སྟོང་ཉིད་དང༌། ལྟོས་གྲུབ། ཁོན་ཏྲོམ་དངོས་ཁམས་རིག་པ།

༄༅། །ཚན་རིག་གིས་གསར་དུ་རྙེད་པའི་ཤེས་བྱ་དང་ཤེས་ཡོན་ལ་བརྟེན་ནས་འཛམ་གླིང་འདིའི་ང་ཚོའི་གོ་རྟོགས་ལ་བཅོས་བསྒྱུར་བྱེད་པ་འདི་ནི་སེམས་ཤུགས་སློང་བའི་ཚན་རིག་གི་ཁྱད་ཆོས་ཤིག་ཡིན། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་ལྟོས་གྲུབ་དང༌། ཁོན་ཏྲོམ་འགུལ་ཤུགས་རིག་པ་དར་རྒྱས་བྱུང་བས་དངོས་ཁམས་རིག་པའི་ལྟ་བའི་རྩ་སྒྲོམ་ལ་འགྱུར་ལྡོག་བྱུང༌། དངོས་ཁམས་རིག་པ་བ་རྣམས་ཀྱིས་ད་དུང་ཡང་འགྱུར་ལྡོག་དེའི་མཐར་ཐུག་གི་འབྲས་བུ་རྟོགས་པར་འབད་འབུངས་བྱེད་ཀྱི་ཡོད། རང་འགུལ་ལྡན་ཞིང་སྔོན་དཔག་བྱེད་ཐུབ་པའི་ནེའུ་ཏྲོང་གི་འཇིག་རྟེན་དང༌། ལྟོས་གྲུབ་དང་ཁོན་ཏྲོམ་འགུལ་ཤུགས་རིག་པའི་གོ་རིམ་ངེས་མེད་ཀྱི་འཇིག་རྟེན་ཏེ། དངོས་ཡོད་གནས་ལུགས་ཀྱི་དཔེ་མཚོན་འགལ་ཟླ་ཅན་འདི་གཉིས་ཚན་རིག་པ་དང་མཚན་ཉིད་རིག་པ་སྨྲ་བ་ཚོས་མི་འདོད་བཞིན་དུ་ཁས་ལེན་བྱེད་དགོས་པ་ཆགས་ཤིང༌། དཔེ་མཚོན་མཐའ་མ་འདིས་ང་ཚོའི་འཇིག་རྟེན་གྱི་གོ་རྟོགས་དེར་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་ནི་ད་དུང་ཡང་ཕྱོགས་ཡོངས་ནས་གསལ་པོ་མེད།

གནའ་བོའི་རྒྱ་གར་གྱི་ཤེས་ཡོན་ར་བ་ལས་བྱུང་བའི་ནང་ཆོས་ཀྱི་གསུང་རབ་དང་མཚན་ཉིད་རིག་པའི་གཞུང་ལུགས་ནི་ངའི་འཇིག་རྟེན་ལྟ་ཚུལ་གྱི་རྨང་གཞི་ཡིན། ལོ་ན་ཆུང་བའི་དུས་ནས་རྒྱ་གར་གྱི་མཚན་ཉིད་རིག་པའི་གཞུང་ལུགས་ལ་ཐོས་བསམ་བྱས་མྱོང༌། ངའི་ཡོངས་འཛིན་ནི་སྐབས་དེའི་བོད་ཀྱི་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་དང༌། གླིང་རིན་པོ་ཆེ་གཉིས་ཡིན། སྟག་བྲག་དགུང་ལོ་བགྲེས་ཤིང་བཙན་པོ་ཞིག་ཡིན། མི་ཚོས་ཁོང་ལ་གུས་བརྩི་ཆེན་པོ་བྱེད། གླིང་རིན་པོ་ཆེ་དགུང་ལོ་གཞོན་པ་དང༌། གཤིས་རྒྱུད་དང་ངག་འཇམ་པར་མ་ཟད། ཁོང་ནི་ང་བྱིས་པ་ཡིན་དུས་ཚིག་མང་པོ་མི་གསུང་བའི་མཁས་དབང་ཆེན་པོ་ཞིག་རེད། ཁོང་གཉིས་ཀྱི་མདུན་དུ་ང་ལ་དངངས་སྐྲག་སྐྱེས་པ་དེ་ངས་ད་ལྟ་ཡང་དྲན་གྱི་འདུག ང་ལ་ཁྲིད་ཟིན་པ་རྣམས་རྩོད་གླེང་བྱེད་ཆེད་ཁྲི་བྱང་རིན་པོ་ཆེ་དང༌། མཚན་སྙན་ཧ་ཅང་ཆེ་བའི་སོག་པོའི་གྲྭ་རིགས་མཁས་དབང་དངོས་གྲུབ་ཚོགས་གཉིས་ཐེ་བའི་མཚན་ཞབས་འགའ་ཡང་ཡོད། སྟག་བྲག་རིན་པོ་ཆེ་དགོངས་པ་རྫོགས་རྗེས་གླིང་རིན་པོ་ཆེ་ངའི་ཡོངས་འཛིན་རྒན་པ་ཆགས་པ་དང༌། ཁྲི་བྱང་རིན་པོ་ཆེ་ངའི་ཡོངས་འཛིན་གཞོན་པར་བསྐོས།

ཁོང་རྣམ་པ་གཉིས་ནི་ངའི་སློབ་གཉེར་དངོས་གཞི་མ་རྫོགས་བར་དུ་ཡོངས་འཛིན་ཡིན། ངས་ཁོང་གཉིས་ཀྱི་དྲུང་ནས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་གདམས་ངག་མང་པོ་བསྟུད་མར་བླངས། ཁོང་གཉིས་གྲོགས་པོ་ཉེ་པོ་ཡིན་ཡང་གཤིས་རྒྱུད་དང་སྤྱོད་པ་ཧ་ཅང་མི་འདྲ། གླིང་རིན་པོ་ཆེའི་དབུ་ལ་སྐྲ་མེད་ཅིང་འོད་འཕྲོ་བ་ཞིག་ཡིན། ཁོང་གི་སྐུ་གཟུགས་ཆེ་ཞིང་གད་མོ་དགོད་དུས་ལུས་པོ་ཆ་ཚང་གཡོ་འགུལ་བྱེད་པ་དང༌། སྐུ་གཟུགས་ཆེ་ནའང་ཁོང་གི་སྤྱན་ཆུང་ངུ་ཞིག་ཡིན། ཁྲི་བྱང་རིན་པོ་ཆེ་སྐུ་གཟུགས་རིང་ཞིང་ཕྲ་བ་ཞིག་ཡིན། ཁོང་གཟི་བརྗིད་ཆེ་ཞིང་ཞི་དུལ་ལྡན་པ་དང༌། བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ན་སྣ་འབིག་འབིག་ཡོད་པ་ཞིག་ཡིན། ཁོང་གི་གཤིས་རྒྱུད་འཇམ་ཞིང་འདོན་པ་འདོན་སྐབས་སྐད་ངག་ཤིན་ཏུ་སྙན་མོ་ཡིན། གླིང་རིན་པོ་ཆེ་བློ་རིག་བཀྲ་ཞིང་རྣམ་དཔྱོད་ལྡན་པའི་མཚན་ཉིད་རིག་པ་སྨྲ་བ་ཞིག་ཡིན་པར་མ་ཟད། དྲན་པ་ཧ་ལས་པའི་ཟབ་ཅིང་རྩོད་སྒྲུབ་ལ་ཤིན་ཏུ་མཁས། ཁྲི་བྱང་རིན་པོ་ཆེ་ནི་ཁོང་རང་ཉིད་ཀྱི་མི་རབས་ཀྱི་ཁྲོད་སྒྱུ་རྩལ་དང་རྩོམ་རིག་ལ་ཡང་ཕྱོགས་ཡོངས་ནས་མཁས་པའི་སྙན་ངག་པ་གྲགས་ཆེན་ཞིག་ཡིན། ངའི་གཤིས་རྒྱུད་དང་སྐྱེས་སྟོབས་ཀྱི་རིག་རྩལ་སོགས་ལ་གཞིགས་ན་ང་ཡོངས་འཛིན་གཞན་དག་ལས་གླིང་རིན་པོ་ཆེ་དང་འདྲ་ས་མང་པོ་ཡོད་ཅིང༌། ངའི་མི་ཚེ་ལ་ཤུགས་རྐྱེན་ཆེ་ཤོས་ནི་ཁོང་གིས་ཐེབས་ཡོད་ཅེས་བརྗོད་ན་ཕལ་ཆེར་མི་ཆོག་པ་མེད།

ངས་གནའ་བོའི་རྒྱ་གར་གྱི་གྲུབ་མཐའ་འདྲ་མིན་གྱི་གཞུང་ལུགས་ཁག་ལ་ཐོག་མར་སྦྱང་སྐབས། དེ་དག་གི་གོ་དོན་རང་ཉིད་སྒེར་གྱི་ཉམས་མྱོང་ལ་སྦྱོར་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད། དཔེར་ན། གྲངས་ཅན་པའི་རྒྱུ་འབྲས་ཀྱི་རྣམ་གཞག་གིས་འབྲས་བུ་གང་ཞིག་ཡིན་ཡང་རྒྱུའི་གནས་སྐབས་ན་ཡོད་པ་དེ་མངོན་དུ་གྱུར་པ་ཞིག་ཡིན་པའི་འདོད་ཚུལ་འཛིན་པ་དང༌། བྱེ་བྲག་པའི་སྤྱིའི་རྣམ་གཞག་ལྟར་ན་དངོས་པོའི་རིགས་གཅིག་གི་བྱེ་བྲག་ཡོངས་ལ་ཁྱབ་པའི་སྤྱི་རྟག་པ་ཞིག་ཡོད། སྤྱི་དེ་ཡང་བྱེ་བྲག་གི་ཆོས་ལ་མ་བརྟེན་པར་རང་དབང་དུ་གནས་པར་འདོད། རྒྱ་གར་གྱི་འཇིག་རྟེན་བཀོད་པ་པོའི་རིང་ལུགས་སྨྲ་བ་རྣམས་ཀྱིས་འཇིག་རྟེན་བཀོད་པ་པོ་ཡོད་པའི་རྩོད་སྒྲུབ་དང༌། ནང་པ་རྣམས་ཀྱིས་མེད་པར་རྩོད་སྒྲུབ་བྱས་པ་སོགས་སྦྱངས་པར་མ་ཟད། ནང་པའི་གྲུབ་མཐའ་འདྲ་མིན་གྱི་གཞུང་དོན་ཁག་གི་རྙོག་འཛིང་ཆེ་བའི་ཁྱད་པར་ཡང་སྦྱང་དགོས། ཚེ་སྲོག་གི་དུས་དེབ་དང་དམག་ཆེན་གཉིས་པའི་འདྲ་པར་ཕྱོགས་བསྡུས་ཀྱི་དེབ་ལ་ལྟ་བར་སྤྲོ་ཞིང༌། རླངས་འཁོར་དང་ཆུ་ཚོད་གཏོར་སྒྲིག་བྱེད་པར་དགའ་བའི་ལོ་ན་ཆུང་བའི་བྱིས་པ་ཞིག་ལ་འདི་ཚོ་ཚང་མས་འབྲེལ་ཡོད་ཐད་ཀའི་གོ་བ་ཞིག་སྤྲོད་ཐབས་བྲལ། དོན་ངོ་མར་འབའ་པ་བཀྲ་ཤིས་ཀྱིས་གློག་འདོན་འཕྲུལ་འཁོར་བཤིག་སྟེ་གཙང་མ་བཟོ་དུས་ང་ཁོའི་འཁྲིས་སུ་ལངས་ནས་རོགས་པ་བྱས་མྱོང༌། ང་འདི་ལ་དགའ་དྲགས་པས་མཚམས་རེར་སློབ་སྦྱོང་དང་བཟའ་བཏུང་ལ་སྤྱོད་རྒྱུ་ཡང་བརྗེད་ཡོད། ངས་བསྐྱར་སྦྱོང་བྱེད་པ་ལ་མཚན་ཞབས་ཚོ་རོགས་པར་འོངས་དུས། ངའི་བསམ་བློའི་ནང་གློག་འདོན་འཕྲུལ་འཁོར་དང་དེའི་ཆ་ཤས་རྣམས་དྲན་ནས་བསྡད་མྱོང༌།

ང་ལོ་ན་བཅུ་དྲུག་ལ་སོན་སྐབས་གནས་སྟངས་མང་པོ་ཞིག་ལ་འགྱུར་ལྡོག་བྱུང༌། འཕོ་འགྱུར་ཆེན་པོ་ཞིག་སྐབས་དེར་འབྱུང་གི་ཡོད། ༡༩༥༠ ལོའི་དབྱར་གཞུང་དུ་རྒྱ་མིའི་དམག་དཔུང་བོད་ཀྱི་མཐའ་མཚམས་ལ་འབྱོར་དུས། རྒྱལ་ཚབ་སྟག་བྲག་རིན་པོ་ཆེས་གནས་སྐབས་རིང་ངས་བོད་ཀྱི་ཆོས་སྲིད་གཉིས་ཀའི་འགན་ཆ་ཚང་འཁུར་དགོས་པའི་དུས་ལ་བབས་པའི་གྲོས་གཞི་བཏོན་པ་དང༌། སྐབས་དེར་འབྱུང་ལ་ཉེ་བའི་ཆབ་སྲིད་ཀྱི་དངོས་ཡོད་ཛ་དྲག་གི་དཀའ་ངལ་དེས་ངའི་ལང་ཚོ་བཙན་པོར་ཕྲོགས་ཤིང༌། ཕལ་ཆེར་དེར་བརྟེན་ནས་ངས་སློབ་སྦྱོང་གི་རིན་ཐང་ངོ་མ་ཡང་ཤེས་རྟོགས་བྱུང༌། གང་ལྟར་རྒྱུ་རྐྱེན་ཅི་ཡིན་རུང་སྐབས་དེ་ནས་བཟུང་ངས་ནང་ཆོས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་དང༌། སེམས་ཁམས་རིག་པ༑ དེ་བཞིན་ཆོས་ཕྱོགས་ཀྱི་ཉམས་ལེན་བཅས་ལ་འབད་བརྩོན་བྱེད་པ་ཇེ་ལེགས་སུ་ཕྱིན་ནས། ངས་བརྗོད་བྱ་འདི་ཚོར་བསམ་བློ་རྩེ་གཅིག་གིས་སློབ་སྦྱོང་བྱས་པ་ཙམ་མ་ཡིན་པར། འདི་དག་གི་གོ་དོན་སོགས་རང་ཉིད་ཀྱི་འཚོ་བའི་གོ་རྟོགས་དང་ཕྱི་ལོགས་ཀྱི་བྱུང་བ་དག་ལ་སྦྱོར་འགོའང་བརྩམས།

ངས་ནང་པའི་ལྟ་སྤྱོད་ལ་སྒོམ་སྒྲུབ་དང༌། རྟོག་དཔྱོད། དེ་བཞིན་ཉམས་ལེན་བཅས་ལ་འབད་བརྩོན་ཤུགས་དྲག་བྱེད་སྐབས། བོད་སྲིད་གཞུང་གིས་ཕྱོགས་གཉིས་ལ་འཚམ་པའི་ཆབ་སྲིད་ཀྱི་མོས་མཐུན་ཞིག་ཡོང་ཆེད་བོད་ནང་དུ་སླེབས་པའི་རྒྱ་མིའི་དམག་དཔུང་དང་གྲོས་བསྡུར་བྱེད་བཞིན་པ་རྙོག་དྲ་ཇེ་ཆེར་སོང༌། མཐར་རང་ཉིད་ཀྱི་སློབ་སྦྱོང་དངོས་གཞི་མཇུག་བསྒྲིལ་ཏེ་གནས་ཆེན་གྲོང་ཁྱེར་ལྷ་སར་གྲྭ་པ་སྟོང་ཕྲག་མང་པོའི་ཁྲོད་དགེ་བཤེས་ཀྱི་རྒྱུགས་སྤྲད། རྒྱུགས་སྤྲོད་འདིས་ངའི་ཆེད་སྦྱོང་གི་སློབ་གཉེར་མཐར་སོན་པ་མཚོན་ཞིང༌། འདི་ནི་དེང་སྐབས་ཡིན་ནའང་རང་ཉིད་ལ་སྤོབས་པ་བསྐྱེད་པའི་ཉམས་མྱོང་ཞིག་ཡིན། འོན་ཀྱང༌། རིང་པོ་མ་འགོར་བར་བོད་དབུས་སུ་བྱུང་བའི་ཆབ་སྲིད་ཀྱི་དཀའ་ངལ་དེས་རང་ཉིད་ཀྱི་རྒྱལ་ཁབ་བསྐྱུར་ཏེ། མི་ཡུལ་རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཞིག་གི་འཚོ་བ་སྐྱེལ་དགོས་བྱུང༌། འདི་ནི་ད་དུང་ཡང་ངའི་ཁྲིམས་ཐོག་གི་གནས་བབ་ཅིག་ཡིན། རང་རྒྱལ་གྱི་མི་སེར་ཐོབ་ཐང་བརླགས་ནའང༌། ཕྱོགས་ཆེན་པོ་ཞིག་ནས་བཤད་ན། ངས་སླར་ཡང་མི་སེར་གྱི་ཐོབ་ཐང་ཞིག་རྙེད་ཡོད་དེ། དོན་ངོ་མར་ང་ནི་འཛམ་གླིང་གི་མི་སེར་ཞིག་ཡིན་ཞེས་བརྗོད་ཆོག

ནང་པའི་ལྟ་གྲུབ་གཙོ་བོ་ཞིག་ནི་སྟོང་ཉིད་ཀྱི་རྣམ་གཞག་ཡིན་ཞིང༌། རང་ཉིད་ཀྱི་འཚོ་གནས་ཐེ་བའི་འཇིག་རྟེན་གྱི་ཆོས་ཐམས་ཅད་ང་ཚོར་སྣང་ཚུལ་དང་དེ་དག་གི་དངོས་ཡོད་ཀྱི་གནས་ཚུལ་བར་ལ་གཞི་རྩའི་ཁྱད་པར་ཡོད་པའི་ངོས་འཛིན་འདི་ནི་སྟོང་ཉིད་ཀྱི་ལྟ་བའི་གཞི་རྩ་ཡིན། ང་ཚོའི་ཉིན་རེའི་འཚོ་བའི་མྱོང་སྣང་ལ་རང་ཉིད་དང་ཕྱིའི་དངོས་པོ་ཚང་མ་ཚུགས་ཐུབ་ཀྱི་ངང་ནས་རང་རྐྱ་བར་གནས་ཤིང༌། དེ་དག་ངོ་བོ་ཉིད་ཀྱིས་ཐ་དད་དུ་གྲུབ་པར་མཐོང༌། དཔེར་ན། རང་ཉིད་ཀྱི་བདག་འཛིན་གྱི་བློ་དེར་དཔྱད་པ་གཏོང་དུས་བེམ་པོ་དང་རྣམ་ཤེས་ལས་གྲུབ་པའི་འཚོ་གནས་ལ་མ་བརྟེན་པར་རང་རྐྱ་བ་དང་ཚུགས་ཐུབ་པའི་ང་ཡི་ངོ་བོ་ཐ་དད་པ་ཞིག་ཡོད་པའི་བདེན་འཛིན་གྱི་བློ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་འོང༌། སྟོང་ཉིད་ཀྱི་ལྟ་བས་འདི་འདྲའི་བདེན་འཛིན་གྱི་བློ་ནི་རྩ་བའི་ཆ་ནས་ལོག་རྟོག་ཡིན་པར་མ་ཟད། འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་མང་པོ་ཞིག་གི་རྒྱུ་རྐྱེན་དུ་ཡང་འགྲོ་བར་བསྟན་ཡོད།

སྟོང་ཉིད་ཀྱི་རྣམ་གཞག་ལྟར་ན། རང་ངོས་ནས་གྲུབ་ཅིང་རང་རྐྱ་བའི་དངོས་ཡོད་གནས་ལུགས་ཤིག་ལ་ཡིད་ཆེས་བྱེད་པ་འདིར་རིགས་པས་རྒྱབ་རྟེན་བྱེད་མི་ཐུབ། ཤེས་པ་དང་བེམ་པོའི་ཆོས་ཐམས་ཅད་དང༌། ཐ་ན་སྤྱི་མཚན་གྱི་འདུ་ཤེས་ཏེ་དུས་ལྟ་བུའང་རང་ངོས་ནས་རང་དབང་གིས་གྲུབ་པ་ཞིག་མིན། རང་རྐྱ་བ་དང་ཚུགས་ཐུབ་པའི་ཆོས་སམ་བྱུང་བ་ཞིག་ཡོད་ཚེ། ཆོས་དང་བྱུང་བ་དེ་དག་རང་ངོས་ནས་ཡོངས་སུ་གྲུབ་སྟེ་གཞན་དང་འབྲེལ་བ་མེད་པའི་རང་རྐྱ་ཐུབ་པ་ཞིག་ཆགས་ཡོད། དེ་འདྲ་ཡིན་ན་ཆོས་གང་ཞིག་ཡིན་རུང་གཞན་དང་འབྲེལ་བ་བྱེད་པ་དང༌། ཡང་ན་གཞན་གྱི་རྒྱུ་རྐྱེན་དུ་འགྲོ་བའི་ནུས་པ་མེད། འོན་ཀྱང༌། ང་ཚོས་རྒྱུ་དང་འབྲས་བུ་ཡོད་པ་རྟོགས་ཐུབ། དཔེར་ན། རླངས་འཁོར་འགོ་འཛུགས་བྱེད་ཀྱི་ནང་དུ་ལྡེ་མིག་གཅུས་མ་ཐག་མེ་སྟག་བྱུང་བས་རྡོ་སྣུམ་འབར་ཞིང་འཕྲུལ་འཁོར་ཨ་མ་སྐོར་བར་བྱེད། ཚུགས་ཐུབ་ཅིང་རང་རྐྱ་བའི་འཇིག་རྟེན་ཞིག་གི་ནང་འདི་ཚོ་འབྱུང་མི་སྲིད། དེ་འདྲའི་འཇིག་རྟེན་ཞིག་གི་ནང་ངས་ཤོག་བུའི་སྟེང་དུ་ཡི་གེ་འབྲི་མི་ཐུབ་པ་དང༌། ཁྱེད་རང་གིས་དེ་དག་ཀློག་ཀྱང་ཐུབ་ཀྱི་མ་རེད། འོན་ཀྱང༌། ང་ཚོས་ཕན་ཚུན་ལ་འབྲེལ་བ་བྱེད་པ་དང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་རྒྱུ་མཚན་གྱིས། ང་ཚོའི་ཐད་ཀར་གྱི་ཚོར་སྣང་ལ་རང་ཉིད་རང་རྐྱ་བ་ཞིག་ཏུ་མཐོང་ཡང༌། ང་ཚོས་ངེས་པར་དུ་རང་ཉིད་རང་རྐྱ་བ་ཞིག་མིན་པར་བསམ་དགོས།

ཚུགས་ཐུབ་ཅིང་རང་རྐྱ་བའི་དོན་སྤྱི་འདི་ནི་རྒྱུ་འབྲས་ཀྱི་རྣམ་གཞག་དང་འགལ་བ་ཡིན་ཏེ། རྒྱུ་འབྲས་ཀྱི་རྣམ་གཞག་གིས་ཆོས་རྣམས་རྒྱུ་དང་རྐྱེན་ལ་རྟེན་དགོས་པ་དང༌། ཆོས་གང་ཞིག་ཡིན་རུང་རང་ངོས་ནས་གྲུབ་པ་ཞིག་ཡིན་ཚེ་རང་རྐྱ་བ་ཆགས་ཏེ་གཞན་གྱི་རྒྱུ་རྐྱེན་དུ་འགྲོ་མི་ཐུབ་པ་ཤུགས་སུ་བསྟན་ཡོད། ཆོས་རྣམས་རྟེན་ཅིང་འབྲེལ་བའི་རྒྱུ་རྐྱེན་ལས་གྲུབ་ཅིང་རྒྱུ་རྐྱེན་དེ་དག་ཀྱང་རང་ངོས་ནས་གྲུབ་པ་ཞིག་མ་ཡིན་པར་རྒྱུན་དུ་རྒྱུ་རྐྱེན་གྱི་འདུ་ཚོགས་གཞན་ལ་བརྟེན་ནས་བྱུང༌། ཆོས་དང་བྱུང་བ་ཐམས་ཅད་ལ་རང་ངོས་ནས་གྲུབ་པའི་རང་ཚུགས་ཤིག་གིས་སྟོངས་པས་ན་སྟོང་ཉིད་དང༌། ཆོས་ཐམས་ཅད་ཀྱི་རྩ་བའི་རང་བཞིན་མཐར་ཐུག་གི་བདེན་དོན་གྱི་དོན་སྤྱི་འདི་ལ་ནང་ཆོས་ཀྱི་གཞུང་ལུགས་ཁག་ཏུ་སྟོང་ཉིད་དང་ལེགས་སྦྱར་གྱི་སྐད་དུ་ཤཱུཏཱ་ཟེར།

ང་ཚོའི་རྒྱུན་འཇགས་ཀྱི་འཇིག་རྟེན་ལྟ་ཚུལ་ནང་ཆོས་དང་བྱུང་བ་ཐམས་ཅད་རང་ངོས་ནས་གྲུབ་པའི་རང་རྐྱ་བ་ཞིག་ཡིན་པར་སྣང༌། འཇིག་རྟེན་འདི་ཆོས་དང་བྱུང་བ་ལས་གྲུབ་ཅིང༌། ཆོས་དང་བྱུང་བ་དེ་དག་ལ་རང་རྐྱ་བ་དང་ཚུགས་ཐུབ་ཀྱི་ངོ་བོ་ཐ་དད་ཅིག་ལྡན་པར་མ་ཟད། ང་ཚོས་འདི་འདྲའི་རང་མཚན་པའི་ཆོས་རྣམས་ཕན་ཚུན་གྱི་རྒྱུ་རྐྱེན་དུ་འགྲོ་བར་རྒྱུན་དུ་ཡིད་ཆེས་བྱེད། རང་ངོས་ནས་གྲུབ་པའི་དུས་དང་གནས་ཤིག་ཏུ་རང་ངོས་ནས་གྲུབ་པའི་ས་བོན་ཞིག་གིས་རང་ངོས་ནས་གྲུབ་པའི་ལོ་ཏོག་ཅིག་བསྐྲུན་པར་འདོད། ང་ཚོས་རྒྱུ་འབྲས་ཀྱི་བྱུང་འབྲེལ་འདིའི་ནང་དུས་དང༌། གནས། ས་བོན། ལོ་ཏོག་ཚང་མ་ལ་རང་ངོས་ནས་ཚུགས་ཐུབ་པའི་གནས་བབ་ཧྲིལ་པོ་ཞིག་ཡོད་པར་བསམ་པ་དང༌། ང་ཚོའི་བརྡ་སྤྲོད་ནང་བྱེད་པ་པོ་སྟོན་བྱེད་ཀྱི་རང་རྐྱ་འཕེར་བའི་གཞི་ཚིག་དང་རྒྱན་ཚིག་ཕྱོགས་གཅིག་ཏུ་དབྱེ་བ་དང༌། སྤྲོས་ཚིག་དང་བྱེད་འབྲེལ་ལས་ཚིག་ཕྱོགས་གཞན་དུ་དབྱེ་བ་འདིས་རང་རྐྱ་བའི་ཆོས་ལས་གྲུབ་པར་འདོད་པའི་འཇིག་རྟེན་ལྟ་ཚུལ་འདི་སྲ་བརྟན་དུ་བཏང་ཡོད། འོན་ཀྱང༌། ཆོས་ཐམས་ཅད་ཆ་ཅན་ཡིན། དཔེར་ན། གང་ཟག་ནི་ལུས་དང་སེམས་གཉིས་ཀྱི་ཚོགས་པ་ཞིག་ཡིན་པ་དང༌། ད་དུང་ཆོས་ཤིག་གི་ངོ་བོ་ནི་ཆོས་དེར་བཟུང་བའི་འདུ་ཤེས་དང་བཏགས་པའི་མིང༌། དེའི་བྱེད་ལས་ལྟ་བུ་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ཡོད།

སྟོང་ཉིད་ཀྱི་ལྟ་བ་འདི་སངས་རྒྱས་ཀྱི་གསུང་རབ་ཡིན་པར་གྲགས་པའི་འགྲེལ་བཤད་དུ་གསལ་ནའང༌། དུས་རབས་གཉིས་པའི་ནང་དུ་བྱོན་པའི་ནང་པའི་མཚན་ཉིད་རིག་པ་སྨྲ་བ་མགོན་པོ་ཀླུ་སྒྲུབ་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་སྟོང་ཉིད་ཀྱི་རྣམ་གཞག་འདི་ཐོག་མར་གཏན་འབེབས་མཛད། ང་ཚོས་ཁོང་གི་ལོ་རྒྱུས་མང་པོ་ཞིག་མི་ཤེས་མོད། འོན་ཀྱང༌། ཁོང་རྒྱ་གར་ལྷོ་ཕྱོགས་ནས་ཡིན་ཞིང་སངས་རྒྱས་ཀྱི་རྗེས་སུ་ནང་ཆོས་གསར་དུ་འགྲེལ་བཤད་མཛད་མཁན་གྱི་མཁས་དབང་གཙོ་བོ་དེ་ཡིན། ལོ་རྒྱུས་སྨྲ་བ་ཚོས་ཐེག་པ་ཆེན་པོའི་དབུ་མའི་གྲུབ་མཐའ་ཁོང་གིས་གསར་གཏོད་བྱས་པར་འདོད་པ་དང༌། འདི་ནི་བོད་པའི་ནང་ཆོས་ཀྱི་གྲུབ་མཐའ་གཙོ་བོ་ཞིག་ཡིན། ཁོང་གིས་མཛད་པའི་ཤུགས་རྐྱེན་ཆེ་བའི་མཚན་ཉིད་རིག་པའི་གསུང་རྩོམ་ནི་དབུ་མ་རྩ་བ་ཤེས་རབ་ཡིན་ཞིང༌། ད་དུང་ཡང་བོད་ཀྱི་དགོན་སྡེ་ཁག་ཏུ་མུ་མཐུད་ནས་བློ་འཛིན་དང་སློབ་གཉེར་བྱེད་ཀྱི་ཡོད།

ངས་ཡོངས་འཛིན་དང་མཚན་ཞབས་རྣམས་ལ་རྩོད་སྒྲུབ་བྱས་ཏེ་རྩ་ཚིག་འདིས་གླེང་བའི་གནད་དོན་ཁག་ལ་ཞིབ་ཕྲའི་སློབ་སྦྱོང་བྱས་མྱོང༌། ལོ་རབས་དྲུག་ཅུ་པ་སྟེ་ང་བཙན་བྱོལ་དུ་སླེབས་ནས་ལོ་ངོ་བཅུ་ཕྲག་དང་པོའི་སྐབས་སུ་སྒེར་གྱི་ངོས་ནས་སྟོང་ཉིད་ཀྱི་རིགས་པ་ལ་སྔར་ལས་ཀྱང་ཞིབ་ཏུ་སྦྱང་བའི་གོ་སྐབས་ཐོབ། དེང་སང་དང་མི་འདྲ་བར་སྐབས་དེར་གཞུང་འབྲེལ་གྱི་བྱེད་སྒོ་མང་པོ་མེད་པས་ང་གང་ལ་གང་འཚམ་གྱིས་ལྷོད་ལྷོད་ཡིན། དེའི་དུས་ང་ཕྱི་རྒྱལ་ཁག་ལ་འགྲུལ་སྐྱོད་བྱེད་པ་འགོ་ཚུགས་མེད་པས། དུས་ཚོད་རྩ་ཆེན་དེ་ཡོངས་འཛིན་རྣམ་གཉིས་དང་ལྷན་དུ་སྐྱེལ་ཐུབ་པའི་གོ་སྐབས་ལེགས་པོ་བྱུང༌། ཁོང་རྣམ་གཉིས་ནི་སྟོང་ཉིད་ཀྱི་རིགས་པ་དང་སྒོམ་སྒྲུབ་ལ་ཧ་ཅང་མཁས། ཡིན་ཡང༌། དེང་སང་ཕྱི་རྒྱལ་ཁག་ལ་འགྲུལ་སྐྱོད་བྱེད་དགོས་པས་ངས་དུས་ཚོད་མང་པོ་ཞིག་དེར་གཏོང་གི་ཡོད།

སྐབས་དེར་ཉི་མ་རྒྱལ་མཚན་ཟེར་བའི་རིག་སྟོབས་ལྡན་པའི་བོད་ཀྱི་མཁས་དབང་གཉོམ་ཆུང་ཞིག་གི་དྲུང་ནས་ཀྱང་ངས་དཔེ་ཁྲིད་གང་མང་ཞིག་ཞུས་མྱོང༌། གཅེས་འབོད་དུ་ཁོང་ལ་རྒན་ཉི་མ་ཟེར། ཁོང་ལ་མཚན་ཉིད་རིག་པའི་གོ་དོན་ཕྲ་མོ་རྣམས་ལས་སླ་པོར་འགྲེལ་བརྗོད་བྱེད་པའི་ནུས་པ་ལྷན་སྐྱེས་སུ་ལྡན། ཁོང་གི་དབུ་ལ་སྐྲ་མང་པོ་མེད་ཅིང༌། ཚོན་མདངས་ཅན་གྱི་མིག་ཤེལ་སྒོར་མོ་ཆེན་པོ་ཞིག་གྱོན། ཁོང་གི་སྤྱན་གཡས་པའི་ནང་དུ་རང་ཤུགས་ཀྱི་འཁྱུག་འགུལ་ཞིག་ཡོད་པས་སྤྱན་དེ་ཡང་ཡང་རྡེབ། འོན་ཀྱང༌། རྙོག་འཛིང་ཆེ་བའི་བསམ་བློའི་དཔྱད་པ་བརྒྱུད་ནས་གནད་དོན་ཞིག་ལ་རྟོག་དཔྱོད་བྱེད་སྐབས། ཁོང་གི་ཏིང་ངེ་འཛིན་གྱི་བློ་སྟོབས་དེ་ནི་ཧ་ལས་པ་ཞིག་ཡིན་པར་མ་ཟད་སྐད་གྲགས་ཀྱང་ཡོད། ཁོང་ཏིང་ངེ་འཛིན་ལ་བཞུགས་སྐབས་ཉེ་འཁོར་དུ་ཅི་བྱུང་ཡང་ཁོང་གི་སེམས་གཡེང་མི་ཐུབ་པ་ཞིག་ཡིན། སྟོང་ཉིད་ཀྱི་རིགས་པ་ནི་ཁོང་གི་ཆེད་སྦྱོང་ཡིན་པས། ཁོང་དང་ལྷན་དུ་གོ་བསྡུར་བྱེད་པའི་གོ་སྐབས་ཐོབ་པ་དེ་ནི་དོན་ངོ་མར་རིན་ཐང་ལྡན་པ་ཞིག་རེད།

རྒྱུན་འཇགས་སུ་སོང་བའི་ང་ཚོའི་གོ་རྟོགས་རྣམས་ལ་ཁོན་ཏྲོམ་འགུལ་ཤུགས་རིག་པས་དག་ཐེར་བྱེད་པ་འདི་ནི་དེང་རབས་ཀྱི་དངོས་ཁམས་རིག་པའི་ངོ་མཚར་ཆེ་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། དེང་སང་ང་ཚོས་འོད་ནི་རྡུལ་ཕྲ་རབ་དང་རླབས་རྒྱུན་གྱི་ངོ་བོ་གང་རུང་དུ་མཐོང་ཐུབ་ཅིང༌། ངེས་མེད་ཆོས་ཉིད་ཀྱི་འགྲོ་ལུགས་ལྟར་ན་གློག་རྡུལ་ཞིག་གིས་ཅི་བྱེད་པ་དང་གང་དུ་གནས་པ་གཉིས་ང་ཚོས་རྩ་བ་ཉིད་ནས་དུས་གཅིག་ལ་རྟོགས་མི་ཐུབ་པ་དང༌། ཁོན་ཏྲོམ་གྱི་གནས་སྟེང་མའི་དོན་སྤྱི་བཅས་ཚང་མས། ཆོས་རྣམས་ཀྱི་འབྱུང་རྒྱུན་ལ་ཐག་གཅོད་རང་བཞིན་ལྡན་ཞིང་སྔོན་དཔག་བྱེད་ཐུབ་པར་འདོད་པའི་སྲོལ་རྒྱུན་གྱི་དངོས་ཁམས་རིག་པའི་ལྟ་ཚུལ་དང་འགལ་བའི་གོ་རྟོགས་གསར་པ་སྤྲོད་ཀྱི་ཡོད། དཔེར་ན། ཡོངས་སུ་གྲགས་པའི་ཤོ་རི་སྒྲིན་གར་༼Schrodinger’s cat༽གྱི་བྱི་ལའི་དཔེ་མཚོན་ནང་དུ། བརྒྱ་ཆའི་ལྔ་བཅུ་ཐམ་པ་ལ་དུག་རྗས་གློད་བཀྲོལ་བྱེད་པའི་རྡུལ་ཕྲན་ཆག་འཇིག་གི་འོད་ཟེར་ལྡན་པའི་དངོས་པོ་༼radioactive source༽ཞིག་དང་ལྷན་དུ་བྱི་ལ་ཞིག་སྒམ་གཅིག་གི་ནང་དུ་བཅུག་ཅིང༌། སྒམ་ཁ་མ་ཕྱེ་བར་དུ་བྱི་ལ་དེ་ཤི་བ་དང་གསོན་པ་གཉིས་ཀ་ཡིན་པར་ང་ཚོས་ཁས་ལེན་བྱེད་དགོས་པ་དང༌། འདི་ནི་འགལ་བའི་ཆོས་ཉིད་དང་མི་མཐུན་པ་ཞིག་ཡིན་པར་སྣང༌།

མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལ་གོམས་པའི་ཐེག་ཆེན་པ་ཞིག་གིས་དངོས་ཁམས་རིག་པ་གསར་པ་འདི་དང་སྟོང་ཉིད་ཀྱི་རྣམ་གཞག་བར་ལ་མཐུན་ས་འཁྲུལ་མེད་ཅིག་ཡོད་པ་མཐོང་ཐུབ། ཆེས་ཕྲ་མོའི་ཁོན་ཏྲོམ་གྱི་གནས་རིམ་དུ་དངོས་པོ་ལ་སྲ་མཁྲེགས་ཀྱི་རང་བཞིན་སྟོང་ཞིང་གཞི་འཛིན་ས་མེད་པར་མངོན་ཚེ། ཚན་རིག་ནི་ནང་པའི་སྟོང་ཉིད་ཀྱི་ལྟ་བ་དང་རྟེན་འབྱུང་གི་རྣམ་གཞག་ལ་ཐག་ཉེ་རུ་ཆགས་ཡོད་པར་སྣང༌། ལས་རོགས་ཚོས་རྒྱ་གར་གྱི་ཟ་ཀ་རོད་ཝི་༼Indian Sakharov༽ཞེས་འབོད་པའི་དངོས་ཁམས་རིག་པ་སྨྲ་བ་ར་ཇ་༼Raja Ramanan༽ཡིས། ཁོན་ཏྲོམ་འགུལ་ཤུགས་རིག་པ་དང་མགོན་པོ་ཀླུ་སྒྲུབ་ཀྱི་སྟོང་ཉིད་ཀྱི་རིགས་པའི་བར་ལ་མཐུན་ས་མང་པོ་ཡོད་པར་བཤད་པ་ངས་ལྡི་ལིའི་ནང་ཚོགས་འདུ་ཞིག་གི་སྟེང་གོ་མྱོང༌། ལོ་ངོ་གང་མང་ཞིག་ལ་ཚན་རིག་པའི་གྲོགས་པོ་མང་པོ་ཞིག་དང་གླེང་སློང་བྱས་པར་བརྟེན་ནས་ངས་ངེས་ཤེས་ཤིག་རྙེད་པ་ནི། དངོས་ཁམས་རིག་པའི་གསར་རྙེད་ཤེས་བྱ་གལ་ཆེན་རྣམས། ཆོས་རྣམས་ཀྱི་རང་བཞིན་ངོ་མ་དེ་ང་ཚོའི་མཐོང་སྣང་དང་གཅིག་པ་མིན་པར་བརྗོད་པའི་ཁོར་ཕར་ནེ་ཁ་སི་༼Copernicus༽ལྟ་བུ་གནའ་བོའི་མཁས་པ་ཁག་ཅིག་གི་འདོད་ཚུལ་དང་མཐུན་པ་འདི་ཡིན། ཚན་རིག་གི་བརྟག་དཔྱད་དང་ཞིབ་འཇུག ཡང་ན་ནང་པའི་སྟོང་ཉིད་ཀྱི་རིགས་པ་དང་དཔྱད་སྒོམ་གྱི་དཔྱད་པ་གང་རུང་ཞིག་གིས་འཇིག་རྟེན་ལ་བརྟག་དཔྱད་གཟབ་ནན་ཞིག་བྱས་ཚེ། ཆོས་རྣམས་ང་ཚོའི་རྒྱུན་འཇགས་ཀྱི་གོ་རྟོགས་ལས་ཤིན་ཏུ་ཕྲ་ཞིང༌། འཇིག་རྟེན་ལ་བཟུང་བའི་ང་ཚོའི་བདེན་འཛིན་རྣམས་དང་སྐབས་འགའ་རེར་འགལ་བའང་ཡིན།

རང་ངོས་ནས་གྲུབ་པའི་ཆོས་རང་མཚན་པའམ་རང་རྐྱ་བ་ཞིག་ལ་ཡིད་ཆེས་བྱེད་པ་འདིས་ཆོས་དེའི་རང་བཞིན་ངོ་མ་རྟོགས་པ་ལ་འགོག་རྐྱེན་བྱེད་པ་ལས་སྐྱོན་གཞན་ཡོད་དམ་ཞེ་ན། མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་གཞིར་བཞག་ན་འདི་ལ་སྐྱོན་ཚབས་ཆེན་ཞིག་ཡོད། རང་ངོས་ནས་གྲུབ་པའི་ཆོས་ཤིག་ལ་ཡིད་ཆེས་བྱེད་པ་འདི་ནི། གང་ཟག་གཞན་དང་འཇིག་རྟེན་ལ་རང་ཉིད་ཀྱིས་ལོག་ལྟའི་འདུ་ཤེས་འཛིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་གསུངས། རང་ངོས་ནས་གྲུབ་པར་བསམ་པའི་ཡིད་དུ་འོང་བའི་ཁྱད་ཆོས་ཤིག་ལ་བློ་གཏད་དེ་ཆོས་དང་བྱུང་བ་ངེས་ཅན་ཞིག་ལ་འཁྲུལ་རྨོངས་ཀྱིས་ཆགས་ཞེན་སྐྱེ་བ་དང༌། དེ་བཞིན་རང་ངོས་ནས་གྲུབ་པར་བསམ་པའི་ཡིད་དུ་མི་འོང་བའི་ཁྱད་ཆོས་ཤིག་ལ་བློ་གཏད་དེ་ཆོས་དང་བྱུང་བ་ངེས་ཅན་ཞིག་ལ་འཁྲུལ་རྨོངས་ཀྱི་དབང་གིས་ཞེན་པ་ལོག་པ། གསལ་པོར་བཤད་ན། ཆོས་རྣམས་རང་རྐྱ་བ་ཡིན་པར་ཡིད་ཆེས་པ་འདིས་རང་ཉིད་སྡུག་ལ་སྦྱོར་ཞིང༌། སྡུག་བསྔལ་དེ་དག་གནོད་འཚེ་ལྡན་པའི་བྱ་སྤྱོད་དང་སླར་ཡང་སྡུག་བསྔལ་གྱི་རྒྱུ་རུ་འགྲོ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས། ཁོང་གི་ལྟ་ཚུལ་ལ་མཐར་ཐུག་གི་དཔྱད་པའི་ནང་དུ་སྟོང་ཉིད་ཀྱི་ལྟ་བ་འདི་དངོས་ཡོད་གནས་ལུགས་རྟོགས་པར་གནད་འགག་ཡོད་པ་ཙམ་མ་ཡིན་པར་སེམས་ཁམས་རིག་པ་དང་ཀུན་སྤྱོད་རིག་པ་ལའང་འབྲེལ་བ་གཏིང་ཟབ་ཅིག་ཡོད།

དེང་རབས་ཀྱི་ཚན་རིག་གི་ལྟ་ཚུལ་དང་བསྟུན་ན། རང་ངོས་ནས་གྲུབ་པའི་ཆོས་རང་རྐྱ་བ་ཞིག་ལ་ཡིད་ཆེས་བྱེད་པས་ཆོས་དེའི་རང་བཞིན་མཐར་ཐུག་རྟོགས་པར་འགོག་རྐྱེན་བྱེད་པ་མ་གཏོགས་གནད་འགག་གཞན་ཅི་ཞིག་ཡོད་དམ་ཞེས་ངས་ཐེངས་ཤིག་རང་ཉིད་ཀྱི་གྲོགས་པོ་དངོས་ཁམས་རིག་པ་བ་སྦོད་མི་ལ་དྲིས་མྱོང༌། ཁོང་གི་ལན་ལ་གོ་རྒྱུ་ཆེན་པོ་འདུག ཁོང་གིས་འགྲོ་བ་མིའི་རིགས་གཅིག་སྒྲིལ་མེད་པར་གཏོང་བའི་གྲུབ་མཐའ་སྟེ། མི་རིགས་དབྱེ་འབྱེད་རིང་ལུགས་དང༌། དྲག་པོའི་རྒྱལ་གཅེས་རིང་ལུགས། མར་ཁེ་སི་གྲལ་རིམ་འཐབ་རྩོད་ལྟ་བུ་ལ་ཞིབ་ལྟ་བྱེད་སྐབས། དེ་དག་གི་འབྱུང་རྐྱེན་གཙོ་བོ་ཞིག་ནི་ཆོས་རྣམས་ཕན་ཚུན་རྟེན་འབྲེལ་གྱི་རང་བཞིན་མ་ཡིན་པར་རང་ངོས་ནས་གྲུབ་པའི་འདོད་ཕྱོགས་འདི་ཡིན་ཞིང༌། ལོག་རྟོག་འདི་ལ་བརྟེན་ནས་གོང་གི་དབྱེ་འབྱེད་ལམ་ལུགས་འདི་དག་རང་ངོས་ནས་གྲུབ་ཅིང་རང་རྐྱ་བ་ཞིག་ཡིན་པའི་ཡིད་ཆེས་འབྱུང་གི་ཡོད་ཟེར། ཁོན་ཏྲོམ་དངོས་ཁམས་རིག་པའི་ཉམས་རྟོགས་ལ་གཞི་བཅོལ་བའི་སྦོད་མིའི་ལན་འདི་ནི། ཕལ་ཆེར་ལོ་ངོ་ཉིས་སྟོང་གི་ཡར་སྔོན་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་ཡིད་ཆེས་འདི་འདྲས་ཀུན་སྤྱོད་ལ་ཤུགས་རྐྱེན་ཐེབས་པར་ཐུགས་ཁུར་བྱས་པ་དང་གཅིག་པ་རེད། ཞིབ་ཚགས་ཀྱིས་བཤད་ན། ཚན་རིག་གིས་ཀུན་སྤྱོད་རིག་པའི་གནད་དོན་དང་རིན་ཐང་གི་ཐག་གཅོད་ལ་ཐེ་གཏོགས་བྱེད་ཀྱི་མེད་ཀྱང༌། དོན་ངོ་མར་ཚན་རིག་ནི་འགྲོ་བ་མིའི་ལས་གཞི་ཞིག་ཡིན་པས་འགྲོ་བ་མིའི་བདེ་སྡུག་གི་རྩ་བའི་གནད་དོན་དང་འབྲེལ་བ་ཡོད། དེའི་ཕྱིར་ཕྱོགས་གཅིག་ནས་བལྟས་ན་སྦོད་མིའི་ལན་འདི་ཧ་ཅང་ཡ་མཚར་དགོས་པ་ཞིག་མིན། ཡིན་ཡང༌། ཚན་རིག་དང་ཚན་རིག་གི་ལྟ་བའི་སྒྲོམ་གཞི། དེ་བཞིན་འགྲོ་བ་མིའི་རིགས་བཅས་ཀྱི་བར་ལ་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་དམ་པོ་ཞིག་ཡོད་པར་རྟོགས་པའི་སྦོད་མི་ལྟ་བུའི་ཚན་རིག་པ་མང་པོ་ཞིག་ཡོད་ན་བསམ་བྱུང༌།

ངས་ཤེས་རྟོགས་ལ། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་དེང་རབས་ཀྱི་ཚན་རིག་གིས་དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང༌། ནེའུ་ཏྲོང་དང་མར་ཁེ་སི་ཝེད་ལི་༼James Maxwell༽གཉིས་གཙོས་མཁས་དབང་མང་པོས་གཏན་འབེབས་བྱས་པའི་གནའ་བོའི་དངོས་ཁམས་རིག་པས། ལོ་རྒྱུས་ཀྱི་ནང་དུ་ཡུན་རིང་པོ་ཞིག་ལ་ང་ཚོའི་རྒྱུན་འཇགས་ཀྱི་གོ་རྟོགས་དང་མཐུན་པའི་སྒོ་ནས་འཇིག་རྟེན་གྱི་དངོས་ཡོད་གནས་ལུགས་ལ་འགྲེལ་བཤད་ནུས་ཐོན་ཞིག་བྱས་ཡོད་ན་འང༌། ལྟོས་གྲུབ་རིག་པ་དང་རྡུལ་ཕྲན་གྱི་ཆ་ཕྲ་མོའི་གནས་རིམ་དུ་དངོས་པོའི་གཤིས་རྒྱུན་ནི་ཁྱད་མཚར་བ་ཞིག་ཡིན་པ་གསར་དུ་རྙེད་པས་གནའ་བོའི་དངོས་ཁམས་རིག་པའི་གོ་གནས་དམའ་རུ་བཏང༌། རྡུལ་ཕྲན་གྱི་ཆ་ཕྲ་མོའི་གཤིས་རྒྱུན་ནི་ཁོན་ཏྲོམ་འགུལ་ཤུགས་རིག་པའི་ནང་དུ་ཞིབ་འཇུག་བྱེད་ཀྱི་ཡོད། ཝར་ཛི་ཟ་ཁར་གྱིས་ང་ལ་བཤད་པ་ལྟར། གནའ་བོའི་དངོས་ཁམས་རིག་པས་འཐེན་ཤུགས་དང་འགུལ་ཤུགས་ཐེ་བའི་དངོས་ཁམས་ཀྱི་ཆོས་ཉིད་ངེས་ཅན་ཞིག་གིས་རང་བྱུང་བྱ་དངོས་ཀྱི་བྱུང་འགྲོས་ལ་སྟངས་འཛིན་བྱེད་པའི་རང་འགུལ་གྱི་འཇིག་རྟེན་ཞིག་ཏུ་འདོད། འཇིག་རྟེན་གོ་རྟོགས་ཀྱི་དཔེ་མཚོན་འདི་གཞི་རུ་བཞག་ན་ཡུལ་གྱི་ངོས་ནས་དོན་དམ་དུ་གནས་པའི་དངོས་ཡོད་གནས་ལུགས་བཞི་ཡོད་དེ། གཟུགས་ཕུང་དང༌། ནུས་ཤུགས། བར་སྣང༌། དུས་བཅས་ཡིན་ཞིང༌། ཤེས་བྱ་དང་ཤེས་མཁན་བྱེད་པ་པོ་གཉིས་ཀྱི་བར་ལ་ཁྱད་པར་གསལ་པོ་ཡོད། ཡིན་ཡང༌། ཝར་ཛི་ཟ་ཁར་གྱིས་གསལ་བཤད་བྱས་པ་བཞིན། ལྟོས་གྲུབ་དང་ཁོན་ཏྲོམ་འགུལ་ཤུགས་རིག་པས། བྱེད་པ་པོ་དང་བྱ་བའི་ཡུལ་གཉིས་དབྱེ་འབྱེད་ཀྱི་རྩ་འཛིན་འདི་དང་མངོན་སུམ་རིག་པར་བརྟེན་ནས་བྱུང་བའི་ཤེས་ཡོན་ནི་དོན་དམ་དུ་བདེན་པར་འཛིན་པའི་ང་ཚོའི་གདེང་ཚོད་གཉིས་ངེས་པར་དུ་འདོར་དགོས་པ་བསྟན་པར་མ་ཟད། ཁོན་ཏྲོམ་རྣམ་གཞག་གིས་གནའ་བོའི་དངོས་ཁམས་རིག་པ་འདི་སུན་འབྱིན་ཡང་བྱས་ཡོད། དེ་ལྟ་ནའང་ཁོང་གིས་ནན་གྱིས་གསུངས་པ་ལྟར། ཁོན་ཏྲོམ་འགུལ་ཤུགས་རིག་པའི་འགྲེལ་བཤད་ཀྱི་ཐ་སྙད་དང༌། དེའི་དངོས་ཡོད་གནས་ལུགས་ཀྱི་དཔེ་མཚོན་གསར་པ་ཁུངས་སྐྱེལ་བའི་ཞིབ་འཇུག་ཚོད་ལྟ་གཉིས་གནའ་བོའི་དངོས་ཁམས་རིག་པ་དང་ཁ་གྱེས་མེད། ཝར་ཛི་ཟ་ཁར་གྱིས་བཤད་དོན་ལ། ང་ཚོས་དཀའ་ངལ་འདི་ཚོ་ལ་གདོང་ལེན་བྱས་ཏེ་རང་བྱུང་ཁམས་ཀྱི་ནང་དུ་གཅིག་མཐུན་གྱི་ངོ་བོ་ཞིག་བཙལ་དགོས་པར་མ་ཟད། ཚན་རིག་གི་ཤེས་ཡོན་གསར་པ་འདི་དང་བསྟུན་ནས་དངོས་ཡོད་གནས་ལུགས་དང༌། ཚན་རིག འགྲོ་བ་མིའི་གོ་གནས་བཅས་ཀྱི་གོ་རྟོགས་ཡང་དག་ཅིག་མུ་མཐུད་དུ་འཚོལ་ཞིབ་བྱེད་དགོས།

ནང་ཆོས་ཀྱི་གཞུང་དུ་གཏན་ལ་ཕབ་པའི་གནའ་བོའི་དངོས་ཁམས་རིག་པའི་རྡུལ་ཕྲན་གྱི་རྣམ་གཞག་དེ་ཚོས་ཡུན་རིང་པོ་ཞིག་ལ་ནང་པའི་གཞུང་དུ་གོ་གནས་གལ་ཆེན་བཟུང་ཡོད་མེད་ལ་མ་ལྟོས་པར། ཚན་རིག་གི་གསར་རྙེད་ཤེས་ཡོན་དེ་དག་གཞི་ལ་བཞག་ནས་ངེས་པར་དུ་བཅོས་བསྒྱུར་བྱེད་དགོས། དཔེར་ན། བསྐྱར་བཅོས་ཆེན་པོ་མ་བྱས་པའི་གནའ་བོའི་རྡུལ་ཕྲན་གྱི་རྣམ་གཞག་གིས་ས་ཆུ་མེ་རླུང་བཅས་འབྱུང་བ་བཞི་དང༌། གཟུགས་དྲི་རོ་རེག་བྱ་བཅས་སྐྱེ་མཆེད་བཞི་སྟེ། རྡུལ་རྫས་བརྒྱད་འདུ་ཚོགས་བྱས་པ་ལས་དངོས་གཟུགས་གྲུབ་པར་འདོད། ས་ཡི་འབྱུང་བས་རྒྱུན་སྐྱོང་བ་དང༌། ཆུ་ཡིས་གཅིག་མཐུན་བྱེད་པ། མེས་དར་རྒྱས་གཏོང་བ༑ རླུང་གིས་འགུལ་བར་བྱེད། རྡུལ་ཕྲན་ནི་རྫས་བརྒྱད་པོ་འདི་འདུ་འཛོམས་བྱུང་བ་ལས་གྲུབ། འདི་འདྲའི་འདུས་བྱས་ཀྱི་རྡུལ་ཕྲན་ཕུང་གསོག་གཞིར་བཞག་ནས་གཟུགས་རགས་པའི་འཇིག་རྟེན་ལ་འགྲེལ་བཤད་བྱས་ཡོད། ནང་པའི་གྲུབ་མཐའ་སྔ་ཤོས་ཤིག་སྟེ་བྱེ་བྲག་སྨྲ་བའི་འདོད་ཚུལ་ལ། རྡུལ་ཕྲ་རབ་ཀྱི་གྲུབ་རྫས་འདི་དག་ནི་དངོས་གཟུགས་ཀྱི་གྲུབ་ཆ་ཆེས་ཕྲ་མོ་དེ་ཡིན་པར་མ་ཟད། ཆ་ཆུང་དུ་བགོ་མི་ཐུབ་པས་འདི་དག་ཆ་མེད་ཀྱང་ཡིན། བྱེ་བྲག་སྨྲ་བའི་ལུགས་ལ་རྡུལ་ཕྲན་གྱི་ཕུང་གསོག་ལས་དངོས་གཟུགས་ཤིག་གྲུབ་སྐབས་རྡུལ་ཕྲན་ཕན་ཚུན་ལ་མི་ཐུག འབྱུང་བ་རླུང་དང་རང་བྱུང་ཁམས་ཀྱི་ནུས་ཤུགས་གཞན་ལ་བརྟེན་ནས་རྡུལ་ཕྲན་དེ་དག་ནང་ལོགས་སུ་རྡིབ་ལྷུང་དང་ཕྱི་ལོགས་སུ་ཚད་གཞི་མེད་པར་རྒྱ་བསྐྱེད་མི་བྱེད་པར་སྒྲིག་གཞི་ཞིག་གི་ནང་དུ་མཉམ་དུ་གནས་ཀྱི་ཡོད།

རྣམ་གཞག་འདི་འདྲའི་རིགས་ནི་རྒྱ་གར་གྱི་མཚན་ཉིད་རིག་པའི་གྲུབ་མཐའ་གཞན་དང༌། ལྷག་པར་རིགས་པ་ཅན་པ་དང་བྱེ་བྲག་པའི་གཏན་ཚིགས་རིག་པ་དང་ཞིབ་བསྡུར་བྱས་པ་ལས་བྱུང་བ་ཞིག་ཡིན་པ་བཤད་མ་དགོས་ཤིང༌། གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་བསྟན་བཅོས་ལ་ཞིབ་ལྟ་བྱས་ཚེ། གྲུབ་མཐའ་འདྲ་མིན་བར་ལ་གླེང་སློང་དང༌། བགྲོ་གླེང༌། དེ་བཞིན་རྩོད་སྒྲུབ་བྱས་པའི་ལུགས་སྲོལ་ངར་ཤུགས་སློང་བ་ཞིག་ཡོད་པ་གསལ་པོར་རྟོགས་ཐུབ། ནང་ཆོས་དང༌། རིགས་པ་ཅན་པ། བྱེ་བྲག་པ། དཔྱོད་པ་བ། གྲངས་ཅན་པ། རིག་བྱེད་མཐའ་པ་ལྟ་བུ་གནའ་བོའི་རྒྱ་གར་གྱི་གྲུབ་མཐའ་ཁག་ལ་རྩ་བའི་དང་བ་དང་བརྟག་དཔྱད་ཀྱི་བྱེད་ཐབས་གཅིག་མཚུངས་སུ་ཡོད། རྒྱ་གར་དུ་ནང་ཆོས་ཐོག་མར་དར་བ་ནས་བཟུང་སྔོན་མ་དང་དེང་སང་གི་བོད་ཀྱི་ནང་ཆོས་བར་དུ་གྲུབ་མཐའ་ཁག་གི་བར་ལ་རྩོད་སྒྲུབ་ཤུགས་དྲག་ཅིག་བྱུང་བས། ཤེས་ཡོན་དར་རྒྱས་དང་མཚན་ཉིད་རིག་པའི་བསམ་བློ་དག་ཐེར་བྱེད་པར་རམ་འདེགས་གལ་ཆེན་ཞིག་བྱས་ཡོད།

དྷརྨཤྲིའི་ཡིས་མཛད་པའི་ཆོས་མངོན་པའི་སྙིང་པོ་དང༌། གྲགས་ཆེ་བའི་འགྲེལ་ཆེན་གཉིས་ཀྱིས་བྱེ་བྲག་སྨྲ་བའི་རྡུལ་ཕྲན་གྱི་རྣམ་གཞག་འདི་ཐོག་མར་བསྟན་ཅིང༌། མངོན་པའི་སྙིང་པོ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་དང༌། འདས་ལོའི་དུས་རབས་དང་པོའི་བར་ཞིག་ལ་བརྩམས་པ་དེང་རབས་ཀྱི་མཁས་དབང་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། གཞུང་འདི་ནི་བོད་སྐད་དུ་བསྒྱུར་མེད་ནའང༌། དུས་རབས་གསུམ་པའི་ནང་རྒྱ་སྐད་དུ་བསྒྱུར་ཡོད་པར་བཤད། མངོན་པའི་སྙིང་པོའི་ནང་དུ་སྔ་མོའི་ནང་པའི་མཚན་ཉིད་རིག་པའི་ལྟ་ཚུལ་གལ་ཆེན་ཁག་གོ་རིམ་ལྡན་པའི་ལམ་ནས་ཕྱོགས་བསྡུས་བྱས་པའི་འབད་བརྩོན་རྒྱ་ཆེན་ཞིག་མངོན། འདིའི་ནང་གི་རྩ་བའི་ལྟ་ཚུལ་མང་ཆེ་བ་བསྟན་བཅོས་འདི་མ་བརྩམས་པའི་སྔ་རོལ་ནས་དར་ཡོད་པར་ངེས། དེ་ལས་ལྡོག་སྟེ། དུས་རབས་དང་པོ་དང་གསུམ་པའི་བར་ཞིག་ལ་བརྩམས་པའི་འགྲེལ་ཆེན་ནི་ཆ་ཤས་དུ་མ་ལས་གྲུབ་པའི་གཞུང་ཞིག་རེད། འདིའི་ནང་དུ་ནང་པའི་མཚན་ཉིད་རིག་པའི་གྲུབ་མཐའ་བྱེ་བྲག་པ་གཅིག་ཡང་དག་ཏུ་བཟུང་ནས་དེ་ལ་རིགས་པའི་རྨང་གཞི་བཏིངས་ཏེ་དགག་སྒྲུབ་འདྲ་མིན་ལ་ལན་བཏབ་འདུག འགྲེལ་ཆེན་འདིའི་རྩོད་སྒྲུབ་རྣམས་བོད་ཀྱི་ནང་བསྟན་དུ་ཡོད་ཀྱང་གཞུང་འདི་ཆ་ཚང་བ་ཞིག་བོད་བསྒྱུར་བྱས་མེད།

ནང་པའི་མཚན་ཉིད་རིག་པ་སྨྲ་བ་སློབ་དཔོན་དབྱིག་གཉེན་གྱིས་བསྟན་བཅོས་འདི་གཉིས་ལས་གཙོ་བོ་གཉིས་པ་གཞི་རུ་བཟུང་ནས་དུས་རབས་བཞི་པའི་ནང་དུ་ཆོས་མངོན་པ་མཛོད་བརྩམས། མངོན་པ་མཛོད་དུ་འགྲེལ་ཆེན་ནང་གི་གལ་ཆེ་བའི་གནད་དོན་རྣམས་ལ་དཔྱད་པ་གཟབ་ནན་བྱས་ནས་སྙིང་དོན་བསྡུས་བསྒྲིགས་བྱས་ཡོད། ཆོས་མངོན་པ་མཛོད་ནི་བོད་དུ་གནའ་བོའི་ནང་ཆོས་ཀྱི་མཚན་ཉིད་རིག་པ་དང་སེམས་ཁམས་རིག་པའི་རྨང་གཞི་ཡིན། དཔེར་ན། ང་གྲྭ་གཞོན་ཡིན་སྐབས་ངས་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བློ་འཛིན་བྱེད་དགོས་བྱུང༌།

ནང་བསྟན་དུ་རྡུལ་ཕྲན་གྱི་ཕུང་གསོག་དང་དེའི་གྲུབ་རྫས་བར་གྱི་འབྲེལ་བའི་སྐོར་ལ་འཆར་སྒོ་ལས་བྱུང་བའི་ལྟ་གྲུབ་ཀྱི་རྣམ་གཞག་འདྲ་མིན་ཡོད། ཡ་མཚར་བ་ཞིག་ལ། མངོན་པ་མཛོད་དུ་ཐ་ན་རྡུལ་ཕྲན་གྱི་གཟུགས་ཕུང་གི་ཆེ་ཆུང་ལའང་གསལ་བཤད་བྱས་པ་དང༌། ཆ་ཆུང་དུ་བགོ་མི་ཐུབ་པའི་རྡུལ་ཕྲ་རབ་ནི་ཕལ་ཆེར་རི་བོང་གི་རྡུལ་ཕྲན་ཞིག་གི་ཆ་ཉིས་སྟོང་བཞི་བརྒྱའི་གཅིག་ཙམ་ཡིན་པར་གསུངས། འདིའི་དོན་ནི་ཅི་ཡིན་ནམ་སྙམ། ངས་སློབ་དཔོན་དབྱིག་གཉེན་གྱིས་རྩིས་འདི་ཇི་ལྟར་བརྒྱབས་པ་ཚོད་དཔག་ཀྱང་བྱེད་མི་ཐུབ།

ནང་པའི་གྲུབ་མཐའ་གཞན་གྱིས་རྩ་བའི་ཆ་ནས་རྡུལ་ཕྲན་གྱི་རྣམ་གཞག་འདི་ཁས་ལེན་བྱས་ཀྱང༌། རྡུལ་ཕྲན་ཆ་ཆུང་དུ་བགོ་མི་ཐུབ་པའི་འདོད་ཚུལ་དེར་དོགས་འདྲི་བྱས་ཡོད། དེ་བཞིན་གྲུབ་མཐའ་འགའ་ཤས་ཀྱིས་གཟུགས་དང༌། དྲི། རོ༑ རེག་བྱ་བཅས་སྐྱེ་མཆེད་བཞི་པོ་འདི་དངོས་གཟུགས་ཀྱི་རྩ་བའི་གྲུབ་རྫས་ཡིན་མིན་ལའང་དོགས་སློང་བྱས། དཔེར་ན། སློབ་དཔོན་དབྱིག་གཉེན་རང་ཉིད་ནས་ཀྱང་ཡུལ་གྱི་ངོས་ནས་གྲུབ་ཅིང་ཆ་ཆུང་དུ་བགོ་མི་ཐུབ་པའི་འདོད་ཚུལ་འདི་བཀག་པ་ཡོངས་གྲགས་ཡིན། གལ་ཏེ་རྡུལ་ཕྲན་རྣམས་རང་རྐྱ་བ་ཞིག་ཡིན་ཚེ་ཉིན་རེའི་འཇིག་རྟེན་ནང་གི་དངོས་གཟུགས་མཐའ་དག་གི་གྲུབ་ཚུལ་ལ་འགྲེལ་བཤད་རྒྱག་ཐབས་མེད་པ་དང༌། གཟུགས་ཅན་གྱི་ཆོས་རྣམས་ཇི་ལྟར་བྱུང་བ་ལ་རྡུལ་ཕྲན་ཕལ་བ་རྣམས་རྙོག་འཛིང་ཆེ་བའི་འདུས་བྱས་ཀྱི་སྒྲིག་གཞི་ཞིག་གི་ནང་ཇི་ལྟར་འདུ་འཇོམས་བྱུང་བའི་འགྲེལ་བཤད་གཞན་ཞིག་ཡོད་ངེས་པར་གསུངས།

འདུས་བྱས་ཀྱི་ཆོས་ཤིག་གྲུབ་སྐབས་རྡུལ་ཕྲན་གཅིག་ལ་རྡུལ་ཕྲན་དྲུག་གིས་ཕྱོགས་བཞི་དང་སྟེང་འོག་གཉིས་ན་བསྐོར་བར་འདོད། འོ་ན་ཤར་ཕྱོགས་ཀྱི་རྡུལ་ཕྲན་ལ་རེག་པའི་རྡུལ་ཕྲན་དཀྱིལ་མའི་ཆ་ཤས་དེ་བྱང་ཕྱོགས་ཀྱི་རྡུལ་ཕྲན་ལའང་ཐུག་ཡོད་དམ། ཐུག་མེད་ཚེ་རྡུལ་ཕྲན་དཀྱིལ་མ་དེར་ཆ་ཤས་གཅིག་ལས་མང་བ་ཡོད་པ་བསྟན་པས། རྡུལ་ཕྲན་འདི་མ་མཐའ་ཡང་བསམ་བློའི་ནང་དུ་ཆ་ཆུང་དུ་བགོ་ཐུབ་སྟེ། རྡུལ་ཕྲན་དཀྱིལ་མ་འདིར་ཤར་ཕྱོགས་ཀྱི་རྡུལ་ཕྲན་ལ་ཐུག་ཀྱང་བྱང་ཕྱོགས་ཀྱི་རྡུལ་ཕྲན་ལ་མི་ཐུག་པའི་ཆ་ཤས་ཤིག་ལྡན། དེ་ལས་ལྡོག་སྟེ། རྡུལ་ཕྲན་དཀྱིལ་མའི་ཤར་ཕྱོགས་ཀྱི་ཆ་ཤས་དེ་བྱང་ཕྱོགས་ཀྱི་རྡུལ་ཕྲན་ལ་ཐུག་ཡོད་ན༑ ཆ་ཤས་འདི་ཕྱོགས་གཞན་གྱི་རྡུལ་ཕྲན་རྣམས་ལའང་ཐུག་པར་འགོག་རྐྱེན་གང་ཡང་མེད། འདི་འདྲ་ཡིན་ན་རྡུལ་ཕྲན་བདུན་པོ་འདིའི་བར་སྣང་གི་གནས་ཡུལ་གཅིག་ཏུ་གྱུར་ནས། རྡུལ་ཕྲན་འདི་དག་ནང་ལོགས་སུ་རྡིབ་ལྷུང་བྱུང་སྟེ་རྡུལ་ཕྲན་གཅིག་ཏུ་འགྱུར་བར་སློབ་དཔོན་དབྱིག་གཉེན་གྱིས་རྩོད་སྒྲུབ་བྱས། ཁོང་གི་ལྟ་ཚུལ་ལ་བསམ་བློའི་དཔྱད་པ་འདིས་གཟུགས་རགས་པའི་འཇིག་རྟེན་གྱི་ཆོས་རྣམས་གཟུགས་དཀྱུས་མའི་འདུ་ཕུང་སྟེ་ཆ་ཆུང་དུ་བགོ་མི་ཐུབ་པའི་རྡུལ་ཕྲན་ལྟ་བུ་བརྒྱུད་ནས་འགྲེལ་བཤད་རྒྱག་མི་ཐུབ་པར་བསྟན་ཡོད།

ངས་དྲི་དང་རོ་དང་རེག་བྱ་ལྟ་བུའི་ཁྱད་ཆོས་ནི་དངོས་གཟུགས་ཀྱི་གཞི་རྩའི་གྲུབ་ཆ་ཞིག་ཏུ་བརྩི་བའི་འདོད་ཚུལ་འདི་ནམ་ཡང་རྟོགས་ཐུབ་མེད། འོན་ཀྱང༌། འབྱུང་བ་བཞི་གཞི་རྩར་བཞག་པའི་རྡུལ་ཕྲན་གྱི་རྣམ་གཞག་ཅིག་གཏན་འབེབས་བྱས་པའི་དགོས་དམིགས་དེ་རྟོགས་ཐུབ། གང་ལྟར་ང་རང་གི་བསམ་ཚུལ་ལ། རྩ་བའི་ཆ་ནས་བསམ་བློའི་འཆར་སྒོ་ལས་བྱུང་བའི་ནང་པའི་དངོས་ཁམས་ཀྱི་རྣམ་གཞག་རགས་པ་འདིའི་རིགས་དེང་རབས་ཀྱི་དངོས་ཁམས་རིག་པའི་རྡུལ་ཕྲན་གྱི་རྣམ་གཞག་དང་བསྟུན་ནས་བཅོས་བསྒྱུར་བྱེད་དགོས། ཚན་རིག་གི་དངོས་ཁམས་རིག་པའི་ནང་དུ་རྒྱུ་རྡུལ་དང་མ་ནིང་རྡུལ་ལས་གྲུབ་པའི་ཚི་གུ་ལ་གློག་རྡུལ་གྱིས་སྐོར་བའི་རང་བཞིན་སོགས་ལ་ཞིབ་འཇུག་ཚོད་ལྟ་བྱས་ནས་དངོས་གཟུགས་ཀྱི་རྩ་བའི་གྲུབ་ཆའི་ཐད་ལ་གོ་རྟོགས་ཕྲ་མོ་མང་པོ་ཞིག་སྤེལ་ཡོད། ཉེ་རྡུལ་དང་ལེ་ཕི་ཏྲོམ་༼Lepton༽ལྟ་བུ་རྡུལ་ཕྲན་གྱི་ཆ་རྡུལ་ཕྲ་མོའི་འགྲེལ་བཤད་ལ་ཉན་སྐབས། ནང་པའི་གནའ་བོའི་རྡུལ་ཕྲན་གྱི་རྣམ་གཞག་དང་དངོས་གཟུགས་ཀྱི་གྲུབ་རྡུལ་ཆུང་ཤོས་ཆ་ཆུང་དུ་བགོ་མི་ཐུབ་པའི་འདོད་ཚུལ་འདི་ཚོ་རབ་ཡིན་ན་དཔེ་མཚོན་རགས་པ་ཞིག་ལས་ཅི་ཡང་མིན་པ་གསལ་པོ་རེད། ཡིན་ཡང༌། ནང་པའི་མཚན་ཉིད་རིག་པ་སྨྲ་བའི་འཚོལ་ཞིབ་སྟེ། དངོས་གཟུགས་ཤིག་གི་གྲུབ་རྫས་ཕྲ་མོ་རྣམས་ཀྱང་འདུ་ཚོགས་ལས་གྲུབ་དགོས་པའི་ལྟ་ཚུལ་འདི་ནི་དེང་རབས་ཀྱི་ཚན་རིག་གི་གསར་རྙེད་ཤེས་བྱ་དང་མཐུན་ཕྱོགས་ཅུང་ཙམ་ཡོད་པར་སྣང༌།

ཚན་རིག་དང་མཚན་ཉིད་རིག་པ་གཉིས་ཀྱིས་དངོས་པོའི་གྲུབ་ཆ་ལ་བརྟག་དཔྱད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ཆ་ཆུང་དུ་བགོ་མི་ཐུབ་པའི་དངོས་གཟུགས་ཀྱི་གྲུབ་ཆ་འཚོལ་རྒྱུ་འདི་ཡིན། དམིགས་ཡུལ་འདི་ནི་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ་སྨྲ་བ་དང་དེང་རབས་ཀྱི་དངོས་ཁམས་རིག་པ་བ་གཉིས་ཀ་མ་ཡིན་པར། གནའ་བོའི་རྒི་རེ་སིའི་༼Greece༽རྡུལ་ཕྲན་སྨྲ་བའི་ཚན་རིག་པ་ལའང་ཡོད། གང་ལྟར་ལྟ་སྟངས་ཅི་འདྲ་ཞིག་བཟུང་རུང༌། འདི་ནི་དོན་ངོ་མར་དངོས་ཡོད་གནས་ལུགས་ཤིག་གི་མཐར་ཐུག་གི་རང་བཞིན་དེ་རྟོགས་པར་བརྩོན་པའི་འཚོལ་ཞིབ་ཅིག་རེད། ནང་པའི་མཚན་ཉིད་རིག་པ་སྨྲ་བ་ཚོས་འཚོལ་ཞིབ་འདི་ལམ་ལོག་ཏུ་སོང་བར་རྩོད་སྒྲུབ་བྱས། ཚན་རིག་གིས་རྡུལ་ཕྲན་རྙེད་པའི་སྐབས་ཤིག་ལ་དངོས་གཟུགས་ཀྱི་མཐར་ཐུག་གི་གྲུབ་ཆ་དེ་རྙེད་ཟིན་པའི་ཡིད་ཆེས་བྱས། འོན་ཀྱང༌། དུས་རབས་ཉི་ཤུ་པའི་ནང་ཚོད་ལྟ་གཙོ་བོར་འཛིན་པའི་དངོས་ཁམས་རིག་པས་རྡུལ་ཕྲན་དེ་ཡང་ཆ་ཆུང་དུ་བགོས་ཤིང༌། ཁོན་ཏྲོམ་འགུལ་ཤུགས་རིག་པའི་ལྟ་བ་ཞིག་གིས་ཡུལ་གྱི་ངོས་ན་དོན་དམ་དུ་གནས་ཤིང་ཆ་སྟོང་པའི་རྡུལ་ཆ་ཞིག་ང་ཚོས་ནམ་ཡང་རྟོགས་མི་ཐུབ་པར་འདོད་ནའང༌། ཚན་རིག་པ་མང་པོ་ཞིག་གིས་འདི་འདྲའི་རྡུལ་ཆ་ཞིག་གསར་དུ་རྙེད་པའི་རེ་བ་ད་དུང་བརླགས་མེད།

༡༩༩༨ ལོའི་དབྱར་གཞུང་དུ་ང་ཨིན་སི་སྦི་རོ་ཁི་༼the University of Innsbruck༽མཐོ་སློབ་ཏུ་ཨོ་སུ་ཊར་རེའི་དངོས་ཁམས་རིག་པ་བ་ཨམ་ཏྲོན་༼Anton Zeilinger༽གྱི་ཞིབ་འཇུག་ཚོད་ལྟ་ཁང་ལ་ལྟ་སྐོར་དུ་སོང་བ་ཡིན། གློག་ལྡན་ལ་བསྒྱུར་བའི་རྡུལ་ཕྲན་རྐྱང་པ་ཞིག་ལ་ལྟ་བྱེད་ཀྱི་ཡོ་ཆས་ཤིག་ཁོང་གིས་ང་ལ་བསྟན་པ་དང༌། ངས་ཡོ་ཆས་དེ་བརྒྱུད་ནས་གློག་ལྡན་རྡུལ་ཕྲན་རྐྱང་པ་དེར་བལྟ་བར་འབད་བརྩོན་ཇི་ལྟར་བྱས་ཀྱང་མཐོང་མ་ཐུབ། ཕལ་ཆེར་ངོ་མཚར་ཆེ་བའི་ལྟད་མོ་དེར་བལྟ་བར་ངའི་ལས་ཀྱིས་མ་འདང་བ་ཡིན་སྲིད། ༡༩༩༧ ལོར་དྷ་རམ་ས་ལར་སེམས་དང་ཚེ་སྲོག་གི་ཚོགས་འདུའི་སྟེང་དུ་ཨམ་ཏྲོན་དང་ཐོག་མར་ཐུག་འཕྲད་བྱས། ཕྱོགས་འགའ་ཤས་ཤིག་ནས་ཁོང་སྦོད་མི་དང་གཏན་ནས་འདྲ་པོ་མེད། ལུས་བོངས་ཆེ་བ་དང་མིག་ཤེལ་གྱོན་པའི་ཨག་ཚོམ་ཅན་ཞིག་རེད། གད་མོ་སློང་བར་དགའ་བར་མ་ཟད་ཁོང་དགོད་སྐབས་ལུས་པོ་ཆ་ཚང་འདར་གསིག་བྱེད། ཚོད་ལྟ་གཙོ་བོར་འཛིན་པའི་དངོས་ཁམས་རིག་པ་བ་ཞིག་ཡིན་པའི་ཆ་ནས། ཁོང་ནི་རྣམ་གཞག་གི་གནད་དོན་གང་འདྲ་ཞིག་ཡིན་རུང་ཚོད་ལྟ་གསར་པའི་འབྲས་བུ་དང་བསྟུན་ནས་བཅོས་བསྒྱུར་བྱེད་པར་བློ་རྒྱ་ཡངས་པོ་ཅན་ཞིག་རེད། ནང་ཆོས་དང་གྲོས་བསྡུར་བྱས་ནས་དེ་དང་ཁོན་ཏྲོམ་དངོས་ཁམས་རིག་པའི་ཤེས་བྱའི་རྣམ་གཞག་གཉིས་བསྡུར་རྒྱུ་ལ་དང་མོས་བྱེད། དེ་ཡང་རྒྱུ་མཚན་ནི་ཁོང་གི་མཐོང་ཚུལ་ལ། འདི་གཉིས་ཀས་ཡུལ་གྱི་ངོས་ནས་གྲུབ་པའི་རང་མཚན་པའི་དངོས་ཡོད་གནས་ལུགས་ཤིག་ཁས་ལེན་བྱེད་ཀྱི་མེད་པས་ཡིན།

ཨ་མི་རི་ཀའི་དངོས་ཁམས་རིག་པ་བ་ཨ་ཐོར་ལའང་༼Arthur Zajonc༽སྐབས་དེར་ཐུག་འཕྲད་བྱུང༌། ཁོང་གི་ངག་འཇམ་ཞིང༌། གནད་དོན་ཞིག་གི་ཐད་ལ་མནོ་བསམ་གཏོང་སྐབས་མིག་གཉིས་ནི་ལྷག་ཏུ་རྣོ་བོ་ཞིག་ཡིན། རྙོག་འཛིང་ཆེ་ཞིང་རྟོགས་དཀའ་བའི་བརྗོད་གཞི་ཅི་འདྲ་ཞིག་ཡིན་ཡང་གོ་སླ་བའི་འགྲེལ་བཤད་རྒྱག་ཐུབ་པའི་རྣམ་དཔྱོད་ཅན་གྱི་དགེ་རྒན་ཞིག་ཀྱང་རེད། ཁོང་ནི་ཚོགས་འདུ་དེའི་སྟངས་འཛིན་པ་ཡིན་ལ། ཚིག་ཉུང་དོན་གསལ་གྱི་ངང་ནས་གྲོས་བསྡུར་གྱི་ཕྱོགས་སྡོམ་དང་སྙིང་བསྡུས་བརྗོད་པ་དེས་ང་ལ་ཕན་ཆེན་པོ་ཐོགས་བྱུང༌།

ཁོང་གཉིས་དང་མ་ཐུག་པའི་ལོ་འགའི་སྔོན་ལ་ང་རང་ཁོད་པམ་ཧམ་ཀི་རུ་ཡོད་པའི་ནེ་ལི་སི་སྦོར་༼Niels Bohr Institute in Copenhagen༽སློབ་གཉེར་ཁང་དུ་གཞུང་འབྲེལ་མ་ཡིན་པའི་བགྲོ་གླེང་ཞིག་ལ་ཞུགས་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ། བགྲོ་གླེང་དེར་མ་ཞུགས་པའི་སྔོན་ལོན་ཊོན་དུ་གནས་སྐབས་ཤིག་ལ་སྡོད་སྐབས། ངས་སྦོད་མི་དང་ཁོང་གི་བཟའ་ཟླ་གཉིས་ཉིན་གུང་གི་གསོལ་ཚིགས་ལ་ངའི་མགྲོན་ཁང་དུ་སྐད་བཏང་བ་ཡིན། ནེ་ལི་སི་སྦོར་སློབ་གཉེར་ཁང་དུ་དངོས་ཁམས་རིག་པ་དང་ནང་པའི་མཚན་ཉིད་རིག་པ་གཉིས་ཀྱི་བགྲོ་གླེང་ལ་ཞུགས་འཆར་ཡོད་པ་ངས་སྦོད་མི་ལ་སྔོན་ནས་བཤད་ཟིན་པས། ཁོང་གིས་ནེ་ལི་སི་སྦོར་གྱིས་དངོས་ཡོད་གནས་ལུགས་ཀྱི་རང་བཞིན་ལ་བཟུང་བའི་རང་ཉིད་ཀྱི་ལྟ་བ་ཤོག་བུ་གཉིས་ཀྱི་སྟེང་དུ་ཕྱོགས་བསྡུས་བྱས་ཡོད་པའི་རྩོམ་ཡིག་ཅིག་ཐུགས་ཁུར་གྱི་ངང་ནས་ཁྱེར་འདུག སྦོད་མིས་རྒྱུ་སྐར་རང་བཞིན་གྱི་ནེ་ལི་སི་སྦོར་གྱི་རྡུལ་ཕྲན་དང༌། ཚི་གུ་ལ་གློག་རྡུལ་གྱིས་སྐོར་བའི་རོ་དྷར་ཧཕོར་ཏྲིའི་༼Rutherford༽རྡུལ་ཕྲན་གྱི་དཔེ་མཚོན་གཉིས་ལ་འགྲེལ་བཤད་ཡ་མཚར་བ་ཞིག་བརྒྱབས་ཤིང༌། རྡུལ་ཕྲན་གྱི་དཔེ་མཚོན་འདི་གཉིས་ཕི་ལམ་༼Plum pudding༽མངར་ཟས་ཀྱི་རྡུལ་ཕྲན་དཔེ་མཚོན་ལ་ཁ་གཏད་བྱེད་པའི་བརྒྱུད་རིམ་ཁྲོད་དར་བ་ཞིག་རེད།

ཐོམ་སོང་༼J.J. Thomson༽གིས་མོ་གློག་ཅན་གྱི་གློག་རྡུལ་གསར་རྙེད་བྱས་པའི་ཕྱིས་སུ་དུས་རབས་བཅུ་དགུ་པའི་མཇུག་ཏུ་ཕི་ལམ་མངར་ཟས་ཀྱི་རྡུལ་ཕྲན་དཔེ་མཚོན་འདི་དར་ཞིང༌། གློག་རྡུལ་གྱི་མོ་གློག་ཆ་སྙོམས་བྱེད་པའི་ཕོ་གློག་ནི་རྡུལ་ཕྲན་ཞིག་གི་ནང་མངར་ཟས་བཞིན་ཁྱབ་པར་བསམ་པ་དང༌། དཔེ་མཚོན་འདིའི་ནང་གློག་རྡུལ་རྣམས་ཤིང་ཏོག་ཕི་ལམ་ཡིན། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་ཚོད་ལྟ་ཞིག་གི་ནང༌། རོ་དྷར་ཧཕོར་ཏྲི་ཡིས་གསེར་ཤོག་ཅིག་གི་སྟེང་ལ་ཕོ་གློག་ཅན་གྱི་ཨ་ཧཕ་རྡུལ་༼alpha༽རྣམས་འཕེན་སྐབས་མང་ཆེ་བ་དེ་བརྒྱུད་ནས་འགྲོ་ཞིང་འགའ་ཤས་ཤིག་ཚུར་ལྡོག་བྱེད་པ་གསར་དུ་རྙེད། གསེར་གྱི་རྡུལ་ཕྲན་སྟེང་གི་ཕོ་གློག་ཅན་གྱི་གློག་རྡུལ་རྣམས་མངར་ཟས་བཞིན་རྡུལ་ཕྲན་དེའི་སྟེང་དུ་གང་སར་ཁྱབ་པ་མ་ཡིན་པར་དེའི་ལྟེ་བ་རུ་གཅིག་ཚོགས་བྱེད་པས། ཨ་ཧཕ་རྡུལ་གྱིས་གསེར་གྱི་རྡུལ་ཕྲན་གྱི་ལྟེ་བར་བརྡུང་སྐབས། ཕོ་གློག་ཅན་གྱི་གློག་རྡུལ་དེ་དག་གིས་ཨ་ཧཕ་རྡུལ་རྣམས་ཕྱིར་ལྡོག་བྱེད་པ་ཁོང་གིས་མཐའ་སྡོམ་འཕྱུགས་མེད་ཅིག་བཞག ཞིབ་འཇུག་གི་ཚོད་ལྟ་འདི་གཞི་རྩར་བཞག་ནས་རོ་དྷར་ཧཕོར་ཏྲི་ཡིས། ཕོ་གློག་ཅན་གྱི་ཚི་གུ་ལ་མོ་གློག་གི་གློག་རྡུལ་གྱིས་བསྐོར་བའི་ཉི་མའི་ཁྱིམ་རྒྱུད་རང་བཞིན་གྱི་རྡུལ་ཕྲན་གྱི་དཔེ་མཚོན་འདི་གསར་གཏོད་བྱས། ཕྱིས་སུ་ནེ་ལི་སི་སྦོར་གྱིས་རོ་དྷར་ཧཕོར་ཏྲིའི་རྡུལ་ཕྲན་གྱི་དཔེ་མཚོན་འདི་རྒྱུ་སྐར་རང་བཞིན་གྱི་རྡུལ་ཕྲན་དཔེ་མཚོན་དུ་བསྒྱུར་ནས་དེའི་སྤུས་ཀ་ཇེ་ལེགས་སུ་བཏང༌། དཔེ་མཚོན་མཐའ་མ་འདི་ནི་ཕྱོགས་གང་མང་ཞིག་ནས་ཁོན་ཏྲོམ་འགུལ་ཤུགས་རིག་པའི་མེས་པོ་ལྟ་བུ་ཞིག་ཏུ་གྱུར་པ་རེད།

ང་ཚོའི་གླེང་མོལ་ནང་སྦོད་མིས། ཁོན་ཏྲོམ་དངོས་ཁམས་རིག་པའི་འགྲེལ་བཤད་ཀྱི་སྟེང་དུ་ནེ་ལི་སི་སྦོར་དང་ཨ་ཡིམ་སི་ཐམ་གཉིས་ཀྱི་བར་ལ་བྱུང་བའི་རྩོད་གླེང་རིང་མོ་དེའི་ཟུར་ཙམ་ཞིག་ཀྱང་ང་ལ་བཤད་སོང༌། རྩོད་གླེང་འདི་ནི་ཨ་ཡིམ་སི་ཐམ་གྱིས་ངེས་མེད་ཆོས་ཉིད་ཚད་མ་ཡིན་པའི་ཁས་ལེན་བྱས་མེད་པ་དང་འབྲེལ་བ་ཡོད། ཁོང་གཉིས་ཀྱི་རྩོད་གླེང་གི་གནད་དོན་གཙོ་བོ་ཞིག་ནི། གཞི་རྩའི་གནས་རིམ་དུ་མཐར་ཐུག་གི་དངོས་ཡོད་གནས་ལུགས་ལ་ཐག་གཅོད་ཀྱི་རང་བཞིན་ལྡན་མིན་དང༌། སྔོན་དཔག་བྱེད་ཐུབ་མིན། དེ་བཞིན་ངེས་གཏན་ཡོད་མེད་བཅས་ཀྱི་གནད་དོན་ཁག་རེད། ཨ་ཡིམ་སི་ཐམ་གྱི་ལྟ་ཚུལ་ལ། གཞི་རྩའི་གནས་རིམ་གྱི་དངོས་ཡོད་གནས་ལུགས་ནི་ངེས་མེད་ཅིག་མིན་པ་གྲགས་ཆེ་བའི་ཁོང་གི་སྐད་ཆ་ཞིག་སྟཻ་འཇིག་རྟེན་བཀོད་པ་པོས་ཤོ་རྡེའུ་མི་གཡུག་ཅེས་པའི་ནང་དུ་གསལ་པོར་བསྟན་ཡོད། རྩོད་སྒྲུབ་དེ་ཚོ་ཚང་མས་ང་རང་ཉིད་ཀྱི་ནང་པའི་སྲོལ་རྒྱུན་གྱི་ལོ་རྒྱུས་དྲན་སྐུལ་བྱེད། དེའི་ནང་འདི་འདྲའི་རྩོད་སྒྲུབ་ནི་རིགས་པ་དང་མཐུན་པའི་ལྟ་གྲུབ་མང་པོ་ཞིག་འབྱུང་ཞིང་ཡོད་པ་རྣམས་སྤུས་ཚད་ཇེ་ལེགས་སུ་གཏོང་བར་མེད་དུ་མི་རུང་བའི་རམ་འདེགས་ཤིག་ཏུ་ཆགས།

གནའ་བོའི་ནང་པའི་གྲུབ་མཐའ་སྨྲ་བ་ཚོ་དང་མི་འདྲ་བར་དེང་རབས་ཀྱི་དངོས་ཁམས་རིག་པ་བ་ཚོས་ཧ་སྦོད་རྒྱང་ཤེལ་ཆེན་མོ་དང༌། ཡང་ན་གློག་ལྡན་གྱི་ཕྲ་མཐོང་ཆེ་ཤེལ་ལྟ་བུ་ཚན་རིག་གི་འཕྲུལ་ཆས་ལ་བརྟེན་ནས་རང་ཉིད་ཀྱི་མིག་གི་དབང་པོའི་ནུས་ཚད་ཧ་ལས་པའི་རྒྱ་བསྐྱེད་ཐུབ་ཡོད། འདིའི་འབྲས་བུ་སྟེ་ཕྱིའི་གཟུགས་ཅན་གྱི་ཆོས་ལ་ཡོད་པའི་ང་ཚོའི་མངོན་སུམ་རིག་པའི་ཤེས་རྟོགས་ནི་གནའ་མིའི་འཆར་སྣང་ལའང་མ་ཤོང་བ་ཞིག་རེད། ཚན་རིག་གི་ནུས་ཤུགས་འདི་ཚོ་གཞི་རྩར་བཞག་ནས་ངས་ཐེངས་དུ་མར་བོད་ཀྱི་དགོན་སྡེ་ཁག་གི་ཁྲིད་གཞིའི་ནང་དུ་དེང་རབས་ཀྱི་དངོས་ཁམས་རིག་པའི་རྨང་གཞི་འཚུད་དགོས་པའི་སྐུལ་མ་ནན་ཏན་དུ་བཏང་བ་ཡིན། དེ་ཡང་སྔོན་མེད་ཀྱི་སློབ་ཚན་ཞིག་གསར་འཛུགས་བྱེད་དགོས་པ་མ་ཡིན་པར། ད་ལྟའི་ཁྲིད་གཞིའི་ནང་དུ་ཡོད་པའི་ཟུར་ཆ་ཞིག་ལེགས་བཅོས་གཏོང་རྒྱུ་དེ་ཡིན་པ་རྒྱུ་མཚན་དུ་བཀོད་ནས་བཤད་མྱོང༌། སློབ་གཉེར་བྱེད་སའི་དགོན་སྡེ་ཁག་ཏུ་དེང་རབས་ཀྱི་དངོས་ཁམས་རིག་པའི་སྐོར་ལ་ཟབ་སྦྱོང་བསྟུད་མར་བཀོད་སྒྲིག་བྱེད་པ་འགོ་བཙུགས་ཟིན་པས་ངེད་དགའ་ཚོར་བྱུང༌། ཟབ་སྦྱོང་འདི་ཚོ་སྤྲོད་མཁན་ནི་ནུབ་ཕྱོགས་ཀྱི་མཐོ་སློབ་ཁག་ནས་འོང་བའི་དངོས་ཁམས་རིག་པའི་སློབ་དཔོན་དང་ཁོང་ཚོའི་མཐར་ཕྱིན་སློབ་མ་རྒན་གྲས་ཁག་ཅིག་ཡིན། ངས་ལས་དོན་གསར་པ་འདི་བརྒྱུད་ནས་དེང་རབས་ཀྱི་དངོས་ཁམས་རིག་པ་ཆ་ཚང་བ་ཞིག་བོད་ཀྱི་དགོན་སྡེ་ཁག་གི་མཚན་ཉིད་རིག་པའི་ཁྲིད་གཞིའི་ནང་དུ་འཚུད་ཐུབ་པའི་རེ་བ་འཆང་གི་ཡོད།

ངས་སྔོན་མ་ཉིད་ནས་ཨ་ཡིམ་སི་ཐམ་གྱི་ཐུན་མོང་མ་ཡིན་པའི་ལྟོས་གྲུབ་ཀྱི་རྣམ་གཞག་གི་སྐོར་གོ་མྱོང་ཡོད་ཀྱང༌། ལྟ་གྲུབ་འདི་དང་འདི་ལས་བྱུང་བའི་མཚན་ཉིད་རིག་པའི་ཤུགས་བསྟན་འགའ་ཤས་ཤིག་ང་ལ་ཐོག་མར་གསལ་བཤད་བྱེད་མཁན་ཡང་སྦོད་མི་ཡིན། ང་ལ་རྩིས་རིག་གི་རྨང་གཞི་མེད་པས་དེང་རབས་ཀྱི་དངོས་ཁམས་རིག་པ་དང༌། ལྷག་པར་ལྟོས་གྲུབ་ཀྱི་རྣམ་གཞག་ལྟ་བུ་ལྐོག་ཏུ་གྱུར་པའི་བརྗོད་བྱ་ཁག་ཅིག་འཁྲིད་རྒྱུ་ནི་ལས་སླ་པོ་ཞིག་མིན། ངས་སྦོད་མིའི་ངང་རྒྱུད་རིང་པོ་དང༌། ཁོང་གི་ངག་དང་གཤིས་རྒྱུད་འཇམ་པོ། དེ་བཞིན་འགྲེལ་བཤད་རྣམས་གོ་སླད་ཁོང་གིས་ལྟ་རྟོག་བྱས་པ་བཅས་ལ་བསམ་བློ་གཏོང་སྐབས་ཁོང་ལྷག་ཏུ་དྲན།

ཐུན་མོང་མ་ཡིན་པའི་ལྟོས་གྲུབ་ཀྱི་རྣམ་གཞག་འདི་ཕར་ཞོག ཐ་ན་ཨ་ཡིམ་སི་ཐམ་གྱི་ལྟ་བའི་རྨང་གཞི་ཙམ་ཞིག་རྟོགས་པ་ལའང་རྒྱུན་འཇགས་སུ་སོང་བའི་རང་གི་གོ་རྟོགས་རྣམས་སྣང་མེད་དུ་གཏོང་བའི་འདུན་པ་ངེས་ཅན་ཞིག་དགོས་པ་ནི། ཁོང་གི་རིགས་པ་ལ་སྦྱངས་མྱོང་མཁན་སུ་ཞིག་ཡིན་རུང་གསལ་པོར་ཤེས། ཨ་ཡིམ་སི་ཐམ་གྱིས་རྒྱུ་མཚན་རྟེན་གཞི་གཉིས་གཏན་ལ་ཕབ་པ་དང༌། དང་པོ་ནི་འོད་ཀྱི་མགྱོགས་ཚད་རྒྱུན་བརྟན་པ་དང༌། གཉིས་པ་ནི་ལྟོས་གྲུབ་ཀྱི་ལྟ་བ་ཡིན། ལྟ་བ་འདིས་དངོས་ཁམས་ཀྱི་ཆོས་ཉིད་ཐམས་ཅད་ལྟོས་ས་ལྟོས་འཇོག་གི་འགུལ་སྐྱོད་བྱེད་བཞིན་པའི་ཞིབ་ལྟ་བྱེད་མཁན་ཚང་མར་གཅིག་མཚུངས་སུ་འཇུག་དགོས་པ་བསྟན། ཨ་ཡིམ་སི་ཐམ་གྱིས་རྒྱུ་མཚན་རྟེན་གཞི་འདི་གཉིས་ལ་བརྟེན་ནས་བར་སྣང་དང་དུས་ཀྱི་ཚན་རིག་གི་གོ་རྟོགས་དེ་གསར་བརྗེ་བྱས་ཡོད།

ཁོང་གི་ལྟོས་གྲུབ་ཀྱི་རྣམ་གཞག་གིས་གཟུགས་ཕུང་དང་ནུས་ཤུགས་ནི་རྣམ་པ་མི་འདྲ་བ་ཡིན་ཡང་རང་བཞིན་གཅིག་གི་ངོ་བོ་ལ་དོ་མཉམ་དུ་བསྒྱུར་ཆོག་པའི་མཚུངས་རྩིས་གྲགས་ཅན་འདི་༼E=mc2༽དང༌། གོ་དཀའ་ཞིང་དང་བ་འདྲེན་པའི་བསམ་བློའི་དཔྱད་པ་གང་མང་ཞིག་ང་ཚོར་བཞག་ཡོད། ངས་མཚུངས་རྩིས་འདི་མ་གཏོགས་ཚན་རིག་གི་མཚུངས་རྩིས་གང་ཡང་ཤེས་ཀྱི་མེད།༼དེང་སང་སྟོད་ཐུང་སྒང་དུའང་འདི་མཐོང་རྒྱུ་ཡོད།༽ ཚན་རིག་པས་མཚེ་མ་མཚུངས་མེད་དང༌། མགྱོགས་ཚད་ཤིན་ཏུ་མཐོ་བའི་སྐབས་སུ་དུས་སྲིང་བའམ་དངོས་པོའི་བོངས་ཚད་འཁུམ་པ་ལྟ་བུ་ཁོང་གི་བསམ་བློའི་དཔྱད་པ་མང་པོ་ཞིག་ཞིབ་འཇུག་ཚོད་ལྟ་བརྒྱུད་ནས་ར་སྤྲོད་བྱས་ཟིན། མཚེ་མ་མཚུངས་མེད་ཀྱི་དཔེ་མཚོན་ནང་སྤུན་ཟླ་ཞིག་འོད་ལྟར་མགྱོགས་པའི་མཁའ་སྐྱོད་གནམ་གྲུ་ཞིག་གི་ནང་འོད་ལོ་ཉི་ཤུ་ཡི་རྒྱང་ཐག་ལ་ཡོད་པའི་སྐར་མ་ཞིག་གི་སྟེང་ལ་འཕུར་བ་དང༌། དེ་ནས་སླར་ཡང་སའི་གོ་ལའི་སྟེང་དུ་ལོག་སྐབས་ཁོའི་སྤུན་ཟླ་ཁོ་ལས་ལོ་ཉི་ཤུ་ཡིས་རྒན་པ་ཆགས་ཡོད། མཚེ་མ་མཚུངས་མེད་ཀྱི་དཔེ་མཚོན་འདིས། སྔོན་འཕགས་པ་ཐོགས་མེད་དགའ་ལྡན་དུ་སོང་སྟེ་ཇ་འཐུང་བའི་བར་གསེང་ཞིག་གི་དུས་ཡུན་ནང་རྒྱལ་བ་བྱམས་པའི་དྲུང་ནས་ཐེག་ཆེན་གྱི་བསྟན་བཅོས་གལ་ཆེན་ཁག་ཅིག་སྟེ་བྱམས་ཆོས་སྡེ་ལྔ་གསན་ནས། ཕྱིར་འཛམ་གླིང་དུ་ཕེབས་སྐབས་ལོ་ངོ་ལྔ་བཅུ་འདས་ཟིན་པའི་སྒྲུང་དེ་དྲན་སྐུལ་གཏོང༌།

མཚེ་མ་མཚུངས་མེད་ཀྱི་དཔེ་འདི་ཡོངས་སུ་རྟོགས་པར་རྙོག་འཛིང་ཅན་གྱི་རྩིས་ཕྲེང་དུ་མའི་གོ་རྟོགས་དགོས་ཤིང་དེ་ནི་ངའི་ཤེས་སྒོ་ལས་འདས་པ་ཞིག་ཡིན། ངའི་གོ་རྟོགས་ལ་ཨ་ཡིམ་སི་ཐམ་གྱི་ཐུན་མོང་མ་ཡིན་པའི་ལྟོས་གྲུབ་ཀྱི་རྣམ་གཞག་གི་ཤུགས་བསྟན་གལ་ཆེན་དེ་གཟུགས་ཅན་གྱི་དངོས་པོ་དང༌། བར་སྣང༌། དུས་གསུམ་ནི་ངོ་བོ་ཉིད་ཀྱིས་གྲུབ་ཅིང༌། རང་རྐྱ་བའི་རྟག་པ་ཞིག་མིན་པར་འདོད་པ་འདི་རེད། བར་སྣང་ནི་རང་རྐྱ་ཐུབ་པའི་ཆ་ངོས་གསུམ་ལྡན་གྱི་ཞིང་ཁམས་ཤིག་མིན་པ་དང༌། དུས་ནི་ངོ་བོ་ཐ་དད་དུ་ཡོད་པ་ཞིག་ཀྱང་མིན། བར་སྣང་དང་དུས་གཉིས་ནི་ཆ་ངོས་བཞི་ལྡན་གྱི་བར་སྣང་དུས་རྒྱུན་སྲིང་བའི་རང་བཞིན་དུ་གནས་ཡོད། མདོར་བསྡུས་ན། ཨ་ཡིམ་སི་ཐམ་གྱི་ཐུན་མོང་མ་ཡིན་པའི་ལྟོས་གྲུབ་ཀྱི་རྣམ་གཞག་གིས་འོད་ཀྱི་མགྱོགས་ཚད་ལ་འགྱུར་ལྡོག་མེད་ནའང༌། ཐུན་མོང་མ་ཡིན་པའི་གནས་རིམ་ལྡན་ཞིང་རང་ཚུགས་ཐུབ་པའི་དཔྱད་གཞིའི་སྒྲོམ་གཞི་ཞིག་མེད་པ་དང༌། དུས་དང་བར་སྣང་ཐེ་བའི་ཡོད་ཚད་མཐར་གཏུགས་ན་ལྟོས་གྲུབ་ཀྱི་རང་བཞིན་ཡིན་པ་བསྟན། འདི་ནི་དོན་དངོས་ཐོག་ཡ་མཚར་བའི་གསལ་སྟོན་ཞིག་རེད།

དུས་ལྟོས་གྲུབ་ཡིན་པའི་འདོད་ཚུལ་འདི་ནང་པའི་ལྟ་གྲུབ་ནང་ཆ་རྒྱུས་མེད་པ་ཞིག་མིན། དུས་རབས་གཉིས་པའི་སྔོན་ལ་མདོ་སྡེ་པས་དུས་ནི་རང་རྐྱ་ཐུབ་པའི་དོན་སྤྱི་དེར་དགག་པ་བརྒྱབས་ནས། སྐབས་ཤིག་གི་དུས་རྒྱུན་དེ་འདས་པ་དང༌། ད་ལྟ་བ། མ་འོངས་པ་གསུམ་དུ་བགོས་ནས་ཕན་ཚུན་རྟེན་འབྱུང་གི་རང་བཞིན་འདི་རིགས་པས་བསྒྲུབ་པར་མ་ཟད། དུས་གསུམ་དོན་དམ་དུ་གྲུབ་པའི་དོན་སྤྱི་དེར་རྒྱུ་མཚན་གྱིས་ཕོངས་པར་རྩོད་སྒྲུབ་བྱས། མདོ་སྡེ་པས་སྐབས་ཤིག་གི་འདུས་བྱས་ཀྱི་ཆོས་ཤིག་ལ་མ་བརྟེན་ཞིང་ངོ་བོ་ཉིད་ཀྱིས་གྲུབ་པའི་དུས་རང་མཚན་པ་ཞིག་ང་ཚོར་སྣང་མི་ཐུབ་པ་དང༌། དུས་ནི་འདུས་བྱས་ཀྱི་ཆོས་དག་གི་མངོན་ཚུལ་གྱི་བར་དུ་ཡོད་པའི་འབྲེལ་བའི་རང་བཞིན་ཅན་ཞིག་ཡིན་པ་བསྟན། སྐབས་ཤིག་གི་འདུས་བྱས་ཀྱི་ཆོས་ཤིག་གི་སྟེང་དུ་ང་ཚོས་ཕར་བཏགས་པའི་དུས་ཤིག་མ་གཏོགས་དུས་ནི་ཆོས་དང་བྱུང་བ་ཐམས་ཅད་འབྱུང་སའི་སྣོད་ཆེན་ལྟ་བུ་རང་ངོས་ནས་གྲུབ་ཅིང་རང་རྐྱ་བར་གནས་པའི་རང་མཚན་པ་ཞིག་མིན།

ཕྱིས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་ཞིབ་ཕྲར་བཏང་བའི་དུས་ལྟོས་གྲུབ་ཡིན་པའི་རྩོད་སྒྲུབ་དེ་ཚོར་རྩ་བའི་ཆ་ནས་མཚན་ཉིད་རིག་པའི་ཁྱད་ཆོས་ལྡན་ནའང༌། ཕལ་ཆེར་ལོ་ངོ་ཉིས་སྟོང་གི་ཡར་སྔོན་ནས་བཟུང་ནང་པའི་གཞུང་དུ་དུས་ཀྱི་ལྟོས་གྲུབ་རང་བཞིན་དེ་ཁས་ལེན་བྱེད་པ་ནི་དོན་ངོ་མ་ཡིན། ངའི་གོ་ཐོས་ལ། ཚན་རིག་པ་ཁག་ཅིག་གིས་ཨ་ཡིམ་སི་ཐམ་གྱི་ཆ་ངོས་བཞི་ལྡན་གྱི་བར་སྣང་དུས་འདི་ངོ་བོ་ཉིད་ཀྱིས་གྲུབ་པ་དང༌། ཆོས་དང་བྱུང་བ་འབྱུང་སའི་སྣོད་ཆེན་མོ་ལྟ་བུར་འདོད་ཀྱང༌། ཨ་ཡིམ་སི་ཐམ་གྱིས་བསམ་བློའི་དཔྱད་པ་བརྒྱུད་ནས་དུས་ལྟོས་གྲུབ་ཏུ་བསྟན་པ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རིགས་པར་ཆ་རྒྱུས་ཡོད་པའི་ནང་པ་ཞིག་ལ་མཚོན་ན། དུས་ནི་ལྟོས་གྲུབ་ཡིན་པའི་རང་ཉིད་ཀྱི་གོ་རྟོགས་དེ་ཟབ་ཏུ་གཏོང་བར་ཕན་ཐོགས་ཤིན་ཏུ་ཆེ།

ངས་ཁོན་ཏྲོམ་རྣམ་གཞག་རྟོགས་པར་འབད་བརྩོན་བྱས་ནའང་ངའི་གོ་རྟོགས་ཧ་ཅང་གཏིང་ཟབ་པོ་མེད། མི་གཅིག་གིས་ཀྱང་ཁོན་ཏྲོམ་འགུལ་ཤུགས་རིག་པ་རྟོགས་ཀྱི་མེད་པ་ངས་ཕལ་ཆེར་བློ་བདེ་བའི་ངང་ནས་བཤད་ཆོག་ཅེས་ཁོན་ཏྲོམ་རྣམ་གཞག་སྨྲ་བ་གྲགས་ཆེན་རེ་ཆེར་ཏྲི་༼Richard Feynman༽ཡིས་བྲིས་ཡོད་པས། ངའི་གོ་རྟོགས་ཟབ་མོ་མེད་པ་འདི་མ་མཐའ་ཡང་གནས་སྟངས་སྐྱོ་པོ་ཞིག་མིན་པའི་ཚོར་སྣང་སྐྱེ། དེང་རབས་ཀྱི་ཚན་རིག་གི་ཤེས་བྱའི་སྡེ་ཚན་ནང་གི་རྩིས་རིག་ལ་ལས་འབྲེལ་རྩ་བ་ནས་མེད་པའི་ང་ལྟ་བུར་མཚོན་ནའང༌། རྣམ་གཞག་འདིའི་རྙོག་འཛིང་ཆེ་བའི་རྩིས་རིག་གི་འགྲོ་ལུགས་དེ་དག་རྟོགས་ཐུབ་ཀྱི་མེད་ཀྱང༌། ང་ཚོས་རྡུལ་ཕྲན་གྱི་ཆ་རྡུལ་ཕྲ་མོ་རྣམས་ལ་ཚད་ཅན་དང༌། རང་རྐྱ་བ། ཡང་ན་ཕན་ཚུན་ཐ་དད་དུ་གནས་པའི་ངོ་བོ་ལྟ་བུའི་ཐོག་ནས་འགྲེལ་བརྗོད་བྱེད་མི་ཐུབ་པ་གསལ་པོ་རེད། དངོས་གཟུགས་དང་འོད་ཀྱི་རྩ་བའི་གྲུབ་རྫས་དེ་རྡུལ་ཕྲ་རབ་དང༌། རླབས་རྒྱུན། ཡང་ན་དེ་གཉིས་ཀའང་ཡིན་ཆོག ༼དོན་ངོ་མར་གློག་རྡུལ་དེ་རླབས་རྒྱུན་ཡིན་པ་གསར་དུ་རྙེད་ནས་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་འཇོད་ཇི་ནི༑༼George Thomson༽ སྔོན་མར་གློག་རྡུལ་དེ་རྡུལ་ཕྲ་རབ་ཡིན་པ་རྟོགས་ནས་ནོ་སྦེལ་གཟེངས་རྟགས་ཐོབ་པའི་ཇད་ཇད་ཐབ་སང་༼J.J. Thomson༽གི་བུ་རེད།༽ ངའི་གོ་ཐོས་ལ་གློག་རྡུལ་དེ་རྡུལ་ཕྲ་རབ་ཏུ་སྣང་བ་དང༌། ཡང་ན་རླབས་རྒྱུན་དུ་སྣང་བ་ནི་ཞིབ་ལྟ་བྱེད་མཁན་གྱི་བྱ་འགུལ་དང༌། བཀོལ་སྤྱོད་བྱེད་པའི་ཡོ་བྱད། ཚད་འཇལ་གྱི་སྒྲིག་གཞི་བཅས་ལ་རག་ལས།

ངས་སྔ་མོ་ནས་འོད་ཀྱི་འགལ་བའི་རང་བཞིན་འདི་གོ་མྱོང་ནའང༌། ༡༩༩༧ ལོར་ཚོད་ལྟ་གཙོ་བོར་འཛིན་པའི་དངོས་ཁམས་རིག་པ་བ་ཨམ་ཏྲོན་གྱིས་གསལ་སྟོན་བྱས་ནས་འགྲེལ་བཤད་རྒྱག་སྐབས། ངས་གཞི་ནས་གནད་དོན་དེ་གསལ་པོ་རྟོགས་བྱུང༌། ཁོང་གིས་གློག་རྡུལ་དེ་རླབས་རྒྱུན་དང་ཡང་ན་རྡུལ་ཕྲ་རབ་ཀྱི་ངོ་བོར་སྣང་མ་སྣང་ནི་ཞིབ་འཇུག་ཚོད་ལྟ་ལ་ཇི་ལྟར་རག་ལས་པ་གསལ་པོར་བསྟན་སོང༌། སྐད་གྲགས་ཆེ་བའི་སེར་ཁ་གཉིས་ལྡན་གྱི་ཞིབ་འཇུག་གི་ཚོད་ལྟའི་ནང༌། སེར་ཁ་གཉིས་ཡོད་པའི་ཐེ་བྱུས་འགོག་བྱེད་ཀྱི་དངོས་པོ་ཞིག་གི་ངོས་ལ་གློག་རྡུལ་རེ་རེ་བཞིན་དུ་འཕངས་ཏེ་འགོག་རྐྱེན་དེའི་རྒྱབ་ལོགས་སུ་པར་བཤུས་ཀྱི་པང་ལེབ་ལྟ་བུ་དངོས་པོ་ཞིག་གི་སྟེང་དུ་འབབ་ཏུ་འཇུག གལ་ཏེ་སེར་ཁ་གཅིག་ཁ་ཕྱེས་ཚེ་གློག་རྡུལ་རེ་རེ་ཡིས་པར་བཤུས་ཀྱི་པང་ལེབ་སྟེང་དུ་རྡུལ་ཕྲ་རབ་ཀྱི་པར་རིས་འབྲི་མོད། འོན་ཀྱང༌། སེར་ཁ་གཉིས་ཀ་ཁ་ཕྱེས་ཏེ་གློག་རྡུལ་མང་པོ་ཞིག་དུས་གཅིག་ལ་འཕེན་སྐབས། གློག་རྡུལ་རྣམས་དུས་མཉམ་དུ་སེར་ཁ་གཉིས་ཀ་བརྒྱུད་ནས་རླབས་རྒྱུན་ལྟར་སོང་བའི་པར་རིས་པར་བཤུས་ཀྱི་པང་ལེབ་སྟེང་དུ་འབབ།

ཨམ་ཏྲོན་གྱིས་ཚོད་ལྟ་འདི་གཞི་རྒྱ་ཆུང་ཆུང་བྱས་ནས་བསྐྱར་ཟློས་བྱེད་ཐུབ་པའི་ཡོ་བྱད་ཅིག་འཁྱེར་ཡོད་པས། ཚོགས་འདུར་ཞུགས་མཁན་ཚང་མས་སེར་ཁ་གཉིས་ལྡན་གྱི་ཚོད་ལྟ་འདི་མཐོང་བྱུང༌། ཁོང་གིས་རང་ཉིད་ཀྱི་གོ་རྟོགས་ཐམས་ཅད་ཐད་ཀར་ཞིབ་འཇུག་གི་ཚོད་ལྟའི་འབྲས་བུ་ལ་གཞི་བཅོལ་ནས་མངོན་སུམ་གྱིས་རྟོགས་ཐུབ་པའི་ཁོན་ཏྲོམ་འགུལ་ཤུགས་རིག་པའི་ཆ་རྣམས་གལ་ཆེན་དུ་འཛིན། འདི་ནི་སྦོད་མིའི་བྱེད་སྟངས་དང་མི་མཐུན། སྦོད་མི་ནི་རྩ་བའི་ཆ་ནས་ཁོན་ཏྲོམ་འགུལ་ཤུགས་རིག་པའི་རྣམ་གཞག་དང་དེའི་མཚན་ཉིད་རིག་པའི་ཤུགས་བསྟན་སོགས་ལ་དོ་སྣང་གཙོ་བོར་བྱེད་མཁན་ཞིག་ཡིན། ཨམ་ཏྲོན་ནི་ཁོད་པམ་ཧམ་ཀིའི་ཁོན་ཏྲོམ་འགུལ་ཤུགས་རིག་པའི་འགྲེལ་བཤད་ཟེར་བ་དེ་རྐང་འཛིན་བྱེད་མཁན་ཞིག་ཡིན་པ་ངས་ཕྱིས་སུ་ཤེས། འོན་ཀྱང་སྦོད་མི་ནི་འདི་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོ་ཞིག་རེད།

རླབས་རྒྱུན་དང་རྡུལ་ཕྲ་རབ་གཉིས་ཀ་ཡིན་པའི་འགལ་བའི་རང་བཞིན་འདིས་མཚན་ཉིད་རིག་པ་དང་འདུ་ཤེས་འཛིན་སྟངས་ལ་མཐར་ཐུག་ན་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་མིན་ངས་གསལ་པོར་མི་ཤེས་མོད། འོན་ཀྱང༌། རྡུལ་ཕྲན་གྱི་ཆ་ཕྲ་མོའི་གནས་རིམ་དུ་དངོས་ཡོད་གནས་ལུགས་ཀྱི་དོན་སྤྱི་ནི་ཞིབ་འཇུག་བྱེད་པ་པོས་བཀོལ་སྤྱོད་བྱེད་པའི་ཚད་འཇལ་གྱི་སྒྲིག་གཞི་དང་གྱེས་ཐབས་མེད་པས། དངོས་ཡོད་གནས་ལུགས་དེ་ཆ་ཡོངས་སུ་ཡུལ་གྱི་ངོས་ནས་གྲུབ་པར་བརྗོད་ཐབས་བྲལ་བའི་རྩ་བའི་མཚན་ཉིད་རིག་པའི་ཤུགས་བསྟན་འདི་རྟོགས་པར་དཀའ་ངལ་གང་ཡང་མེད། གང་ལྟར། རྡུལ་ཕྲན་གྱི་ཆ་ཕྲ་མོའི་གནས་རིམ་དུ་གློག་རྡུལ་ལ་རིག་ཤེས་ལྟ་བུ་ཞིག་ཡོད་པར་མ་བསམ་ཚེ་འགལ་བའི་རང་བཞིན་འདིས་ད་དུང་གཏན་ཚིགས་རིག་པའི་རྩ་འཛིན་གལ་ཆེན་གཉིས་ཏེ། འགལ་བའི་ཆོས་ཉིད་དང་དཀྱིལ་མ་བཀག་པའི་ཆོས་ཉིད་ཀྱི་རང་ཚུགས་ཤོར་བ་ཤུགས་སུ་བསྟན། རྒྱུན་ལྡན་གྱི་འཚོ་བའི་མྱོང་བའི་ནང་གང་ཞིག་རླབས་རྒྱུན་ཡིན་པ་དེ་རྡུལ་ཕྲ་རབ་ཏུ་འགྱུར་མི་སྲིད་པ་བློ་ལ་འཆར་ནའང༌། ཁོན་ཏྲོམ་གྱི་གནས་རིམ་དུ་འོད་ནི་འགལ་བ་རུ་སྣང་བ་དང༌། དེ་ནི་རྡུལ་ཕྲ་རབ་དང་རླབས་རྒྱུན་གཉིས་ཀ་ཡིན་ཆོག དེ་བཞིན་དུ་སེར་ཁ་གཉིས་ལྡན་གྱི་ཞིབ་འཇུག་གི་ཚོད་ལྟའི་ནང་འོད་རྡུལ་འགའ་ཤས་དུས་གཅིག་ལ་སེར་ཁ་གཉིས་ཀ་བརྒྱུད་ནས་འགྲོ་བར་སྣང༌། དཀྱིལ་མ་བཀག་པའི་ཆོས་ཉིད་གཞི་ལ་བཞག་ན་འོད་རྡུལ་དེ་དག་དུས་གཅིག་ལ་སེར་ཁ་གཅིག་བརྒྱུད་ནས་མ་གཏོགས་འགྲོ་མི་ཐུབ་པས་ཆོས་ཉིད་འདིའི་རང་ཚུགས་ཀྱང་ཤོར་ཡོད།

ངའི་བསམ་པར་སེར་ཁ་གཉིས་ལྡན་གྱི་ཚོད་ལྟའི་འབྲས་བུས་འདུ་ཤེས་འཛིན་སྟངས་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་པ་ཡང་རྩོད་གླེང་གི་ཡུལ་ཞིག་རེད། ཧན་སིམ་སྦར་རྒིའི་༼Heisenberg༽ངེས་མེད་ཆོས་ཉིད་གཞིར་བཟུང་ན། གློག་རྡུལ་ཞིག་གི་གནས་གཞིའི་ཚད་འཇལ་ཇི་ལྟར་ཞིབ་ཕྲ་ཆགས་པ་དེ་ཙམ་དུ་གློག་རྡུལ་དེའི་འགུལ་སྐྱོད་རྟོགས་པར་ང་ཚོ་ཐག་རིང་དུ་འགྲོ་བ་དང༌། གློག་རྡུལ་ཞིག་གི་འགུལ་སྐྱོད་ཀྱི་ཚད་འཇལ་ཅི་ཙམ་ཞིབ་ཕྲ་ཆགས་པ་དེ་ཙམ་དུ་གློག་རྡུལ་དེའི་གནས་གཞི་ངེས་མེད་ཆགས་ཀྱི་ཡོད། ང་ཚོས་གློག་རྡུལ་ཞིག་གང་ལ་གནས་ཡོད་པ་ཤེས་ཀྱང་དེས་ཅི་བྱེད་པ་དུས་མཉམ་དུ་རྟོགས་མི་ཐུབ། དེ་བཞིན་ང་ཚོས་གློག་རྡུལ་ཞིག་གིས་ཅི་བྱེད་པ་རྟོགས་ཀྱང་དེ་གང་དུ་ཡོད་པ་དུས་གཅིག་ཏུ་རྟོགས་མི་ཐུབ། སླར་ཡང་འདི་དག་གིས་ཞིབ་འཇུག་བྱེད་པ་པོ་གཙོ་བོ་ཞིག་ཡིན་པ་བསྟན། གློག་རྡུལ་ཞིག་གི་འགུལ་སྐྱོད་རྟོགས་པར་ང་ཚོས་དེའི་གནས་གཞི་ཤེས་རྟོགས་བྱེད་པའི་ལས་བསྐྱུར་དགོས་ཤིང༌། ང་ཚོས་དེའི་གནས་གཞི་ཤེས་པ་ལ་དེའི་འགུལ་སྐྱོད་ཤེས་རྟོགས་བྱེད་པའི་ལས་བསྐྱུར་དགོས། དེ་བས་ན་དོན་ངོ་མར་ཞིབ་འཇུག་བྱེད་པ་པོ་དཔྱད་ཡུལ་གྱི་དངོས་ཡོད་གནས་ལུགས་དེའི་ནང་དུ་ཞུགས་པའམ་ཆ་ཤས་ཤིག་ཆགས་ཡོད། ཞིབ་འཇུག་བྱེད་པ་པོའི་ཆ་འདི་ཁོན་ཏྲོམ་འགུལ་ཤུགས་རིག་པའི་ནང་དུ་ཆེས་རྙོག་འཛིང་ཆེ་བའི་གནད་དོན་ཞིག་རེད། ༡༩༩༧ ལོའི་སེམས་དང་ཚེ་སྲོག་གི་ཚོགས་འདུའི་སྟེང་ཚོགས་ཞུགས་ཚན་རིག་པ་འདྲ་མིན་གྱིས་འདིའི་ཐད་ལ་ལྟ་ཚུལ་ཕྲ་མོ་མ་འདྲ་བ་བཟུང་འདུག འགའ་ཤས་ཀྱིས་ཞིབ་འཇུག་བྱེད་པ་པོའི་ཆ་འདི་ཚད་འཇལ་གྱི་ཡོ་བྱད་འདམ་པའི་ལས་དེ་ལས་འདས་མེད་པར་བརྗོད་ལ། ཁག་ཅིག་གིས་ཞིབ་འཇུག་བྱེད་པ་པོའི་ཆ་འདི་དཔྱད་ཡུལ་གྱི་གྲུབ་ཆ་ཞིག་ཏུ་བརྩིས་ནས་གཙིགས་ཆེར་འཛིན།

ནང་པའི་གཞུང་དུའང་གནད་དོན་འདི་རྩོད་སྒྲུབ་ཀྱི་གནད་དོན་གཙོ་བོ་ཞིག་ཡིན། ཕྱོགས་གཅིག་ཏུ་ལྷུང་བའི་ནང་པའི་གྲུབ་མཐའ་ཞིག་ནི་མདོ་སྡེ་པ་ཡིན། གྲུབ་མཐའ་འདིས་གཟུགས་ཅན་གྱི་འཇིག་རྟེན་འདི་ཆ་བགོ་མེད་པའི་རྡུལ་ཕྲ་རབ་ཀྱིས་གྲུབ་པ་དང༌། རྡུལ་ཕྲ་རབ་དེ་དག་བྱེད་པ་པོ་ཞིག་གི་སེམས་ལ་མ་བརྟེན་པར་ཡུལ་གྱི་ངོས་ནས་གྲུབ་པར་འདོད། སེམས་ཙམ་པ་ནི་ཕྱོགས་གཞན་དུ་ལྷུང་བའི་གྲུབ་མཐའ་ཞིག་ཡིན། སེམས་ཙམ་པས་ཕྱིའི་གཟུགས་ཅན་གྱི་ཆོས་རྣམས་ལ་ཡུལ་གྱི་ངོས་ནས་གྲུབ་པའི་ཆ་ཞིག་རྩ་བ་ཉིད་ནས་མེད་པ་དང༌། མཐར་ཐུག་གི་བརྟག་དཔྱད་ནང་གཟུགས་ཅན་གྱི་ཆོས་རྣམས་བྱེད་པ་པོའི་སེམས་ཀྱི་ཆ་ཤས་ཙམ་དུ་འདོད། ད་དུང་གྲུབ་མཐའ་གསུམ་པ་ཞིག་ཀྱང་ཡོད། དེ་ནི་བོད་ཀྱི་ནང་ཆོས་ནང་མཐོང་ཆེན་བྱེད་པའི་དབུ་མ་ཐལ་འགྱུར་བ་ཡིན། གྲུབ་མཐའ་འདིའི་ནང་ཕྱིའི་ཡུལ་གྱི་དངོས་ཡོད་གནས་ལུགས་དེ་མེད་པར་དགག་མེད་ནའང༌། དེ་ནི་ལྟོས་གྲུབ་ཀྱི་རང་བཞིན་དུ་བསམ་པ་དང༌། དེ་ཡང་སྤྱི་ཚོགས་ཀྱི་གོམས་སྲོལ་དང་འདུ་ཤེས་འཛིན་སྟངས། ང་ཚོའི་སྐད་ཡིག་སོགས་ལ་བརྟེན་ཡོད། བྱེད་པ་པོ་ཞིག་ལ་མ་བརྟེན་པར་སྔ་ས་ནས་ཡོད་པའི་དངོས་ཡོད་གནས་ལུགས་ཀྱི་དོན་སྤྱི་དེ་ཁུངས་སྐྱེལ་བྱེད་མི་ཐུབ། དངོས་ཁམས་རིག་པ་གསར་མའི་འདོད་ཚུལ་ལྟར་དངོས་གཟུགས་ཡུལ་གྱི་ངོས་ནས་སྣང་མི་ཐུབ་པར་མ་ཟད། བྱེད་པ་པོ་ཞིག་དང་ཁ་བྲལ་ནས་དེ་ལ་འགྲེལ་བཤད་ཀྱང་བྱེད་མི་ཐུབ། དངོས་གཟུགས་དང་སེམས་གཉིས་ཕན་ཚུན་རྟེན་འབྲེལ་གྱི་རང་བཞིན་ཡིན་པར་འདོད།

རྩ་བའི་ཆ་ནས་དངོས་ཡོད་གནས་ལུགས་ནི་རྟེན་འབྲེལ་གྱི་རང་བཞིན་ཅན་ཡིན་པའི་གོ་རྟོགས་འདི་ལ་ནང་ཆོས་ཀྱི་གཞུང་དུ་རྟེན་འབྱུང་ཟེར། འདི་ནི་ནང་ཆོས་ཀྱིས་འཇིག་རྟེན་དང་འགྲོ་བ་མིའི་འཚོ་གནས་ཀྱི་རང་བཞིན་ལ་འཛིན་པའི་ལྟ་བ་གཙོ་བོ་ཞིག་ཡིན། མདོར་བསྡུས་ན། རྟེན་འབྱུང་གི་རྣམ་གཞག་འདི་གཤམ་གསལ་གྱི་ལམ་གསུམ་པོ་འདིའི་ཐོག་ནས་རྟོགས་ཐུབ། དང་པོ། ཆོས་དང་བྱུང་བ་ཐམས་ཅད་རྒྱུ་དང་རྐྱེན་གཉིས་འབྲེལ་བ་ལས་བྱུང་བའི་འབྲས་བུ་འབའ་ཞིག་ཡིན་ཞིང་རྒྱུ་རྐྱེན་མེད་པར་ཆ་ཡོངས་སུ་ཚང་ནས་གྲུབ་པ་ཞིག་མེད། གཉིས་པ། ཆ་དང་ཆ་ཅན་ཕན་ཚུན་ལ་བརྟེན་ཅིང་ཆ་མེད་པར་ཆ་ཅན་ཡོད་མི་སྲིད་པ་དང༌། ཆ་ཅན་མེད་པར་ཆ་ཤས་ཀྱི་སྐོར་གླེང་ན་གོ་རྒྱུ་གང་ཡང་མེད། ཆ་དང་ཆ་ཅན་གྱི་རྟེན་འབྲེལ་འདི་བར་སྣང་དང་དུས་གཉིས་ཀར་སྦྱོར་ཆོག གསུམ་པ། ཆོས་ཤིག་གནས་པ་དང་ངོ་བོ་ཡོད་པ་ལ་དེ་དང་འབྲེལ་བའི་དངོས་པོ་འདུ་ཚོགས་ཀྱི་ཁྲོད་མ་གཏོགས་ཆོས་དེ་གནས་མི་ཐུབ་པའམ་ངོ་བོ་ཡོད་མི་སྲིད། ཆོས་གང་ཞིག་ཡིན་རུང་ངོ་བོ་ཉིད་ཀྱིས་གྲུབ་ཅིང་རང་རྐྱ་བར་གནས་ཐུབ་པ་ཞིག་མེད།

འཇིག་རྟེན་འདི་རྙོག་འཛིང་ཆེ་བའི་རྟེན་འབྲེལ་གྱི་དྲ་རྒྱ་ཞིག་ལས་གྲུབ་ཡོད། ཆོས་གང་འདྲ་ཞིག་ཡིན་རུང་གོམས་སྲོལ་དང༌། འདུ་ཤེས་འཛིན་སྟངས། སྐད་ཡིག་བཅས་ཐེ་བའི་ཆོས་དེའི་ཁོར་ཡུག་ལ་སོགས་པའི་རྒྱུ་རྐྱེན་གཞན་རྣམས་དང་འབྲེལ་བའི་སྒྲོམ་གཞི་ཞིག་མེད་པར། ང་ཚོས་ངོ་བོ་ཐ་དད་དུ་གནས་པའི་ཆོས་ཤིག་གི་སྐོར་གླེང་མི་ཐུབ། དེའི་ཕྱིར་ཡུལ་མེད་པར་ཡུལ་ཅན་ཡོད་མི་སྲིད་ཅིང་ཡུལ་གྱིས་ཡུལ་ཅན་ལ་སྟངས་འཛིན་བྱེད་པ་དང༌། དེ་བཞིན་ཡུལ་ཞིག་ཤེས་རྟོགས་བྱེད་མཁན་ཡུལ་ཅན་མེད་པར་ཡུལ་དེ་ཡོད་མི་སྲིད། བྱ་བ་མེད་པར་བྱེད་པ་པོ་ཡོད་མི་སྲིད་ལ། རྐུབ་སྟེགས་ལྟ་བུར་མཚོན་ན་དེའི་རྐང་པ་དང༌། ཤིང༌། གཟེར། དེ་ཉིད་འཇོག་སའི་ཞལ་ལ་དང་ཁང་པ། བཟོ་མཁན། རྐུབ་སྟེགས་ཞེས་མིང་བཏགས་པ་དང་སྡོད་སའི་ཡོ་ཆས་ཤིག་ཏུ་ངོས་འཛིན་བྱེད་མཁན་བཅས་མེད་པར་རྐུབ་སྟེགས་དེ་ཡོད་མི་སྲིད། ཆོས་ཀྱི་གནས་བབ་དང་བྱུང་བ་མཐའ་དག་མཐའ་གཅིག་ཏུ་རྟེན་འབྲེལ་གྱི་རང་བཞིན་ཅན་ཡིན་པར་མ་ཟད། ལྟ་བ་འདི་གཞིར་བཞག་ན་དེ་དག་གི་རྩ་བའི་ངོ་བོ་ཡང་ཕྱོགས་ཡོངས་ནས་གཞན་ལ་བརྟེན་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན།

དངོས་ཁམས་རིག་པའི་ནང་དུ་དངོས་ཡོད་གནས་ལུགས་ཀྱི་རྟེན་འབྱུང་གི་རང་བཞིན་འདི་ནི། ཡེ་ཕེ་ཨར་༼EPR༽གྱི་འགལ་བ་ལ་བརྟེན་ནས་གལ་ཆེན་ཆགས་ཡོད། འགལ་བ་འདིའི་མིང་ནི་འདི་ཉིད་གསར་གཏོད་བྱེད་མཁན་རྣམས་ཀྱི་མིང་ལས་གྲུབ་པ་ཞིག་ཡིན།༼Albert Einstein, Boris Podolsky and Nathan Rosen༽ ཡེ་ཕེ་ཨར་གྱི་འགལ་བ་འདི་ཐོག་མར་ཁོན་ཏྲོམ་འགུལ་ཤུགས་རིག་པ་ལ་ཁ་གཏད་བྱེད་པའི་དོན་དུ་གཏན་ལ་ཕབ་པ་ཞིག་རེད། དཔེར་ན། རྡུལ་ཕྲ་རབ་ཆ་གཅིག་བཟོས་པ་དང༌། དེའི་ཁྱད་ཆོས་ཤིག་ནི་ཡ་གཉིས་ཀྱི་འཁོར་ཕྱོགས་འགལ་བ་ཡིན། ཡ་གཅིག་ཡར་འཁོར་བའི་ཚད་འཇལ་སྐབས་གཞན་དེ་མར་འཁོར་ཡོད། ཁོན་ཏྲོམ་འགུལ་ཤུགས་རིག་པ་གཞི་ལ་བཞག་ན་རྡུལ་ཕྲ་རབ་སོ་སོའི་ཁྱད་ཆོས་དེ་བྱེད་པ་པོ་ཞིག་གིས་ཚད་འཇལ་མ་བྱས་བར་དུ་ཐག་གཅོད་བྱེད་མི་ཐུབ་ནའང༌། ཕན་ཚུན་ལྡོག་ཕྱོགས་སུ་འཁོར་བའི་ཁྱད་ཆོས་གནས་ཡོད། དེ་ནས་ཆ་དེ་ཕན་ཚུན་ཁ་གྱེས་ཏེ་རྒྱང་ཐག་རིང་པོ་སྟེ། ང་སྡོད་ས་དྷ་རམ་ས་ལ་དང་ནེའོ་ཡོག་ལྟ་བུར་ཕྱོགས་ཁ་ཁར་འགྲོ་བར་ཆ་བཞག་ན། ནེའོ་ཡོག་ནང་ཡོད་པའི་རྡུལ་ཕྲ་རབ་ཡ་དེ་ཡར་འཁོར་བ་ཡིན་ན་རྡུལ་ཕྲ་རབ་དེའི་ཡ་གཞན་ནི་དེ་མ་ཐག་ཏུ་མར་འཁོར་བར་ངེས། གཅིག་ཡར་འཁོར་ན་གཅིག་མར་འཁོར་བ་ནི་ཕལ་ཆེར་དུས་མཉམ་དུ་འབྱུང་གི་ཡོད། ཐ་ན་དྷ་རམ་ས་ལར་ཡོད་པའི་རྡུལ་ཕྲ་རབ་ཀྱི་ཡ་དེ་ནེའོ་ཡོག་ནང་ཡོད་པའི་ཡ་དེ་དང་བསྟུན་ནས་འཁོར་དགོས། ཕན་ཚུན་རིང་དུ་གྱེས་པ་ལ་མ་བལོྟས་པར་རྡུལ་ཕྲ་རབ་ཀྱི་ཡ་འདི་གཉིས་གཅིག་ཏུ་སྒྲིལ་བའི་ཆོས་ཤིག་ཡིན་པ་ལྟ་བུར་སྣང༌། ཁོན་ཏྲོམ་འགུལ་ཤུགས་རིག་པ་གཞིར་བཟུང་ན་དངོས་ཁམས་རིག་པའི་ལྟེ་བ་རུ་ངོ་མཚར་ཆེ་བའི་རྟེན་འབྲེལ་གྱི་རང་བཞིན་གཏིང་ཟབ་མོ་ཞིག་ཡོད།

འཇར་མན་ནང་དུ་མང་ཚོགས་ལ་གཏམ་བཤད་ཅིག་བྱེད་པའི་སྐབས། ངས་ཚན་རིག་པ་གྲགས་ཆེན་གྱི་ཁྲོད་འཛམ་གླིང་གི་སྒོམ་སྒྲུབ་ཀྱི་གཞུང་ལུགས་ཁག་གི་ཤེས་ཡོན་ལ་བསམ་བཞིགས་བྱེད་པའི་འཕེལ་ཕྱོགས་གསར་པ་ཞིག་དར་བཞིན་པ་དེ་ཆེད་དུ་བརྗོད་པར་མ་ཟད། ཚན་རིག་དང་ནང་ཆོས་ཀྱིས་དུས་ལྟོས་གྲུབ་ཡིན་པ་དང༌། ཆོས་གང་ཞིག་ཡིན་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་མེད་པར་རྩོད་སྒྲུབ་བྱས་པའི་བར་ལ་མཐུན་ཆ་ཡོད་པའི་སྐོར་ཡང་བཤད་པ་ཡིན། དེ་ནས་མང་ཚོགས་ཀྱི་དཀྱིལ་ན་ཝར་ཛི་ཟ་ཁར་ཡོད་པ་མཐོང་བས་ངའི་ཁོན་ཏྲོམ་དངོས་ཁམས་རིག་པའི་སྐོར་གྱི་གོ་རྟོགས་ཕྲན་བུ་དེ་ཁོང་གི་བཀའ་དྲིན་ཡིན་པ་བཤད་དུས། ཝར་ཛི་ཟ་ཁར་གྱིས་གལ་ཏེ་དགོངས་པ་རྫོགས་ཟིན་པའི་ཁོང་གི་དགེ་རྒན་ཝན་ནར་ཚོགས་འདུ་དེར་ཕེབས་ཡོད་ན། ཁོང་གིས་ཚན་རིག་གི་གོ་རྟོགས་དང་ནང་པའི་མཚན་ཉིད་རིག་པ་གཉིས་ཀྱི་བར་ལ་མཐུན་ཕྱོགས་འཁྲུལ་མེད་གང་མང་ཡོད་པ་གོ་བས་དགའ་བ་སྐྱེ་རྒྱུ་རེད་ཅེས་བཤད་སོང༌།

ཁོན་ཏྲོམ་འགུལ་ཤུགས་རིག་པའི་གནད་དོན་གལ་ཆེན་གཞན་ཞིག་ནི་ཚད་འཇལ་དང་འབྲེལ་བ་ཡོད། ངའི་གོ་ཐོས་ལ་ཚད་འཇལ་གྱི་གནད་དོན་འདིར་དོན་ངོ་མར་ཉམས་ཞིབ་ཀྱི་སྡེ་ཚན་ཞིག་ཆེད་འཛུགས་བྱས་འདུག ཚན་རིག་པ་གང་མང་ཞིག་གི་བཤད་ཚུལ་ལ། ཞིབ་འཇུག་གི་ཚོད་ལྟའི་ནང་བཀོལ་སྤྱོད་བྱེད་པའི་ཚད་འཇལ་གྱི་སྒྲིག་གཞི་ལ་བརྟེན་ནས་ཚད་འཇལ་གྱི་བྱེད་ལས་དེས་རྡུལ་ཕྲ་རབ་ཅིག་གི་ནུས་རྩོལ་ལམ་རླབས་རྒྱུན་བརླག་པ་དང༌། ཚད་འཇལ་གྱི་བྱེད་ལས་ཁོ་ནར་བརྟེན་ནས་གང་ཞིག་འབྱུང་སྲིད་པ་དེ་མངོན་དུ་འགྱུར་གྱི་རེད་ཟེར། འོན་ཀྱང༌། ང་ཚོ་ནི་མཐོང་ཆོས་སུ་གྱུར་པའི་གཟུགས་ཅན་གྱི་དངོས་པོ་ལས་གྲུབ་པའི་འཇིག་རྟེན་ཞིག་གི་ནང་འཚོ་བ་དང༌། དེའི་ཕྱིར་དངོས་ཁམས་རིག་པའི་ལྟ་ཚུལ་ལ་གཟུགས་ཅན་གྱི་དངོས་པོ་ལས་གྲུབ་པའི་ཉིན་རེའི་འཇིག་རྟེན་དང་དེའི་ཁྱད་ཆོས་ལས་བྱུང་བའི་ང་ཚོའི་རྒྱུན་འཇགས་ཀྱི་གོ་རྟོགས་གཉིས་ཁྱད་མཚར་བའི་ཁོན་ཏྲོམ་འགུལ་ཤུགས་རིག་པའི་འཇིག་རྟེན་ཕྲ་མོ་འདི་དང་ཇི་ལྟར་མཐུན་སྒྲིལ་བྱེད་དམ། ལྟ་ཚུལ་འདི་གཉིས་མ་གཞི་ནས་མཐུན་སྒྲིལ་བྱེད་ཐབས་ཡོད་དམ། ཕན་ཚུན་མི་མཐུན་པའི་འཇིག་རྟེན་གྱི་དཔེ་མཚོན་འདི་གཉིས་ང་ཚོས་མི་འདོད་བཞིན་དུ་ཁས་ལེན་བྱེད་དགོས་སམ།

ཨམ་ཏྲོན་དང༌། ཨ་ཐོར། ངེད་གསུམ་ནས་ནང་པའི་དབུ་མའི་གཞུང་དང་ཁོན་ཏྲོམ་འགུལ་ཤུགས་རིག་པའི་གཞི་རྩ་གཉིས་དང་འབྲེལ་བའི་ཚད་མ་རིག་པའི་གནད་དོན་འགའི་སྐོར་ལ་ཉིན་གཉིས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཨིན་སི་སྦི་རོ་ཁི་རུ་སྐོང་ཚོགས་བྱས་པ་ཡིན། དེའི་སྐབས་ཨམ་ཏྲོན་གྱིས་བཤད་དོན་ལ། ཁོང་གི་ལས་རོགས་གྲགས་ཆེན་ཞིག་གིས་ཁོན་ཏྲོམ་དངོས་ཁམས་རིག་པ་བ་མང་ཆེ་བས་རང་ཉིད་ཀྱི་ཆེད་ལས་ལ་ལྟ་སྟངས་མ་འདྲ་བ་གཉིས་བཟུང་ཡོད་ཟེར། དེ་ཡང་ཞིབ་འཇུག་ཚོད་ལྟའི་ཁང་དུ་ཞིབ་འཇུག་བྱེད་སྐབས་ཁོང་ཚོ་‘མདོ་སྡེ་པ་’ཡིན་ཞིང༌། འོད་རྡུལ་དང་གློག་རྡུལ་འདི་དང་དེར་འགྲོ་བཞིན་པ་བཤད་མོད། འོན་ཀྱང༌། མཚན་ཉིད་རིག་པའི་གྲོས་བསྡུར་ཞིག་གི་སྐབས་ཁོན་ཏྲོམ་འགུལ་ཤུགས་རིག་པའི་གཞི་རྩའི་ཐད་ལ་དྲི་བ་བཀོད་ཚེ། ཁོང་ཚོ་མང་ཆེ་བས་ཆོས་གང་ཞིག་ཡིན་ཡང་ངོས་འཛིན་བྱེད་ཀྱི་ཡོ་བྱད་ལ་མ་བརྟེན་པར་དོན་དངོས་སུ་གནས་མེད་པའི་ལན་འདེབས།

འདི་དང་འདྲ་བའི་རྙོག་དྲ་ཞིག་རྒྱུན་འཇགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་སྟོང་ཉིད་ཀྱི་རིགས་པའི་བར་གྱི་འགལ་བ་དང་འབྲེལ་ནས་ནང་ཆོས་ཀྱི་མཚན་ཉིད་རིག་པའི་གཞུང་དུའང་བྱུང་མྱོང༌། མགོན་པོ་ཀླུ་སྒྲུབ་ཀྱིས་བདེན་པ་གཉིས་ཀྱི་རྣམ་གཞག་ལ་གཞི་བཅོལ་ནས་ཉིན་རེའི་འཇིག་རྟེན་གྱི་མྱོང་བ་དང་འབྲེལ་བའི་ཀུན་རྫོབ་བདེན་པ་དང༌། ཆོས་དང་བྱུང་བ་ཐམས་ཅད་ཀྱི་མཐར་ཐུག་གི་རང་བཞིན་དང་འབྲེལ་བའི་དོན་དམ་བདེན་པ་གཉིས་གཏན་ལ་ཕབ། ཀུན་རྫོབ་བདེན་པའི་གནས་རིམ་དུ་རྒྱུ་དང་ངོ་བོ་ཅན་གྱི་ཐ་དད་པའི་ཆོས་དང་བྱུང་བ་ལས་གྲུབ་པའི་སྣ་མང་གི་འཇིག་རྟེན་ཞིག་ང་ཚོས་གླེང་ཆོག གནས་རིམ་འདིར་རྒྱུ་འབྲས་ཀྱི་ཆོས་ཉིད་དང༌། གཏན་ཚིགས་རིག་པའི་རྩ་འཛིན་ཏེ་འགལ་བ་དང་ངོ་བོའི་ཆོས་ཉིད། དེ་བཞིན་དཀྱིལ་མ་བཀག་པའི་ཆོས་ཉིད་སོགས་འཇུག མངོན་སུམ་གྱིས་མྱོང་བྱའི་འཇིག་རྟེན་འདི་ནི་འཁྲུལ་སྣང་ཞིག་མ་ཡིན་ལ་བདེན་པར་མེད་པ་ཡང་མིན། ང་ཚོས་མྱོང་བྱའི་ཡུལ་དུ་གྱུར་པའི་ཆ་ནས་བདེན་པར་གྲུབ་པ་ཞིག་ཡིན། ནས་རྡོག་ཅིག་གིས་ནས་ཀྱི་མྱུ་གུ་ཞིག་བསྐྱེད་པ་དང་མྱུ་གུ་དེས་མཐའ་མར་ནས་ཀྱི་ལོ་ཏོག་བསྐྲུན། དེ་བཞིན་དུག་འཐུང་བས་མི་འཆི་བ་དང་སྨན་འཐུང་བས་ན་ཚ་དྲག འོན་ཀྱང༌། དོན་དམ་བདེན་པའི་གནས་རིམ་དུ་ཆོས་དང་བྱུང་བ་མཐའ་དག་ལ་རང་རྐྱ་ཐུབ་ཅིང་ངོ་བོ་ཉིད་ཀྱིས་ཐ་དད་དུ་གྲུབ་པའི་བདེན་ཆ་ཞིག་མེད་པ་དང༌། རང་མཚན་པའི་ངོ་བོ་ཞིག་མེད་པའི་ཆ་ནས་ཆོས་དང་བྱུང་བ་ཐམས་ཅད་ཀྱི་མཐར་ཐུག་གི་གནས་བབ་ནི་སྟོང་པ་ཉིད་ཡིན།

ངའི་ལྟ་ཚུལ་ཞིག་ལ། བདེན་པ་གཉིས་ཀྱི་རྩ་འཛིན་འདི་དང་འདྲ་བ་ཞིག་དངོས་ཁམས་རིག་པའི་ནང་དུའང་བཀོལ་སྤྱོད་བྱེད་ཆོག དཔེར་ན། ནེའུ་ཏྲོང་གི་དངོས་ཁམས་རིག་པའི་དཔེ་མཚོན་དེ་རྒྱུན་འཇགས་སུ་སོང་བའི་ང་ཚོའི་འཇིག་རྟེན་གྱི་གོ་རྟོགས་དང་ཤིན་ཏུ་འཚམ་པ་ཞིག་རེད། ཡིན་ཡང༌། མཐའ་གཅིག་ཏུ་ཁྱད་པར་ཅན་གྱི་བདེན་འཛིན་ཁག་ཅིག་གཞི་ལ་བཞག་པའི་ཨ་ཡིམ་སི་ཐམ་གྱི་ལྟོས་གྲུབ་ནི་དངོས་ཡོད་གནས་ལུགས་ཀྱི་གནས་རིམ་གཞན་ཞིག་གི་དཔེ་མཚོན་ཡང་དག་ཅིག་རེད། དཔེ་མཚོན་འདིས་གནས་སྟངས་མང་པོ་ཞིག་གི་ནང་དུ་ང་ཚོའི་རྒྱུན་འཇགས་ཀྱི་གོ་རྟོགས་ལ་ཤུགས་རྐྱེན་མི་ཐེབས་ཤིང་ལྟོས་ས་ལྟོས་འཇོག་གི་འགུལ་སྐྱོད་ཀྱི་གནས་བབ་དེ་མེད་དུ་མི་རུང་བའི་དངོས་ཡོད་གནས་ལུགས་ཀྱི་རྣམ་པ་འགའ་ཞིག་ལ་གསལ་བཤད་བྱེད་ཐུབ། དེ་བཞིན་དུ་ཁོན་ཏྲོམ་དངོས་ཁམས་རིག་པའི་དཔེ་མཚོན་འདིས་ཆ་ཕྲ་མོའི་གནས་རིམ་དུ་གཙོ་བོ་རྗེས་སུ་དཔག་པའི་རྡུལ་ཕྲ་རབ་ཀྱི་དངོས་ཡོད་གནས་ལུགས་ཁྱད་པར་ཅན་ཞིག་གི་ཁྱབ་ཁོངས་གཞན་ཞིག་མཚོན། དཔེ་མཚོན་འདི་དག་ནི་སོ་སོའི་ངོས་ན་དགོས་དམིགས་གང་གི་ཆེད་དུ་གཏན་ལ་ཕབ་པ་དེར་ཤིན་ཏུ་འཚམ་མོད། འོན་ཀྱང༌། ང་ཚོས་དཔེ་མཚོན་འདི་ཚོ་ངོ་བོ་ཉིད་ཀྱིས་གྲུབ་པའི་ཆོས་རྣམས་ལ་བརྟེན་པའི་ཡིད་ཆེས་བྱས་ན་བློ་ཕམ་རྒྱུ་ཡིན་པར་གདོན་མི་ཟ།

དུས་རབས་བདུན་པའི་ནང་དུ་བྱོན་པའི་སློབ་དཔོན་ཟླ་བ་གྲགས་པས། ཀུན་རྫོབ་དང་དོན་དམ་བདེན་པའི་ཆོས་དང་འབྲེལ་བའི་རྩོད་སྒྲུབ་ནང་མཛད་པའི་དབྱེ་འབྱེད་གལ་ཆེན་ཞིག་ཡོད་པ་དེར་སྐབས་འདིར་བསམ་བློ་བཏང་ན་ཕན་ཐོགས་ཆེན་པོ་ཡོད། ཁོང་གིས་གསུང་དོན་ལ། དངོས་ཡོད་གནས་ལུགས་ཤིག་ལ་ཡོད་པའི་རང་ཉིད་ཀྱི་གོ་རྟོགས་རྣམས་སྒྲིག་སྦྱོར་བྱེད་སྐབས། འཚོལ་ཞིབ་ཀྱི་ཐབས་ལམ་བྱེ་བྲག་པ་དེའི་རྒྱ་ཁྱོན་དང་ཚད་འཛིན་ལ་དོ་སྣང་བྱེད་དགོས། དཔེར་ན། སྟོང་ཉིད་ཀྱི་རྣམ་གཞག་ལ་འགྲེལ་བཤད་བྱེད་པའི་མཚན་ཉིད་རིག་པ་སྨྲ་བ་ཁག་ཅིག་གིས་བཤད་པ་ལྟར། དོན་དམ་བདེན་པའི་ལྟ་ཚུལ་གྱི་ཆ་ནས་ཆོས་རྣམས་ལ་རང་རྐྱ་ཐུབ་པའི་ངོ་བོ་ཐ་དད་དང༌། རང་ཚུགས་ཀྱི་རྒྱུ་རྐྱེན་དང་འབྱུང་རྩ་སྟོང་པའི་རང་བཞིན་གྱིས་ཉིན་རེའི་འཚོ་བའི་ཁྲོད་ནའང་འདི་རྣམས་ཁས་ལེན་མི་བྱེད་པ་ནི་ཕྱིན་ཅི་ལོག་ཏུ་སོང་བའི་དཔྱད་ཐབས་ཤིག་ཡིན།

ཀུན་རྫོབ་བདེན་པའི་གནས་རིམ་དུ་ང་ཚོས་རྒྱུ་དང་འབྲས་བུ་རྟག་ཏུ་མཐོང་རྒྱུ་ཡོད་པ་ཞིག་ཡིན། རླངས་འཁོར་གདོང་ཐུག་གི་དོན་རྐྱེན་ཞིག་གི་ནང་ང་ཚོས་སུ་ལ་སྐྱོན་ཡོད་པ་འཚོལ་སྐབས། རྫོགས་མཐའ་བྲལ་བའི་བྱུང་བ་མང་བས་ནག་ཉེས་དེ་དོན་ངོ་མ་སུ་ལ་ཡོད་པ་རྟོགས་དཀའ་བའི་དངོས་ཡོད་གནས་ལུགས་ཀྱི་རང་བཞིན་གཏིང་ཟབ་མོ་ཞིག་རྟོགས་པར་འབད་བརྩོན་བྱེད་ཀྱི་མེད། རྒྱུ་དང་འབྲས་བུ་ལྟ་བུའི་ཁྱད་ཆོས་མངོན་སུམ་གྱི་འཇིག་རྟེན་ཞིག་གི་སྟེང་ཕར་སྦྱོར་སྐབས། ང་ཚོས་ཆོས་ཐམས་ཅད་ཀྱི་མཐར་ཐུག་གི་ཁྱད་ཆོས་དང་དེ་རྣམས་ཀྱི་གཤིས་རྒྱུན་གྱི་གནས་བབ་ལ་ཕྱོགས་པའི་གཟུགས་འདས་རིག་པའི་དཔྱད་པ་ཞིག་གི་ནང་དུ་བྱེད་ཀྱི་མེད། འདི་ལྟར་སྦྱོར་བ་ནི་ཉིན་རེའི་འཚོ་བའི་གོམས་སྲོལ་དང༌། སྐད་ཡིག དེ་བཞིན་གཏན་ཚིགས་བཅས་ཀྱི་ལམ་ལུགས་ཤིག་གི་ནང་དུ་འབྱུང་གི་ཡོད། འོན་ཀྱང༌། ཟླ་བ་གྲགས་པས་བརྗོད་དོན་ལ། བདག་རྟག་པ་ཡིན་པར་འདོད་པ་དང༌། འཇིག་རྟེན་བཀོད་པ་པོ་ཁས་ལེན་པའི་མཚན་ཉིད་རིག་པའི་གྲུབ་མཐའ་ལྟ་བུའི་གཟུགས་འདས་ཀྱི་རྒྱུ་མཚན་རྟེན་གཞི་རྣམས་ལ་དཔྱད་པ་གཏོང་སྐབས། ང་ཚོས་དེ་དག་གི་མཐར་ཐུག་གི་གནས་བབ་ལ་དཔྱད་པ་བཏང་ནས་དགག་སྒྲུབ་བྱེད་ཆོག དེ་ཡང་ཆོས་རྣམས་ཀྱི་མཐར་ཐུག་གི་རང་བཞིན་ལ་ཕྱོགས་པའི་འཚོལ་ཞིབ་ཅིག་གི་ཐོག་ནས་འདོད་ཚུལ་དེ་རྣམས་གྲུབ་པས་ཡིན།

མདོར་བསྡུས་ན། མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པས་གསུང་དོན་ལ༑ མངོན་སུམ་གྱི་འཇིག་རྟེན་ཞིག་གི་མྱོང་བ་ལ་འཇུག་སྐབས། ཆོས་རྣམས་ལ་རང་རྐྱ་ཐུབ་ཅིང་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཞིག་མ་སྦྱར་ན། རྒྱུ་འབྲས་དང༌། ངོ་བོ། ཐ་དད་བཅས་ཀྱི་དོན་སྤྱི་དང༌། གཏན་ཚིགས་རིག་པའི་རྩ་འཛིན་ཁག་ལ་ནུས་རྩོལ་ལྡན། འོན་ཀྱང༌། འདི་དག་གི་ཚད་མ་ནི་ཀུན་རྫོབ་བདེན་པའི་ལྟོས་གྲུབ་ཀྱི་སྒྲོམ་གཞི་ལས་འདས་མེད། ཡུལ་གྱི་ངོས་ནས་གྲུབ་ཅིང་རང་རྐྱ་ཐུབ་པའི་ངོ་བོ་དང་གནས་གཞི། དེ་བཞིན་རྒྱུ་འབྲས་ལྟ་བུ་གཞི་རྩའི་དོན་སྤྱི་རྣམས་འཚོལ་ཞིབ་བྱེད་པ་འདི་ནི་གཏན་ཚིགས་དང༌། སྐད་ཡིག འཚོ་བའི་གོམས་སྲོལ་སོགས་ཀྱི་མཐའ་མཚམས་ལས་བརྒལ་ཡོད། ངོ་བོ་ཉིད་ཀྱིས་གྲུབ་ཅིང་རང་ཚུགས་ཐུབ་པའི་ཆོས་རྣམས་ཀྱི་གནས་གཞི་ཞིག་ང་ཚོས་འདོན་མི་དགོས་པའི་རྒྱུ་མཚན་ནི་ཆོས་དང་བྱུང་བ་ཐམས་ཅད་ལ་བཅོས་མ་མ་ཡིན་པའི་དངོས་ཡོད་ཀྱི་བདེན་པའི་ཆ་ཞིག་ཡོད་པར་མ་ཟད། ཆོས་དང་བྱུང་བ་དེ་དག་གིས་ང་ཚོའི་ཉིན་རེའི་འཚོ་བའི་བྱེད་ལས་ལ་རྒྱབ་སྐྱོར་དང༌། ཀུན་སྤྱོད་དང་སེམས་དོན་རིག་པའི་ལས་དོན་ལ་རྨང་གཞི་ཞིག་བཏིངས་ཡོད། སྟོང་ཉིད་ཀྱི་ལྟ་བ་གཞི་ལ་བཞག་ན་འཇིག་རྟེན་འདི་རྟེན་ཅིང་འབྲེལ་བ་ལས་བྱུང་བའི་དངོས་ཡོད་གནས་ལུགས་ཀྱི་དྲ་རྒྱ་ལས་གྲུབ། དྲ་རྒྱ་དེའི་ནང་རྟེན་ཅིང་འབྲེལ་བའི་རྒྱུ་ཡིས་རྟེན་ཅིང་འབྲེལ་བའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ལ་བརྟེན་ནས་རྟེན་ཅིང་འབྲེལ་བའི་འབྲས་བུ་ཞིག་སྐྲུན་གྱི་ཡོད། དེའི་ཕྱིར་ང་ཚོས་རང་ཉིད་ཀྱི་མི་ཚེའི་ནང་དུ་ཅི་ཞིག་བྱེད་པ་དང་ཅི་ཞིག་བསམ་པ་གལ་ཆེན་ཡིན། གང་ཡིན་ཟེར་ན་དེ་དག་གིས་ང་ཚོ་དང་འབྲེལ་བའི་ཆོས་དང་བྱུང་བ་ཐམས་ཅད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།

ནང་པའི་སྟོང་ཉིད་ཀྱི་ལྟ་བ་དང་དེང་རབས་ཀྱི་དངོས་ཁམས་རིག་པ་གཉིས་ཀའི་ནང་དུ་མངོན་གསལ་ཡིན་པའི་དངོས་ཡོད་གནས་ལུགས་ཀྱི་འགལ་བའི་རང་བཞིན་འདི་ནི་འགྲོ་བ་མིའི་ཤེས་རྟོགས་ཀྱི་མཐའ་ཚད་ལས་བརྒལ་ཡོད། དཀའ་ངལ་འདིའི་དོན་སྙིང་ནི་ཚད་མ་རིག་པ་དང་འབྲེལ་ཞིང༌། དེ་ཡང་དངོས་ཡོད་གནས་ལུགས་དེ་ང་ཚོས་ཇི་ལྟར་གཅིག་མཐུན་གྱིས་གོ་རྟོགས་བྱེད་རྒྱུ་དང༌། ཇི་ལྟར་རང་ཉིད་ཀྱི་བློ་ངོ་ལ་གཅིག་མཐུན་གྱིས་འཇུག་རྒྱུ་འདི་ཡིན། ནང་པའི་སྟོང་ཉིད་རིགས་པ་སྨྲ་བ་ཚོས་དངོས་ཡོད་གནས་ལུགས་ནི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཆོས་དང་བྱུང་བ་རང་མཚན་པས་བསྐྲུན་པ་ལྟར་མཐོང་སྣང་ལ་བག་ཆགས་ཟབ་པའི་རང་ཉིད་ཀྱི་ཞེན་ཆགས་དེ་བསྐྱུར་ནས་འཇིག་རྟེན་གྱི་གོ་རྟོགས་ཆ་ཚང་བ་ཞིག་དར་སྤེལ་བྱས་པར་མ་ཟད། གོ་རྟོགས་དེ་དག་ལས་བྱུང་བའི་ཡོན་ཏན་རྣམས་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱེད་པར་འབད་འབུངས་ཀྱང་བྱས་ཡོད། སྣང་ཚུལ་ལ་ཚད་མ་རིག་པའི་གནད་དོན་ཞིག་ཡིན་པའི་དཀའ་ངལ་ཆེན་པོ་འདི་སེལ་བར་ནང་ཆོས་ནང་བདེན་པ་གཉིས་ཀྱི་རྣམ་གཞག་གི་ལམ་ནས་དངོས་ཡོད་གནས་ལུགས་རྟོགས་དགོས། དངོས་ཁམས་རིག་པ་བ་ཚོས་ཉིན་རེའི་འཚོ་བའི་མྱོང་བ་དང༌། གནའ་བོའི་དངོས་ཁམས་རིག་པ། ཁོན་ཏྲོམ་འགུལ་ཤུགས་རིག་པ་བཅས་ཀྱི་དངོས་ཡོད་གནས་ལུགས་ཀྱི་དཔེ་མཚོན་མི་མཚུངས་པ་འདི་དག་གཅིག་མཐུན་བྱེད་པའི་ཚད་མ་རིག་པའི་ཐབས་ལམ་གསར་པ་ཞིག་བསྐྱེད་བསྲིང་བྱེད་དགོས། ནང་ཆོས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་འདི་ཚན་རིག་གི་དངོས་ཁམས་རིག་པའི་ནང་དུ་བཀོལ་སྤྱོད་གང་འདྲ་ཞིག་ཡོད་མེད་ཀྱི་ཐད་བདག་ལ་བསམ་ཚུལ་ཅི་ཡང་མེད། རྩ་བའི་ཆ་ནས་ཁོན་ཏྲོམ་འགུལ་ཤུགས་རིག་པ་དར་བའི་ཕྱིས་སུ་དངོས་ཁམས་རིག་པ་ལ་འཕྲད་པའི་མཚན་ཉིད་རིག་པའི་དཀའ་ངལ་ནི། ངོ་བོ་ཉིད་ཀྱིས་གྲུབ་པའི་དངོས་གཟུགས་ཀྱི་ཆ་ཕྲ་མོ་གཞི་རྩར་བཞག་པའི་དངོས་ཡོད་གནས་ལུགས་ཀྱི་དོན་སྤྱི་འདི་དགག་བྱ་ལས་ཐར་ཐུབ་མིན་དེ་ཡིན། ནང་པའི་སྟོང་ཉིད་ཀྱི་རྣམ་གཞག་གིས་གཏན་ལ་ཕབ་པའི་དངོས་ཡོད་གནས་ལུགས་ཀྱི་གོ་རྟོགས་གཅིག་མཐུན་འདི་ངོ་བོ་ཉིད་ཀྱིས་གྲུབ་པར་སྨྲ་བའི་འདོད་ཚུལ་ཞིག་མིན། གོ་རྟོགས་འདི་ནི་ཕན་ཐོགས་ཅན་ཞིག་ཡིན་མིན་དུས་ཁོ་ནས་སྟོན་ངེས།། །།

མཆན།

ཤོ་རི་སྒྲིན་གར་གྱི་བྱི་ལ། ༼Schrodinger’s cat༽

འདི་ནི་བསམ་བློའི་ཚོད་ལྟ་ཞིག་ཡིན་ལ། ཁོད་པམ་ཧམ་ཀིའི་ཁོན་ཏྲོམ་འགུལ་ཤུགས་རིག་པའི་འགྲེལ་བཤད་ལ་ཞན་ཆ་ངེས་ཅན་ཞིག་ཡོད་པ་ནི། མཐར་གཏུགས་ན་དངོས་ཡོད་གནས་ལུགས་ཅི་ཞིག་ཡིན་མིན་གྱི་གནད་དོན་འདི་རེད། ཁོད་པམ་ཧམ་ཀིའི་འགྲེལ་བཤད་གཞིར་བཟུང་ན། དངོས་ཡོད་གནས་ལུགས་ནི་བྱེད་པ་པོ་ཞིག་གིས་གང་ཚད་འཇལ་བྱས་པ་དེ་ཡིན་པར་བསམ་པ་དང༌། ཚད་འཇལ་མ་བྱས་བར་དུ་དངོས་ཡོད་གནས་ལུགས་དེ་ནི་ཁོན་ཏྲོམ་གྱི་གནས་སྟེང་མའི་རང་བཞིན་དུ་གནས་པར་འདོད། དེའི་ཕྱིར་ཤོ་རོ་སྒྲིན་གར་གྱིས་བྱི་ལའི་ཚོད་ལྟ་འདི་གསར་གཏོད་བྱས་ནས་ཞན་ཆ་དེ་གསལ་སྟོན་བྱས། ཚོད་ལྟ་འདིའི་ནང་ཁོན་ཏྲོམ་གྱི་གནས་སྟེང་མ་ནི་སྒམ་ཁ་མ་ཕྱེས་པའི་སྔོན་ལ་ནང་གི་བྱི་ལ་དེ་གསོན་པ་དང་ཤི་བ་གཉིས་ཀ་ཡིན་པ་འདི་རེད།

ར་ཇ། ༼Raja Ramanan 1925-2004༽

རྒྱ་གར་གྱི་རྡུལ་ཕྲན་མཚོན་ཆ་ཐོག་མའི་ཚོད་ལྟའི་ལས་དོན་གྱི་ནང་དུ་ཞུགས་མྱོང་བའི་དངོས་ཁམས་ཚན་རིག་པ་ཞིག

ཁོ་ཕར་ནེ་ཁ་སི། ༼Nicolaus Copernicus 1473-1543༽

ཕོ་ལན་དུ་སྐྱེས་པའི་གནམ་དཔྱད་རིག་པ་སྨྲ་བ་ཞིག་སྟེ། ཚན་རིག་གི་ལོ་རྒྱུས་ནང་དུ་ཁོང་ནི་གལ་ཆེན་གྱི་མི་སྣ་ཞིག་ཡིན་ཞིང༌། དེ་ཡང་ཁོང་གིས་སའི་གོ་ལ་ནི་འཇིག་རྟེན་གྱི་ལྟེ་བ་རུ་གཡོ་འགུལ་མེད་པར་གནས་པའི་གནའ་བོའི་འདོད་ཚུལ་དེ་བཀག་ནས་ཉི་མ་ནི་འཇིག་རྟེན་གྱི་དཀྱིལ་མར་གཡོ་འགུལ་མེད་པར་གནས་པའི་ལྟ་ཚུལ་གསར་སྟོན་མཛད་ཅིང༌། ལ་ལས་ཁོང་ནི་དེང་རབས་ཀྱི་གནམ་དཔྱད་རིག་པའི་སྲོལ་གཏོད་མཁན་དུའང་ངོས་འཛིན་བྱེད། འོན་ཀྱང༌། ཉི་མ་ནི་གཡོ་འགུལ་མེད་པར་གནས་པའི་ཁོང་གི་ལྟ་ཚུལ་

དེ་ཡང་བདེན་དོན་ཆགས་མེད།

མར་ཁེ་སི་ཝེ་ལི། ༼James Maxwell 1831-1879༽

དུས་རབས་བཅུ་དགུ་པའི་དབྱིན་ཇིའི་ཚན་རིག་པ་གྲགས་ཆེན་ཞིག་སྟེ། ཁོང་གིས་གློག་ཤུགས་ཁབ་ལེན་གྱི་རྣམ་གཞག་གསར་གཏོད་བྱས་ཤིང༌། གློག་དང་ཁབ་ལེན་སོགས་དང་འབྲེལ་བའི་ཞིབ་འཇུག་གི་རྒྱུ་ཆ་རྣམས་སྤྱི་མཐུན་གྱི་རྣམ་གཞག་ཅིག་གི་ནང་དུ་ཕྱོགས་བསྡུས་མཛད། རྣམ་གཞག་དང་འགྲེལ་བཤད་དེ་ཚོས་དུས་རབས་ཉི་ཤུ་པའི་ནང་དུ་དར་བའི་ལྟོས་གྲུབ་དང་ཁོན་ཏྲོམ་དངོས་ཁམས་རིག་པ་གཉིས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བཤད།

ལེ་ཕི་ཏྲོམ། ༼Lepton༽

རྡུལ་ཕྲན་གྱི་ཆ་ཕྲ་མོའི་གྲུབ་རྫས་ཀྱི་རིགས་ཤིག་སྟེ། ཉེ་རྡུལ་དང་མི་མཚུངས་པར་ལེ་ཕི་ཏྲོམ་ལ་གློགས་ཤུགས་དང་ཁྱད་པར་ཅན་གྱི་བཟོ་བཀོད་སོགས་མེད་པར་བཤད།

ཁོན་ཏྲོམ་དངོས་ཁམས་རིག་པ། ༼quantum physics༽

དུས་རབས་ཉི་ཤུ་པའི་ནང་དུ་དར་བའི་ཚན་རིག་གི་སྡེ་ཚན་ཞིག་སྟེ། རང་རྐྱ་བ་ཡིན་ཞིང་ཆ་ཆུང་དུ་བགོ་མི་ཐུབ་པའི་ནུས་ཤུགས་ཀྱི་ཚོགས་པ་སྟེ་ཁོན་ཏྲ་ཟེར་བ་དེ་ནི་སྡེ་ཚན་འདིའི་འཚོལ་ཞིབ་ཀྱི་འཇུག་ཡུལ་རེད། གཤམ་གསལ་གྱི་ལྟ་ཚུལ་ལྔ་པོ་འདིས་ཁོན་ཏྲོམ་དངོས་ཁམས་རིག་པ་མཚོན་ཐུབ། ༡༽ ནུས་ཤུགས་ནི་བར་མ་ཆད་པའི་རང་བཞིན་དུ་གནས་མེད་པར་ཕྲ་ཞིང་རང་རྐྱ་བའི་ངོ་བོ་བཟུང་ཡོད། ༢༽ རྡུལ་ཕྲན་གྱི་ཆ་ཕྲ་མོའི་གྲུབ་རྫས་རྣམས་ལ་རྡུལ་དང་རླབས་རྒྱུན་གྱི་རྣམ་པ་གཉིས་ཀ་ལྡན། ༣༽ རྩ་བའི་གྲུབ་རྫས་དེ་ཚོའི་འགུལ་སྐྱོད་ནི་རང་བཞིན་གྱི་ཐོལ་བྱུང་ཡིན། ༤༽ གྲུབ་རྫས་ཤིག་གི་གནས་ཡུལ་དང་དེའི་འགུལ་སྐྱོད་དུས་གཅིག་གི་ནང་དུ་རྟོགས་མི་ཐུབ། ༥༽ ཆ་རྡུལ་ཕྲ་མོའི་འཇིག་རྟེན་དེ་ནི་ང་ཚོ་འཚོ་སའི་འཇིག་རྟེན་རགས་པ་འདི་དང་གཏན་ནས་མི་མཚུངས།

ཨམ་ཏྲོན། ༼Anton Zeilinger 1945- ༽

ཨོ་སུ་ཊར་རེའི་ཁོན་ཏྲོམ་དངོས་ཁམས་རིག་པ་བ་ཞིག་སྟེ། དེང་སྐབས་ཝེ་ཡེན་ནའི་མཐོ་སློབ་ཏུ་དངོས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཡིན་པར་མ་ཟད། ཝེ་ཡེན་ནའི་ནང་དུ་ཡོད་པའི་ཨོ་སུ་ཊར་རེའི་ཚན་རིག་ཞིབ་འཇུག་ཁང་གི་ཡན་ལག་གི་གཙོ་འཛིན་ཡང་རེད།

ཨ་ཐོར། ༼Arthur Zajonc ༽

ཨ་མི་རི་ཀའི་དངོས་ཁམས་རིག་པའི་ཚན་རིག་པ་ཞིག་ཡིན་ཞིང༌། ཏཱ་ལའི་བླ་མ་དང་ལྷན་དུ་བགྲོ་གླེང་ཟེར་བའི་དེབ་ཀྱང་བརྩམས་འདུག

ཨ་ཧཕ་རྡུལ། ༼alpha༽

རྡུལ་ཕྲན་གྱི་ཚི་གུའི་གྲུབ་རྫས་ཤིག

ཐུན་མོང་མ་ཡིན་པའི་ལྟོས་གྲུབ་ཀྱི་རྣམ་གཞག ༼special theory of relativity༽

ཚན་རིག་གི་ལྟ་བ་འདིས་གཟུགས་ཕུང་དང༌། དུས། བར་སྣང་བཅས་ཀྱི་འབྲེལ་བ་ལ་གསལ་བཤད་བྱས་ཤིང༌། གཟུགས་ཕུང་དང་ནུས་ཤུགས་གཉིས་དོ་མཉམ་པ་དང༌། གཟུགས་ཕུང་དང༌། རིང་ཚད། དུས་བཅས་ནི་མགྱོགས་ཚད་དང་བསྟུན་ནས་འགྱུར་བ་འགྲོ་བ་སོགས་བསྟན། རྣམ་གཞག་འདིའི་རྟེན་གཞི་ལ་བདེན་འཛིན་གཉིས་ཡོད་དེ། དང་པོ། བར་སྣང་སྟོང་པའི་ནང་འོད་ཀྱི་མགྱོགས་ཚད་བརྟན་པ་དང༌། གཉིས་པ། དངོས་ཁམས་ཀྱི་ཆོས་ཉིད་ཐམས་ཅད་འཇིག་རྟེན་ཀུན་ཏུ་གཅིག་མཚུངས་སུ་འཇུག་པ་དེ་རེད།

འོད་ལོ། ༼light-year༽

གནམ་དཔྱད་རིག་པའི་ནང་དུ་རྒྱང་ཐག་ཚད་འཇལ་གྱི་སྒྲིག་གཞི་ཞིག་སྟེ། ཉི་མའི་འོད་ཟེར་ལྟ་བུས་ལོ་གཅིག་ལ་རྒྱང་ཐག་ཅི་ཙམ་ཆོད་པ་དེ་ནི་འོད་ལོ་གཅིག་གི་རིང་ཚད་ཡིན་ཞིང༌། འོད་ལོ་གཅིག་ལ་ཕལ་ཆེར་སྤྱི་ལེ་༩༤༦༡༠༠༠༠༠༠༠༠༠ཡོད།

བར་སྣང་དུས། ༼space-time༽

འདི་ནི་དུས་དང་བར་སྣང་གཉིས་གཅིག་ཏུ་ལྟ་བའི་ཚན་རིག་གི་སྤྱི་འགྲོས་ཤིག་ཡིན་ཞིང༌། བར་སྣང་ལ་ཆ་ངོས་གསུམ་ལྡན་པ་དང༌། དེའི་སྟེང་དུ་དུས་བསྣན་ནས་ཆ་ངོས་བཞི་ལྡན་གྱི་བར་སྣང་དུས་གྲུབ། ཚན་རིག་པ་ཚོས་བར་སྣང་དང་དུས་གཉིས་གཅིག་ཏུ་བསྒྲིལ་ནས་དངོས་ཁམས་ཀྱི་རྣམ་གཞག་མང་པོ་ཞིག་སྟབས་བདེ་རུ་བཏང་ཞིང༌། ཆུང་བ་རྡུལ་ཕྲན་གྱི་ཆ་ཕྲ་མོ་དང་ཆེ་བ་དགུ་ཚིགས་ཀྱི་གནས་རིམ་དུའང་བར་སྣང་དུས་ཀྱི་སྤྱི་འགྲོས་ལ་བརྟེན་ནས་འཇིག་རྟེན་གྱི་ཆོས་ཉིད་རྣམས་ལ་སྔོན་དང་མ་འདྲ་བའི་གཅིག་མཐུན་གྱི་ལམ་ནས་འགྲེལ་བཤད་རྒྱག་ཐུབ།

ཡེ་ཕེ་ཨར་གྱི་འགལ་བ། ༼EPR paradox༽

བསམ་བློའི་ཚོད་ལྟ་འདི་ནི། ཁོན་ཏྲོམ་འགུལ་ཤུགས་རིག་པ་ནི་དངོས་ཁམས་རིག་པའི་རྣམ་གཞག་རྣལ་མ་ཞིག་མིན་པར་སྟོན་སླད་གསར་གཏོད་བྱས། དེ་ཡང་ཁོན་ཏྲོམ་འགུལ་ཤུགས་རིག་པའམ་ཁོན་ཏྲོམ་དངོས་ཁམས་རིག་པའི་ཆོས་ཉིད་གཙོ་བོ་ཞིག་ནི་ངེས་མེད་ཆོས་ཉིད་ཡིན་ཞིང༌། ཆོས་ཉིད་འདི་གཞི་རྩའི་གནས་རིམ་དུ་འཇུག་པའི་ཆོས་ཉིད་ཅིག་མིན་པའི་སྒྲུབ་བྱེད་དུ་བསམ་བློའི་ཚོད་ལྟ་འདི་བསྐྲུན་པ་ཞིག་རེད།

ཡོང་ཁུངས། རྒྱལ་རིན་པོ་ཆེ་དྲ་རྒྱ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།