པའི་སྐབས་སུ། འདྲི་བ་འདི་ལྟ་བུ་ཡོང་གི་འདུག ང་ཞེས་པ་གང་ཞིག་རེད་དམ། ང་ཞེས་པ་དེར་ཐོག་མ་ཡོད་དམ་མེད། དེ་ལ་མཐའ་མ་ཡོད་དམ་མེད་ཅེས་པའི་དྲི་བ་གསུམ་སླེབས་ཀྱི་ཡོད། དེ་ནི་ཧ་ཅང་གི་འབྲེལ་པོ་ཞིག་འདུག་ཅིང༌། གནད་ཆེན་པོ་ཞིག་ཀྱང་ཆགས་ཀྱི་ཡོད། ངས་བར་ལམ་འགྲེལ་བཤད་འདི་ལྟར་དུ་རྒྱབ་ཀྱི་ཡོད། དེ་རིང་ཁྱེད་རང་ཚོ་ལའང་འདི་ལྟར་འགྲེལ་བཤད་རྒྱབ་དགོས་པ་མིན་ནམ་བསམ་པ་དྲན་བྱུང༌།

                ཐོག་མར་ང་ཞེས་པ་དེ་གང་ཞིག་རེད་དམ། འཛམ་གླིང་འདིའི་སྟེང་དུ་མིའི་སྤྱི་ཚོགས་རིམ་ཡར་རྒྱས་ཕྱིན་ཏེ། ཡི་གེ་གསར་དུ་བཟོ་ཤེས་པ་སོགས་མིའི་རྣམ་དཔྱོད་རིམ་བཞིན་ཤུགས་ཇེ་ཆེར་ཕྱིན་པའི་སྐབས་སུ། བདེ་བ་དང་སྡུག་བསྔལ་མྱོང་མཁན་གྱི་ང་ཞེས་པ་དེར་ཚུར་རྩད་བཅོད་བྱེད་པའི་མགོ་ཚུགས་ཡོང་གི་ཡོད། དཔེར་ན། དུད་འགྲོར་ཆ་བཞག་ན། སྡུག་བསྔལ་མི་འདོད་ཅིང༌། བདེ་བ་འདོད་པ་རེད། སྡུག་བསྔལ་མི་ཡོང་བ་དང༌། བདེ་བ་ཡོང་བའི་དོན་དུ་ཉིན་རེ་བཞིན་དུ་དཀའ་ལས་རྒྱབ་ཅིང་འགུལ་བསྐྱོད་རྒྱབ་ནས་འགྲོ་བ་གཅིག་མཚུངས་ཡིན་ན་ཡང༌། དུད་འགྲོའི་རིགས་ཤིག་གིས་དེ་ལྟའི་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པའི་ང་ཞེས་པ་དེ་གང་ཞིག་ཡིན་མིན་དུད་འགྲོས་རྩད་གཅོད་མི་བྱེད་ཅིང༌། མིས་དེ་ལྟར་དཔྱད་པ་བྱེད་ཀྱི་ཡོད། ཕལ་ཆེར་ལོ་སྟོང་ཕྲག་གསུམ་བཞིའི་མཚམས་ནས་རྩད་གཅོད་བྱེད་ཀྱི་ཡོད། ཨི་སི་སྦི་ཤོན་སི་བི་ལ་ཛི་ཤོན་ ༤༤།༥༠

                སྤྱིར་བཏང་ལོ་ལྔ་སྟོང་ཙམ་བཤད་ཀྱི་ཡོད་ཅིང༌། ཆོས་ཕྱོགས་ཀྱི་ལྟ་གྲུབ་དེ་ཡང་ལོ་ལྔ་སྟོང་ཙམ་ཕྱིན་པ་རེད་ཅེས་ང་ལ་བཤད་མཁན་ཞིག་བྱུང༌། ཨི་འཇིབ་ཀྱི་མཐོ་རིམ་སློབ་གྲྭ་ཞིག་གི་མཁས་དབང་སྐད་གྲགས་ཡོད་པ་ཞིག་རེད་ཅེས་བརྗོད་ཀྱི་འདུག་པ་ཁོང་དང་སྔ་ལོ་ཁྱུག་ཙམ་ཐུག་བྱུང་ཞིང༌། སྐབས་དེར་ཁོང་དང་སྐད་བྱུང་བས། ཨི་སི་སྦི་ཤོན་སི་བི་ལ་ཛི་ཤོན་ ༤

དོ་སྣང་ཅུད་ཟད་ཡོད། ངས་དེབ་ཀློག་མི་སྒྱིད་པས། མི་ཐུག་སྐབས་ངས་སྐད་ཆ་དྲིས་ཀྱི་ཡོད། ཁོང་ལ་ངས་སྐད་ཆ་དྲིས་པར་ཁོང་གིས་དེ་ལྟར་བརྗོད་ཀྱི་འདུག ཨི་སི་སྦི་ཤོན་སི་བི་ལ་ཛི་ཤོན་ ༤

ནང་དུ་ལོ་ལྔ་སྟོང་ཙམ་གྱི་ནང་ལ་ཆོས་ཕྱོགས་ཀྱི་ལྟ་གྲུབ་དེ་འདྲ་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག དེ་ལྟར་ཡིན་ན་ལོ་ལྔ་སྟོང་ཕྱིན་པ་རེད། སྤྱིར་བཏང་རྒྱ་གར་ནང་ཆ་བཞག་ན། མུ་སྟེགས་པའི་ཆོས་ལུགས་དར་ནས་ལོ་སུམ་སྟོང་ཙམ་ཕྱིན་པ་མིན་ནམ། ཆོས་ལུགས་སྔ་ཤོས་ནི་གྲངས་ཅན་པའི་གྲུབ་མཐའ་ཡིན། དེ་ལྟར་བདག་ཅེས་པ་དེར་གཞི་ནས་བསམ་བློ་ཞིག་བཏང་སྟེ། ང་ཞེས་པ་དེ་གང་འདྲ་ཞིག་འདུག་གམ། དེར་རྩད་གཅོད་བྱེད་པ་ཞིག་བྱུང་བ་རེད། དེ་རྩད་གཅོད་བྱེད་སྐབས། རིགས་གཅིག་གིས་ང་ཞེས་པ་དེར་བསམ་བློ་གཏོང་སྐབས། དཔེར་ན། ང་རང་ཚོའི་ཉམས་མྱོང་གི་ཐོག་ནས་བསམ་བློ་ཞིག་གཏོང་སྐབས། དཔེར་ན། ངས་མེ་ཏོག་འདི་མཐོང་སོང་ཞེས་བརྗོད་སྐབས། མིག་མཐོང་ནི་མིག་གི་ཤེས་པ་ཡིན་ལ། མིག་གིས་ཤེས་པས་མེ་ཏོག་མཐོང་གི་ཡོད། འོན་ཀྱང་བློར་ཤར་སྐབས་མིག་གི་ཤེས་པས་མཐོང་བ་ལ་བརྟེན་ནས་ངས་མཐོང་སོང་བསམ་པ་ཞིག་དྲན་གྱི་ཡོད། མཐོང་བྱེད་ནི་མིག་གི་ཤེས་པ་ཡིན་ན་ཡང༌། ང་རང་ཚོའི་བློ་ལྷན་སྐྱེས་ལ་ངས་མཐོང་སོང་བསམ་པ་ཞིག་དྲན་གྱི་ཡོད། དེ་བཞིན་ང་ཡི་ལུས་ཞེས་ལུས་དེ་ང་རེད་བསམ་པ་ཞིག་བློར་དྲན་གྱི་མེད། ང་ཡི་ལུས་ཞེས་པ་ཞིག་བློར་ཤར་གྱི་ཡོད།

དེ་བཞིན་ང་ཡི་སེམས་ཞེས་བློར་ཤར་གྱི་ཡོད། དེས་ན། ལུས་དང་སེམས་གཉིས་པོ་དེ་ང་ཡིན་པའི་འདུ་ཤེས་ཤར་གྱི་མེད། ལུས་དང་སེམས་ལ་བདག་པོ་བརྒྱབ་མཁན་དང༌། ལུས་དང་སེམས་ལ་དབང་སྒྱུར་མཁན་གྱི་ང་ཞིག་ཡོད་པ་བློར་ཤར་གྱི་ཡོད། ང་ཡི་ལུས་སེམས་ཞེས་བརྗོད་ཀྱི་ཡོད། དེར་བརྟེན། ལུས་སེམས་གཉིས་ལས་ལོགས་སུ་ང་ཞེས་པ་ཞིག་ཡོད་དགོས་སོ་བསམ་པ་ཞིག་བློར་སླེབས་ཀྱི་ཡོད།

                ལྷག་པར་དུའང་རིགས་འགའ་ཞིག་སྐྱེ་བ་སྔ་མ་དྲན་མཁན་དེ་འདྲ་རེ་ཟུང་ཡོང་གི་ཡོད། དེ་འདྲ་ཡོང་བའི་སྐབས་སུ། སྐྱེ་བ་ཡོད་པ་ང་རང་གི་ཉམས་མྱོང་གི་སྟེང་ནས་གྲུབ་ཡོང་གི་འདུག ངེས་ཡོང་གི་འདུག ངས་དྲན་གྱི་འདུག ཡོད་ཐག་ཆོད་རེད། ངའི་སྐྱེ་བ་སྔོན་མ་དེ་དང་ད་ལྟའི་སྐྱེ་བ་འདི་གཉིས་ཀྱི་ལུས་སེམས་གཉིས་པོ་རྩ་བ་ནས་ཐ་དད་རེད། འོན་ཀྱང་ང་ཡི་སྐྱེ་བ་སྔོན་མ་ཆགས་ཡོད། དེས་ན། སྐྱེ་བ་སྔོན་མ་ནས་འདིར་འོངས་བའི་ང་ཞིག་ཡོད་དགོས་སོ་བསམ་པ་བློར་དྲན་གྱི་རེད། དེར་བརྟེན་དེའི་གྲུབ་དོན་ལ། མཐར་ཐུག་སྡོམ་གང་ཞིག་བརྒྱབ་པ་རེད་དམ་ཞེ་ན། ང་ཞེས་པ་དེ་ཕུང་པོ་ལས་དོན་གཞན་དུ་ཡོད་ཅིང༌། ཕུང་པོ་ལས་དོན་གཞན་པའི་བདག་ཅིག་ཡོད་ཅེས་བརྗོད་ཀྱི་ཡོད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་ཙམ་གྱི་ནང་ཚུན་དུ་བྱུང་བའི་ལྟ་གྲུབ་མང་དུ་ཡོད་པའི་ནང་ནས་ནང་པ་གཅིག་པུ་ལས་དེ་མིན་ཡོངས་རྫོགས་ཀྱིས་ཕུང་པོ་ལས་དོན་གཞན་པའི་བདག་བཤད་ཀྱི་ཡོད། ཕུང་པོ་ལས་དོན་གཞན་པའི་བདག་དེ་ཐ་སྙད་ཆ་ཚང་སྦྱར་མིན་ཇི་ལྟར་ཡང༌། བསམ་བློའི་ནང་འཆར་ཚུལ་ནི། སྐྱེ་བ་སྔོན་མ་ནས་འདིར་འོངས་མཁན་དང༌། འདི་ནས་ཕྱི་མར་འགྲོ་མཁན་ཞེས་བརྗོད་སྐབས། ང་གཅིག་ལྟ་བུ་ཞིག་བློར་ཤར་བ་དང༌། ཕུང་པོ་ནི་ང་གཞོན་པའི་སྐབས་ཀྱི་ཕུང་པོ་ཡོད་ལ། རྒན་པའི་སྐབས་ཀྱི་ཕུང་པོ་ཡོད་ཅིང༌། ནད་པའི་གནས་སྐབས་ཀྱི་ཕུང་པོ་ཡོད། ནད་པ་དྲག་པའི་གནས་སྐབས་ཀྱི་ཕུང་པོ་ཡོད་པ་བཅས་ལུས་ཀྱི་རྣམ་འགྱུར་འདྲ་མིན་འགྱུར་གྱི་ཡོད། སྐྲ་དཀར་མེད་པའི་གནས་སྐབས་ཡོད་ལ། སྐྲ་དཀར་ཡོད་པའི་གནས་སྐབས་ཀྱང་ཡོད། དེས་ན། ཕུང་པོ་འགྱུར་འགྲོ་ཡི་ཡོད་པ་ང་ཚོའི་མཐོང་ཆོས་སུ་ཡོད། དེ་བཞིན་ཤེས་པ་འགྱུར་འགྲོ་ཡི་ཡོད་པ་མཐོང་ཆོས་སུ་ཡོད། ནམ་དུ་ཡང་ང་ཆུང་ཆུང་གི་སྐབས་སུ་ཞེས་དང༌། ང་གཞོན་ནུའི་སྐབས་ལ། ང་དར་མའི་སྐབས་ལ། ང་རྒད་པོའི་སྐབས་སུ་ཞེས་ང་དེ་གཅིག་པ་ལྟ་བུ་ཞིག་ཡོད། དེས་ན། ལུས་སེམས་ལ་འགྱུར་བ་ཕྱིན་པ་ལྟར་འགྱུར་བ་འགྲོ་རྒྱུ་མེད་པའི་ང་ཞིག་བློར་ཤར་གྱི་ཡོད།

དེར་བརྟེན། ང་དེ་འགྱུར་བ་མེད་པའི་རྟག་པ་དང༌། ང་ཀུན་ལ་ཁྱབ་པ་ལྟ་བུ་བཅས་ང་དེ་རྟག་གཅིག་རང་དབང་བ་ཞེས་པའི་ཐ་སྙད་དེ་སྦྱར་མིན་ཇི་ལྟར་རུང༌། དོན་དུ་ཕུང་པོ་ལས་དོན་གཞན་པའི་བདག་ཅིག་བཤད་སྐབས། བདག་དེ་རྟག་གཅིག་རང་དབང་བ་ཞིག་རེད་ཅེས་དེ་ལྟར་བཤད་ཀྱི་ཡོད།

                རྒྱ་གར་དུ་བྱུང་བའི་ཆོས་ལུགས་མ་ཡིན་པར། རྒྱ་གར་ཕྱི་ཕྱོགས་སུ་བྱུང་བའི་འཇིའུའི་ཆོས་ལུགས་དང༌། དེ་བཞིན་ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས། གཞན་ཡང་ཛོ་ར་ཛ་དིམ་ལ་སོགས་པའི་ཆོས་བརྒྱུད་དེ་དག་ཚང་མས་རྣམ་ཤེས་ཞེས་པ་ཞིག་ཡོད་པ་རེད་ཅེས་བརྗོད་ཅིང༌། དཔེར་ན། ཡེ་ཤུའི་ཆོས་ལ་ཆ་བཞག་ན། སྐྱེ་བ་སྔོན་མ་མི་འདོད་ཅིང༌། སྐྱེ་བ་སྔ་ཕྱི་འདོད་མཁན་རྣམས་ཀྱི་བཤད་པ་ལྟར། སྐྱེ་བ་ཕྱི་མ་འདོད་ཀྱི་མེད་ཀྱང༌། ཕུང་པོ་དེ་ཉིད་ཤི་ཟིན་པའི་རྗེས་སུ་ཕུང་པོ་ལས་ལོགས་སུ་ཕྱེ་བའི་རྣམ་ཤེས་ཞེས་པ་ཞིག་བཤད་ཀྱི་ཡོད། རྣམ་ཤེས་དེ་རོ་སྒམ་ནང་དུ་སྦས་ཀྱི་ཡོད་དམ། ཕྱི་ལོགས་སུ་སྦས་ཀྱི་ཡོད་མེད་སོགས་ཞིབ་ཕྲ་ངས་མི་ཤེས། གཅིག་བྱས་ན་ཁོང་ཚོས་ངལ་གསོས་པ་སྟེ། མི་དེ་ཤི་ཟིན་རྗེས་རོ་སྒམ་གྱི་ནང་དུ་གཟོབ་པོ་བྱས་ཏེ་བཅུག་ནས་ངལ་གསོ་བྱས་ཏེ་རྣམ་ཤེས་དེ་རོ་སྒམ་ནང་སྐྱིད་པོ་བྱས་ཏེ་སྡོད་ཀྱི་མེད་དམ།

                མདོ་དོན་གང་ཞིག་ཡིན་ན་ཡང༌། ཁྲིམས་སའི་བཅད་མཚམས་ཀྱི་ཐག་གཅོད་བྱེད་སྐབས། སྟོན་པ་ཡེ་ཤུ་ཕེབས་ཀྱི་ཡོད་པ་ལྟ་བུ་བྱས་ཏེ་ཁྲིམས་སའི་བཅད་མཚམས་ཀྱི་ཐག་གཅོད་བྱས་ཏེ། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་གི་རྗེས་སུ་འབྲངས་ཏེ་བཟང་པོ་བྱེད་མཁན་དེ་དག་དཀོན་མཆོག་གི་དྲུང་དང༌། དག་ཞིང་ལ་སྐྱེ་བ་དང༌། དཀོན་མཆོག་གི་བཀའ་ལ་མ་ཉན་པར་དེ་ལ་ལྟོས་པའི་ལོག་ལྟ་བྱེད་མཁན་རྣམས་ངན་འགྲོ་ཐེབས་པ་བཅས་ཀྱི་བཟང་ངན་དབྱེ་བ་འབྱེད་ཀྱི་ཡོད། ང་ཚོ་ཕལ་ཆེར་མར་འགྲོ་མཁན་གྱི་གྲས་རེད། གང་ལགས་ཤེ་ན། ང་རང་ཚོ་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཁས་ལེན་གྱི་མེད།

                སྔར་ཕྱི་ལོ་ ༡༩༦༠ མགོ་སྟོད་དུ་ཨ་རིའི་སྐྱེས་དམན་བཟང་སེམས་ཧ་ཅང་གི་བཟང་པོ་ཞིག་ཡོད་པ་ཁོང་སྐབས་དེར་ཐུག་བྱུང༌། སྐྱེས་དམན་དེ་ཀུ་ལུར་ལྟ་སྐོར་དང༌། གུང་གསེང་ལྟ་བུར་ཕྱིན་ནས་མར་ཡོང་བ་ཡིན་ཞེས་བརྗོད་ཀྱི་འདུག ཀུ་ལུ་ཁུལ་དུ་བོད་པ་ཧ་ཅང་གི་མང་པོ་འདུག་ལ། བོད་དེ་དག་དེ་ལྟ་བུའི་མི་ཡག་པོ། ཉམ་ཆུང་ཚུལ་མཐུན་ཧ་ཅང་གི་ཡག་པོ་འདུག་ཅེས་དགའ་པོ་བྱེད་ཀྱི་འདུག འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་དེ་དག་ཆོས་མི་འདུག་ཅེས་བརྗོད་ཀྱི་འདུག

                དེས་ན། ཡེ་ཤུའི་ཆོས་རང་གི་ཐོག་ནས་བསམ་བློ་བཏང་ན། ང་ཚོ་དེ་དག་ལོག་ལྟ་ཅན། ཆད་ལྟ་བ། འཇིག་རྟེན་བཀོད་པ་པོ་མི་འདོད་པས་ན་ཆད་ལྟ་བ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོ་འགྲོ་ས་ནི་དམྱལ་བར་འགྲོ་རྒྱུ་ལས་དག་ཞིང་ལ་སླེབས་རྒྱུ་ཕལ་ཆེར་མེད། ཁྲིམས་སའི་བཅད་མཚམས་ཞེས་པ་དེ་བྱེད་ས་རྣམ་ཤེས་ཀྱི་སྟེང་དུ་ཡོད། དེས་ན། དེ་ནི་རྟག་གཅིག་རང་དབང་བ་རེད་འདུག་པ། ཐ་སྙད་དེ་སྦྱར་གྱི་མེད་ཀྱང༌། དོན་ནི་མུ་སྟེགས་པའི་ཨ་ཏ་མ་ཞེས་པ་དེ་དང༌། རྣམ་ཤེས་དེ་ཉིད་གཅིག་པ་ལྟ་བུ་ཞིག་ཡིན།

                ཁ་ཆེའི་ཆོས་ལའང་དེ་བཞིན་ཡིན། དཀོན་མཆོག་གིས་བདག་དེ་བཀོད་ཅིང༌། ཕུང་པོ་དེ་དོར་བའི་རྗེས་སུ་དཀོན་མཆོག་གི་དྲུང་དུ་སྐྱེ་བ་ལྟ་བུ་དེ་དག་ཕལ་ཆེར་གཅིག་པ་རེད། དེས་ན། ཕལ་ཆེར་འཛམ་གླིང་འདིའི་སྒང་ལ་ཡོད་པའི་ཆོས་བརྒྱུད་འདྲ་མིན་གཙོ་ཆེ་བ་ང་རང་དང་འབྲེལ་བ་ཡོད་པ་དང༌། ང་རང་གི་ཤེས་ཚོད་ལྟར་བྱས་ན། ཆོས་བརྒྱུད་བཅུ་གྲངས་ཤིག་ཡོད་ཅིང༌། དེ་དག་ལས་ནང་པ་སངས་རྒྱས་པའི་ཆོས་ཁོ་ན་ལས། དེ་ལྟའི་ཕུང་པོ་ལས་དོན་གཞན་པའི་བདག་ཅིག་བཤད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱིས་བདག་མེད་ཅེས་པ་དེ་གསུངས་ཏེ། བདག་དེ་འདྲ་ཞིག་མེད་ཅེས་དང༌། བདག་ཅེས་པ་དེ་གང་འདྲ་ཞིག་ཡིན་མིན་འཚོལ་སྐབས། བདག་ཅེས་པ་དེ་ལུས་སེམས་ཀྱི་ཕུང་ལ་བརྟེན་ནས་བཞག་པའམ་བརྟེན་ནས་བཏགས་པ་ཞིག་ཡིན་ཞེས། སྤྱིར་ནང་པའི་གཞུང་ནས་དེ་ལྟར་གསུངས་ཀྱི་ཡོད། བདག་མེད་ཅེས་པ་ཞིག་གསུངས་ཀྱི་ཡོད།

                ནང་པའི་སྡེ་ཚན་བྱེ་བྲག་སྨྲ་བའི་སྡེ་པ་རེ་ཟུང་གིས། བདག་མེད་ཅེས་ཐག་མི་བཅད་པར་བརྗོད་དུ་མེད་པའི་བདག་ཅེས་པ་གསུངས་པ་ཞིག་ཡོད་པ་རེད། རྟག་གཅིག་རང་དབང་བའི་བདག་མེད་ཅེས་གསུངས་ཀྱི་མེད་དམ།

སྤྱིར་བཏང་བདག་ཅེས་གསུངས་སྐབས། བདག་མེད་ཅེས་པའི་ཐ་སྙད་དེ་ཉིད་མི་བརྗོད་པར། བརྗོད་དུ་མེད་པའི་བདག་ཅེས་པ་ཞིག་གསུངས་ཀྱི་ཡོད།

                སྤྱིར་ནང་པའི་གྲུབ་མཐའ་སྨྲ་བ་ཚང་མས། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱང་ངན་ལས་འདས་པ་ཞི་བ་ཞེས་པ་དེ་གསུངས་ཀྱི་ཡོད།

དེས་ན། བདག་མེད་ཅེས་བཤད་མཁན་ནི་འཛམ་གླིང་འདི་སྟེང་ཆོས་ལུགས་འདྲ་མིན་མང་དུ་ཡོད་པ་ལས་ནང་པ་ཁོ་ན་ཡིན།

                བདག་མེད་ཀྱི་དོན་ནི། ང་རང་ཚོས་ནམ་རྒྱུན་བློར་ང་ཞེས་བློར་ཤར་བའི་ང་དེ་མེད་ཅེས་བརྗོད་ཀྱི་ཡོད་དམ་ཞེ་ན། དེ་ནི་རྩ་བ་ཉིད་ནས་མིན།

ང་བློ་ལ་ཤར་བའི་ང་དེ་ནི་ཡོད་ཐག་ཆོད་རེད། ང་དེ་ཡོད་པས་ན་ང་དེ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་དེ་རྒྱུ་མཚན་དུ་བྱས་ཏེ། ང་དེས་སྡུག་བསྔལ་སེལ་བའི་རྒྱུ་ལ་བརྩོན་དགོས་པ་དང༌། ང་དེས་སྡུག་བསྔལ་འབྱུང་བྱེད་ཀྱི་རྒྱུ་བཀག་ནས་སྡུག་བསྔལ་གྱི་རྒྱུ་དགག་པས་ན། རྒྱུ་དེའི་འབྲས་བུ་ལས་ཐར་ཏེ་བདེ་སྐྱིད་ཡོང་གི་རེད་ཅེས་བརྗོད་ཀྱི་ཡོད། དེས་ན། ང་ཁས་ལེན་གྱི་ཡོད། འོན་ཀྱང་བདག་མེད་ཅེས་པའི་མེད་རྒྱུའི་བདག་དེ་ཕུང་པོ་ལས་དོན་གཞན་པའི་བདག་དེ་ལྟ་བུ་ཞིག་མེད་ཅེས་དང༌། དེའི་ཐོག་ཏུ་ང་ཞེས་པ་དེ་ཕུང་པོ་ལ་བརྟེན་ནས་གྲུབ་པ་ཡིན་ན་ཡང༌། བློར་ཤར་སྐབས་གོང་དུ་བརྗོད་པ་ལྟར། ང་ཡི་ལུས་སེམས་གཉིས་ལ་དབང་བསྒྱུར་མཁན་གྱི་རྗེ་བོ་ལྟ་བུ་རང་མཚན་པ་ཞིག་སྟེ། རྗེ་བོ་ཞེས་པ་ནི་དཔོན་པོ་དང༌། ལུས་སེམས་གཉིས་པོ་དེ་དབང་བསྒྱུར་བྱ་འཁོལ་པོ་ལྟ་བུ་དང༌། ང་ལུས་དང༌། ང་ཡི་སེམས་ཞེས་ལུས་སེམས་གཉིས་ལ་དབང་བསྒྱུར་མཁན་གྱི་བདག་དེ་ནི་རྗེ་བོ་ལྟ་བུ་ཞིག་བློར་ཤར་གྱི་ཡོད། དཔེར་ན། ང་ཡི་སེམས་ལ་བདག་པོ་བརྒྱབ་སྟེ། སེམས་ལ་ཆགས་སྡང་ཉུང་དུ་གཏོང་བ་ལྟ་བུ་དང༌། སེམས་ལ་བྱམས་སྙིང་རྗེ་ཤུགས་ཆེ་རུ་གཏོང་བ་བཅས་ལ་ངས་རྩོལ་བ་བྱེད་ཀྱི་ཡོད། རྩོལ་བ་བྱེད་པ་ནི། ང་དེས་སེམས་ལ་བསྒྱུར་གྱི་ཡོད་པ་རེད། དེའི་ངོས་ནས་བཤད་ན་སེམས་ལ་བསྒྱུར་བ་ལྟ་བུ་ཞིག་ཡོད། ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན། ང་དེ་སེམས་ཀྱི་དབང་དུ་གྱུར་པ་ལྟ་བུ་ཞིག་ཡོད། སེམས་དེ་ང་ཡི་དབང་དུ་གྱུར་པ་དང༌། དེ་བཞིན་ང་ཡི་ལུས་དེ་ཉིད་སེམས་ཀྱིས་བདག་པོ་བརྒྱབ་སྟེ། ང་ཡི་ལུས་ལ་གཅེས་སྤྲས་བྱེད་པ་ལྟ་བུ་དང༌། དཔེར་ན། རྐང་པའི་པུས་མོ་ན་བའི་ཚེ། ང་དེས་ང་ཡི་ལུས་ཀྱི་ཆ་ཤས་པུས་མོར་ན་བ་དེ་མི་བཟོད་པར། ང་ཡི་ལུས་ཀྱི་ཆ་ཤས་ལག་པ་གཉིས་ཀྱིས་པུས་མོར་རོགས་རམ་བྱས་ཏེ་ང་ཚོས་འཕུར་མཉེད་གཏོང་བ་ལྟ་བུ་བྱེད་ཀྱི་ཡོད། ང་དེས་བཀའ་ལྟ་བུ་ཞིག་བཏང་གི་ཡོད། དེས་ན། ང་དེ་བཀའ་གཏོང་མཁན་གྱི་རྗེ་བོ་ལྟ་བུ་དང༌། ལུས་སེམས་གཉིས་པོ་དེ་ཁོལ་པོ་ལྟ་བུ་ཞིག་ང་ཚོའི་བློར་ཤར་གྱི་འདུག་ཅིང༌། དེ་འདྲ་ཞིག་བློར་ཤར་བ་ལྟར། རྗེ་བོ་ལྟ་བུའི་ང་དེ་ཉིད་ཁོལ་པོ་ལྟ་བུའི་ཕུང་པོ་ལ་མ་བརྟེན་པའི་རང་རྐྱ་བ་ཞིག་བློར་ཤར་ཡོང་གི་ཡོད་པས་དེ་ལྟའི་ང་དེ་མེད་ཅེས་བརྗོད་པ་རེད། གང་ཟག་གི་བདག་མེད་ཅེས་པ་ནི་དེར་བཤད་ཀྱི་ཡོད། གང་ཟག་གི་བདག་མེད་རགས་པ་དེ་ཡང་དེའི་སྟེང་ནས་བཤད་ཀྱི་ཡོད། གང་ཟག་གི་བདག་མེད་ཕྲ་མོ་ནི་ཅུང་ཟད་མི་འདྲ་བ་སླེབས་ཀྱི་ཡོད། ད་ལྟ་གང་ཟག་གི་བདག་མེད་རགས་པ་ནི་འདི་ལྟར་བཤད་ཀྱི་ཡོད། རྟག་གཅིག་རང་དབང་བའི་བདག་མེད་ཀྱང༌། ང་རང་ཚོའི་བློ་ལྷན་སྐྱེས་ལ་ངའོ་སྙམ་པའི་བློ་ཤར་བའི་གནས་སྐབས་ལ། རྟག་པ། གཅིག་པུ། རང་རྐྱ་བའི་ཁྱད་པར་དུ་བྱས་ནས་བློར་ཤར་གྱི་མེད་ས་ན། རྟག་གཅིག་རང་དབང་བའི་བདག་ཏུ་འཛིན་པའི་བློ་དེ་གྲུབ་མཐས་བཏགས་པའི་བློ་ཡིན་པ་ལས། བློ་ལྷན་སྐྱེས་སུ་བྱུང་བ་ཞིག་མིན་པས་ན། རྟག་གཅིག་རང་དབང་བར་འཛིན་པའི་བདག་འཛིན་དེ་འཛིན་པ་ཀུན་བཏགས་ཡིན་པ་ལས། འཛིན་པ་ལྷན་སྐྱེས་མིན།

                འཛིན་པ་ལྷན་སྐྱེས་གང་ཞིག་རེད་དམ་ཞེ་ན། བདག་དེ་རྗེ་བོ་ལྟ་བུ་ཁོལ་པོ་ལྟ་བུའི་ཕུང་པོར་དབང་བསྒྱུར་མཁན་ཏེ། རྗེ་བོ་དེ་ཁོལ་པོ་ལ་མི་ལྟོས་པ་ལྟར་བདག་དེ་ཕུང་པོ་མི་ལྟོས་པའི་རང་རྐྱ་བ་ཞིག་ལ་ལྟ་མཁན་གྱི་བློ་ཞིག་ཡོད་ཅིང༌། དེ་ལྟའི་བློ་དེ་ཡང་དོན་ལ་གནས་པ་ཞིག་མིན་ལ། དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཞིག་ཡིན། དེའི་འཛིན་པ་ནི་བདག་འཛིན་གྱི་འཛིན་པ། ཕྱིན་ཅི་ལོག་གི་བློ་འཛིན་པ་ལྷན་སྐྱེས་རེད་ཅེས་འདི་ལྟར་དབྱེ་བ་ཕྱེ་ཡི་ཡོད།

                བདག་མེད་བསམ་བློ་ཤུགས་ཆེན་པོ་གཏོང་ས་ནི། རྟག་གཅིག་རང་དབང་བའི་བདག་བཀག་པ་ཙམ་མིན་པར། རྟག་གཅིག་རང་དབང་བའི་བདག་མེད་པ་ཙམ་མ་ཟད། ཕུང་པོ་ལ་དབང་བསྒྱུར་མཁན་གྱི་རྗེ་བོ་ལྟ་བུའི་བདག་རང་རྐྱ་བ་མེད་པ་ཞིག་ཐག་བཅད་ནས། དེ་ལྟའི་རང་རྐྱ་བ་མེད་པའི་ལྟ་བ་དེ་ནི། བདག་མེད་ཀྱི་ལྟ་བ་ཞེས་ང་ཚོས་བཤད་པ་དེ་ཡིན། དེ་ནི་ནང་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་བདག་མེད་ཀྱི་བསམ་བློ་གཏོང་ས་གཙོ་བོ་དེའི་སྟེང་དུ་བསམ་བློ་གཏོང་གི་ཡོད།

                དེས་ན། ནང་གསེས་ཀྱི་ནང་པ་ལ་བདག་འཇོག་ཚུལ་དང༌། མདོར་ན་བདག་མེད་འཇོག་སྟངས་ཀྱི་ཐོག་ནས་ནང་པའི་གྲུབ་མཐའ་བཞི་ཆགས་ཀྱི་ཡོད། དེ་ཡང་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་གྲུབ་མཐའ་བཞིར་ཕྱེ་ཡི་ཡོད། དེ་ལྟར་གྲུབ་མཐའ་བཞིར་ཕྱེ་སྐབས།

བདག་ཅེས་པའི་ངོ་བོ་འཇོག་སྐབས། བདག་གམ་ང་ཞེས་པ་ཞིག་བློར་ཤར་སྐབས། ང་ཞེས་པ་དེ་ངོ་མ་མཛུབ་མོ་འཛུགས་ས་དེ་གང་འདྲ་ཞིག་ལ་འཇོག་དགོས་སམ། གང་འདྲ་ཞིག་རེད་དམ་ཞེ་ན། དབུ་མ་པའི་ནང་གསེས་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་རེད། དོན་གྱི་ངོས་ནས་གྲུབ་པ་ཞིག་མེད་ཅེས་པའི་ལྟ་བ་སྨྲ་བ་དེ་མ་གཏོགས་དེ་མིན་ནང་པ་ཚང་མས་ཆོས་གང་དང་གང་ཞིག་ཡིན་ན་ཡང༌། དོན་གྱི་ངོས་ནས་གྲུབ་དགོས་སོ་སྙམ་སྟེ། དོན་གྱི་ངོས་ནས་གྲུབ་པ་ཞིག་འདོད་ཀྱི་ཡོད་ལ། དོན་གྱི་ངོས་ནས་ཡོད་པ་ཞིག་ལྟ་ཡི་ཡོད་པས་ན། བདག་ཅེས་པ་དེ་ཡང་དོན་གྱི་ངོས་ནས་གྲུབ་དགོས་ཤིང༌། དེས་ན། ཕུང་པོའིང་ནང་ནས་བདག་དེ་ཡོད་དགོས་སོ་ཞེས་འདི་ལྟར་ཐག་བཅད་པ་དང༌། ཕུང་པོའི་ནང་ནས་བདག་གང་ཞིག་འཇོག་དགོས་སམ་ཞེ་ན། ལུས་འདི་བདག་ལ་བཞག་ན་བདེ་པོ་མེད་ཅིང༌། ལུས་འདི་མི་ཚེ་ནས་མི་ཚེ་བྱས་ཏེ་འགྲོ་ཡི་ཡོད་པས་ན། ལུས་ཀྱི་སྟེང་ནས་ང་མེད་པ་དེ་ཧ་ཅང་གི་གསལ་པོ་རེད། དེས་ན། བློའམ་ཤེས་པའི་སྟེང་ནས་འགྲོ་དགོས་ཤིང༌། ཤེས་པ་ལ་དབང་པོའི་ཤེས་པ་དང༌། ཡིད་བློའི་ཤེས་པ་བཅས་ཡོད་པ་ལས། དབང་པོའི་ཤེས་པ་དེ་དག་ནི་དབང་པོ་ལ་བརྟེན་པ་དང༌། དབང་པོ་དབང་ལྡན་ལ་བརྟེན་པ་དག་ནི་ཧ་ཅང་གི་གསལ་པོ་རེད། དེས་ན། དེ་དག་ནས་བདག་འཇོག་ཐུབ་ཐབས་མེད་པ་ཧ་ཅང་གི་གསལ་པོ་རེད། དཔེར་ན། ང་རང་ཚོའི་གཉིད་ཁུག་པའི་སྐབས་སུ། མིག་གི་ཤེས་པ་དང༌། རྣ་བའི་ཤེས་པ་སོགས་པ་དབང་པོའི་ཤེས་པ་དེ་དག་གིས་བྱ་བ་བྱེད་ཀྱི་མེད། དེས་ན། དེའི་གནས་སྐབས་སུ་བདག་དེ་ཡོད་པ་རེད། བདག་གམ་ང་དེ་ཡོད་པས་ན་ང་དེ་གཉིད་ཁུག་ཡོད། དེའི་སྐབས་སུ་ང་མེད་ཅེས་བརྗོད་ཐུབ་ཐབས་མེད། དེས་ན། ང་ཡོད་ཀྱང༌། སྒོ་ལྔའི་ཤེས་པ་དེ་དག་སྐབས་དེར་མངོན་དུ་གྱུར་མེད་པས་ན། སྒོ་ལྔའི་ཤེས་པའི་སྟེང་ནས་ང་འཇོག་ཤེས་ཀྱི་མེད། དེར་བརྟེན་ཡིད་བློའི་སྒང་ལ་བསམ་བློ་གཏོང་དགོས། རྨི་ལམ་གཏོང་བ་སོགས་བྱེད་པའི་རྟོག་པའམ་བློ་ཞིག་ཡོད་པ་དེའི་སྟེང་ནས་བསམ་བློ་གཏོང་དགོས་པ་ཡིན།

དེས་ན། བདག་ཅེས་པ་དེ་ཡིད་བློའི་སྟེང་དུ་རྙེད་དགོས་པ་ཞིག་དང༌། ཡིད་བློའི་སྟེང་ནས་བདག་འཇོག་དགོས་པ་ཡིན། དེ་ལ་ནང་གསེས་ཀྱི་བསམ་བློ་བཏང་ན། ཡིད་བློ་ལའང་ཡིད་བློ་རགས་པ་ཡོད། དཔེར་ན། ད་ལྟ་ང་རང་ཚོར་སྒོ་ལྔའི་ཤེས་པ་མངོན་དུ་གྱུར་བཞིན་པའི་གནས་སྐབས་སུའང་ཡིད་བློ་ཡོད་ཅིང༌། དཔེར་ན། ཁྱེད་རང་ཚོས་ང་མཐོང་སྐབས། མིག་གིས་ཤེས་པས་མཐོང་གི་ཡོད། ངའི་དབྱིབས་དང་ཁ་དོག་ལ་སོགས་པ་དེ་དག་མཐོང་གི་ཡོད། དེ་མཐོང་བ་དང་ཆབས་ཅིག དེ་བཞིན་རྣ་བའི་ཤེས་པས་ངའི་སྐད་ཆ་དེ་དག་ཁྱེད་རང་ཚོས་ཐོས་ཀྱི་ཡོད། མིག་གིས་གཟུགས་མཐོང་ཞིང༌། རྣ་ཤེས་ཀྱིས་སྒྲ་ཐོས་པ་དང༌། སྒྲ་ཐོས་པའི་སྐབས་སུ་དེའི་རྒྱབ་ཏུ་རྒྱལ་བ་རིན་པོ་ཆེ་འདི་འདྲ་ཞིག་འདུག ཚོས་གཞི་འདི་འདྲ་ཞིག་དང༌། བཟོ་ལྟ་འདི་འདྲ་ཞིག་འདུག སྐད་ཆ་བཤད་སྐབས་ལག་བརྡ་འདི་འདྲ་ཞིག་བྱེད་ཀྱི་འདུག་བསམ་པ་ཞིག་དང༌། རྣ་བས་སྒྲ་ཐོས་པའི་རྗེས་སུ་ཚིག་དེ་དག་རེ་རེའི་དོན་རྟོགས་མཁན་ཞིག་དང༌། དོན་དེར་དཔྱད་པ་བྱེད་མཁན་ཞིག་ཡོད། དེ་ནི་ཡིད་བློ་དེ་ཡིན། མིག་གིས་ཤེས་པས་གཟུགས་འཛིན་ཅིང༌། རྣ་བའི་ཤེས་པས་སྒྲ་འཛིན་པ་དེ་དག་གི་སྡོམ་ལྟ་བུ་ཡིད་བློས་བརྒྱབ་སྟེ། འདི་འདིའོ། འདི་འདི་ལྟར་མིན་ལྟ་བུ་བཟང་དང་ངན་གྱི་རྟོག་དཔྱོད་བྱེད་མཁན་དེ་ཡིད་བློ་ཡིན།

མིག་གི་ཤེས་པ་ནི། མིག་བཙུམ་ན་མིག་བློས་ལས་ཀ་བྱེད་ཀྱི་མེད། མིག་བཙུམ་ན་མིག་བློས་ལས་ཀ་བྱེད་ཀྱི་མེད་ཀྱང༌། ཡིད་བློས་མུ་མཐུད་དེ་བསམ་བློ་གཏོང་གི་ཡོད། དེས་ན། སྒོ་ལྔའི་ཤེས་པ་དང༌། ཡིད་བློ་རྟོག་པ་བཅས་གཉིས་ཡོད། དེ་དག་ནི་ང་ཚོར་ཉིན་རེ་བཞིན་དུ་ཉམས་མྱོང་གི་ཐོག་ནས་ཧ་ཅང་གི་གསལ་པོ་ཡོད། དེས་ན། གཉིད་བསད་དུས་ཀྱི་གནས་སྐབས་སུའང་ཡིད་བློ་རྟོག་པ་ཞིག་དང༌། དེ་ནི་རྟོག་པའམ་ཡིད་བློ་རགས་པ་དེ་ཡིན།

གཉིད་ལམ་གཏོང་བའི་གནས་སྐབས་སུ་ཡང་ཡིད་བློ་གཅིག་ཡོང་གི་ཡོད། དེ་ནི་ཡིད་བློ་ཅུང་ཟད་ཕྲ་བ་དེ་ཡིན། གཉིད་ལམ་མེད་པར་གཉིད་མཐུག་པོ་ཁུག་པའི་སྐབས་སུ་ཡང་ཡིད་བློ་ཞིག་ཡོད། དེ་ནི་གོང་ལས་ཕྲ་རུ་འགྲོ་ཡི་ཡོད། ཡང་རྒྱལ་ཞིང་དྲན་པ་འཐོར་བའི་གནས་སྐབས་སུ་ཡིད་བློ་ཕྲ་མོ་ཞིག་འགྲོ་ཡི་ཡོད། དྲན་མེད་དུ་རྒྱལ་བའི་སྐབས་སུའང་དྲན་པ་གསོས་སྐབས་མཐུད་རྒྱབ་མཁན་གྱི་ཤེས་པའི་རྒྱུན་ཞིག་དགོས་ཤིང༌། དེས་ན། ཡིད་བློ་ཕྲ་རགས་མང་པོ་ཞིག་བཤད་ཀྱི་ཡོད། མཐའ་ཤི་བའི་གནས་སྐབས་སུ། སྔགས་ཀྱི་གཞུང་ནས་འོད་གསལ་ཞེས་གསུངས་པའི་ཤེས་པ་ཕྲ་ཤོས་ཤིག་ཡོང་གི་ཡོད།

དེ་ནི་འཆི་བའི་གནས་སྐབས་སུ་ཡོང་གི་ཡོད་ཅིང༌། གཞི་རྐང་གཉིད་ཀྱི་འོད་གསལ་ཡོད་ལ། དེ་ནས་འཆི་བ་འོད་གསལ་ནི་འོད་གསལ་ཕྲ་ཤོས་དེ་ཡིན།

འདི་ལྟར་ཡིད་བློའི་སྟེང་ནས་ང་དེ་འཇོག་དགོས་སོ་སྙམ་པའི་ཐོག་ནས་ང་ཡི་མཚན་གཞི་ཡིད་ཀྱི་རྣམ་ཤེས་ཞེས་པ་ཞིག་འཇོག་གི་ཡོད།

                ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་དང༌། ཆོས་ཐམས་ཅད་བརྟེན་ནས་བཏགས་ཙམ། མིང་བརྡ་ལ་བརྟེན་ནས་བཏགས་ཙམ། གདགས་གཞི་ལ་བརྟེན་ནས་བཏགས་ཙམ་ཞེས་པ་ཞིག་ལས། དོན་གྱི་ངོས་ནས་གྲུབ་པ་ཞིག་མེད་ཅེས་གསུངས་པའི་གྲུབ་མཐའ་དེའི་ཐོག་ནས་བཤད་ན། ང་ཞེས་པ་དེ་ཕུང་པོའི་ནང་དུ་འཚོལ་བར་ཕྱིན་ན། ལུས་ཀྱི་སྟེང་ནས་རྙེད་རྒྱུ་མེད་ལ། སེམས་ཕྲ་རགས་གང་གིས་སྒོ་ནས་ཀྱང་རྙེད་རྒྱུ་མེད། དེས་ན། ང་ཞེས་པ་དེ་ལུས་དང་སེམས་ལ་བརྟེན་ནས་བཏགས་ཙམ་དང༌། ཐ་སྙད་དུ་གྲགས་ཙམ་རེད། བརྟེན་ནས་བཏགས་ཙམ་གྱི་ང་ཞིག་བཤད་ཀྱི་ཡོད། དེ་མི་དབུ་མ་པའི་ལྟ་བ་ཕྲ་ཤོས་དང༌། ལྟ་བ་ཟབ་ཤོས་དེ་བཤད་ཀྱི་ཡོད། དེ་ནི་ང་ཙམ་དུ་མ་ཟད་ཕུང་སོགས་ཀྱིས་འདུས་པའི་ཆོས་མཐའ་དག་དང༌། མདོར་ན། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ལ་ཆ་བཞག་ན་ཡང༌། མཛུབ་མོ་བཙུགས་ན་རྙེད་རྒྱུ་མེད་ཅིང༌། བརྟག་དཔྱད་བཏང་སྟེ་སྣང་ཙམ་དེས་མ་ཚིམ་པར་བརྟག་ཅིང་དཔྱད་ན་རྙེད་རྒྱུ་མེད་པ་ཐག་ཆོད་པ་རེད་ཅེས་གསུངས་ཀྱི་ཡོད།

                ང་ཡི་ངོ་བོ་གང་ཞིག་རེད་དམ་ཞེ་ན། ཤེས་སོང་ངམ། ང་ཞེས་པ་དེ་གང་ཞིག་རེད་དམ་ཞེས་མཛུབ་མོ་བཙུགས་སྐབས། ཕུང་པོ་ལས་དོན་གཞན་པའི་བདག་ཡོད་ཅེས་པ་དེ་ནང་པ་མིན་པའི་ཆོས་ལུགས་ཚང་མ་དེའི་སྡེ་ཚན་ནང་དུ་འགྲོ་ཡི་ཡོད། ང་ཞེས་པ་དེ་ཕུང་པོ་ལ་བརྟེན་ནས་བཏགས་པ་རེད་ཅེས་བརྗོད་མཁན་ནི་ནང་པ་ཡིན། ཡང་ནང་ལ་ནང་གསེས་ཀྱིས་ཕུང་པོའི་གསེབ་ནས་ཡོད་དང་མེད་ཅེས་པ་དེར་འདོད་ཚུལ་མི་འདྲ་བ་ཡོད། དེ་དག་ནི་ང་ཞེས་པ་དེ་གང་ཞིག་རེད་དམ་ཞེས་པའི་དྲི་བ་དེའི་ལན་ཡིན། ལྟ་གྲུབ་མི་འདྲ་བ་དེ་དག་དབྱེ་བ་ཕྱེ་སོང་ངམ། ནང་པ་དང་ནང་པ་མིན་པའི་ཆོས་ལུགས་དེ་དག་གི་དབྱེ་བ་འདི་ནས་ཕྱེ་ཡི་ཡོད། 

གསུམ་པ། བདག་ལ་ཐོག་མ་ཡོད་མེད་ཀྱི་སྐོར། 

                བདག་ལ་ཐོག་མ་ཡོད་དམ་མེད་ཅེས་པའི་དྲིས་བ་དེའི་ལན་ནི། བདག་ལ་ཐོག་མ་མེད་ན་ཧ་ཅང་གི་མི་བདེ་བ་ཡོང་གི་ཡོད། ང་རང་ཚོའི་ཕྱིའི་འཇིག་རྟེན་ཡོངས་རྫོགས་ལ་ཆ་བཞག་ན་ཡང༌། ཐོག་མ་ཡོད་པ་རེད། དེ་ནི་འདི་ལྟར་འགྱུར་འགྲོ་ཡི་ཡོད། དེ་ནི་སྐྱེ་ཞིང་འཇིག་པའི་བདག་ཉིད་ཡིན། དེར་བརྟེན་ཐོག་མ་ཡོད་དགོས་སོ་སྙམ་པ་ཞིག་ང་རང་ཚོའི་བློར་ཤར་གྱི་ཡོད། དེས་ན། བདག་ལའང་ཐོག་མ་ཡོད་དགོས་སོ་སྙམ་པ་ཞིག་བློར་ཤར་ངེས་པ་ཡིན། ང་རང་ཚོའི་བློར་བདག་ལ་ཐོག་མ་ཡོད་དགོས་སོ་བསམ་པ་དང༌། འི་ཕྱི་ནང་གི་དངོས་པོ་གང་ཞིག་ཡིན་ན་ཡང༌། དེར་ཐོག་མ་ཡོད་དགོས་སོ་བསམ་པ་གཞིར་གིས་ང་དེར་ཡང་ཐོག་མ་ཡོད་དགོས་སོ་བསམ་པ་ཞིག་དང༌། ང་ལ་ཐོག་མ་ཡོད་དགོས་སོ་བསམ་པ་དེའི་ཐོག་ནས། ང་ཡི་ཐོག་མ་དེ་བསམ་བློ་གཏོང་སྐབས། རྒྱང་འཕེན་པས་ཐོག་མ་མེད་ཅེས་དང༌། སྣོད་བཅུད་འདི་དག་ཀྱང་གློ་གཞུ་སྤར་བ་བཞིན་གློ་བུར་དུ་བྱུང་བ་མིན་ན་ཡང༌། དེ་དག་ག་ལེར་རྐྱེན་ཚོགས་ཏེ་འདི་ལྟར་ཆགས་པ་ལས། དེར་ཐོག་མ་གང་ཡང་མེད་ལ། ཐོག་མའི་རྒྱུ་འདི་ཞེས་པ་ཞིག་གང་ཡང་མེད། དེ་དག་ནི་རང་བཞིན་གྱིས་བྱུང་བ་ཞིག་ཡིན་ཞེས་བརྗོད་པ་དང༌། བདག་ཅེས་པ་དེ་ཡང༌། དཔེར་ན། ང་རང་ཚོར་ཆ་བཞག་ན། ཕ་མའི་ཁུ་ཁྲག་འདུས་པ་སོགས་ཀྱི་ཐོག་ནས་བདག་ཅེས་པ་ཞིག་ཆགས་པ་ལས། དེར་ཐོག་མ་གང་ཡང་མེད་ཅེས་བརྗོད་ཀྱི་ཡོད། དེ་དག་གི་སྐྱེ་བྱེད་ཀྱི་རྒྱུ་སྔ་མ་སྔ་མ་ཞིག་གི་ཐོག་ནས་བྱུང་བ་གང་ཡང་མིན་པར། རྐྱེན་ཞིག་གི་ཐོག་ནས་རིམ་བཞིན་ལྟེས་དབང་གི་ཐོག་ནས་བྱུང་བ་ལས། ཐོག་མ་གང་ཡང་མེད་ཅེས་དང༌། རྒྱུ་མེད་པར་སྨྲ་བ་རྒྱང་འཕེན་པ་ནི་ལྟ་གྲུབ་སྔ་བའི་གྲས་ཤིག་ཡིན། སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་ཙམ་མིན་པར། སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་བྱེད་བཀོད་ཅིང༌། རྒྱུ་མཚན་ལ་བསམ་བློ་བཏང་སྟེ། དཔྱད་པ་གང་འཚམས་བྱས་པའི་ཐོག་ནས་རྒྱུ་བཞག་ན་ཐུག་མེད་དུ་ཐལ་བ་དང༌། བདེ་པོ་གང་ཡང་མེད། རྒྱུ་རྐྱེན་མེད་པར་འདི་ལྟར་རང་བཞིན་དུ་བྱུང་བ་ཞིག་ཡིན་ཞེས་བརྗོད་མཁན་གཅིག་དང༌། བདག་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ལས། ཐོག་མ་གང་ཡང་མེད་ཅེས་བརྗོད་མཁན་ནི་རྒྱང་འཕེན་ཡིན།

                ཡང་གྲངས་ཅན་ལྟ་བུར་ཆ་བཞག་ན། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ལ་འཆར་གཞི་ལྟ་བུ་ཞིག་དང༌། གོ་རིམ་ལྟ་བུ་ཡོད་པས་ན། སྐྱེ་བྱེད་ཀྱི་རྒྱུ་ཞིག་ཡོད་དགོས་སོ་ཞེས་དང༌། སྐྱེ་བྱེད་ཀྱི་རྒྱུ་དེ་ཡང་འཇིག་རྟེན་ཆགས་འཇིག་ཡོངས་རྫོགས་ཡོང་ས་དེའི་ཐོག་ནས་ཡོང་གི་ཡོད་པས་ན། དེ་སྐྱེ་འཇིག་མི་བྱེད་མཁན་གྱི་སྤྱི་གཙོ་བོ་ཞེས་པ་ཞིག་བཤད་ཀྱི་ཡོད། འཁོར་འདས་ཐམས་ཅད་ཆགས་ཤིང་ནུབ་སའི་སྤྱི་གཙོ་བོ་ཞེས་པ་ཞིག་བཤད་དེ། དེ་ལས་ཡོང་གི་ཡོད་ཅེས་བཤད་ཀྱི་ཡོད།

                ཉེ་ཆར་སྐད་ཆ་ཞིག་བྱུང་བར། བདག་ཤེས་རིག་གི་སྐྱེས་བུ་གང་ནས་བྱུང་བ་ཡིན་ནམ། སྤྱི་གཙོ་བོས་སྤྲུལ་པ་ཡིན་ནམ། བདག་ཤེས་རིག་གི་སྐྱེས་བུ་དེ་ཉིད་ལ་ཉེར་ལེན་གྱི་རྒྱུ་ཡོད་དམ་མེད། གང་ལྟར་སྤྱི་གཙོ་བོ་དང༌། བདག་ཤེས་རིག་གི་སྐྱེས་བུ་གཉིས་དོན་དམ་བདེན་པར་འཇོག་པ་དང༌།

སྤྱི་གཙོ་བོ་ནི་རྟག་པ་ཡིན་ལ། བདག་ཤེས་རིག་གི་སྐྱེས་བུ་དེ་རྟག་པ་རེད་དམ། དེ་དག་ཡག་པོ་དེ་ཙམ་མི་ཤེས།

                མདོར་ན་གཙོ་བོས་རྣམ་འགྱུར་དེ་དག་སྤྲུལ་ཡོང་གི་ཡོད་ཅིང༌། བདག་དེས་རྣམ་འགྱུར་དེའི་དོན་གྱི་ཡིན་ལུགས་དེ་དག་མ་ཤེས་པར་རྨོངས་ཏེ་རྣམ་འགྱུར་དེ་དག་ལ་བདེན་པར་བརྩིས་ཏེ་འགྲོ་ཡི་ཡོད་པ་རེད་ཅེས་གྲངས་ཅན་པའི་འདོད་ཚུལ་ཞིག་ཡོད། ད་ལྟ་ངས་འདི་བརྗོད་དགོས་པ་ནི། སྤྱིར་རྣམ་འགྱུར་དེ་དག་གཙོ་བོས་སྤྲུལ་པ་ཞིག་དང༌། བདག་དེ་ནི་གསལ་པོ་ཤེས་མ་སོང༌། བདག་དེ་ཐོག་མ་མེད་པ་ནས་ཡོད་པ་ཞིག་དང༌། འོན་ཀྱང་རྟག་གཅིག་རང་དབང་བ་ཆགས་ཡོད། འདི་ལྟར་དུ་བཤད་མཁན་གྱི་རིགས་གཅིག

དེ་ནི་གྲངས་ཅན་པའི་འདོད་ཚུལ་ཡིན། གྲངས་ཅན་པའི་ལུགས་སུ་བདག་ལ་ཐོག་མ་མེད་ཅེས་ཟེར་གྱི་ཡོད་དམ། གཙོ་བོ་ཐོག་མ་མེད་པས་ན། བདག་ལའང་ཐོག་མ་མེད་པ་རེད་དམ། འོ་ན་མཐའ་མ་མེད་པ་རེད་དམ། རྣམ་འགྱུར་ཚང་མ་གཙོ་བོར་ཐིམ་སྟེ། དེ་ནས་བདག་དེ་གྲོལ་བ་ནས་འདི་ལྟར་བསྡད་ཀྱི་ཡོད་དམ། དེ་ནི་ཡག་པོ་འདུག་ཅིང༌། དེ་ནི་བདག་ལ་ཐོག་མ་མེད་ལ། མཐའ་མ་ཡང་མེད་ཅེས་ནང་པ་དང་གཅིག་མཚུངས་ལྟ་བུ་ཆགས་ཀྱི་ཡོད། འོན་ཀྱང་བདག་དེ་འགྱུར་བ་འགྲོ་བ་དང༌། ཕུང་པོ་ལ་བརྟེན་ནས་བཏགས་ཙམ་ཞེས་པ་དེ་གཉིས་ཀྱིས་ཁྱད་པར་ཆེན་པོ་ཆགས་ཡོད། ད་ལྟ་བདག་དེ་ཐོག་མ་མེད་པ། མཐའ་མ་མེད་པ། རྟག་པ། གཅིག་པུ། འགྱུར་བ་མེད་པ་ཞིག་བཤད་ཀྱི་ཡོད། དེ་ནི་གྲངས་ཅན་པ་ཡིན། རྒྱ་གར་གྱི་གྲུབ་མཐའ་ནང་དུ་མ་གཏོགས་མེད།

༢༠༠༨། ༦། ༧ ཉིན་དབུ་འཛུགས་ཞུས་ཤིང༌།  ༢༠༠༨། །  དགོང་མོ་གྲུབ་པའོ།། རྣམ་གྲ་ཐུབ་བསྟན་ཡར་འཕེལ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༥༢༠༠༨༡༤༤༣
Martin Rasser

ལུས་ལ་སྐྱ་ཆས་གོན་པའི་ཕོ་གསར་རྫིག་པོ༎ ངག་ནས་ཆོས་བཤད་མཁས་པའི་ཆོས་པ་རྣམ་དག། སེམས་པ་དཀར་ནག་མ་ངེས་གསང་བ་ལྐོག་གྱུར༎ མཁྱེན་དཔྱོད་གནིས་ལྡན་ཡེ་ཤེས་བཟང་པོ་མཆོག་ལགས༎ ཁྱོད་ཀྱིས་བྲིས་པའི་ཆོས་འབྱུང་ལོ་རྒྱུས་དེ་ཉིད༎ དུམ་བུར་བགོས་ནས་དྲྭ་མཛོད་ནང་དུ་བླིགས་ན༎ ལྟ་བདེ་ཉན་སླ་འཚམ་པོ་ཡོང་ངེས་སྙམ་སྟེ༎ གལ་ཏེ་དགོངས་པར་འཏད་ན་དེ་བཞིན་གནང་འཚལ༎