༄༅། །བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་ཏིག །

༄༅། །བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་ཏིག །

ལག་ལེན་སོ་བདུན་མ། 

རིག་ལམ་སློབ་སྦྱོང་གི་དགེ་མཚན།

    ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་༡༣ཉིན་སྤེལ། ད་ལོར་དྷ་སར་རྟེན་གཞི་བྱས་ཡོད་པའི་བོད་ཕྲུག་ཁྱིམ་སྡེར་བསྩལ་བའི་བཀའ་སློབ།༄༅། །ཐོག་མར་དེ་རིང་འདིར་བགྲོ་གླེང་རྟགས་གསལ་གཏོང་མཁན་གྱི་ཁྱིམ་པ་ཕོ་མོ་འགའ་ཞིག་མགོ་དམར་པོ་ཆགས་འདུག་ལ། ཡང་ཁ་ཤས་མགོ་དཀར་པོ་ཆགས་འདུག་པས་རྒས་འཁོགས་ཀྱི་གྲས་ཡིན། དེར་བརྟེན་རྟགས་གསལ་བགྲོ་གླེང་བྱེད་མཁན་སྤོ་ལགས་དང་རྨོ་ལགས་ཚོར་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་རྒྱུ་ཡིན།

    རྟགས་གསལ་གཏོང་བའི་རིགས་ལམ་ནི། བློ་གྲོས་ཀྱི་རྣམ་དཔྱོད་གོང་ནས་གོང་དུ་སྤེལ་ཞིང༌། རིག་པ་མྱུར་པོ་ཡོང་བའི་ཐབས་ལམ་ཞིག་ཆགས་ཡོད། དེ་བཞིན་ཁྱབ་དང་མ་ཁྱབ་ཅེས་པའི་ཚིག་དེ་སྦྱངས་ནས་རང་ཉིད་ཀྱིས་སྐད་ཆ་ཤོད་སྐབས་འདི་ལྟར་བྱས་ན་ཚིག་སྐྱོན་ཡོད་པ་དང༌། ཡང་འདི་ལྟར་བཤད་ན་ཁྱབ་ཆུང་བའི་སྐྱོན་འདུག་བསམ་པ་ཕལ་ཆེར་ཐད་ཀར་དྲན་ཐུབ་པ་ཡིན། གཞན་གྱིས་སྐད་ཆ་བཤད་པའི་སྐབས་སུ་ཚིག་སྐྱོན་ཞིག་བསྒྲུག་དགོས་བྱུང་ཡང༌། ལམ་སེང་ཤེས་རྟོགས་ཐུབ་སྟེ་ཁོས་བཤད་པ་དེར་ཧེ་བག་ཆེན་པོ་འདུག་ལ། དེ་ལ་ཁྱབ་པ་མི་འདུག་བསམ་པ་ཞིག་ལམ་སང་ཤེས་ཐུབ་པའི་ཁྱད་པར་གཏན་གཏན་ཡོད། དེས་ན་མཚན་ཉིད་ཀྱི་རིགས་ལམ་སྦྱངས་ཞེས་པ་ནི་ཕྱོགས་གཅིག་ནས་ཆོས་པ་ཁོ་ནས་སྦྱང་རྒྱུ་ཞིག་མིན་ལ། གཉིས་ནས་ཆོས་པའི་ནང་ནས་རབ་ཏུ་བྱུང་བ་དང༌། རབ་བྱུང་གི་ནང་ནས་ཀྱང་གཞུང་ཆེན་སློབ་གཉེར་བྱེད་མཁན་རྣམས་ཀྱིས་སྦྱོང་བ་ལས། གཞན་རྣམས་ཀྱིས་སྦྱོང་མི་དགོས་པའི་མཐོང་ཚུལ་དེ་ནི་ནོར་འཁྲུལ་ཞིག་དང༌། རྗེས་ལུས་ཀྱི་མཐོང་ཚུལ་ཞིག་ཡིན། དེས་ན་ཡོན་ཏན་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ཕྱིན་ཆད་རིགས་ལམ་གྱི་ཐོག་ནས་སློབ་སྦྱོང་བྱས་ན། ཤེས་བྱའི་སྡེ་ཚན་གང་དང་གང་ཞིག་ཡིན་ཡང༌། དེ་མཐའ་ཆོད་པ་ཞིག་ཤེས་ཐུབ་པའི་ཁྱད་པར་གཏན་གཏན་ཡོད། རང་ཉིད་ཀྱི་བསམ་བློ་ཡང་གྲུང་ཤ་དོད་དུ་འགྲོ་བར་ཁྱད་པར་ཆེན་པོ་ཡོད།

    སྔར་ངོས་རང་རྩ་བའི་བསྡུས་གྲྭ་བསླབས་པའི་སྐབས་ནས་རིགས་ལམ་སློབ་ཀྱི་ཡོད་ཀྱང༌། རྗེས་སོར་ཚད་མ་རྣམ་འགྲེལ་སྦྱོང་སྐབས་རང་ཉིད་ལ་མྱོང་བ་གསར་པ་གང་ཞིག་བྱུང་ཞེ་ན། གཞན་གྱིས་སྐད་ཆ་ཞིག་བཤད་ཀྱང་ལམ་སང་དེའི་རྒྱུ་མཚན་གང་ཞིག་ཡིན་ནམ། རྒྱུ་མཚན་དེ་ལ་ངེས་པ་ཡོད་དམ་མེད་སྙམ་པ་ལམ་སང་སེམས་ནང་དྲན་ཡོང་བ་ཞིག་ཆགས་བྱུང༌། དེས་ཕན་གྱི་ཡོད་པའི་རྟགས་ཡིན། དེ་ཡང་མིའི་སེམས་ལ་བརྟག་དཔྱད་བྱེད་པའི་བསམ་བློ་ཞིག་སླེབས་ཡོང་གི་ཡོད། དེར་བརྟེན་དཔེ་ཆ་ཞིག་བལྟས་ཀྱང་གཞུང་དེའི་ཐད་ཀའི་ཚིག་གི་བསྟན་ཚོད་དེར་འགྲིགས་མ་འགྲིགས་དང༌། དེ་བཞིན་རྩ་བའི་དོན་དག་དེ་གང་འདྲ་ཞིག་ཡིན་མིན་བསམ་བློ་འཁོར་ཐུབ་པ་དང་དཔྱད་པ་བྱེད་ཐུབ་པ་ཞིག་ཡོང་བ་ཡིན། དེས་ན་རིམ་བཞིན་ང་རང་ཚོའི་སློབ་ཚན་གང་དང་གང་གི་ནང་དུ་ཡིན་ཡང་རིགས་ལམ་གྱི་ཐོག་ནས་འདི་ཡིན་ན་དེ་ཡིན་པས་ཁྱབ་པ་དང༌། དེ་ཡིན་ན་འདི་ཡིན་དགོས་ཞེས་པའི་མུ་གསུམ་མུ་བཞི་དང༌། འགལ་བ་དོན་གཅིག་ཅེས་ད་ལྟ་བརྗོད་པ་དེ་དག་སློབ་ཚན་ཚང་མའི་ནང་དུ་འགྲོ་ཐུབ་པ་ཞིག་ཡིན། དེ་ལྟར་བྱུང་ན་གཏན་གཏན་ཁྱད་པར་ཡོད།

    གཉིས་ནས་ང་ཚོའི་བོད་སྐད་ཀྱི་ཁྱད་ཆོས་ལྟ་བུ་ཞིག་ཀྱང་ཆགས་ཀྱི་ཡོད། བོད་སྐད་ཀྱི་ནང་དུ་ཐལ་དང༌། ཕྱིར། ཞེས་པའི་ཚིག་དེ་དག་ཧ་ལམ་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་གོམས་པ་ཞིག་ཡིན། དབྱིན་སྐད་ཀྱི་ནང་མུ་བཞི་བརྩི་བ་ལྟ་བུ་ཡོང་གི་ཡོད་པ་ལས་དེ་མིན་ཐལ་དང༌། ཕྱིར། ཞེས་པའི་ཚིག་དེ་རྣམས་ད་ལྟ་མ་གོམས་པ་ལྟ་བུ་ཞིག་ཡོད་ལ། རྒྱ་སྐད་ཀྱི་ནང་དུའང་དེ་བཞིན་གོམས་འདྲིས་མེད་ཚོད་འདུག འོན་ཀྱང་རྗེས་སོར་རིམ་བཞིན་ཡར་རྒྱས་ཡོང་རེ་ཡོད། དེས་ན་དེ་དག་ནི་བོད་སྐད་ཀྱི་གཟི་བརྗིད་ཅིག་ཀྱང་ཡིན།

    སྔར་ང་རང་ཚོའི་སློབ་གྲྭ་ཁག་གི་ནང་དུ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་རིགས་ལམ་སློབ་དགོས་ཀྱི་འདུག་ཅེས་ཕྱི་ལོ་ ༡༩༦༠། ༡༩༧༠ ནང་དུ་བཤད་པ་ཡིན་ལ། དེ་སྔོན་སློབ་གྲྭ་ཁག་ཁ་ཤས་ཀྱི་ནང་དུ་རྟགས་གསལ་བཏང་བ་བྱུང་ཡོད། དེ་ཡང་ང་རང་གིས་དངོས་སུ་མཐོང་བར་སིམ་ལ་དང༌། མ་སུའི་རིའི་སློབ་གྲྭར་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་རྟགས་གསལ་བཏང་བ་བྱུང་ཡོད། འོན་ཀྱང་བར་སྐབས་ཅུང་ཟད་ཉམས་པ་ཡིན། ཉེ་ལམ་དེ་དག་ཉམས་གསོ་བྱེད་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་རྒྱུ་བྱུང་ལ། མང་ཚོགས་ཀྱི་ནང་དུ་སྐྱ་བོ་ཕོ་མོ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱས་པ་གཅིག་པུས་མི་འདང་བར། རང་ཉིད་ཀྱིས་དད་པ་བྱེད་སའི་ཆོས་དེ་གང་འདྲ་ཞིག་ཡིན་པ་དེ་སློབ་སྦྱོང་བྱས་ནས་ཤེས་དགོས་ཀྱི་འདུག་ཅེས་བསམ་ཚུལ་དང་རེ་འདུན་བརྗོད་རྒྱུ་བྱུང་ཞིང༌། རེ་འདུན་བཏོན་པ་ལྟར་མང་ཚོགས་ཀྱི་ནང་ནས་ཀྱང་དོ་སྣང་བྱས་པ་དང༌། འདི་ག་རྡ་སར་ནང་ཆོས་ངོ་སྤྲོད་ཀྱི་སློབ་སྦྱོང་ཙམ་མིན་པར་རིགས་ལམ་གྱི་འགྲོ་སྟངས་ལའང་ཁྱེད་རང་ཚོས་དོ་སྣང་བྱས་ནས་དེ་རིང་འདིར་དངོས་སུ་འགོ་འཛུགས་སམ་སྲོལ་གསར་པ་བཏོད་པ་ལྟ་བུ་ཞིག་ཡིན། ང་ཚོ་བོད་པའི་ལོ་རྒྱུས་ཀྱི་ནང་དུ་སྐྱ་བོ་ཕོ་མོས་རྟགས་གསལ་བཏང་བ་ད་ལན་དང་པོ་མིན་ནམ། ཕལ་ཆེར་སྔར་བྱུང་མྱོང་མེད་པས་འདི་ནི་གཟི་བརྗིད་ཅིག་ཡིན།

    འབྱུང་འགྱུར་སྤྱི་ཚོགས་ཆ་ཚང་སློབ་གྲྭ་ཐོན་པ་ཤ་སྟག་ཡོང་རེ་ཡོད་ཅིང༌། རྒྱ་གར་གྱི་སྤྱི་ཚོགས་ལ་ཆ་མཚོན་ན་ཧ་ལམ་མི་རབས་གཞོན་པ་ཕལ་མོ་ཆེ་སློབ་གྲྭ་འགྲིམས་མ་མྱོང་བ་ཧ་ལམ་མེད། དེ་ལྟར་རིམ་བཞིན་སྤྱི་ཚོགས་ཀྱི་མི་ཡོངས་རྫོགས་སློབ་གྲྭ་ནས་ཐོན་པ་ཤ་སྟག་དང༌། སློབ་གྲྭའི་སྐབས་ནས་བཟུང་རིགས་ལམ་གྱི་འགྲོ་སྟངས་ཤེས་ནས་ཡོང་སྐབས། རིམ་བཞིན་སྤྱི་ཚོགས་ཐོག་རིགས་ལམ་གྱི་འགྲོ་སྟངས་ཤེས་པ་ཞིག་དང༌། ཆོས་དང་འཇིག་རྟེན་དང༌། ཆོས་དང་སྲིད་ཀྱི་དོན་ཚན། མདོར་ན་རིག་གནས་ཆེ་ཆུང་གང་ཞིག་ཡིན་ན་ཡང༌། སློབ་སྦྱོང་སྤྲོད་མཁན་གྱི་ཐོག་ནས་རིགས་ལམ་གྱི་འགྲོ་སྟངས་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་ཡོད་པ་ཞིག་དང༌། སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་ངོས་ནས་ཀྱང་རིགས་ལམ་གྱི་འགྲོ་སྟངས་ཐོག་ནས་དཔྱད་པ་བྱས་ཏེ་བསམ་བྱུང་གི་ངེས་པ་རྙེད་པ་དང༌། ཐོས་བྱུང་གི་གོ་བ་ཆགས་པ་ཞིག་བྱུང་ན། དོན་གང་ཞིག་ཡིན་ཡང་གང་འཚམས་ཀྱི་མི་འཇིག་པའི་སྤོབས་པ་ཐོབ་པ་ཞེས་པ་དེ་ཡོང་བ་ཡིན། དེ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན།

    དཔེར་ན། དངོས་ཡོད་གནས་ཚུལ་ཞིག་ལ། ང་ཚོར་ཆ་བཞག་ན་ཚན་རིག་པ་དང༌། ལྟ་གྲུབ་སྨྲ་བ་བཅས་མཉམ་དུ་ཚན་རིག་ཚོགས་འདུ་འཚོགས་པའི་སྐབས་ལྟ་གྲུབ་སྨྲ་བ་ཡང་མཉམ་དུ་ཡོང་གི་ཡོད་ཅིང༌། ཕན་ཚུན་དྲི་བ་དྲིས་ལན་དང་དོགས་དཔྱོད་བྱེད་སྐབས། ཕལ་ཆེར་ང་ཚོའི་དཔྱད་པ་བྱེད་སྟངས་ནི། གཞན་དང་མི་འདྲ་བ་ཞིག་ཡོད། ང་རང་དམིགས་བསལ་ཁྱད་དུ་འཕགས་པ་གང་ཡང་མིན་པར་སྤྱི་འདྲ་སྤྱི་མཚུངས་རིགས་ལམ་སློབ་སྦྱོང་བྱས་པ་ཞིག་ཆགས་ཀྱི་ཡོད། རིགས་ལམ་གྱི་འགྲོ་སྟངས་ཀྱི་ཐོག་ནས་དཔྱད་པ་བྱེད་སྐབས། རིགས་ལམ་གྱི་ཐོག་མྱོང་གོམས་ཡོད་པ་ཞིག་གིས་དྲི་བ་ཞིག་བཏོན་ན། དེའི་ལན་སྤྱི་སྤོམ་གྱི་ཐོག་ནས་བརྒྱབ་པས་མི་འགྲིགས་པར། སྤྱི་སྤོམ་གྱི་འགྲེལ་བཤད་དེར་ཁྱབ་དང་མ་ཁྱབ་ཅེས་པའི་སྐད་ཆ་སླེབས་སྐབས། དེའི་ལན་ལ་སྤྱི་སྤོམ་གྱི་འགྲེལ་བཤད་དེས་མི་འགྲིགས་པར་ཧ་ཅང་ཞིབ་ཚགས་ཤིག་དགོས་པ་ཡིན། དེས་ན་ཚན་རིག་མཁས་ཅན་དང༌། ལྟ་གྲུབ་སྨྲ་བ་དང་མཉམ་དུ་སྐད་ཆ་ཤོད་སྐབས་ཚུར་དྲི་བ་དྲིས་སྐབས་ང་ཚོའི་ངོས་ནས་ཕལ་ཆེར་མི་སྨྲ་བའི་བརྟུལ་ཞུགས་བཟུང་དགོས་པ་ཧ་ཅང་ཉུང་ཉུང་ཡིན། ཕར་དྲི་བ་དྲིས་སྐབས་མི་སྨྲ་བའི་བརྟུལ་ཞུགས་འཛིན་མཁན་མང་པོ་ཞིག་ཡོང་གི་འདུག དེ་ནི་རྒྱུ་མཚན་གཞན་གང་ཡང་མིན་ལ། དེ་ཡང་སློབ་ཚན་རྒྱུས་མེད་མཐོང་མ་མྱོང་བ་ཞིག་གི་ཐོག་ལ་དྲི་བ་དྲིས་ལན་བྱེད་ཀྱི་མེད། ད་ལྟ་ཕན་ཚུན་གཉིས་ཀ་སྔ་རྒོལ་ཕྱི་རྒོལ་གཉིས་ཞེས་བརྗོད་རྒྱུ་ཡོད་མེད་མི་ཤེས་ཀྱང༌། གང་ལྟར་རྒོལ་ཕྱི་རྒོལ་དང་སྔ་རྒོལ་གྱི་ཚུལ་ལྟར་བགྲོ་གླེང་བྱེད་སྐབས། ཕྱོགས་ཕན་ཚུན་གཉིས་ཀས་ཤེས་པ་ཞིག་ཤོད་ཀྱི་ཡོད་ཀྱང༌། གཅིག་གིས་ཧ་ཅང་གི་ཞིབ་ཚགས་པོའི་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད་པ་དང༌། ཅིག་ཤོས་ཀྱིས་སྤམ་བཤད་ཀྱི་ཐོག་ནས་བཤད་ཀྱི་ཡོད་སྟབས་དེས་ཁྱད་པར་ཐོན་ཡོང་གི་ཡོད། སྤྱི་སྤོམ་གྱི་ཐོག་ནས་བརྗོད་པ་དེ་ལ་ཞིབ་ཚགས་ཀྱི་ཐོག་ནས་སྔོག་འདོན་བྱེད་སྐབས་བརྗོད་མ་ཐུབ་པ་ཞིག་ཆགས་ཡོང་གི་ཡོད། ཞིབ་ཚགས་ཀྱི་ཐོག་ནས་སློབ་སྦྱོང་བྱས་པ་ཞིག་ཡིན་ན། དེ་ལ་དྲི་བ་གང་ཞིག་སླེབས་ཀྱང༌། ཞིབ་ཚགས་གིས་སློབ་སྦྱོང་བྱས་པ་དེ་ལ་ཡང་དཔྱད་པ་བྱས་ནས་ངེས་པ་ཐོབ་པ་ཞིག་ཡིན་སྟབས་གཏན་གཏན་ཁྱད་པར་ཡོད་པ་ཡིན། དེ་ནི་ཆོས་གཅིག་པུའི་སྐད་ཆ་མིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅིག་མི་ལ་རང་བཞིན་གྱིས་ཡོད་ཅིང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རང་བཞིན་གྱིས་ཡོད་པ་དེ་ལ་སྦྱོང་བརྡར་སྤྲོད་པ་དང༌། དེའི་ནུས་པ་ཆ་ཚང་བ་ཞིག་བེད་སྤྱོད་བྱེད་པའི་ཐབས་ལམ་ཞིག་ཡིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅིག་ང་ཚོར་ཡོད་པའི་ཐོག་ལག་ཆ་ལྟ་བུར་རིགས་ལམ་གྱི་ཐོག་ནས་དཔྱད་ཡོང་སྐབས་གཏན་གཏན་ཕན་ཐོགས་ཡོད་པ་ཞིག་ཡིན།

    ཁྱེད་རང་ཚོ་རིགས་ལམ་ལོ་གཅིག་ཙམ་བསླབས་པ་རེད་དམ། ཁྱེད་རང་ཚོ་ཅུང་ཟད་འཚབ་བྱུང་ངམ། དེ་ནི་ཁག་རྩ་བ་ནས་མེད། ལོ་མང་ཆོས་རྭ་འགྲིམས་པའི་དགེ་བཤེས་རྣམས་ཀྱང་སྐབས་རེ་རྟགས་གསལ་གཏོང་སྐབས་རྐང་པ་འདར་བསིག་བསིག་བྱེད་ཀྱི་ཡོད། སྔར་ངོས་རང་གདན་ས་སེ་འབྲས་དགའ་གསུམ་ལ་དམ་བཅའ་འཇོག་སྐབས་རྟགས་གསལ་གཏོང་དགོས་ཀྱི་ཡོད། སྐབས་དེར་ང་རང་ཡང་རྐང་པ་འདར་བསིག་བསིག་ཅུང་ཟད་བྱེད་ཀྱི་འདུག སྐབས་དེར་སློབ་གཉེར་བ་སྟོང་ཕྲག་མང་པོས་བལྟས་ནས་བསྡད་ཡོད་སྟབས། སྐབས་ཐོག་དེར་ཐང་ངེ་ཐིང་ངེ་བྱས་ཚེ་ངོས་རང་ལ་ཆ་སྨོད་མི་བྱེད་པ་ལས། དེ་མིན་རྟགས་གསལ་གཏོང་སྐབས་ཡིན་པར་ཐལ། ཡིན་པའི་ཕྱིར་ཞེས་གཅིག་འཇུག་གཉིས་མཐུད་ཀྱིས་འཕྲལ་མར་ལན་བརྒྱབ་མ་ཐུབ་པར་ཅུང་ཟད་ཐང་ངེ་ཐིང་ངེ་བྱས་ཚེ་གཞན་གྱིས་འར་ཆ་བརྒྱབ་སྐབས་རྟགས་གསལ་ཆད་པའི་ཉེན་ཁ་ཡོད། དེར་བརྟེན་རྟགས་གསལ་གཏོང་སྐབས་ཚ་འུར་འུར་ཅུང་ཟད་ཡོད། དེ་མིན་གདེང་འཁེལ་བ་དག་ནི་ཧ་ལས་པའི་གནས་རེད། ང་རང་ཚོ་ལྟ་བུ་ཁ་བྱང་ལག་བྱང་དེ་ཙམ་མེད་མཁན་གྱི་རིགས་རྣམས་རྟགས་གསལ་གཏོང་སྐབས་ཚ་འུར་འུར་བྱེད་ཀྱི་ཡོད། ཚང་མར་བཀྲ་ཤིས་བདེ་ལེགས་ཞེས་བརྗོད་རྒྱུ་ཡིན།

གཞི་དངོས་པོའི་གནས་ཚུལ།

     དེ་སྔ་ཡོང་མ་མྱོང་བ་ད་ལན་གསར་དུ་ཡོང་བ་ཇི་ཙམ་ཡོད་ལག་པ་རྐྱོངས་དང་ཞེས་ཐུགས་ཞིབ་གནང་སྟེ། གང་འཚམས་མང་པོ་འདུག་ཅེས་གསུངས། ཡང་ལོ་གཉིས་པར་ཡོང་མྱོང་བ་ཇི་ཙམ་ཡོད་དམ་ལག་པ་རྐྱོངས་ཞེས་དང༌། ཡང་ལོ་དང་པོར་ཡོང་མྱོང་བ་ཇི་ཙམ་ཡོད་ལག་པ་རྐྱོངས་དང་ཐུགས་སྣང་མཛད་དེ། གང་འཚམས་མང་པོ་འདུག་ཅེས་བཀའ་སྩལ། ན་ནིང་དང་གཞེས་ནིང་ལོ་གཉིས་ནང་རྩ་བའི་སྒྲོམ་གཞི་ནང་ཆོས་ངོ་སྤྲོད་གཙོ་འདོན་བྱས་པ་ཡིན། དེས་ན་སྤྱིར་ནང་ཆོས་ཀྱི་འགྲོ་སྟངས་སྔར་བརྗོད་ཟིན་པ་ཡིན། ནང་ཆོས་ལ་ནང་གསེས་སྡེ་ཚན་དུ་ཕྱེ་ན། ཐ་སྙད་གསར་པ་ལྟར་ན་ནང་ཆོས་ཀྱི་ཚན་རིག་དང༌། ང་རང་ཚོའི་གཞུང་ནས་གསུངས་པའི་ཐ་སྙད་ལྟར་བྱས་ན་གཞི་དངོས་པོའི་གནས་ཚུལ་ཞེས་པ་དེ་ཡིན། དེས་ལེགས་ཉེས་བླང་དོར་གྱི་སྐད་ཆ་གང་ཡང་མེད་པར་དངོས་ཡོད་ཀྱི་གནས་ཚུལ་གང་དང་གང་ཞིག་ཡོད་པ་དེ་ཤེས་དགོས་པ་དེར་ནང་ཆོས་ཀྱི་ཚན་རིག་ཅེས་བརྗོད་ཆོག་པ་ཡིན། དེས་ནང་ཆོས་ཀྱི་གཞི་དངོས་པོའི་གནས་ཚུལ་བཤད་པ་དེ་ཡིན་ལ། གཞི་དངོས་པོའི་གནས་ཚུལ་དེ་འདྲ་ཡིན་པས། སེམས་ལ་འགྱུར་བ་ཐེབས་པ་ཞིག་ཡོང་གི་རེད་ཅེས་བརྗོད་ཀྱི་ཡོད། དེ་ཡང་བསྡུས་གྲྭ་སློབ་པའི་སྐབས་འགལ་བ་དང་འབྲེལ་བ་དང༌། དངོས་འགལ་དང་རྒྱུད་འགལ། རྒྱུ་དང་འབྲས་བུ་སོགས་ཕྱི་དངོས་པོ་ཡིན་ཡང་རྒྱུ་འབྲས་ཀྱི་ཐོག་ནས་འགྲོ་གི་ཡོད། རྒྱུ་འབྲས་ཀྱི་འཕེལ་རིམ་ཁྲོད་མི་མཐུན་པའི་འགལ་བ་ཞིག་དང་འཕྲད་ན་འགྱུར་བ་འགྲོ་བ་ཞིག་ཡོང་བ་དང༌། མཐུན་པའི་རྐྱེན་དང་འཕྲད་སྐབས་ཡང་འགྱུར་བ་མི་འདྲ་བ་ཞིག་འགྲོ་བ་ནི་གཞི་དངོས་པོའི་གནས་ཚུལ་ཡིན།

    དེ་བཞིན་ནང་གི་བསམ་བློའི་འགྲོ་སྟངས་དེ་དག་ཀྱང་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བསམ་བློའི་འགྱུར་བ་ཡོང་གི་ཡོད་པ་དང༌། བློ་གསར་པ་གསར་པ་སྐྱེས་པ་མང་པོ་ཞིག་རྒྱུ་དང་རྐྱེན་ལ་བརྟེན་ནས་ཐད་ཀ་ཐད་ཀར་སྐྱེས་ཡོང་བ་ཞིག་ཡིན། དེ་བཞིན་སེམས་ཀྱི་མྱོང་བ་ཡང་ཇི་ཙམ་གྱིས་དོན་ལ་གོམས་འདྲིས་ཡོད་པ་དེའི་ཚོད་ཀྱིས་མྱོང་བའི་ངེས་པ་དང་ཚོར་སྣང་ཤུགས་ཇེ་ཆེར་འགྲོ་བ་ཞིག་ཡོང་གི་ཡོད། དེ་དང་ཆབས་ཅིག་བསམ་བློའི་ནང་དུ་ཕྱིན་ཅི་ལོག་གི་བློ་ཞིག་དང༌། ཕྱིན་ཅི་མ་ལོག་པའི་བློ་ཡོད་པ་དེ་ཡང་གསལ་པོ་ཡིན། དངོས་ཡོད་གནས་ཚུལ་ལ་ཇི་ལྟར་ཡོད་པ་ལྟར་ཤེས་མཁན་དེ་ནི་ཕྱིན་ཅི་མ་ལོག་པའི་བློ་ཆགས་ཀྱི་ཡོད་ལ། ཕྱིན་ཅི་མ་ལོག་པའི་བློ་དེ་དངོས་ཡོད་གནས་ཚུལ་ཡོད་པ་ཤེས་མཁན་ཞིག་ཡིན་པས། དེ་ལ་ཇི་ཙམ་གྱིས་དཔྱད་པ་དང་ཉམས་ཞིབ་བྱས་པའི་ཚོད་ཀྱིས་བློ་དེའི་ངེས་པ་ཇེ་གསལ་དང་ཇེ་བརྟན་དུ་འགྲོ་གི་ཡོད། ཕྱིན་ཅི་ལོག་དང་མ་ལོག་ཅེས་པ་ནི་ལེགས་ཉེས་ཀྱི་དོན་མིན་པར་བློ་དེས་ཇི་ལྟར་བཟུང་བ་ལྟར་དོན་ལ་གནས་ཡོད་མེད་དང༌། བློ་དེའི་འཛིན་སྟངས་ཀྱི་ཡུལ་དེ་ཉིད་དོན་ལ་གནས་ཡོད་མེད་ཀྱི་ཐོག་ནས་འཇོག་གི་ཡོད། དེ་ཡང་ཕྱིན་ཅི་ལོག་གི་བློ་ཡིན་ན། ཇི་ཙམ་གྱིས་དཔྱད་པ་བྱས་པའི་ཚོད་ཀྱིས་གཞི་མེད་པ་ཞིག་ལ་འཁྲུལ་ནས་ཕྱིན་ཅི་ལོག་ཏུ་རྟོགས་པ་ཞིག་ཡིན་སྟབས། དེ་ལ་རྒྱབ་རྟེན་མེད་པ་ཆགས་ཀྱི་ཡོད། གཞི་རྩ་དེ་ལ་བརྟེན་ནས་སེམས་ལ་འགྱུར་བ་གཏོང་ཐུབ་ཅེས་བརྗོད་ཀྱི་ཡོད། སེམས་ལ་འགྱུར་བཅོས་བཏང་བའི་ཐོག་ནས་ཆོས་ཕྱོགས་ཀྱི་ལྟ་གྲུབ་ཤོད་སྐབས། མི་འདོད་པའི་སྡུག་བསྔལ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་ཅིང༌། རྒྱུ་དང་རྐྱེན་གྱི་ནང་དུ་ཕྱིན་ཅི་ལོག་གི་བློ་དུ་མ་ཞིག་གིས་རྒྱུ་རྐྱེན་བྱས་ཡོད། དེས་ན་ཕྱིན་ཅི་ལོག་གི་བློ་དེ་སེལ་ཐུབ་ན་ཕྱིན་ཅི་ལོག་གི་བློ་དེ་ལ་བརྟེན་ནས་བྱུང་བའི་རྒྱུ་རྐྱེན་དེ་རྣམས་འགག་འགྲོ་བ་ཡིན། དེ་འགག་ན་དེ་ལ་བརྟེན་ནས་བྱུང་བའི་འབྲས་བུ་སྡུག་བསྔལ་དེ་ཡང་མེད་པ་ཆགས་ཐུབ་ཀྱི་རེད་གསུངས་ཡོད།

    ད་ལྟ་ང་ཚོས་བསྡུས་གྲྭ་བཤད་པའི་སྐབས་ནས་རྒྱུ་དང་འབྲས་བུ་སོགས་བཤད་པ་དེ་དག་གིས་སྤྱི་ཡོངས་ཀྱི་དངོས་པོའི་གནས་ཚུལ་བཤད་ཡོང་གི་ཡོད། དངོས་པོའི་གནས་ཚུལ་བཤད་པ་དེའི་ཐོག་གཞི་ནས་ཞིབ་ཚགས་ཀྱིས་དཔྱད་སྐབས་ནང་པའི་ལྟ་གྲུབ་བཤད་ཡོང་དུས་སྡུག་བསྔལ་བཅོས་རྒྱུ་ཡོད་ལ། སྡུག་བསྔལ་ཚད་ཅན་ཡིན་པ་དང་སྡུག་བསྔལ་སེལ་ཐབས་ཡོད་ཅེས་དང༌། སྡུག་བསྔལ་ཞེས་པ་དེ་རྒྱུ་ལ་བརྟེན་ནས་བྱུང་བ་རེད། སྡུག་བསྔལ་ཡོང་བའི་རྒྱུའི་མཐར་ཐུག་ནི་ཕྱིན་ཅི་ལོག་གི་བློ་ཞིག་ཡིན། དེ་ལ་ཕྱིན་ཅི་མ་ལོག་པའི་བློ་དེས་དངོས་སུ་གནོད་ཀྱི་ཡོད། དེས་ན་གནོད་བྱ་གནོད་ཡིན་པ་དང༌། གནོད་བྱེད་དེ་ལ་རྒྱབ་རྟེན་ཡོད་ལ་གནོད་བྱ་དེ་ལ་རྒྱབ་རྟེན་མེད་སྟབས་བློ་ཕན་ཚུན་འགལ་བ་ཡིན། དེ་ཡང་གཅིག་ཤོས་ལ་རྒྱབ་རྟེན་ཡོད་པ་དང༌། ཅིག་ཤོས་ལ་རྒྱབ་རྟེན་མེད་ན་དེ་གཉིས་ཡུན་བསྲིང་སྐབས་ཕྱིན་ཅི་ལོག་གི་བློ་དེ་འགག་འགྲོ་གི་ཡོད།

    གསལ་ཙམ་རིག་ཙམ་གྱི་བློ་ཡི་རང་བཞིན་ལ་ཕྱིན་ཅི་ལོག་གི་བློའི་རྟོག་པ་དེ་དག་གིས་སླད་ཡོད་དམ་མེད་བརྗོད་ན། སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་པ་དེའི་ཐོག་ནས་འདིས་གཞི་དངོས་པོའི་གནས་ཚུལ་བཤད་ཀྱི་ཡོད། གཞི་ཡི་གནས་ཚུལ་དེའི་ཐོག་ནས་ལྟ་གྲུབ་ཅིག་བཤད་ཡོང་གི་ཡོད། དེ་ལ་བརྟེན་ནས་སྡུག་བསྔལ་མཐའ་ཅན་ཡིན་པ་དང༌། སྡུག་བསྔལ་སྤངས་པའི་བྲལ་བ་དེ་ལ་འགོག་བདེན་ཞེས་པའི་མིང་ཞིག་བཏགས་ནས་དེ་ལྟ་བུའི་ཐར་པ་ཞིག་ཐོབ་རྒྱུ་ཡོད་པ་དེ་གསུང་གི་ཡོད། དེ་ལྟར་གསུངས་ཟིན་རྗེས་གཞི་ནས་ནང་པའི་ཆོས་ཀྱི་ཉམས་ལེན་བྱེད་རྒྱུ་དེ་དོན་ཡོང་གི་ཡོད། དེར་བརྟེན་ནང་པའི་ཆོས་ཀྱི་ཚན་རིག་དང༌། ནང་པའི་ཆོས་ཀྱི་ལྟ་གྲུབ་གཉིས་ནི་དེ་སྔོན་ལོ་སྔ་མ་གཉིས་ལ་འཆད་ཟིན་པ་དེ་ཡིན།

    འདི་ལོ་ཕྱག་དཔེ་ཞིག་གི་ཐོག་ནས་འཆད་རྒྱུ་ནི། གཞི་དངོས་པོའི་གནས་ཚུལ་འདི་འདྲ་ཡིན་ཞིང༌། དེ་ལ་བརྟེན་ནས་ལམ་བགྲོད་པའི་རིམ་པ་འདི་འདྲ་ཞིག་ཡོང་སྲིད་ཅེས་པའི་ནང་པའི་ལྟ་གྲུབ་དེ་དང༌། དེ་ལྟར་ནང་པའི་ལྟ་གྲུབ་དེ་བཤད་ཟིན་པའི་རྗེས་སུ་གཙོ་བོ་ད་ལྟ་ཁྱེད་རང་ཚོས་བཤད་པ་ལྟར་ལོངས་སྐུ་དང༌། སྤྲུལ་སྐུ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ་བཅས་སྐུ་བཞི་བཤད་པ་དེ་ཡོད་སྲིད་པ་དང༌། དེ་ཇི་ལྟར་ཡོང་གི་ཡོད་པ། དེ་རྒྱུ་རྐྱེན་གང་ལ་བརྟེན་ནས་སྒྲུབ་ཀྱི་ཡོད་པ། དེའི་སྒྲུབ་གཞི་དེ་ཕྱི་ངོས་སུ་མིན་པར་ང་རང་ཚོའི་གསལ་རིག་གི་ཤེས་པ་ད་ལྟ་མངོན་དུ་འགྱུར་བཞིན་པ་དེ་གའི་སྟེང་ནས་སེམས་རང་བཞིན་གྱིས་འོད་གསལ་བ་དང༌། སེམས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ། རང་བཞིན་གྱིས་གྲུབ་པས་སྟོང་པའི་རང་བཞིན་དུ་ཡོད་པའི་སེམས་གསལ་ཙམ་རིག་ཙམ་གྱི་བདག་ཉིད་དེ་སྐུ་བཞི་སྒྲུབ་པའི་རྒྱུ་མཐར་ཐུག་དེའི་སྟེང་ནས་གསུང་གི་ཡོད། དེས་ནང་པའི་ལྟ་གྲུབ་དེ་བཤད་པ་ཡིན།

སྐུ་བཞི་སྒྲུབ་ཚུལ།

    དེ་ལྟར་ཡིན་ན་སྐུ་བཞི་དེ་ཇི་ལྟར་སྒྲུབ་དགོས་སམ་ཞེ་ན། ད་ལྟ་ང་རང་ཚོའི་བློ་ཕལ་མོ་ཆེ་ཕྱིན་ཅི་ལོག་གི་བློས་སླད་ཡོང་གི་ཡོད། དེ་ཡང་ཇི་ལྟར་ཡིན་ཞེ་ན། དཔེར་ན། ཁྱེད་རང་ཚོས་ང་ལ་ལྟ་སྐབས་ྋརྒྱལ་བ་རིན་པོ་ཆེ་ཞེས་རྐུབ་སྟེགས་སྟེང་གི་ྋརྒྱལ་བ་རིན་པོ་ཆེའི་ལུས་དང༌། ྋརྒྱལ་བ་རིན་པོ་ཆེའི་སེམས་དེ་གཉིས་མིན་པའི་ྋརྒྱལ་བ་རིན་པོ་ཆེ་ཞེས་པ་ཞིག་ཡོད་པ་ཕལ་ཆེར་ཁྱེད་རང་ཚོའི་བློ་ལ་ཤར་གྱི་ཡོད། ངོས་ནས་ཀྱང་མར་ལྟ་སྐབས་ངས་མཐོང་བ་ནི་སློབ་མ་རྣམས་ཀྱི་ལུས་དེ་མཐོང་གི་ཡོད། ལུས་དེ་ལ་བརྟེན་ནས་ང་རང་གི་ཉམས་མྱོང་གི་ཐོག་ནས་ཁྱེད་རང་ཚོའི་ཀླད་པ་དང་འབྲེལ་ནས་རྣམ་རྟོག་འདྲ་མིན་ཧ་ཅང་མང་པོ་ཞིག་ཡོད་པ་ཕལ་ཆེར་ངས་མཐོང་གི་ཡོད། འོན་ཀྱང་དེ་ལྟ་བུའི་རྣམ་པར་རྟོག་པ་འདྲ་མིན་ཡོད་པའི་ཤེས་པ་དེ་དང༌། དེ་གང་ལ་བརྟེན་སའི་ལུས་གཉིས་སུའི་རེད་དམ་ཞེ་ན། སློབ་ཕྲུག་དེ་དང་དེའི་རེད་ཅེས་བརྗོད་པ་དང༌། སློབ་ཕྲུག་ཅེས་བརྗོད་སྐབས་ལུས་དེ་མིན་ལ། སེམས་དེ་ཡང་མིན། ལུས་སེམས་གཉིས་གང་ཡང་མིན་པ་ཞིག་བློ་ལ་ཤར་གྱི་ཡོད།

    མདོ་དོན་སྙིང་པོ་ཕྱི་སྣོད་དང་ནང་བཅུད། སྣང་ཞིང་སྲིད་པའི་ཆོས་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་གང་དུ་བལྟས་ཀྱང༌། དེ་མིན་བློ་ལ་བདེ་སྡུག་གི་མྱོང་བ་གང་ཞིག་ཤར་ཡང་དེ་ཐམས་ཅད་དོན་གྱི་ངོས་ནས་ཡོད་པ་ཞིག་ང་ཚོའི་བློར་ཤར་གྱི་ཡོད། མཐར་གཏུགས་ན་རྟོག་པས་བཏགས་པ་ཙམ་ཡིན་ཡང༌། དེ་ལྟར་གཏན་ནས་མི་འཆར་བར་རང་ཉིད་ཐེ་བའི་ཕྱི་ནང་གི་ཆོས་གང་ཞིག་ཡིན་ཡང་བློར་ཤར་ཚད་ཐམས་ཅད་དོན་གྱི་ངོས་ནས་ཡོད་པ་ཞིག་བློར་ཤར་གྱི་ཡོད། བདེན་གྲུབ་སྣང་ཞེས་པ་ནི་དེ་ལ་བཤད་ཀྱི་ཡོད། དེ་ལ་བརྟེན་ནས་རྣམ་འགྲེལ་ལས།

བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ནས་འཛིན་དང་སྡང༌། །

འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །

    ཞེས་གསུངས་པ་ལྟར་སྤྱིར་བདག་ཡོད་ཀྱང༌། བདག་ཡོད་ལུགས་ཁྱད་པར་བ་ཞིག་བློ་ལ་ཤར་ནས་དེ་ལྟ་བུའི་ངར་འཛིན་པའི་འཛིན་པ་ཞིག་གིས་དྲངས་ནས་སྐྱོན་དེ་རྣམས་ལྷག་པ་ཞིག་ཆགས་ཀྱི་ཡོད།

    དེས་ན་ང་རང་ཚོ་ཉིན་མཚན་དུས་དྲུག་རྨི་ལམ་ཚུན་ཆད་དུ་ཕྱིན་ཅི་ལོག་གི་སྣང་བ་དེ་ནམ་དུ་ཡང་ཡོད་པ་ཡིན། ཕྱིན་ཅི་ལོག་གི་སྣང་བ་དེ་དང་འབྲེལ་བའི་སྒོ་ནས་ཕྱིན་ཅི་ལོག་གི་རྟོག་པ་ཡང་ཡང་སྐྱེས་ཡོང་བ་ཞིག་ཡིན། དེར་བརྟེན་ང་རང་ཚོའི་ད་ལྟའི་འཁྲུལ་པའི་བློའམ་ཕྱིན་ཅི་ལོག་གི་བློ་དེ་རྣམས་ཀྱིས་སྡུག་བསྔལ་གྱི་གཞི་རྩ་བྱེད་མཁན་ཆགས་ཡོད་པས་ན། དེ་སེལ་བའི་བསམ་བློ་ཞིག་གཏོང་དགོས་པ་ཡིན། དེ་ནི་སྨན་བཟས་པ་ཁབ་བརྒྱབ་ནས་སེལ་ཐབས་མེད་ལ། བཤགས་བཅོས་བྱས་ནས་ཀྱང་སེལ་ཐབས་མེད། ཕྱིན་ཅི་མ་ལོག་པའི་རྟོག་པ་ཞིག་སྐྱེས་ནས་ཕྱིན་ཅི་ལོག་གི་རྟོག་པའི་རྫུན་ཕུག་རྡོལ་བའི་ཐོག་ནས་ཕྱིན་ཅི་མ་ལོག་པའི་བློ་དེར་གོམས་པ་བསྲིངས་ན། དེའི་མྱོང་བ་ཇི་ཙམ་གྱིས་ཤུགས་ཇེ་ཆེར་ཕྱིན་པའི་ཚོད་ཀྱིས་ཕྱིན་ཅི་ལོག་གི་བློ་དེ་ཤུགས་ཇེ་ཆུང་དུ་འགྲོ་བ་ཞིག་དང༌། མཐར་ཐུག་ཡེ་ཤེས་ཆོས་སྐུ་ཞེས་པ་དེ་ཐོབ་སྐབས་ཕྱིན་ཅི་ལོག་གི་སྣང་བ་མཐའ་དག་འགག་འགྲོ་བ་ཞིག་ཡོང་གི་ཡོད།

    ངོ་བོ་ཉིད་སྐུ་ཞེས་པ་དེ་གློ་བུར་རྣམ་དག་དང༌། རང་བཞིན་རྣམ་དག་ཅེས་པའི་ཐོག་ནས་ཕྱི་ནང་གི་ཆོས་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་དེ་ཁོ་ན་ཉིད་དུ་སྣང་བའི་སྣང་བ་བག་ཆགས་དང་བཅས་པ་སྦྱངས་པའི་གནས་སྐབས་མཐར་ཐུག་དེར་ངོ་བོ་ཉིད་སྐུ་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་བློ་སྟེ། ད་ལྟའི་ང་ཚོའི་ཡུལ་རིག་པའི་བློ་ཡོད་བཞིན་པ་འདི་ཇི་ལྟ་ཇི་སྙེད་ཀྱི་བསྡུས་པའི་ཤེས་བྱ་མཐའ་དག་མཉམ་གཞག་ལས་མི་གཡོ་བཞིན་དུ་ཇི་ལྟ་ཇི་སྙེད་ཀྱི་ཆོས་མཐའ་དག་གཟིགས་ཐུབ་པ་ཞིག་ཡོང་སྐབས་ཡེ་ཤེས་ཆོས་ཀྱི་སྐུ་དེ་ཐོབ་ཅིང༌། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་དེ་ཡིན།

    སངས་རྒྱས་ཞེས་པའི་མིང་དངོས་ནི། སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་གྱི་ཆ་ནས་སངས་ཞེས་དང༌། ཤེས་བྱ་མཐའ་དག་ལ་བློ་གྲོས་རྒྱས་པའི་ཆ་ནས་རྒྱས་ཞེས་པའི་ཚིག་དེ་གཉིས་ཀྱིས་སངས་རྒྱས་ཞེས་པ་དེ་ཡོང་གི་ཡོད། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་དེ་ཨུ་ཚུགས་བརྒྱབ་ཅིང༌། བསམ་བློ་བཏང་ནས་ངེས་པ་ཐོབ་པ་དེ་ལ་གོམས་འདྲིས་བསྟེན་ནས་འགྲོ་དགོས་པ་ཞིག་ཡིན་པ་ལས། ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་པ་དང༌། ཡོང་ན་ཅི་མ་རུང་སྙམ་པའི་འདོད་པ་དང་འདུན་པ་ཙམ་གྱིས་སྒྲུབ་ཐུབ་པ་ཞིག་མིན་པས་བློ་སྦྱང་དགོས་པ་ཡིན། འོ་ན་བློ་ཇི་ལྟར་སྦྱང་དགོས་སམ་ཞེ་ན། ད་ལན་སློབ་ཕྲུག་ཚོར་འཆད་རྒྱུའི་ཐེག་པ་གསུམ་པ་ནི། གཙོ་བོའི་ཤོད་སྟངས་ལྟར་ན་ནང་ཆོས་ཀྱི་ཚན་རིག་དང༌། ནང་ཆོས་ཀྱི་ལྟ་གྲུབ་གཉིས་བཤད་ཟིན་པ་དང༌། ནང་ཆོས་ངོ་སྤྲོད་བྱས་ཟིན་ཅིང༌། དེ་ལྟར་ནང་ཆོས་ངོ་འཕྲོད་པའི་རྗེས་སུ་ནང་ཆོས་ཉམས་ལེན་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཕྱག་དཔེ་ཆུང་ཆུང་འདིས་ཆོས་ཉམས་ལེན་བྱེད་ལུགས་དེ་བཤད་ཀྱི་ཡོད།

ཆོས་ཀྱི་གོ་དོན།

    ཐོག་མར་བཤད་འདོད་པ་ཞིག་ལ། ཆོས་ཞེས་པ་དེ་གང་ཞིག་ཡིན་ཞེ་ན། བོད་སྐད་ཐོག་གི་ཆོས་ཞེས་པ་ནི་བཅོས་པའམ་བསྒྱུར་བཅོས་བཏང་བའི་དོན་ཡིན། ལེགས་སྦྱར་སྐད་དུ་ཆོས་ལ་དྷརྨཱ་ཞེས་བརྗོད་ཅིང༌། དྷརྨཱ་ཞེས་པ་ནི་བཟུང་བའམ་འཛིན་པའི་དོན་ཡིན། དེའི་དོན་གང་ཞེ་ན། ཤེས་བྱ་མཐའ་དག་ལ་ཆོས་ཞེས་པའི་ཆོས་ནི། རང་རང་གི་མཚན་ཉིད་འཛིན་པའམ་ཆོས་རང་རང་གི་རང་བཞིན་གྱིས་ངོ་བོ་འཛིན་པའི་ཆ་ནས་དྷརྨཱ་ཞེས་བརྗོད་པ་ཡིན། ཡང་ཆོས་དང་འཇིག་རྟེན་གཉིས་སུ་དབྱེ་བའི་ཆོས་ནི། སྡུག་བསྔལ་ལས་འཛིན་པའམ་སྡུག་བསྔལ་ལས་སྐྱོབ་པ་ཞིག་ལ་བརྗོད་ཀྱི་ཡོད།

    སྔར་བཤད་ཟིན་པ་ལྟར་སྡུག་བསྔལ་གྱི་རྒྱུ་མཐར་གཏུགས་ན། སེམས་དུལ་བ་དང་མ་དུལ་བའི་ཐོག་ནས་ཡོང་གི་ཡོད་པས་ན། སེམས་འདུལ་དགོས་པ་ཡིན། དེ་ཡང་སེམས་དུལ་བར་བྱེད་པ་ནི་སེམས་མ་དུལ་བ་དེ་ཉིད་ཉུང་དུ་བཏང་སྟེ་སེམས་དུལ་བར་བྱེད་དགོས་པ་ལས། དེ་ལས་ལོགས་སུ་སེམས་འདུལ་ཐབས་གཞན་མེད། དེས་ན་ཆོས་ཞེས་པའི་དོན་ནི། སྡུག་བསྔལ་སེལ་བའི་ཐབས་ཤེས་ཤིག་ཡིན། དེ་ཡང་ཆོས་ཞེས་པ་ནི་རང་དགར་མི་ཚེ་སྐྱེལ་ཐབས་ཙམ་གྱིས་ཐབས་ཤེས་གཞན་ཞིག་གི་དོན་མིན། སྲོག་ཆགས་འབུ་སྲིན་ཚུན་ཆད་ང་རང་ཚོ་མི་ཚང་མ་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན།

    འོན་ཀྱང་ཕལ་མོ་ཆེས་སྡུག་བསྔལ་ཞེས་པ་ནི། ལུས་ཚོར་གྱི་སྡུག་བསྔལ་དང༌། ལྟོ་གོས་ཀྱི་སྡུག་བསྔལ་ཙམ་ལ་གཙོ་བོར་མངོན་གྱི་ཡོད། དེ་ལྟར་དུད་འགྲོས་ཀྱང་བསམ་གྱི་ཡོད། འཕྲལ་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་མེད་པ་ཞིག་བྱུང་ན་སྙམ་པ་དེ་ཙམ་ལས་གཞན་གང་ཡང་མེད། ང་རང་ཚོ་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་རྟག་དཔྱད་དང་བརྩད་གཅོད་བྱེད་པའི་ནུས་པ་ཞིག་ཡོད། འབུ་སྲིན་རྣམས་ཀྱི་ད་ལྟ་ད་ལྟའི་སྡུག་བསྔལ་སེལ་རྒྱུ་དེ་ཙམ་ལས་ལོ་རྗེས་མ་དང༌། འབུ་སྲིན་དག་གི་རྒྱུད་པ་རྗེས་མའི་བསམ་བློ་སུ་གཅིག་ལ་འཁོར་རྒྱུ་མེད་པ་ཡིན། མིས་ལོ་བརྒྱ་ཕྲག་དང༌། ལོ་སྟོང་ཕྲག་གི་རྗེས་ལ་བསམ་བློ་གཏོང་གི་ཡོད། དེ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པའི་ཆ་ནས་ཡོང་གི་ཡོད། དེས་ན་སྡུག་བསྔལ་སེལ་ཞེས་པ་ནི། བསམ་བློ་ཡག་པོ་ཞིག་གཏོང་སྐབས། སྡུག་བསྔལ་དེ་སེམས་མ་དུལ་བའི་ཐོག་ནས་ཡོང་གི་ཡོད་པ་སྤྱིར་བཏང་ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་གསལ་པོ་ཡིན། མི་སེམས་ཇི་ཙམ་གྱིས་ཞི་ཞིང་དུལ་བ་ཡོད་པ་དེ་ལ་སྡུག་བསྔལ་ཞིག་བྱུང་ཡང་དངངས་སྐྲག་ཅུང་ཟད་ཉུང་བ་ཡོད། སེམས་ཞི་དུལ་མེད་པའི་མི་དེར་དངུལ་འབེལ་པོ་དང༌། མཐུན་རྐྱེན་ཧ་ཅང་བཟང་པོ་ཞིག་ཡོད་ཀྱང༌། སེམས་མ་དུལ་བའི་མི་དེ་མ་སྐྱིད་ཧ་ཅང་གསལ་པོ་ཡོད།

    འཇིག་རྟེན་འདིའི་སྟེང་གི་མི་དུང་ཕྱུར་དྲུག་ཅུ་ལྷག་བསམ་ཡོད་པའི་ནང་དུ་ཡག་པོ་ཞིག་ལྟོས་དང་ཧ་ཅང་གི་གསལ་པོ་ཡིན། ཕྱི་ཡི་ལྟོ་གོས་ཀྱི་སྐད་ཆ་མིན་པར་གཙོ་བོ་ནང་གི་སེམས་རྒྱུད་དུལ་བའི་མི་དེ་སྐྱིད་པ་དང༌། སེམས་རྒྱུད་མ་དུལ་བའི་མི་དེ་མ་སྐྱིད་པ་མང་བ་ཡོད་པ་ཕལ་ཆེར་གསལ་པོ་ཡིན། དེས་ན་འཕྲལ་གྱི་མཐོང་ཆོས་སུ་བལྟས་ཀྱང༌། ཇི་ཙམ་གྱིས་སེམས་དུལ་བའི་ཚོད་ཀྱིས་མི་དེ་སྐྱིད་པ་ཡོད། དེར་བརྟེན་ཆོས་ཞེས་པའི་དོན་ནི། དུལ་བའི་ཆ་དེ་མང་དུ་བཏང་བ་དང༌། མ་སྐྱིད་པ་དང་མ་དུལ་བ་ལས་བྱུང་བའི་སྡུག་བསྔལ་ཉུང་དུ་བཏང་བ་དེ་ལ་ཆོས་ཞེས་བརྗོད་ཀྱི་ཡོད།

    ང་རང་ཚོ་མང་པོ་ཞིག་གིས་ཆོས་ཞེས་བརྗོད་སྐབས། སྐལ་བ་བཟང་བཟང་གིས་སྨོན་ལམ་ཞིག་བརྒྱབ་པ་དང༌། ཕྱག་འཚལ་སྐོར་སྦྱོང་བྱེད་པ། ཁ་འདོན་དང་གཟུངས་སྔགས་ལྟ་བུ་བགྲང་ནས་བསྡོད་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་ནི་ཆོས་ཕལ་པ་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས། མུ་སྟེགས་རིག་བྱེད་ཆོས་སུ་སྨྲ་བས་རྣ་བར་རིག་བྱེད་ཀྱི་སྒྲ་ཐོས་པའི་ཐོག་ནས་དེ་ནི་རྣ་བས་སྒྲུབ་པའི་ཆོས་ལྟ་བུ་ཡིན་ཞེས་དང༌། རིགས་གཅིག་གིས་ཕྱིའི་སྤྱོད་པ་ལུས་ཀྱི་དཀའ་ཐུབ་ཁོ་ནར་བརྟེན་ནས་ཆོས་བྱེད་ལུགས་ཤིག་བཤད་ཀྱི་ཡོད། དེ་ནི་གཙོ་བོ་ལུས་ལ་བརྟེན་པའི་ཆོས་ལྟ་བུ་ཡིན་ཞེས་དང༌། ཤཱཀྱ་ཐུབ་པའི་ཆོས་ནི་ཡིད་ལ་བརྟེན་པ་ཞིག་ཡིན། ཕྱི་ཡི་སྒྲ་དང་ངག་གི་སྐད་ཆ་མིན་ལ། ཕྱི་ཡི་རྣམ་འགྱུར་གྱི་སྐད་ཆ་ཡང་མིན་པར་གཙོ་བོ་སེམས་འདུལ་ཐབས་བྱེད་པའི་ཆོས་ཤིག་ཡིན་ཞེས་གསུངས་ཡོད།

    དེས་ན་སྤྱིར་འཛམ་གླིང་འདིའི་ཐོག་ཆོས་ལུགས་ཚང་མས་དད་པ་དང༌། སྙིང་རྗེ། བཟོད་པ། ཆོག་ཤེས་བཅས་བཤད་ཀྱི་ཡོད། དེ་དག་ནང་སེམས་ཀྱི་སྐད་ཆ་ཡིན། སྤྱི་ཡོངས་ཆོས་ལུགས་ཚང་མའི་བསླབ་བྱ་ནི། སེམས་དུལ་བའི་བསླབ་བྱ་བརྒྱབ་ཀྱི་ཡོད། འོན་ཀྱང་ནང་པ་སངས་རྒྱས་པའི་ཆོས་ཀྱི་མི་འདྲ་བའི་ཁྱད་ཆོས་ནི། སེམས་འདུལ་ཐབས་བྱེད་པ་ནི། སེམས་དུལ་བའི་ཡོན་ཏན་བྱམས་དང་སྙིང་རྗེ་སྒོམ་དགོས་ཞེས་གསུངས་པ་གཅིག་པུའི་དོན་མིན་པར་སེམས་མ་དུལ་བར་བྱེད་མཁན་དེ་གང་ཞིག་ཡིན་པ་དེའི་གཞི་ཕུག་བརྩད་བཅད་ནས་དེ་ལ་བཟོ་ལྟ་བཟོ་རྒྱུ་ནི་ནང་པ་སངས་རྒྱས་པ་ཁོ་ནའི་ཁྱད་ཆོས་ཡིན། སྟོང་པ་ཉིད་དང་བདག་མེད་པའི་ལྟ་བ་བཤད་ཀྱི་ཡོད་པ་ནི་འཛམ་གླིང་གི་ཆོས་ལུགས་ཆེ་ཆུང་ཚང་མ་བསྡོམས་ན་བརྒྱ་ཕྲག་ཙམ་ཡོད་པ་ལས་དེའི་ནང་གི་ལྟ་གྲུབ་ཡོད་པའི་ཆོས་ལུགས་གཙོ་ཆེ་བ་ཧིན་དྷཱུའི་ཆོས་ལུགས་ལ་འདྲ་མིན་མང་པོ་ཞིག་ཡོད། དཔེར་ན། ཤུགས་ཆེ་བ་གྲངས་ཅན་པ་ལྟ་བུ་ནི་ཧ་ལས་པའི་ལྟ་གྲུབ་རྒྱ་ཆེ་ལ་གཏིང་ཟབ་པོ་ཡོད། རིམ་བཞིན་ཡུལ་གྲུ་གཞན་ནས་བྱུང་བའི་འཇིའུ་ཆོས་ལུགས་དང༌། ཡེ་ཤུ། ཁ་ཆེ། ཛོ་ར་ཛོ་དིམ་ཞེས་པའི་ཆོས་ལུགས་དང༌། རྒྱ་ནག་ལ་ཆ་བཞག་ཀྱང་ཏའོ་ཅའོ་ཞེས་པའི་ཆོས་ལུགས་ལྟ་བུ་མང་པོ་ཞིག་ཡོད། དེ་དག་ལ་ལྟ་གྲུབ་ཀྱང་གང་འཚམས་ཤོད་རྒྱུ་ཡོད། དེ་དག་ཚང་མས་བདག་ཅེས་པ་དེ་ཡོད་པ་ལ་བརྩིས་པ་ལས། ལྷན་སྐྱེས་ཀྱི་བདག་ཏུ་འཛིན་པ་དེའི་ཐོག་ཏུ་གྲུབ་མཐས་བཏགས་ནས་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་ཅེས་སྒྲུབ་ཡོང་སྐབས། ཀུན་བཏགས་ཀྱི་འཛིན་པ་ཞིག་སྣོན་མ་སླེབས་ཡོང་བ་ཡིན། དེས་ན་གྲུབ་མཐས་བཏགས་པའི་བདག་ཅིག་ཆགས་ཡོང་གི་ཡོད། དེས་ན་བདག་མེད་པ་འདོད་མཁན་ནི་ནང་པའི་ཆོས་གཅིག་པུ་ཡིན།

    དེ་ལྟར་གསུངས་དགོས་དོན་ནི། བློ་མ་དུལ་བར་བྱེད་མཁན་གྱི་ཕྱིན་ཅི་ལོག་གི་བློ་དེ་བརྩད་བཅད་ནས་བློ་དེ་ཕྱིན་ཅི་ལོག་གི་བློ་ཡིན་པ་དེ་འཛིན་སྟངས་ལ་འཁྲུལ་པ་ཞིག་ཡིན་སྟབས། དེའི་འཛིན་སྟངས་ཀྱི་ཡུལ་བདག་དེ་མེད་ཅེས་གསུང་གི་ཡོད། དེས་ན་ཆོས་དང་ལྷག་པར་ནང་པའི་ཆོས་ཞེས་བརྗོད་སྐབས། སྡུག་བསྔལ་ལས་སྐྱོབ་པར་བྱེད་མཁན་དང༌། སྡུག་བསྔལ་ལས་འཛིན་པར་བྱེད་མཁན་ཞིག་ལ་ཆོས་ཞེས་བརྗོད་ཀྱི་ཡོད།

    དེ་ལྟར་ལོ་དང་ཟླ་བ་འབྲེལ་ནས་བསྙེན་མཚམས་ཀྱི་ཐོག་ནས་ཆོས་བྱས་ཀྱང༌། སེམས་ཀྱི་སྡུག་བསྔལ་སེལ་མི་ཐུབ་ན་བློ་ཆོས་སུ་མ་སོང་བ་ཡིན། དེ་ལྟར་སྔགས་བགྲངས་ཏེ་ལོ་མང་བསྙེན་པ་བཏང་ནས་བསྡད་ཀྱང༌། མཛུབ་མོས་ཕྲེང་བ་འདྲེན་སྐབས་སེན་མོ་ཟད་པ་ལས་ཉོན་མོངས་ཟད་ཀྱི་མེད། སྔགས་ཧ་ཅང་མང་པོ་བགྲང་མཁན་རྣམས་ཀྱི་ལག་པའི་སེན་མོ་ཟད་ནས་སེན་མོའི་དཀྱིལ་ཀོང་ཀོང་ཆགས་པ་དེ་འདྲ་ཡོད། དེས་ན་སྔར་ཨ་མདོའི་བླ་མ་ཞིག་གིས། ཉོན་མོངས་མ་ཟད་སེན་མོ་ཟད་ཅེས་གསུངས་ཡོད། སྔགས་ཇི་ཙམ་བགྲངས་ཀྱང་སེམས་མ་དུལ་བར་བྱེད་མཁན་གྱི་ཉོན་མོངས་དེ་ཉུང་དུ་མ་ཕྱིན་པར་ཕྲེང་བ་འདྲེན་པས་སེན་མོ་ཟད་འགྲོ་གི་ཡོད། དེ་ནི་དངོས་ཡོད་གནས་ཚུལ་གསུངས་ཀྱི་ཡོད།

    དཔེར་ན། ང་རང་ཚོ་མང་པོ་ཞིག་ཧོབ་སྟེ་བལྟས་ན་ཆོས་བྱེད་པའི་ཁུལ་ཡིན་ལ། སྨོན་ལམ་བརྒྱབ་པ་དང༌། ཡོན་ཆབ་ཕུལ་བ། ཕྱག་དང་མཆོད་འབུལ་སོགས་བྱེད་ཀྱི་ཡོད་ཀྱང༌། སེམས་ལ་ཐུག་ཙམ་བྱས་མ་ཐག་ཏུ་ཁྱོད་ག་རེ་ཟེར་གྱི་ཡོད་ཅེས་ལམ་སང་རྒྱག་རེས་བརྒྱབ་པ་ལྟ་བུ་དང༌། དངོས་པོ་ཡིད་དུ་འོང་བ་ཞིག་མཐོང་ཚེ་ལམ་སང་ཞེན་ཆགས་སྐྱེས་ནས་དེ་ཁ་བསླུས་བརྒྱབ་ནས་ཨེ་དྲག སྐྱག་རྫུན་བཤད་ནས་ཨེ་དྲག མགོ་བསྐོར་བཏང་ནས་ཨེ་དྲག་གི་ཐོག་ནས་ཨེ་རག་མི་རག་ལྟ་བ་ལྟ་བུ་ནི་སེམས་མ་དུལ་བའི་རྟགས་གསལ་པོ་ཡིན།

    དེས་ན་ང་ཚོའི་ཆོས་དེ་ཁ་ཙམ་ཚིག་ཙམ་གྱི་ཆོས་སུ་ཕྱིན་པ་ལས། དོན་དངོས་སྡུག་བསྔལ་ལས་སྐྱོབ་པའི་ཆོས་སུ་སོང་བ་ཞིག་ཆགས་ཐུབ་ཀྱི་མེད། དེར་བརྟེན་ཆོས་ཞེས་པའི་གོ་བ་དེ་ཆགས་དགོས་པ་ཡིན། ཆོས་ཀྱི་གོ་བ་ཆགས་ན་རང་དང་སྤྱི་ཚོགས་ཚང་མར་ཕན་ཐོགས་ཡོད་པ་ཞིག་ཤེས་ཐུབ། སངས་རྒྱས་པའི་ཆོས་ཀྱི་བདག་མེད་པའི་ལྟ་བ་གསུངས་ཡོད་ལ། སྡུག་བསྔལ་གྱི་རྩ་བ་ཕྱིན་ཅི་ལོག་གི་བློ་ཡི་རྩ་བ་དེ་མེད་པར་བཟོ་བའི་དོན་དུ་བདག་མེད་པའི་ལྟ་བ་དེ་གསུངས་ཡོད། བདག་མེད་ཡིན་པའི་སྒྲུབ་བྱེད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་རྒྱུ་འབྲས་ཀྱི་ཐོག་ནས་ཡོང་བ་ཤ་སྟག་ཡིན།

    ད་ལྟ་ཁྱེད་རང་ཚོས་རྒྱུ་དང་འབྲས་བུ་ཞེས་རྟགས་གསལ་བཏང་བ་ལྟར་རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པ་དེ་ཤོད་ཀྱི་ཡོད། རྒྱུ་མེད་པ་ལས་བྱུང་བ་མིན་ལ། རྟག་པའི་རྒྱུ་ལས་ཀྱང་བྱུང་བ་མིན། འཇིག་རྟེན་བཀོད་པ་པོས་བྱས་པ་ཡང་མིན་པར་རང་རང་གི་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་རེད་ཅེས་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་གསུང་གི་ཡོད། དེའི་སྐོར་སྔ་ལོ་ཞུས་པ་དེ་ཡིན། ལྟ་གྲུབ་དེ་དངོས་ཡོད་གནས་ཚུལ་ཞིག་བཤད་ནས། དངོས་ཡོད་གནས་ཚུལ་དེ་དང་ར་སྤྲད་ནས་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་ཕྱིན་ཅི་ལོག་གི་བློ་ཡི་འཛིན་སྟངས་འཁྲུལ་པ་དེ་ར་སྤྲོད་ཐེར་འདོན་བྱས་པའི་ཐོག་ནས་རང་གི་སེམས་ལ་ངེས་པ་རྙེད་པ་ཞིག་ཡོང་བ་ཡིན།

    དེ་བཞིན་རང་གཅེས་འཛིན་ཡང་རང་གིས་རང་ལ་ཧ་ཅང་གི་བརྩི་མཐོང་བྱེད་ཅིང༌། སྤྱིར་རང་གིས་རང་ལ་བརྩི་པོ་བྱེད་པ་དེ་འགྲིགས་པ་ཞིག་ཡིན། རང་ཉིད་རང་ལ་མ་བརྩེ་ན་སུ་ལ་བརྩེ། གཞན་ལ་བརྩེ་བ་ཞེས་པ་དེ་ཡང་ཐོག་མར་རང་ལ་བརྩེ་བའི་ཐོག་ནས་དེ་ཉིད་གཞན་ལ་རྒྱ་ཆེར་སྤེལ་བའི་ཐོག་ནས་གཞན་ལ་བརྩེ་བ་དེ་ཡོང་དགོས་པ་ལས། རང་གིས་རང་ལ་བརྩེ་བ་ཞིག་མེད་ན་གཞན་ལ་བརྩེ་བ་དེ་ཡོང་ཐབས་མེད། འོན་ཀྱང་རང་གཅེས་འཛིན་ཞེས་བརྗོད་སྐབས། གཞན་ཡལ་བར་དོར་བ་དང༌། གཞན་ཁྱད་དུ་བསད་ནས་རང་ཉིད་གཅིག་པུ་བསམ་པའི་བློ་དེ་ལ་རང་གཅེས་འཛིན་ཞེས་སྐྱོན་ཅན་གྱི་ཕུང་སྣ་འདྲེན་མཁན་ཞིག་ཆགས་ཀྱི་ཡོད། དེས་ན་ང་རང་ཚོའི་བློ་ལ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན། འོན་ཀྱང་རང་གཅིག་པུ་བསམས་པའི་བློའི་དོན་དངོས་ནི་རང་ཉིད་གྲོགས་མེད་གཅིག་པུ་ཆགས་པ་དང༌། ལྷག་པར་མི་ལ་ཆ་བཞག་ན། མིའི་སྤྱི་ཚོགས་འདི་རང་གི་ལྟོ་གོས་གཏམ་གསུམ་གྱིས་མཚོན་པའི་མངོན་མཐོའི་བདེ་སྐྱིད་རྣམས་ཀྱང་གཞན་ལ་བརྟེན་ནས་ཡོང་དགོས་པ་ཤ་སྟག་ཡིན།

    བར་དུ་མངོན་མཐོ་སྒྲུབ་པའི་འཚེ་བ་མེད་པའི་ལམ་བསྒྲུབ་རྒྱུ་ཞིག་ཡིན་ཡང༌། གཞན་གནོད་གཞི་དང་བཅས་པ་ལས་བཟློག་པ་ཞེས་བརྗོད་སྐབས་གཞན་ལ་བརྟེན་དགོས་པ་ཡིན། རྣམ་མཁྱེན་བསྒྲུབ་རྒྱུར་མཚོན་ན་ཡང་བྱམས་དང་སྙིང་རྗེ་རྩ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་ནས་སྒྲུབ་དགོས་པས་ན། དེ་ཡང་དམིགས་པ་སེམས་ཅན་ལ་དམིགས་ནས་ཡོང་དགོས་པ་ཞིག་ཡིན། དོན་དངོས་པོའི་གནས་ཚུལ་ལ་འཕྲལ་གྱི་མངོན་མཐོའི་ཕུན་ཚོགས་ཏེ། ཉིན་རེ་བཞིན་དུ་སེམས་ལྷོད་ལྷོད་ཡོང་བ་ནས་བཟུང་སྟེ་ཡ་གིའི་རྣམ་མཁྱེན་ཐོབ་པའི་བར་དུ་གཞན་ལ་བརྟེན་ནས་ཡོང་དགོས་པ་ཤ་སྟག་ཡིན། དེ་ཡལ་བར་དོར་ན་ལྐུགས་པ་ཡིན། བདེ་སྐྱིད་འདོད་ལ་སྡུག་བསྔལ་མི་འདོད་པ་ཡིན། འོན་ཀྱང་སྡུག་བསྔལ་གྱི་རྩ་བ་བདག་ཏུ་འཛིན་པའི་བདག་འཛིན་དེ་དང༌། རང་གཅེས་པར་འཛིན་པའི་གཅེས་འཛིན་གཉིས་སེམས་ཀྱི་གཏིང་དུ་སྐྱོན་མེད་དཀར་གཙང་ལ་བལྟས་ནས་དེ་དྭང་དུ་བླངས་ནས་སྡོད་སྐབས་སྡུག་བསྔལ་གྱི་འཆིང་ཐག་ལས་གྲོལ་ཐུབ་ཀྱི་མེད།

    དེས་ན་རང་གཅེས་པར་འཛིན་པའི་གཅེས་འཛིན་དང༌། བདེན་པར་འཛིན་པའི་བདེན་འཛིན་གཉིས་ཀྱིས་སྡུག་བསྔལ་གྱི་རྩ་བ་བྱེད་ཀྱི་ཡོད་པ་དེ་ཤེས་དགོས། དེ་ལྟར་ཤེས་པའི་ཐོག་ནས་རང་གཅེས་འཛིན་དང་བདེན་འཛིན་གཉིས་ལ་མགོ་ལྕགས་ཤིག་ཞུ་ཐུབ་ན། ལག་པར་ལྕགས་ཐག་རྒྱབ་པའི་ལྕགས་ཐག་དེ་ལས་གྲོལ་བ་ལྟ་བུ་ཞིག་ཡིན། དེ་ནས་དངོས་གནས་སེམས་ནང་བཅིངས་གྲོལ་ཐོབ་པ་དང༌། དངོས་གནས་སེམས་ལ་བདེ་སྐྱིད་དང་དགའ་ཚོར། སེམས་ལ་སྤོབས་པ་དང་གདེང་སླེབས་པ་ཞིག་གཏན་གཏན་ཡོང་བ་ཡིན། དེར་བརྟེན་ནང་པའི་ཆོས་བུདྷ་དྷརྨཱ་ཞེས་པ་སྟེ། བུདྷ་ནི་གོང་དུ་སངས་རྒྱས་ཞེས་བརྗོད་པ་དེ་ཡིན། དེ་ལྟ་བུའི་སངས་རྒྱས་དེས་གསུངས་ཤིང༌། སངས་རྒྱས་ཀྱི་གོ་འཕང་དེ་ལྟ་བུ་ཞིག་ང་ཚོས་བསྒྲུབ་རྒྱུའི་ཐབས་ཚུལ་དེ་ལ་བུདྷ་དྷརྨཱ་ཞེས་བརྗོད་པ་ཡིན། 

༄༅། །རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་

སོ་བདུན་མ་བཞུགས་སོ།། 

དང་པོ། མཚན་གྱི་དོན།

    དེ་ཡང་རྒྱལ་སྲས་ཐོགས་མེད་ཅེས་པའི་རྒྱལ་སྲས་ནི། རིགས་རུས་ཀྱི་ཐོག་ནས་རྒྱལ་པོའི་རིགས་སུ་འཁྲུངས་པའི་རྒྱལ་སྲས་ཀྱི་དོན་མིན། བཅོམ་ལྡན་འདས་ལ་རྒྱལ་བུ་གཞོན་ནུ་དོན་གྲུབ་ཅེས་བརྗོད་པ་ནི། རྒྱལ་པོའི་རིགས་རྒྱུད་ལས་བྱུང་བའི་སྲས་ཡིན་པས་རྒྱལ་བུ་གཞོན་ནུ་དོན་གྲུབ་ཅེས་པ་ལྟ་བུ་ཡོང་གི་ཡོད། དེ་བཞིན་རྒྱལ་སྲས་འཕགས་པ་ཐོགས་མེད་ཅེས་པ་དེ་ཡང༌། འཕགས་པ་ཐོགས་མེད་རྒྱལ་པོའི་རིགས་ལས་འཁྲུངས་པ་ཞིག་ཡིན་པས་རྒྱལ་སྲས་ཀྱི་དོན་ཞིག་སླེབས་ཀྱི་ཡོད། སྐབས་འདིའི་རྒྱལ་སྲས་ཞེས་པ་ནི་རྒྱལ་པོའི་རིགས་རུས་ཀྱི་རྒྱལ་སྲས་དེར་བརྗོད་ཀྱི་མེད། འདིའི་རྒྱལ་སྲས་ཞེས་པའི་རྒྱལ་ནི། རྒྱལ་བ་ཤཱཀྱ་ཐུབ་པ་སྟེ། རྒྱལ་བ་ནི་བདུད་བཞི་ཕྲ་རགས་ལས་རྒྱལ་བ་ལ་བརྗོད་པ་ཡིན། དེ་ཡང་བཅོམ་ལྡན་ཞེས་པའི་དོན་ནི་བདུད་བཞི་བཅོམ་ཞིང༌། ལེགས་པ་དྲུག་དང་ལྡན་པས་ན་བཞི་བཅོམ་དྲུག་ལྡན་ཞེས་བརྗོད་པ་ཡིན། དེ་ལྟ་བུའི་བཞི་བཅོམ་དྲུག་ལྡན་དེ་ལ་རྒྱལ་བ་ཞེས་མཚན་བཏགས་པ་ཡིན། མདོར་ན་དེ་ནི་སངས་རྒྱས་ཀྱི་མཚན་ཡིན། རྒྱལ་བ་སངས་རྒྱས་དེའི་གསུང་ལས་སྐྱེས་ཤིང༌། གསུང་ལས་སྐྱེས་པ་ཙམ་མིན་པར་སངས་རྒྱས་ཀྱི་གོ་འཕང་སྒྲུབ་བྱེད་ཀྱི་རྒྱུ་མཐར་ཐུག་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་ཀྱི་ཡོད། དེ་ལ་རྒྱལ་བའི་སྲས་ཞེས་ཀྱང་ཞུ་གི་ཡོད།

    མ་གཞི་ཉན་རང་རྣམས་ཀྱང་རྒྱལ་བའི་གསུང་ལས་སྐྱེས་པ་ཡིན་ཡང༌། བཅོམ་ལྡན་འདས་ཀྱི་ཐུགས་སྲས་ལྟ་བུ་ཆགས་ཀྱི་མེད། དེ་ཡང་བཅོམ་ལྡན་འདས་རང་ཉིད་ཀྱི་བརྙེས་པའི་གོ་འཕང་དེ་སྒྲུབ་པར་ཁས་བླངས་ཤིང་དམ་བཅས་པ་དེ་ནི་བཅོམ་ལྡན་འདས་ཀྱི་སྲས་ཀྱི་ཐུ་བོ་ལྟ་བུ་ཆགས་ཀྱི་ཡོད། རང་དོན་ཡིད་བྱེད་ཀྱི་བསམ་པས་དགྲ་བཅོམ་པའི་གོ་འཕང་ཙམ་མངོན་དུ་བྱ་བསམ་པའི་ཉན་རང་རྣམས་སངས་རྒྱས་ཀྱི་གསུང་ལས་སྐྱེས་ཞེས་བརྗོད་ཆོག་ཀྱང༌། བཅོམ་ལྡན་ཀྱིས་ཐུགས་ཉེ་བའི་སྲས་ལྟ་བུ་ཆགས་ཐུབ་ཀྱི་མེད། དེས་ན་བཅོམ་ལྡན་འདས་ཀྱི་གསུང་ལས་སྐྱེས་པའི་སྲས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཉམས་བཞེས་གནང་ནས་བྱང་ཆུབ་སེམས་དཔའི་རྟོག་པའམ་ཡོན་ཏན་འཁྲུངས་པའི་སེམས་དཔའ་ཞིག་ལ་རྒྱལ་སྲས་ཞེས་ཞུ་གི་ཡོད།

    རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས་པ་ནི། དེའི་ཚེ་དེའི་དུས་ཏེ་ད་ནས་བརྩིས་པའི་ལོ་བརྒྱད་བརྒྱ་ཙམ་གྱི་གོང་དུ་བྱོན་ཞིང༌། སྙན་གྲགས་ཅན་གྱི་བུ་སྟོན་རིན་པོ་ཆེ་དང་རྒྱལ་སྲས་ཐོགས་མེད་བཟང་པོ་རྣམ་གཉིས་དུས་མཉམ་པ་ལྟ་བུར་བྱོན་པ་ཞིག་ཡིན། དེ་ཡང་ཉིན་ཞིག་བུ་སྟོན་རིན་ཆེན་དང་རྒྱལ་སྲས་ཐོགས་མེད་བཟང་པོ་རྣམ་གཉིས་ལྷན་དུ་གདན་འཛོམས་པའི་སྐབས་དེར་བུ་སྟོན་རིན་པོ་ཆེའི་ཕྱག་ཅུང་ཟད་སྙུང་གི་ཡོད་པས། བུ་སྟོན་རིན་པོ་ཆེས་རྒྱལ་སྲས་ཐོགས་མེད་བཟང་པོར་ཁྱོད་རང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་རྩོད་མེད་ཅིག་ཆགས་ཡོད་པས། ཁྱོད་ཀྱིས་ངའི་ལག་པར་ཕུ་ཞིག་རྒྱོབས་དང་ཞེས་གསུངས་པའི་ལོ་རྒྱུས་ཡོད་པ་ཡིན། སྐབས་དེར་རྒྱལ་སྲས་ཐོགས་མེད་བཟང་པོ་ཡོངས་གྲགས་སུ་བྱང་ཆུབ་སེམས་དཔར་ངོས་འཛིན་པ་ཞིག་ཡིན། དེས་ན་ཁོང་ལ་རྒྱལ་སྲས་ཞེས་པའི་དོན་འདི་ལྟར་ཡིན། དུས་ཕྱིས་ཁོང་ཉིད་བཞུགས་གནས་གཙང་གི་དངུལ་ཆུའི་རི་ཁྲོད་དུ་བཞུགས་པས་ན་དངུལ་ཆུ་ཞེས་དང༌། ཐོགས་མེད་བཟང་པོ་ནི་ཁོང་གི་མཚན་དངོས་ཡིན།

    ཁོང་ནས་སློབ་གཉེར་མང་དུ་སྐྱོན་ཞིང༌། སྤྱོད་འཇུག་དང་མདོ་སྡེ་རྒྱན་ལ་སོགས་པ་གཞུང་ཆེན་མོའི་འགྲེལ་པ་བརྩམས་གནང་མཛད་ཡོད་པས་མཁས་པ་ཆེན་པོ་ཞིག་ཀྱང་ཡིན། སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པས་བྱང་ཆུབ་སེམས་ཀྱི་ཉམས་ལེན་གནང་ནས་ཚད་ལོངས་པ་ཞིག་ཆགས་ཡོད། ལག་ལེན་སོ་བདུན་མ་ནི་ཁོང་གིས་མཛད་པ་ཞིག་ཡིན། ལག་ལེན་སོ་བདུན་ཞེས་པ་ནི། ཁོང་རང་ཉིད་བྱང་ཆུབ་ཀྱི་སེམས་ཉམས་བཞེས་གནང་ནས་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་པ་ཞིག་ཡིན་ལ། ཁོང་གི་རྗེས་འཇུག་གི་གདུལ་བྱ་དག་ལ་ཁོང་རང་གི་ཉམས་མྱོང་གི་སྟེང་ནས་བྱང་ཆུབ་སེམས་དཔའ་ཞིག་བྱེད་ཀྱི་ཡིན་ན། ཉིན་རེ་ཉིན་རེའི་ལག་ལེན་ཇི་ལྟར་སྐྱེལ་དགོས་མིན་དེ་དག་ལག་ལེན་ཚིགས་སུ་བཅད་པ་སུམ་ཅུ་སོ་བདུན་གསུངས་པས་ན་ལག་ལེན་སོ་བདུན་མ་ཞེས་བརྗོད་པ་འདི་ལྟར་ཡིན།

    ང་རང་ཚོ་ཆོས་བྱེད་མཁན་གྱི་ནང་དུ་རབ་འབྲིང་ཐ་གསུམ་ཡོང་བ་ཡིན། ཆོས་པ་རབ་ཉམས་ལེན་བྱེད་མཁན་ཞིག་གིས་ཚེ་དང་སྒྲུབ་པ་ཉམས་པ་བྱས་ཏེ། ཚེ་འདིར་རྟོགས་པའི་ལམ་སྣེ་ཟིན་ཐུབ་པའི་ཉམས་ལེན་ཞིག་བྱེད་ཐུབ་ན། སྒྲུབ་པའི་རྒྱལ་མཚན་འཛིན་པའི་ཐོག་ནས་ཆོས་ཉམས་ལེན་བྱེད་མཁན་དེ་ནི་དངོས་གནས་རི་དྭགས་སྨས་མ་ལྟར། དབེན་པའི་རི་སུལ་དུ་གནས་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པ་དང༌། སྒོ་གསུམ་དགེ་ལ་བཀོལ་ནས་ཚེ་དང་སྒྲུབ་པ་མཉམ་པ་བྱས་ཏེ་སྒྲུབ་པའི་རྒྱལ་མཚན་འཛིན་མཁན་དེ་ནི་ཆོས་པ་རབ་དེ་ཡིན།

    ཡང་ཆོས་པ་འབྲིང་ལ་བརྩིས་ན། ད་ལྟ་ཉན་རང་བྱང་སེམས་ལ་ཆེ་འབྲིང་ཆུ་གསུམ་དུ་བརྩིས་པ་ལྟ་བུ་མིན་པར་འདི་ནི་ཉམས་ལེན་བྱེད་ལུགས་ཀྱི་སྐོར་ཡིན། ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་གཅིག་པ་ཡིན་ཡང༌། ཉམས་ལེན་བྱེད་སྟངས་ཀྱི་རིམ་པ་བཤད་ན། སྒྲུབ་པའི་རྒྱལ་མཚན་འཛིན་མཁན་གྱི་རིགས་གཅིག་ཡོད་པས་མི་ཚང་མས་དེ་ལྟར་བྱེད་མི་ཐུབ་ལ། བྱས་ཀྱང་སྤྱི་ཚོགས་དེ་ཉིད་ཀྱང་ཡལ་འགྲོ་བ་ལྟ་བུ་ཆགས་ཉེན་ཡོད་པས་ཡོང་ཐབས་རྩ་བ་ནས་མེད། དེས་ན་རིམ་པ་གཉིས་པ་ནི་རང་ཉིད་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ་སློབ་སྦྱོང་བྱས་པའི་དོན་རྣམས་རྒྱུད་ཐོག་ཏུ་བསྐྱལ་ནས་ལམ་སང་སྒོམ་བྱུང་གི་ཉམས་ལེན་ཐོན་པ་ཞིག་མ་བྱུང་རུང༌། ཐོས་བྱུང་གི་ཤེས་རབ་ཀྱི་ཐོག་ནས་བསྟན་པ་ཡོངས་རྫོགས་ལ་གོ་བ་ཆགས་པ་ཞིག་བྱེད་དགོས། དེའི་ཐོག་ནས་བསམ་བྱུང་གིས་ཡང་ཡང་དཔྱད་ཅིང་བསམས་ནས་སེམས་ལ་ངེས་པ་ཐོབ་པ་ཞིག་བྱུང་ན། རང་ཉིད་ཀྱང་ངེས་པ་ཐོབ་པ་ཞིག་དང༌། རང་གིས་ངེས་པ་ཐོབ་པའི་དོན་དེ་གཞན་ལའང་གདེང་འཁེལ་བའི་ཐོག་ནས་བཤད་ཐུབ་པའི་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བྱེད་ཐུབ་པ་ཞིག་བྱུང་ན། དེ་ཡང་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཐུབ་པ་ཞིག་ཡོང་གི་ཡོད།

    དཔེར་ན། སྔར་ྋརྒྱལ་མཆོག་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་ཐོག་མར་སློབ་གཉེར་གནང་ཞིང༌། ཕྱིས་སུ་མཁས་པར་གྱུར་ནས་གཙང་གི་བྱང་ཆེན་རི་ཁྲོད་དུ་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་བཞེས་མཛད་ནས་བཞུགས་ཤིང༌། ལྷག་པའི་ལྷའི་ཞལ་གཟིགས་དང༌། ལྷག་པར་རྗེ་བཙུན་སྒྲོལ་མ་དཀར་ལྗང་སོགས་ཀྱི་ཞལ་གཟིགས་ཀྱིས་ལུང་བསྟན་དབུགས་དབྱུང་ཐོབ་པ་སོགས་བྱུང་ཡོད། ལྷ་དང་བླ་མའི་ལུང་བསྟན་དང༌། ཁོང་རང་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་ཐོག་ནས་ཚེ་དང་སྒྲུབ་པ་མཉམ་པ་མཛད་རྒྱུ་ཕར་བཞག་ནས། གཙང་གི་གཞིས་རྩེར་ཕེབས་ནས་བཀྲ་ཤིས་ལྷུན་པོའི་དགོན་པ་ཕྱག་བཏབ་གནང་མཛད་པ་ཡིན། ཕྱིས་སུ་བཀྲ་ཤིས་ལྷུན་པོའི་དགོན་པ་ཕྱག་བཏབ་སྐབས། དགོན་པ་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་འཆར་གཞི་ཡང་རྗེ་དགེ་འདུན་གྲུབ་པ་རང་ཉིད་ནས་ཞལ་བཀོད་གནང་བ་དང༌། ཉིན་ལྟར་འཛུགས་སྐྲུན་གནང་སར་ཕེབས་ཏེ་གཟིགས་རྟོགས་ཞལ་བཀོད་གནང་བ་དང༌། དེ་བཞིན་རྗེ་དགེ་འདུན་གྲུབ་པ་རང་ཉིད་གྲྭ་པ་གྲྭ་རྐྱང་ཡིན་པས་འགྲོ་སོང་གཏོང་རྒྱུ་མེད་སྟབས། ཕྱོགས་དང་མཚམས་སུ་སྦྱིན་བདག་རྣམས་ལ་སློང་མོ་བྱེད་མི་གཏོང་གནང་གིས་འབུལ་སྡུད་བཀོད་མངགས་གནང་ཞིང༌། ཁོང་ཉིད་མཁས་པ་ཆེན་པོ་ཡིན་སྟབས་ཉིན་རེ་བཞིན་དུ་གཞུང་ཆེན་སློབ་གཉེར་བ་རྣམས་ལ་དཔེ་འཁྲིད་སྐྱོན་གནང་མཛད་ཀྱི་ཡོད། འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན་པས་དགེ་ཚུལ་སློང་གི་སྡོམ་པ་གནང་བས་མཚོན་འདི་ལྟར་གནང་ནས་བཞུགས་པ་ཡིན། ཕྱིས་སུ་ཁོང་གི་སློབ་མའི་ནང་དུ་རྗེ་དགེ་འདུན་གྲུབ་པ་རང་ཉིད་ཀྱི་ཐུགས་བཞེད་ཇི་བཞིན་འགྲུབ་མིན་ཡོང་སྐབས། རྗེ་དགེ་འདུན་པས་ངས་བྱང་ཆེན་ལ་ཚེ་བློས་བཏང་སྟེ་སྒྲུབ་པ་ཉམས་ལེན་མུ་མཐུད་ནས་བྱས་ཡོད་ན། ད་གཟོད་ང་ས་ལམ་གྱི་རྟོགས་པ་བརྙེས་པ་ཞིག་ཆགས་ཐུབ་ཀྱི་ཡོད། འོན་ཀྱང་དེ་བློས་བཏང་ནས་ངས་དགོན་པ་འདི་རྒྱག་རྒྱུའི་དོན་དུ་ཡོང་བ་ཡིན་པས་ཁྱེད་རང་ཚོས་གཟབ་གཟབ་མ་བྱས་ན། ངས་བློས་བཏང་ཆེན་པོ་ཞིག་བྱས་ཡོད་ཅེས་གསུངས་ཡོད། བཀའ་སྐྱོན་དང་ཡུས་ལྟ་བུ་ཅུང་ཟད་གསུངས་པ་ལྟ་བུ་བྱུང་ཡོད།

    དེས་ན་དེ་ཡང་དགོས་པ་རླབས་ཆེ་ཆུང་ལ་བསམ་བློ་གཏོང་དགོས་པ་ཡིན། སྒྲུབ་པའི་རྒྱལ་མཚན་འཛིན་མཁན་གྱི་རིགས་གཅིག་ཡོང་བ་དང༌། ཡང་རིགས་གཅིག་གིས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་ས་ནས་ཡོང་བའི་དོན་དུ་ཕྱག་ལས་གནང་བ་ཞིག་ཀྱང་ཡོང་གི་ཡོད། དཔེར་ན། ང་རང་ཚོའི་རིས་སུ་མ་ཆད་པའི་ཆོས་སྒར་ཁག་གི་ནང་དུ་རང་ཉིད་འདུལ་བ་དང་མཐུན་པ། འདོད་ཆུང་ཆོག་ཤེས་བཀའ་གདམས་པའི་དགེ་བཤེས་དང་འདྲ་བར་བཞུགས་ཤིང༌། རང་ཉིད་ལ་ཉམས་མྱོང་བྱུང་བ་དང༌། དེ་བཞིན་སློབ་གཉེར་སྐྱོན་པའི་ལུང་གི་ཡོན་ཏན་རྣམས་ཀྱང་གཞན་ལ་འཆད་པ་བཅས་བྱས་ན་བསྟན་པའི་བྱ་བ་ཆེན་པོ་ཞིག་ཡིན། དཔེར་ན། ཁྱེད་རང་ཚོ་སྐྱ་སེར་གྱི་དབྱེ་བ་གང་ཡང་མེད་པར་སློབ་གྲྭའི་དགེ་རྒན་བྱེད་རྒྱུ་ལྟ་བུས་མཚོན་སངས་རྒྱས་ཀྱི་ཆོས་རང་ཉིད་ཀྱིས་ཉམས་སུ་བླངས་ནས་གང་འཚམས་ཀྱི་ངེས་པ་ཐོབ་པའི་ཉམས་མྱོང་གི་ཐོག་ནས་གཞན་ལ་སློབ་ཁྲིད་བྱས་ནས་འདི་ལྟར་དུ་འགྲོ་ཐུབ་ན། ང་རང་ཚོའི་སྤྱི་ཚོགས་ཡོངས་རྫོགས་རིམ་བཞིན། སྔར་ནས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་ཤོད་སྲོལ་ཡོད་པ་ལྟར་རིག་གནས་ཆེ་བ་ལྔའི་ནང་གི་ནང་དོན་རིག་པ་དང༌། ཚད་མ་རིག་པ་སོགས་མང་ཚོགས་ཀྱི་ནང་དུ་ཤེས་ཚད་ཡར་རྒྱས་སུ་སྤེལ་ཐུབ་པ་ཞིག་བྱེད་ཐུབ་ན་རླབས་ཆེན་ཆགས་ཐུབ་པ་ཡིན། དངོས་གནས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་གཏན་གཏན་ཆགས་ཡོང་བ་ཡིན། དེས་ན་དེ་ལྟ་བུའི་ཐོག་ནས་འགྲོ་སྟངས་གཅིག་ཡོད།

ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བསླབ་པ་སློབ་གཉེར་མཐའ་འཁྱོངས་པ་ཞིག་བྱས་པའི་ཐོག་ནས་འགྲོ་བ་བཅས་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་རིམ་པ་གཅིག་ཡོང་བ་ཡིན། མ་མཐར་ཡང་ལམ་ཡོངས་རྫོགས་ལ་གོ་བ་ཆགས་པ་ཞིག་བྱེད་དགོས་པ་ཡིན། དེའི་ཐོག་ནས་རང་ཉིད་ཀྱིས་གང་ཐུབ་ཉམས་ལེན་བྱེད་པའི་ཐོག་ནས་འགྲོ་བ་ཞིག་བྱུང་ན་ཧ་ཅང་ཡག་པོ་ཡོད། ལག་ལེན་སོ་བདུན་མའི་ནང་དུ་གསུངས་པ་ནི། ཆོས་པ་རབ་གཅིག་གིས་ཉམས་ལེན་བྱེད་ལུགས་ཤིག་གསུང་གི་ཡོད། 

གཅིག མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ།

༡༽ མཆོད་པར་བརྗོད་པ། 

    ན་མོ་ལོ་ཀེ་ཤྭ་རཱ་ཡ། ཞེས་པ་ནི་ལེགས་སྦྱར་སྐད་དུ་ཐོག་མར་ཕྱག་འཚལ་བ་ཡིན། དེ་ཡང་ལོ་ཀེ་ཤྭ་རི་ཞེས་པ་ནི་འཇིག་རྟེན་དབང་ཕྱུག་དང༌། ཡ་ནི་ལ་དོན་དམ་དགོས་ཆེད་དེ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཡིན། ལོ་ཀེ་ཤྭ་རི་ནི་སྤྱན་རས་གཟིགས་ཀྱི་མཚན་ཡིན། དེ་ཡང་སྤྱན་རས་གཟིགས་སྙིང་རྗེའི་ལྷ་ཡིན་པས་སྐབས་འདིར་གཞུང་འདིའི་བརྗོད་བྱ་གཙོ་བོ་བྱང་ཆུབ་ཀྱི་སེམས་བཤད་ཀྱི་ཡོད་པས་ན། སྙིང་རྗེའི་ལྷ་མཆོག་འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་བ་ཡིན།

གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ནས། །འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི། །

བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། 

    ཞེས་པ་ནི་གཞུང་གང་ཞིག་ཡིན་ཡང༌། གཞུང་དེ་ཉིད་རྩོམ་པའི་གནས་སྐབས་སུ་གཞུང་བརྩམས་པ་ལ་བར་ཆད་མི་ཡོང་བ་དང༌། ཡ་རབས་དམ་པའི་ལུགས་དང་མཐུན་པར་ཐོག་མར་མཆོད་པ་བརྗོད་པ་དང༌། དེ་ནས་རྩོམ་པར་དམ་བཅའ་བ། གཞུང་དངོས་བཤད་པ། མཇུག་གི་དགེ་བ་བསྔོ་བ། མཛད་པ་པོ་གང་གིས་མཛད་པ་བཅས་ནམ་རྒྱུན་འཆད་ཚུལ་འདི་ལྟར་ཡོང་གི་ཡོད་པས་ཚིགས་སུ་བཅད་པ་འདིས་མཆོད་བརྗོད་གསུང་གི་ཡོད།

    མཆོད་བརྗོད་ཤོ་ལོ་ཀ་འདིའི་དོན་ཧ་ཅང་རྒྱ་ཆེན་པོ་རེད་འདུག འདིས་ཧ་ལམ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟ་བུ་ཞིག་འདུག དེ་ཡང་གང་གིས་ཞེས་པའི་གང་སྒྲ་ནི། སློབ་དཔོན་ཐོན་མིས་མཛད་པའི་སུམ་ཅུ་པ་ལས། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞེས་གསུངས་པ་ལྟར་ཅི་དང་ཇི་དང་སུ་དང་གང་བཅས་ནི་སྤྱི་སྒྲ་སྟེ་གང་ལའང་སྦྱར་ཆོག་པ་ཡིན། དེའི་ཁྱད་པར་གྱི་ཚིག་ནི་ཆོས་ཀུན་འགྲོ་འོང་མེད་པར་གཟིགས་པའི་རྟོགས་པའི་ཡོན་ཏན་དང༌། འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་པར་མཛད་པའི་རྒྱ་ཆེ་བའི་ཡོན་ཏན། ཟབ་པ་དང༌། ཤེས་རབ། ཐབས་ཀྱི་ཡོན་ཏན་མཐར་ཐུག་པ་མངའ་བའི་བླ་མ་དང་སྤྱན་རས་གཟིགས་ཞེས་པས། གང་གིས་ཞེས་པ་ནི་བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་གང་གིས་ཞེས་སྤྱན་རས་གཟིགས་དང་གཉིས་སུ་མེད་པའི་བླ་མ་གང་གིས་ཆོས་ཀུན་ཞེས་པའི་ཆོས་ནི། རང་གི་ངོ་བོ་འཛིན་པའི་ཆ་ནས་དྷརྨཱ་ཞེས་པའི་ཆོས་དེ་ཡིན་ལ། ཀུན་ནི་ཐམས་ཅད་དམ་ཡོངས་རྫོགས་ཀྱི་དོན་ཡིན།

    དེའི་དོན་གང་ཡིན་ཞེ་ན། ཤེས་བྱའི་ཆོས་ལ་སྡེ་ཚན་མང་དུ་ཕྱེ་རྒྱུ་ཡོད། སྤྱིར་ཤེས་བྱ་དང་ཡོད་པ་ཞེས་བརྗོད་སྐབས་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དང༌། བློའི་ཡུལ་དུ་བྱ་རུང་བའི་མཚན་ཉིད་ཅེས་བསྡུས་གྲྭའི་སྐབས་སུ་ཐོན་ཡོང་བ་ཡིན། དེ་དག་གིས་སྡོམ་ཆེན་པོ་ཞིག་བརྒྱབ་ཀྱི་ཡོད་པས་གལ་ཆེན་པོ་ཡིན། བློ་ཡི་ཡུལ་དུ་ཤར་རྒྱུ་ཡོད་པ་གང་ཞིག་ཡིན་རུང་དེ་ཤེས་བྱ་རེད་ཅེས་ཤེས་བྱ་ཡོན་ཏན་ཤེས་པ་གཅིག་པའི་སྐད་ཆ་མིན་པར་ཤེས་བྱ་མཐའ་དག་སྟེ་བློ་ཡི་ཡུལ་དུ་བྱ་རུང་བར་ཤེས་བྱ་ཞེས་བརྗོད་པ་ཡིན། ཡོད་མེད་གཉིས་ལས་ཚད་མས་དམིགས་པ་ཡིན་ན་ཡོད་པ་དང༌། ཚད་མ་ཞེས་བརྗོད་སྐབས་བློ་དེས་ཇི་ལྟར་གཞལ་བ་ལྟར་དོན་ལ་གནས་པ་ཞིག་ཡིན་ན་ཚད་མ་ཞེས་བརྗོད་པ་ཡིན། དེ་ལྟ་བུའི་ཚད་མས་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པ་ལ་ཞིག་ལ་ཡོད་པ་ཞེས་འཇོག་པ་ཡིན།

    དེ་བཞིན་ཡོད་པའི་ཆོས་ལ་རྟག་པ་དང་དངོས་པོ། ཡང་ཟག་བཅས་དང་ཟག་མེད་ལྟ་བུ་དགོས་པ་མི་འདྲ་བའི་ཐོག་ནས་ཆོས་ཀྱི་དབྱེ་བ་འབྱེད་ལུགས་མང་པོ་ཞིག་ཡོད། སྐབས་འདིར་བདེ་སྡུག་གི་སྐད་ཆ་བཤད་ཀྱི་ཡོད་པའི་ཆ་ནས། མ་བརྟག་མ་དཔྱད་པའི་ངང་ནས་སྣང་ཚོད་ཀྱིས་གནས་སྟངས་གཅིག་དང༌། ང་ཚོའི་ཕྱིན་ཅི་ལོག་གི་བློ་མང་པོ་ཞིག་སྣང་ཚོད་དེ་དོན་གྱི་ཡིན་ལུགས་མཐར་ཐུག་ཏུ་འཛིན་པའི་ཐོག་ནས་རྨོངས་པའི་བློ་མང་པོ་ཞིག་སྐྱེ་གི་ཡོད་པས་ན། སྣང་ཚུལ་ཙམ་ལ་མི་ཞེན་པར་ཡིན་ལུགས་སམ་སྡོད་ལུགས་ཀྱི་གནས་ཚུལ་དེ་ལ་དཔྱད་པ་བྱེད་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོ་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ལས།

སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །

    ཞེས་པ་ལྟར་བདེན་པ་གཉིས་གསུང་གི་ཡོད། བདེན་པ་གཉིས་གསུངས་དགོས་དོན་ནི། སྣང་ཚོད་ལ་དོན་གྱི་སྡོད་ལུགས་ཇི་བཞིན་མི་སྣང་བ་དང༌། སྣང་ཚོད་དེ་ཉིད་གཞིར་བཞག་པས་ང་ཚོ་མང་པོ་ཞིག་ཕུང་གི་ཡོད་པས་ན། སྣང་ཚོད་དེ་ཉིད་མིན་པར་དོན་གྱི་ཡིན་ལུགས་དེ་ཤེས་དགོས་པ་གལ་ཆེན་པོ་ཡིན། སྣང་ཚོད་ཀྱི་དབང་དུ་བྱས་པའི་ཆོས་ཀྱི་ངོ་བོ་གཅིག་དང༌། དེའི་མཐར་ཐུག་ཡིན་ལུགས་ཀྱི་ཆ་ནས་ངོ་བོ་གཅིག་བཅས་མདོར་ན་ཕྱི་ནང་གི་ཆོས་ཐམས་ཅད་དམ་ཚད་མས་དམིགས་པའི་ཆོས་ཡོད་དོ་ཅོག་ལ་ངོ་བོ་གཉིས་རེ་འཇོག་གི་ཡོད། དེ་ཡང་ཀུན་རྫོབ་པའི་ངོ་བོ་གཅིག་དང༌། དོན་དམ་པའི་ངོ་བོ་གཅིག་བཅས་བདེན་པ་གཉིས་ཞེས་བརྗོད་ཀྱི་ཡོད། སྤྱིར་བདེན་པ་གཉིས་ཀྱི་ཐ་སྙད་མུ་སྟེགས་པའི་གཞུང་ནང་དུ་ཡོད་པ་དང༌། དེ་བཞིན་རང་སྡེ་བྱེ་བྲག་སྨྲ་བ་ནས་བཟུང་སྟེ་ཚང་མས་བདེན་པ་གཉིས་ཞེས་གསུང་གི་ཡོད། འོན་ཀྱང་བདེན་གཉིས་ངོ་བོ་གཅིག་ཅེས་པ་ནི་དབུ་མའི་གཞུང་ནས་གསུང་པ་འདི་ཉིད་ཡིན། སྣང་ཚོད་ཀྱི་དབང་དུ་བྱས་པའི་ངོ་བོ་གཅིག་དང༌། ཡིན་ལུགས་གནས་ཚུལ་གྱི་ཆ་ནས་ངོ་བོ་གཅིག་དེ་ལྟ་བུའི་དགོས་པ་ཁྱད་པར་ཅན་ཡོད་པས་ན་བདེན་པ་གཉིས་གསུངས་ཡོད། བདེན་པ་གཉིས་ཀྱི་མིང་གཞན་ཞིག་ལ་ཇི་ལྟ་བ་དང་ཇི་སྙེད་པ་ཞེས་བརྗོད་ཀྱི་ཡོད།

    ཇི་ལྟ་བ་ཞེས་པ་ནི་ཡིན་ལུགས་ཇི་མ་ཇི་བཞིན་ཡིན་པའི་ཆ་ནས་ཇི་ལྟ་བ་ཞེས་བརྗོད་ཀྱི་ཡོད་པ་དང༌། ཇི་སྙེད་ཅེས་པ་ནི། སྙེད་ནི་མང་པོའི་དོན་ཡིན་ཞིང༌། རྣམ་གྲངས་མང་པོ་ཡོད་པའི་ཚིག་ཅིག་ཡིན། ཇི་ལྟ་བ་ཞེས་བརྗོད་སྐབས་དོན་དམ་བདེན་པ་ཆོས་ཅན་གྱི་དབང་ལས་རྣམ་གྲངས་མང་པོ་ཞིག་ཡོང་ན་ཡང༌། ཆོས་ཉིད་རང་ཉིད་ཀྱི་སྡོད་ལུགས་སམ་ངོ་བོའི་ཐོག་ནས་བཤད་ན། དུ་མ་རོ་གཅིག་ཅེས་པ་དེ་ཆགས་ཀྱི་ཡོད། སྣང་ཚོད་ཀྱི་ཇི་སྙེད་པའི་ཆོས་ཞེས་བརྗོད་སྐབས། བཟང་ངན་དང་གཅིག་དང་དུ་མ་ལ་སོགས་པ་རྣམ་གྲངས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པས་ན་ཇི་སྙེད་པ་ཞེས་བརྗོད་པ་ཡིན། སྣང་ཚོད་ཀྱི་ངོ་བོ་དེའི་ཐོག་ནས་བརྗོད་སྐབས་ཇི་སྙེད་པ་དང༌། གནས་ཚུལ་ལམ་ཡིན་ལུགས་མཐར་ཐུག་གི་ངོས་ནས་བཤད་སྐབས་ཇི་ལྟ་བ་ཞེས་བརྗོད་པ་ཡིན། དེ་ལྟར་ཇི་ལྟ་ཇི་སྙེད་གཉིས་ཡོད་པ་ལས། སྐབས་འདིར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་ཞེས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པ་ཡིན་ལུགས་མཐར་ཐུག་གི་ངོས་ནས་བཤད་ན། དུ་མ་རོ་གཅིག་ཅེས་འགག་བྱས་སྟོང་ཙམ་ཞིག་ཏེ། རང་གི་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་དེ་ཁོ་ན་ཉིད་དུ་སྣང་བའི་སྣང་བ་དེ་ཐམས་ཅད་ཉེ་བར་ཞི་བ་དང༌། སྤྲོས་པའི་མཚན་མ་མཐའ་དག་ཞི་བའི་བློ་དེ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད་སྐབས། སྤྲོས་པའི་སྣང་བ་མཐའ་དག་འགག་པ་དང༌། སྤྲོས་པའི་སྣང་བ་མཐའ་དག་འགག་པའི་བློ་དེའི་གཟིགས་ངོ་ལ་འགྲོ་བ་དང་འོང་བ། གཅིག་དང་ཐ་དད། རྒྱུ་དང་འབྲས་བུ་སོགས་ཀྱི་རྣམ་དབྱེ་གང་ཡང་མེད། གཅིག་དང་ཐ་དད་དང་འགྲོ་བ་དང་འོང་བ་ཐམས་ཅད་སྣང་ཚོད་ཀྱི་ཇི་སྙེད་པའི་ངོ་བོ་དེའི་ཐོག་ནས་བརྗོད་ན་ལས། ཇི་ལྟ་བའི་ངོ་བོའི་སྟེང་དུ་སླེབས་སྐབས་དེ་མཐའ་དག་དང་བྲལ་བ་ཡིན། དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལས།

གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །

ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །

ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །

    ཞེས་གསུངས་པ་ལྟར་སྤྲོས་པ་མཐའ་དག་ཉེ་བར་ཞི་བ་སྟེ། སྐྱེ་འགག་ལ་སོགས་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བ་ཞེས་པ་དེ་གསུང་གི་ཡོད། མདོར་ན་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀུན་ཇི་ལྟ་བ་ལ་སྦྱར་ན། ཇི་ལྟ་བ་སྟོང་པ་དེ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན། དེས་ན་བཅོམ་ལྡན་འདས་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་པ་སྟེ་མིང་ཙམ་བརྡ་ཙམ་རེད་ཅེས་གསུང་སྐབས། དེའི་ནང་དུ་སྟོང་ཉིད་བཅུ་དྲུག་དང༌། སྟོང་ཉིད་ཉི་ཤུ་ལ་སོགས་པ་རྣམས་གསུང་གི་ཡོད། དེ་དག་གསུང་སྐབས་ནང་པ་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད། ཆེན་པོ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད། འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་སོགས་ཐོན་ཡོང་གི་ཡོད། དེ་ལྟར་དོན་དམ་བདེན་པ་ཆོས་ཉིད་དེ་ཉིད་ཆོས་ཅན་དུ་བཞག་པའི་སྟོང་ཉིད་ཀྱི་ཁྱད་པར་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་ཡིན།

དེས་ན་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོས་གྲུབ་པ་མེད་པར་དགག་བྱས་དབེན་ཙམ་མམ་དགག་བྱས་སྟོང་ཙམ་གྱི་གཟིགས་ངོར་འགྲོ་འོང་གང་ཡང་མེད་པས་ན། གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ནས། །ཞེས་པ་འདི་གསུངས་པ་ཡིན། ཚིག་རྐང་འདིས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡིན་ཞིང༌། རང་བཞིན་གྱིས་གྲུབ་པས་སྟོང་པའི་ཆོས་ཉིད་དེའི་ནང་དུ་སྤྲོས་པའི་མཚན་མ་མཐའ་དག་ཉེ་བར་ཞི་བ་རེད་ཅེས་གསུངས་པ་ཡིན། དེ་ལྟ་བུའི་དོན་དམ་བདེན་པ་ཆོས་ཉིད་དེ་མངོན་དུ་གྱུར་ནས་ཆོས་ཉིད་གཟིགས་པའི་མཉམ་གཞག་རྣམ་པར་མི་རྟོགས་པའི་ཡེ་ཤེས་དེ་ལས་ནམ་ཡང་གཡོ་བ་མེད་བཞིན་དུ་འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་པར་མཛད་པ་ཞེས་གསུང་སྐབས། སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པའི་མཐའ་ཡས་པའི་སེམས་ཅན་མཐའ་དག་ངང་ཚུལ་ལམ་ཁམས་དང་མོས་པ་སོགས་ཐམས་ཅད་ཇི་བཞིན་གཟིགས་ནས། དེ་ནི་མཉམ་རྗེས་འདྲེས་པ་ཞེས་པ་དེ་ཡིན། སངས་རྒྱས་ཀྱི་ས་ཁོ་ནར་མཉམ་རྗེས་འདྲེས་པ་དེ་ཡོང་གི་ཡོད་པ་ལས་སློབ་པའི་ས་ལ་མཉམ་རྗེས་འདྲེས་པ་ཡོང་གི་མེད།

    དེ་ཡང་མཉམ་གཞག་རྣམ་པར་མི་རྟོགས་པའི་ཡེ་ཤེས་མངོན་དུ་གྱུར་བའི་གནས་སྐབས་སུ་རྗེས་ཐོབ་ཀྱི་ཉམས་ལེན་རྣམས་ཡོང་གི་མེད། རྗེས་ཐོབ་ཀྱི་ཉམས་ལེན་བྱང་ཆུབ་སེམས་མངོན་དུ་གྱུར་བའི་ཐོག་ནས་ཀུན་རྫོབ་བློ་ཅན་གྱི་བློ་དེ་རྣམས་མངོན་དུ་གྱུར་བའི་གནས་སྐབས་སུ་དོན་དམ་བདེན་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་དེ་ཉིད་མངོན་དུ་བྱེད་པ་མི་ཡོང་བར་མཉམ་རྗེས་རེས་འཇོག་ཡིན། ཤེས་བྱའི་སྒྲིབ་པ་སྤངས་པའི་རྗེས་སུ་བདུད་བཞི་ལས། ཉོན་སྒྲིབ་ཀྱི་དབང་དུ་བྱས་པའི་བདུད་བཞི་དང༌། ཤེས་སྒྲིབ་ཀྱི་དབང་དུ་བྱས་པའི་བདུད་བཞི་བཅས་གཉིས་བཤད་པ་ལས་སྐབས་འདིར་ཤེས་སྒྲིབ་ཀྱི་དབང་དུ་བྱས་པའི་བདུད་བཞི་དེ་ལས་རྒྱལ་སྐབས་མཉམ་རྗེས་འདྲེས་པ་ཞིག་ཡོང་གི་ཡོད་པ་དེ་གསུང་གི་ཡོད། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་པ་འགྲོ་བ་རྣམས་ཀྱི་མགོན་ཏེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས།

ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །

རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །སྟོན་པ་དེ་ལ་བདག་ཕྱག་འཚལ། །

    ཞེས་གསུངས་པ་ལྟར་མགོན་ཞེས་པ་དེ་ལྟ་བུ་ཞིག་ལ་བསམ་བློ་གཏོང་དགོས་པ་ཡིན། སྡུག་བསྔལ་གྱི་རྒྱུ་བག་ཆགས་དང་བཅས་པ་དྲུངས་ནས་འབྱིན་པའི་ཐབས་མ་ཚང་བ་མེད་ཅིང༌། ཕྱིན་ཅི་མ་ལོག་པ་རང་དབང་གི་སྒོ་ནས་འདོམས་པར་མཛད་མཁན་ཞིག་ཡིན་པས་ན་སྐྱབས་དང་མགོན་དང་དཔུང་གཉེན་ཆགས་ཡོང་གི་ཡོད། དེ་ལྟ་བུའི་སྤྱན་རས་གཟིགས་མགོན་ལ། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པ་ནི་ཐོག་མར་མཆོད་པར་བརྗོད་པ་ཡིན།

    དེ་ཡང་སྒོ་གསུམ་ཞེས་པ་ནི། སྤྱོད་པ་ཐོན་སའི་སྒོ་ལྟ་བུའམ་གང་ལས་མཆེད་པའི་སྒོ་ལྟ་བུ་དེ་ལ་ལུས་ཀྱི་སྒོ་དང༌། ངག་གི་སྒོ། ཡིད་ཀྱི་སྒོ་བཅས་དགེ་སྡིག་གི་བྱ་བ་གང་ཞིག་ཡིན་ཡང་ལུས་ཀྱིས་བྱེད་པ་དང༌། ངག་གིས་བརྗོད་པ། ཡིད་ཀྱིས་བསམ་པ་བྱ་རྒྱུ་ཡོད་པས་ན་སྒོ་གསུམ་ཞེས་བརྗོད་པ་ཡིན། ཕྱག་འཚལ་ཞེས་པ་ནི་འདུད་པའི་དོན་ཡིན་པས། ཡིད་ཀྱི་སྒོ་ནས་དེའི་ཡོན་ཏན་བསམས་ནས་དེ་ལ་ཡིད་ཀྱིས་རྩེ་གཅིག་ཏུ་དད་ཅིང་མོས་པ་བསྐྱེད་པའི་སྒོ་ནས་འདུད་པ་ནི་ཡིད་ཀྱི་ཕྱག་ཡིན། ངག་གིས་བསྟོད་དབྱངས་བརྗོད་པ་ནི་ངག་གི་ཕྱག་ཡིན། ལུས་ཀྱིས་འདུད་པའི་རྣམ་འགྱུར་བསྟན་པ་ནི་ལུས་ཀྱི་ཕྱག་ཡིན། དེས་ན་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་གསུངས་པ་ཡིན། དེ་ནས་བཤད་པར་དམ་བཅའ་བ་ནི།

 ༢༽ རྩོམ་པར་དམ་བཅའ་བ།

ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས། །དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི། །

དེ་ཡི་ལག་ལེན་ཤེས་ལ་རག་ལས་པས། །རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ། ། 

    ཞེས་པའི་ཚིགས་བཅད་འདི་ནི་བརྩམ་པར་དམ་བཅའ་བ་ཡིན། རྐང་པ་དང་པོ་གཉིས་ཀྱི་ནང་དོན་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན། དེ་ཡང་ཕན་བདེའི་འབྱུང་གནས་ཞེས་པ་ནི། སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་དེ་ཡིན་ལ། སངས་རྒྱས་ཕན་བདེའི་འབྱུང་གནས་རེད་ཅེས་པ་ནི། བདེ་སྐྱིད་ཐམས་ཅད་བཅོམ་ལྡན་འདས་ཀྱི་བཀོད་པ་རེད་ཅེས་པའི་དོན་མིན་ཞིང༌། བདེ་བ་དང་སྡུག་བསྔལ་ཞེས་པ་ནི་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད། དེས་ན་སྡུག་བསྔལ་བག་ཆགས་དང་བཅས་པ་སྦྱོང་བྱེད་ཀྱི་ཐབས་མ་ཚང་བ་མེད་པ་ཡོད་པ་དང༌། སྡུག་བསྔལ་གྱི་རྒྱུ་མ་ཚང་བ་མེད་པ་སེལ་བ་ནི་ཉམས་སུ་བླངས་པ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་མཐའ་དག་དང་བྲལ་བ་ནི་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་ཡོང་གི་ཡོད་པས་ན། སངས་རྒྱས་ནི་གནས་སྐབས་དང་མཐར་ཐུག་གི་ཕན་དང་བདེ་བའི་འབྲས་བུ་ཕུན་སུམ་ཚོགས་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་གདུལ་བྱས་བསྒྲུབ་ན་ཡོང་ཐུབ་པ་ཞིག་ཡིན་སྟབས་ཕན་བདེའི་འབྱུང་གནས་ཞེས་གསུངས་པ་ཡིན། སངས་རྒྱས་ལ་དད་པ་བྱས་ན་ཕན་བདེ་ཐམས་ཅད་ཡོང་བ་ཡིན་ཞེས་གསུང་གི་མེད། ཕན་བདེ་ཡོང་བ་ནི་ལས་དགེ་བའི་འབྲས་བུ་ཡིན། ལས་དགེ་བ་ཞེས་པ་ནི་སྒོ་གསུམ་དུལ་བའི་སྒོ་ནས་ཡོང་དགོས་པ་ཞིག་ཡིན། སྒོ་གསུམ་དུལ་བ་ནི་མ་དུལ་བར་བྱེད་མཁན་དེ་ལ་གཉེན་པོ་བསྟེན་ནས་སྒོ་གསུམ་དུལ་བར་བྱེད་དགོས། དེ་ལྟ་བུའི་ཇི་ལྟ་ཇི་སྙེད་ལས་བརྩམས་པའི་གཉེན་པོའི་ཆོས་ཐམས་ཅད་བཅོམ་ལྡན་འདས་ཀྱི་གསུངས་ཡོད་པས་ན་ཕན་བདེའི་འབྱུང་གནས་ཞེས་གསུངས་པ་ཡིན། ཁྱད་གཞི་སངས་རྒྱས་དང་དེའི་ཁྱད་ཆོས་ཕན་བདེའི་འབྱུང་གནས་ཞེས་པ་དེ་སྦྱར་བ་ཡིན། དེ་ཡང་དམ་ཆོས་སྒྲུབ་ལས་བྱུང་སྟེ་ཞེས་པ་ནི། དེ་ལྟ་བུའི་ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་དེ་ཡང་རྒྱུ་མེད་ལས་བྱུང་བ་མིན་ལ། ཡེ་གདོད་མ་ནས་སངས་རྒྱས་རྒྱས་པ་ཞིག་ཀྱང་མིན། གཞུང་འགའ་ཞིག་ནས་ཡེ་གདོད་མ་ནས་ཞེས་པ་ཞིག་ཡོད་ཀྱང་དེའི་གོ་དོན་ཐ་དད་ཡིན། སྐབས་འདིར་རྒྱུ་མེད་རྐྱེན་མེད་ལས་སངས་རྒྱས་པ་ཞིག་མེད་ལ། སངས་རྒྱས་བྱེ་བྲག་པ་གང་འདྲ་ཞིག་ཡིན་ཡང་བྱང་ཆུབ་སེམས་དཔའི་རྒྱ་ཆེ་བ་དང༌། ཟབ་པའི་ལམ་ཉམས་ལེན་གནང་ནས་སངས་རྒྱས་པ་ཤ་སྟག་ཡིན་པས། སངས་རྒྱས་དེ་རྣམས་ཀྱང་དམ་ཆོས་བསྒྲུབས་ལས་བྱུང་བ་ཡིན་ཞེས་གསུངས་པ་ཡིན།

    དེ་ལྟར་རྐང་པ་དང་པོ་གཉིས་ཀྱིས་ནང་པ་སངས་རྒྱས་པའི་རྒྱུ་འབྲས་ཀྱི་རྟེན་འབྲེལ་གསུང་གི་ཡོད། རྫོགས་པའི་སངས་རྒྱས་དམ་པའི་ཆོས་བསྒྲུབས་པ་ལས་བྱུང་བ་ཡིན། རྫོགས་པའི་སངས་རྒྱས་ད་ལྟ་ང་རང་ཚོའི་སེམས་རྒྱུད་གསལ་རིག་གི་ཤེས་པ་འཆིང་བ་ཀུན་ལྡན་གྱི་སྐྱེས་བུའི་རྒྱུད་ཀྱི་ཤེས་པ་དེ་གའི་སྟེང་ནས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ཞིག་ཡོང་གི་ཡོད་པས་ན། ཤེས་པ་དེ་རང་བཞིན་གྱིས་འོད་གསལ་བ་ཞེས་པ་ལྟར་རང་བཞིན་གནས་རིགས་སམ་ཁམས་བདེ་གཤེགས་སྙིང་པོ་ཞེས་པ་དེ་ཡང་གསུང་གི་ཡོད། དྲི་མ་མང་དུ་ཡོད་ཀྱང༌། དེ་དག་ཐམས་ཅད་གློ་བུར་བའི་ཚུལ་དུ་ཡོད་པ་དང༌། སེམས་དང་བྲལ་རུང་གི་ཚུལ་དུ་ཡོད་པ་ཡིན། གང་ལགས་ཤེ་ན། གཉེན་པོ་སྟོབས་ལྡན་ཡོད་པ་དང་གཅིག སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པ་དང་གཉིས་ཀྱི་སྟེང་ནས་དྲི་མ་ཟད་རུང་ཡིན་པ་སྒྲུབ་ཡོང་གི་ཡོད། དེས་ན་ཁམས་བདེ་གཤེགས་སྙིང་པོ་ཞེས་པ་དེ་ཡང་གསུང་གི་ཡོད། དེ་བཞིན་ནང་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཡང་གསུང་གི་ཡོད། དེ་ཡང༌། དེ་ཡི་ལག་ལེན་ཤེས་ལ་རག་ལས་པས། །ཞེས་གསུངས་པ་ལྟར་དམ་པའི་ཆོས་བསྒྲུབས་པ་དེ་ཡང་མཁས་པ་ཙམ་དང་སྨོན་པ་ཙམ་གྱིས་མི་ཡོང་བར་ལག་ལེན་བསྟར་ནས་སྒྲུབ་དགོས་ཞེས་གསུངས་པ་ཡིན། དེས་ན་སྒྲུབ་པ་ཉམས་ལེན་བྱེད་པ་ལ་ཉམས་ལེན་བྱེད་ཚུལ་ཇི་ལྟར་ཡིན་པ་ཤེས་དགོས་ཞེས་གསུངས་པ་ཡིན།

    དེ་ཡི་ཞེས་དེང་སྐབས་ང་རང་ཚོས་འབྲེལ་སྒྲ་མང་པོ་ཞིག་གི་ཁོ་ནས་འཐུས་པ་བྱེད་ཀྱི་འདུག དཔེར་ན། བོད་གི་ནི་ཞེས་པ་དང༌། རྒྱ་གི་ནི། རྒྱ་མིའི་གི་ནི་ལྟ་བུ་བརྗོད་ཀྱི་འདུག སྔར་གཞིས་ཆགས་ཨང་བཞི་པའི་མཁན་པོ་ཤེས་རབ་ཕྱག་དཔེ་ཡག་པོ་ཡོད་ལ། ཁོང་ཐེངས་གཅིག་དཔལ་ཡུལ་གྱི་ཕྱོགས་སུ་པད་ནོར་རིན་པོ་ཆེས་གཏོང་གནང་གིས་ཕྱིན་པ་དང༌། ཕ་ཡུལ་ནས་ཚུར་འཁོར་རྗེས་ངོས་དང་ཐུག་འཕྲད་སྐབས་སྐད་ཆ་བྱུང་བར། ཕ་ཡུལ་གྱི་ཕྱོགས་སུ་གསར་འགྱུར་ཅུང་ཟད་གོ་ཡི་འདུག་པས་ཉན་གྱི་ཡོད་ཅིང༌། གསར་འགྱུར་གྱི་ནང་དུ་ངས་གི་ནི་ཞེས་པ་ལྟ་བུ་དང༌། བོད་པའི་གི་དང༌། རྒྱ་མིའི་གི་ཞེས་པ་ལྟ་བུ་མང་པོ་ཞིག་བཤད་ཀྱི་འདུག་པས་དེ་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་སྐད་ཆ་ལྟ་བུ་ཞིག་གོ་བྱུང་བས་རླུང་འཕྲིན་དེ་བཀག་པ་ཡིན་ཞེས་བརྗོད་ཀྱི་འདུག དེ་ནི་རྒྱ་མིས་དབང་ཡོད་བཤད་ནས་བོད་སྐད་ཀྱི་འགྲོས་ལྟར་སུམ་ཅུ་པ་ལས། ད་བ་ས་ཀྱི་ག་ང་གི །ཞེས་སོགས་སུམ་རྟགས་ཀྱི་འགྲོ་སྟངས་དེ་རྩིས་མེད་ཀྱིས། བོད་པ་ཞེས་བདག་སྒྲ་སྦྱར་བ་དང༌། བོད་པའི་ཞེས་འབྲེལ་སྒྲ་སླེབས་ཟིན་པས་བོད་པའི་གི་ཞེས་འབྲེལ་སྒྲ་འཕར་མ་སྦྱར་དགོས་དོན་རྩ་བ་ནས་མེད། དེ་བཞིན་རྒྱ་མིའི་ཞེས་བརྗོད་ཚེ་འབྲེལ་སྒྲ་སྦྱར་ཟིན་པ་ཡིན། ཡང་ན་རྒྱ་མི་ཡི་ཞེས་དང༌། བོད་པ་ཡི་བརྗོད་ན་འགྲིགས་པ་ཡིན། དེས་ན་བོད་པའི་ཞེས་དང་རྒྱ་མིའི་ཞེས་བརྗོད་སྐབས་འབྲེལ་སྒྲ་ཡོད་མུས་ཐོག་སླར་ཡང་བོད་པའི་གི་དང་རྒྱ་མིའི་གི་སོགས་གི་སྒྲ་སླར་ཡང་སྦྱར་དགོས་དོན་མེད། དེས་ན་ང་རང་ཚོས་སུམ་རྟགས་ཀྱི་འགྲོ་སྟངས་དེ་ཉིད་ང་རང་ཚོས་བརྡལ་བཤིག་གཏོང་གི་ཡོད་པ་ལྟ་བུ་འདུག་པས་དེ་དག་མི་དགོས་པ་ཞིག་ཡིན།

    གཞན་ཡང་ང་ཀྱི་ནི་དང༌། ངས་གི་ནི་ཞེས་པ་ལྟ་བུ་ཧོབ་སྟེ་བལྟས་ན་གནད་འགག་དེ་ཙམ་མེད་ཀྱང༌། ད་བ་ས་ཀྱི་ག་ང་གི །ཞེས་པའི་སུམ་རྟགས་ཀྱི་འགྲོས་དང་མི་མཐུན་པས། སྐད་ཆའི་ཞར་དང་ཞོར་དུ་ཚིག་དེ་དག་སླེབས་སྐབས་ཡིག་སྐད་དེ་ཉམས་འགྲོ་གི་ཡོད། ཡིག་སྐད་བརྒྱབ་ཅེས་བརྗོད་སྐབས་ལམ་སང་བཀའ་འགྱུར་དང་བསྟན་འགྱུར་ཀློག་པ་ལྟར་བཤད་དགོས་དོན་མེད། འོན་ཀྱང་སུམ་རྟགས་ཀྱི་འགྲོས་དང་བསྟུན་ཐུབ་པ་ཞིག་བྱུང་ན་ཡག་པོ་ཡོད། ང་ཚོ་བོད་ཆོལ་ཁ་གསུམ་གྱི་མཁས་པའི་དབང་པོ་རྣམས་ཀྱིས་བརྩམས་པའི་ཕྱག་དཔེ་རྣམས་གཅིག་གྱུར་ཡིན། ཁོང་རྣམས་དངོས་སུ་མཇལ་ནས་བཀའ་མོལ་ཞུས་ན། ཨ་མདོ་བས་ཨམ་སྐད་དང༌། ཁམས་པས་ཁམས་སྐད་སོགས་སྐད་ཀྱི་གདངས་འདྲ་མིན་གསུངས་ཀྱང༌། ཡི་གེ་འབྲི་སྐབས་ཐམས་ཅད་གཅིག་གྱུར་ཆགས་ཡོད། དེང་སྐབས་རང་རང་གི་སྐད་དེ་ཉིད་ཡིག་ཐོག་ཏུ་བྲིས་ཡོང་བ་ནི་སྔོན་གྱི་མཁས་པ་དག་གིས་དེ་ལྟར་མཛད་གནང་མི་འདུག ཕྱིས་ཀྱི་ཡི་གེ་འབྲི་མཁན་རྣམས་སྔོན་གྱི་མཁས་པ་ལས་ལྷག་པ་ཞིག་ཡོད་ན་གནས་ཚུལ་ཐ་དད་ཡིན། དེ་ནི་ཧ་ཅང་ཁག་པོ་ཡིན། དཔེར་ན། ཨ་མདོར་ཆ་མཚོན་ན། རྗེ་བདག་ཉིད་ཆེན་པོ་ཨ་མདོ་བ་ཡིན་ཞིུང༌། རྗེ་བདག་ཉིད་ཆེན་པོ་དགུང་ལོ་གཞོན་ནུའི་སྐབས་ལྷ་སར་ཕེབས་པ་ཡིན་སྟབས་དབུས་སྐད་བདེ་པོ་ཞིག་མེད་དམ་མི་ཤེས། ཕྱིས་ཀྱི་གུང་ཐང་རིན་པོ་ཆེ་སོགས་ཀྱང་ཨ་མདོ་བ་ཡིན། ཨ་མདོའི་མཁས་པ་དེ་དག་གིས་བཀའ་མོལ་གནང་སྐབས་ཕལ་ཆེར་ཨམ་སྐད་སྐྱོན་པ་ལས། ཡི་གེ་འབྲི་སྐབས་ང་ཚོའི་སུམ་རྟགས་ཀྱི་འགྲོ་སྟངས་ཇི་བཞིན་བསྟུན་ནས་བོད་རྒྱ་ཁྱབ་ཡོངས་རྫོགས་དང༌། སོག་པོ་ཚུན་ཚད་ཀྱིས་ཆ་ཚང་ཀློག་ཐུབ་པ་ཞིག་དང་རྟོགས་ཐུབ་པ་ཞིག་ཡོང་བ་ཡིན། དེས་ན་ང་ཚོས་འདི་དག་ཐོག་གཟབ་གཟབ་བྱེད་དགོས་པ་ཞིག་ཡིན། ཁ་སྐད་ལྟ་བུ་ཞིག་རང་གར་དོ་སྣང་རྩ་བ་ནས་མེད་པར་ཕལ་སྐད་མ་དག་པ་མང་དག་ཅིག་འདི་ལྟར་མ་དག་རྒྱུན་འབྱམས་སུ་སོང་ན་ཉམས་ཆགས་སུ་འགྲོ་ཉེན་ཡོད་པས། འབྲེལ་སྒྲས་མཚོན་པའི་སུམ་རྟགས་ཀྱི་འགྲོ་སྟངས་ལ་དོ་སྣང་བྱེད་དགོས།

    ངོས་རང་ལྷ་སར་རང་ལོ་བརྒྱད་དགུ་ཙམ་ལ་ནོར་གླིང་དུ་བསྡད་པའི་སྐབས་ཤིག་ལ། རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ལྦ་རྒྱལ་ཞེས་པའི་གྲྭ་པ་ཡག་པོ་གཟུགས་པོ་རིང་པོ་ཞིག་ཡོད། སྐབས་དེར་ཁོང་གི་ཕ་དེ་ལོ་དགུ་བཅུ་ཙམ་ལ་སོན་ཞིང༌། ཕ་ཡུལ་ཁམས་ནས་ཡིན། ཉིན་ཞིག་ནོར་བུ་གླིང་ཁའི་ལྕགས་རི་སེར་པོའི་ཕྱི་ལོགས་སུ་དོན་ནས་སྡོད་པའི་སྐབས་སུ། པ་ལགས་དེ་གྱོན་གོས་རྒྱ་ཚོས་དམར་པོ་ཞིག་གྱོན་པ་དང༌། སྐྲ་དཀར་པོ་ཡིན་ཞིང་གཟུགས་པོ་ཧ་ཅང་གི་ཐང་པོ་ཡོད། པ་ལགས་དེ་ངའི་འཁྲིས་སུ་ཡོང་ནས་ཁམས་སྐད་ཀྱི་ཐོག་ནས་ང་གི་བུ་ལ་ཞེས་ལྦ་རྒྱལ་ལྦ་རྒྱལ་ཞེས་ཟེར་ཞི་གདའ་ཞེས་ང་ཡི་བུ་ལ་ཞེས་མི་བརྗོད་པར་ཁམས་སྐད་ཀྱི་ཐོག་ནས་ང་གི་བུ་ལ་ཞེས་བརྗོད་པ་ཞིག་དྲན་གྱི་འདུག ཡོངས་གྲགས་ལྟར་ཚིག་དེ་ལྟར་བརྗོད་ཀྱང་དགོས་པ་ཆེ་བ་གང་ཡང་མེད། ང་ཡི་བུ་ཞེས་བརྗོད་ན་ཡི་གེའི་འགྲོ་སྟངས་དང་མཐུན་པ་བྱུང་བ་ཡིན། ང་གི་བུ་ལ་ཞེས་པ་དེར་དགོས་པ་ལྷག་པོ་གང་ཡང་མེད།

བཞི་པ། སྐྱེས་བུ་རབ་འབྲིང་ཐ་གསུམ། 

    དེ་ནས་གཞུང་དངོས་གཞིའི་སྐབས་བློ་ཡི་རིམ་པ་ནི། ང་རང་ཚོའི་འཛིན་རིམ་ལྟར་ཐོག་མར་བྱིས་པ་ཆུང་ངུའི་སྐབས་ཀྱི་སློབ་སྦྱོང་བྱ་རྒྱུའི་སྡེ་ཚན་གཅིག་དང༌། དེ་ནས་སློབ་ཆུང་དང་སློབ་འབྲིང༌། མཐོ་རིམ་དང་ཆེས་མཐོའི་སློབ་སྦྱོང་བཅས་རིམ་པ་བཞིན་འགྲོ་བ་ལྟར་ང་རང་ཚོའི་རྒྱུད་མ་དུལ་བ་འདི་ཕར་སེལ་གྱིན་དུ་རྒྱུད་དུལ་བའི་ཆ་རྣམས་གོང་ནས་གོང་དུ་སྤེལ་སྐབས་བློ་ཡི་རིམ་པ་དེ་ལ་གསུམ་དུ་ཕྱེ་གི་ཡོད། དེ་གང་ལགས་ཤེ་ན། བློ་ཆུང་ངུའི་ཚེ་འདིའི་སྣང་བར་ཞེན་པའི་བློ་ཡི་རིམ་པ་གཅིག་ཡོད་པ་དེ་ལྟ་བུའི་ཚེ་འདིའི་སྣང་ཞེན་བཟློག་པའི་རིམ་པ་གཅིག་དང༌། དེ་ནས་ཚེ་འདིའི་སྣང་ཞེན་བཟློག་ནས་ཕྱི་མའི་མངོན་མཐོ་སྒྲུབ་པའི་རིམ་པ་གཅིག དེ་རྗེས་ཕྱི་མའི་སྣང་ཞེན་བཟློག་ནས་ཐར་པ་སྒྲུབ་པའི་རིམ་པ་གཅིག དེ་ནས་རང་དོན་ཡིད་བྱེད་ཀྱི་བློ་དོར་ནས་གཞན་དོན་ལ་རྩེ་གཅིག་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའི་ལམ་ཉམས་ལེན་བྱས་ནས་རྣམ་མཁྱེན་སྒྲུབ་པའི་རིམ་པ་གཅིག་བཅས་རིམ་པ་མི་འདྲ་བ་གསུམ་ཡོང་བ་ཡིན། རིམ་པ་གསུམ་པོ་དེ་དག་རྩ་བ་བསྟན་འགྱུར་གྱི་ནང་དུ་ཡོད་ཅིང༌། ཇོ་བོ་རྗེས་ཐ་སྙད་སྦྱར་བ་ལྟར་ནམ་རྒྱུན་སྐྱེས་བུ་ཆུང་ངུ་དང༌། སྐྱེས་བུ་འབྲིང༌། སྐྱེས་བུ་ཆེན་པོ་བཅས་གསུམ་ལས། སྐྱེས་བུ་ཆུང་ངུ་ལའང་སྐྱེས་བུ་ཆུང་ངུ་ཕལ་པ་དང༌། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ཞེས་གཉིས་སུ་དབྱེ་བ་ཕྱེ་ཞིང༌། མདོར་ན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ཞེས་བསམ་བློ་གཏོང་ཕྱོགས་མཐོ་དམན་གྱི་ཐོག་ནས་བློ་ཆུང་ངུའི་རིམ་པ་གཅིག་དང༌། བློ་འབྲིང་གི་རིམ་པ་གཅིག བློ་མཆོག་གི་རིམ་པ་གཅིག་བཅས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ཞེས་བརྗོད་ཀྱི་ཡོད། བསྟན་འགྱུར་དང་སློབ་དཔོན་ཐོགས་མེད་ཀྱི་གཞུང་ནང་ཡོད་པ་ལྟར་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་རིམ་གྱི་གོམ་རིམ་བསྒྲིགས་པ་ནི། ཕལ་ཆེར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་དུ་མཛད་པ་ཞིག་ཡིན། དེའི་ཁུངས་བསྟན་འགྱུར་གྱི་ནང་དུ་ཡོད་པ་ཡིན། དེ་ནས་ཡར་གཏུགས་ན་བཀའ་འགྱུར་གྱི་ནང་དུ་ཡང་ཡོད།

    དེ་ལ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ནི་རྒྱ་གར་ནས་བྱུང་ཞིང་དཔལ་ནཱ་ལེཌནའི་ཆོས་རྒྱུད་ཡིན། དེ་ཡང་ངོས་ནས་རྒྱུན་དུ་བརྗོད་པ་ལྟར་ནང་པ་སངས་རྒྱས་པའི་བསྟན་པ་ནི་སྤྱིར་རྒྱ་གར་འཕགས་པའི་ནས་བྱུང་བ་དང༌། སྟོན་པ་རང་ཉིད་ཀྱི་གསུང་བོད་སྐད་དུ་བསྒྱུར་བ་ནི་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་ཡོད་པའི་ནང་དུ་འདུལ་བའི་སྐོར་པོ་ཏི་བཅུ་གསུམ་བཅུ་ཙམ་དང༌། ཞིབ་ཕྲ་ཞིབ་འཇུག་ལྟར་ལྟ་རྒྱུ་མ་བྱུང་རུང༌། དེ་དག་ནི་པལིའའི་ནང་དུ་ཡོད་པ་འདྲ་མཚུངས་ལྟ་བུ་ཡིན། སྡེ་པ་མི་འདྲ་བའི་ཐོག་ནས་ཕྲན་བུ་རེ་ཁྱད་པར་ཡོད་ན་ལས་དེ་མིན་ཕལ་ཆེར་གཅིག་མཚུངས་ལྟ་བུ་ཡིན། དེ་ནས་ཤེར་ཕྱིན་གྱི་གཞུང་ཕལ་ཆེར་ཉི་ཤུ་རྩ་གྲངས་སམ། སུམ་ཅུ་སོ་གྲངས་ཙམ་མེད་དམ། དེ་ནི་མངོན་པའི་གཞུང་ཆགས་ཀྱི་ཡོད། དེ་ནས་མདོ་མང་ཞེས་པ་ཞིག་ཡོང་གི་ཡོད་པའི་སྡེ་ཚན་གཅིག དེ་ནས་རྒྱུད་ཀྱི་སྡེ་ཚན་གཅིག་བཅས་ཡོད་པ་དེ་དག་གི་དགོངས་འགྲེལ་དུ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཏེ། དེའི་ནང་དུ་དབུ་ཕར་མཛོད་འདུལ་སོགས་སླེབས་ཡོང་བ་ཡིན། ཐ་སྙད་སྦྱར་ས་གཙོ་ནི་བསྟན་འགྱུར་གྱི་ནང་དུ་སླེབས་ཡོང་བ་ཡིན། དེ་ཡང་འདུལ་བའི་སྡེ་སྣོད་ཅེས་འདུལ་བའི་གཞུང་གི་སྐོར་གྱི་འགྲེལ་བྱེད་སྡེ་ཚན་གཅིག་དང༌། དེ་དག་ལས་རིགས་གཅིག་པལིའའི་ནང་ནས་ཚུར་བསྒྱུར་བ་མིན་ནམ་སྙམ། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལྟ་བུ་ནི་ཕལ་ཆེར་ལེགས་སྦྱར་གྱི་སྐད་ཡིན། དེ་བཞིན་སོ་ཐར་གྱི་མདོ་ཡང་ལེགས་སྦྱར་གྱི་སྐད་དུ་ཡོད་པ་ཡིན། ཤེར་ཕྱིན་གྱི་གཞུང་ལ་རྗེ་བཙུན་བྱམས་མགོན་གྱིས། ཤེར་ཕྱིར་གྱི་གཞུང་བཀྲལ་བའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་མཛད་ཅིང༌། དེའི་ནང་དུ་དངོས་བསྟན་སྟོང་ཉིད་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་སུ་ཕྱེ་སྐབས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྐོར་རྣམས་ཀླུ་སྒྲུབ་ཡབ་སྲས་ཀྱིས་གཙོ་བོར་གཏན་ལ་ཕབ་ནས་གསུངས་ཡོད། དེ་མིན་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་སྐོར་རྣམས་རྗེ་བཙུན་བྱམས་མགོན་གྱིས་མདོ་སྡེ་རྒྱན་ལ་སོགས་པ་མཛད་ཡོད་ལ། རྗེས་འབྲང་ཐོགས་མེད་སྐུ་མཆེད་དང༌། འཕགས་སེང་ལ་སོགས་པས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་གསལ་བར་བསྟན་ནས། རྩ་བ་ཕར་ཕྱིན་དྲུག་དང་བྱང་ཆུབ་ཀྱི་སེམས་ཉམས་བཞེས་མཛད་ནས་དེ་དང་འབྲེལ་བའི་ཕྱིན་དྲུག་གི་ཉམས་ལེན་མཛད་རྒྱུ་ཞིག་གསུང་གི་ཡོད་པས་ན། དེ་དག་གི་གཞུང་གི་སྡེ་ཚན་དེ་ཕར་ཕྱིན་ཞེས་མཚན་བཏགས་གནང་ཡོད། དེ་ལྟར་དབུ་ཕར་གཉིས་ཤེར་ཕྱིན་གྱི་གཞུང་ནས་ཡོང་བ་ཡིན། འདུལ་བའི་སྐོར་རྣམས་ནི་འདུལ་བའི་གཞུང་ནས་ཡོང་བ་དང༌། མཛོད་ནི་པལིའའི་གཞུང་ནས་ཕལ་ཆེར་ཡོང་གི་མེད་དམ་སྙམ། དེ་ལྟར་མཛོད་དང༌། འདུལ་བ། དབུ་མ། ཕར་ཕྱིན་བཅས་དང༌། དེ་ནས་གཙོ་བོ་མངོན་པའམ་ཤེར་ཕྱིན་གྱི་གཞུང་གི་ནང་དུ་སྒྲུབ་བྱེད་བཀོད་ནས་གསུངས་ཡོང་གི་ཡོད་པས་ན། དེ་ལྟར་རིགས་པ་བཀོད་ནས་འགྲོ་སྟངས་དེ་གཙོ་བོ་གཏན་ལ་ཕབ་པ་ནི་ཕྱོགས་གླང་ཡབ་སྲས་ཀྱིས་གསུངས་ཡོད། ཕྱིས་སུ་མཁན་ཆེན་ཞི་བ་འཚོར་དབུ་ཚད་སེངྒེ་མཇིང་སྣོལ་ཞེས་གསུང་གི་ཡོད། དེ་ཡང་དབུ་མ་དང་ཚད་མ་གཉིས་སེངྒེ་མཇིང་པ་སྣོལ་ནས་བསྡད་ན་གང་ལ་འཇིགས་པ་མེད་པ་བཞིན་དུ་དབུ་མའི་གཞུང་གི་འགྲེལ་བཤད་རྒྱག་སྐབས་ཚད་མའི་གཞུང་གི་འགྲོ་ལུགས་ལྟར་དུ་རྟགས་དང་གསལ་བ་བཀོད་པའི་འགྲོ་སྟངས་ལྟར་སྦྱར་སྐབས་ཁ་གསལ་ཞིང་ནུས་པ་ཐོན་པ་ཞིག་ཡོང་གི་ཡོད་སྟབས་དབུ་ཚད་སེངྒེ་མཇིང་སྣོལ་ཞེས་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱི་གཞུང་ལ་ཆ་བཞག་ན་ཧ་ཅང་གསལ་པོ་ཡིན། ཁོང་རང་ཉིད་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་རྣམ་གཉིས་ཀྱི་རྗེས་སུ་འབྲང་མཁན་ཚད་མ་པ་ཆེན་པོ་ཞིག་ཡིན་ལ། ཕྱོགས་གླང་དང་ཆོས་གྲགས་རྣམ་གཉིས་ཀྱི་རིགས་པ་རྩལ་དུ་བཏོན་ནས་གསུང་མཁན་ཞིག་ཡིན། རྩ་བའི་གྲུབ་མཐའ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་པའི་གྲུབ་མཐའ་དེ་བཙལ་མཁན་ཞིག་དང༌། ཁོང་རང་ཉིད་བོད་དུ་དངོས་སུ་ཕེབས་ནས་བོད་པའི་སློབ་ཕྲུག་རྣམས་ལ་དཔེ་ཆ་འཁྲིད་གནང་མཛད་ཡོད་པས་ང་ཚོའི་དགེ་རྒན་གཙོ་བོའི་གྲས་མཁན་ཆེན་ཞི་བ་འཚོ་ཡིན། མཁན་ཆེན་ཞི་བ་འཚོ་ཁོང་རང་ཉིད་དབུ་ཚད་སེངྒེ་མཇིང་སྣོལ་གནང་མཁན་གྱི་མཁས་པ་ཞིག་ཡིན་སྟབས། ཁོང་གི་རྗེས་འབྲང་པ་ང་ཚོ་ཡང་དབུ་ཚད་སེངྒེ་མཇིང་སྣོལ་ཞིག་དགོས་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཕྱིས་སུ་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་བོད་དུ་བསྒྱུར་ནས་དེ་ཉིད་གཙོ་འདོན་གནང་རྗེས་མཁན་ཆེན་ཞི་བ་འཚོས་དབུ་མའི་ལྟ་བའི་ཆ་ལ་ཅུང་ཟད་བརྒྱབ་ཐུབ་པ་ཞིག་ཆགས་ཀྱི་ཡོད།

    བསྟན་འགྱུར་ཞེས་བརྗོད་སྐབས་བཀའ་འགྱུར་གྱི་ནང་གི་འདུལ་བའི་སྡེ་སྣོད་དང༌། མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད་བཅས་སྡོ་གསུམ་ཡོད་པ་ལས། སྔགས་ཀྱི་སྐོར་རྣམས་མདོ་སྡེའི་སྡེ་སྣོད་ཀྱི་ནང་དུ་ཕལ་ཆེར་བསྡུས་འགྲོ་གི་ཡོད། གང་ལགས་ཤེ་ན། མདོ་སྡེའི་སྡེ་སྣོད་ཀྱིས་བསླབ་པ་ཏིང་ངེ་འཛིན་གཙོ་བོར་བཤད་ཀྱི་ཡོད། རྒྱུད་སྡེ་བཞི་ཡི་དབང་དུ་བྱས་ཏེ་སྔགས་ཀྱི་ཆེ་བ་འདོན་ས་གཙོ་བོ་ནི། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་རྩལ་དུ་བཏོན་ནས་སྒྲུབ་པ་དེ་གཙོ་བོར་བཤད་ཀྱི་ཡོད། དེས་ན་མདོ་སྡེའི་སྡེ་སྣོད་ཀྱི་ཁོངས་སུ་བཞག་པ་ཡིན། དེ་ལྟར་བཀའ་འགྱུར་པོ་ཏི་བརྒྱ་ཐམ་པ་དེ་དག་སྡེ་སྣོད་གསུམ་གྱི་ནང་དུ་བསྡུས་ཡོད་པ་ཡིན། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་སྡེ་སྣོད་གསུམ་གྱི་བདག་ཉིད་བཀའ་འགྱུར་པོད་བརྒྱ་ཐམ་པའི་དགོངས་འགྲེལ་ཡིན། དེ་མིན་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད་པའི་ནང་སྒྲ་རིག་པ་དང༌། གསོ་བ་རིག་པའི་བསྟན་བཅོས་ཅུང་ཟད་ཡོད་པ་ཡིན། བར་ལམ་གཞུང་གཞན་ཞིག་འཚོལ་སླད་བསྟན་འགྱུར་ཀློག་པའི་སྐབས་སུ་པཌཎི་ཏ་ཞིག་གིས་མཛད་པའི་རྟ་བརྟག་པའི་སྐོར་ཞིག་འདུག དེ་ཡང་རྟའི་ཚོས་གཞི་དང༌། རྟ་ཡི་རྣ་དཀར་པོ་ཡིན་མིན་སོགས་ཀྱི་སྐོར་སྙིང་པོ་གང་ཡང་མེད་པ་ཞིག་འདུག དེ་ཡང་ཤོག་གྲངས་བཞི་བཅུ་ལྔ་བཅུ་ཙམ་ཞིག་འདུག དེའི་ཚེ་དེའི་དུས་སུ་རྟ་བརྟག་ཐབས་སྐོར་རྒྱ་གར་དུ་གལ་ཆེན་པོ་ཞིག་ལ་བརྩི་གི་མེད་དམ། དེ་ལྟར་སྙིང་པོ་དེ་ཙམ་མེད་པ་དེ་འདྲ་ཞིག་ཀྱང་འདུག དེ་ལས་མོ་གྲ་དང༌། སྦག་སྦག་བརྟག་ཐབས་ཤིག་བྱུང་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བ་ཡོད་པ་ལས་རྟ་བརྟག་ཐབས་ཀྱི་ཕན་ཐོགས་མེད། དེ་ལས་ང་ཚོ་བོད་དུ་གཡག་བརྟག་ཐབས་བྱུང་ན་ལེགས་པ་ཡོད།

    གང་ལྟར་བཀའ་འགྱུར་དང་བསྟན་འགྱུར་ཞེས་པ་ནི། མཆོད་གཤོམ་གྱི་ནང་དུ་སྒྲིག་ནས་འཇོག་རྒྱུ་ཞིག་མིན་པར་དེ་དག་ངེས་པར་བལྟ་དགོས་པའི་གཞུང་ཡིན། ང་རང་གི་ངོས་ནས་ཆ་བཞག་ཀྱང༌། བསྟན་འགྱུར་གྱི་གཞུང་དེ་རྣམས་ཀློག་ཁོམ་མེད་པ་ལས་དེ་མིན་བསྟན་འགྱུར་གྱི་གཞུང་དེ་རྣམས་ཧ་ལས་པ་ཞིག་རེད་འདུག ཐོག་མའི་བསྟོད་ཚོགས་ནས་བཟུང་སྟེ་རིམ་པར་མཇལ་ན་ཧ་ལས་པ་ཞིག་འདུག དེང་སྐབས་དབུ་མ་ཚིག་གསལ་མཇལ་བཞིན་པ་ཡིན། ཧ་ལས་པའི་ཡག་པོ་ཞིག་རེད་འདུག དེས་ན་བསྟན་འགྱུར་གྱི་གཞུང་དེ་རྣམས་ང་ཚོས་སློབ་སྦྱོང་བྱེད་རྒྱུའི་དཔེ་ཆའི་རྩ་བ་དེ་རེད་འདུག་ལ། དེ་དག་ཧ་ཅང་གལ་གནད་ཆེན་པོ་རེད་འདུག དེ་ལྟ་བུའི་བཀའ་བསྟན་གྱི་དོན་གྱི་སྙིང་པོ་བསྡུས་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མངོན་མཐོ་སྒྲུབ་བྱེད་འཚེ་བ་མེད་པའི་ཆོས་དང༌། ངེས་ལེགས་སྒྲུབ་བྱེད་བདག་མེད་པའི་ལྟ་བ་ཞེས་པ་དེ་ཉིད་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་གསུངས་ཡོད། དེའི་དགོངས་དོན་ནི་དབུ་མ་བཞི་བརྒྱ་པ་ལས།

བསོད་ནམས་མིན་པར་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །

ཕྱི་ནས་ལྟ་བ་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །

    ཞེས་སྐྱེས་བུ་གསུམ་གྱི་ལམ་རིམ་མམ་མངོན་མཐོ་དང་ངེས་ལེགས་སྒྲུབ་ཚུལ་འདི་ལྟར་གསུངས་ཡོད། ད་ལྟ་འདིར་ཇོ་བོ་རྗེས་སྐྱེས་བུ་གསུམ་ལམ་རིམ་གྱི་ཐ་སྙད་དེ་གསུངས་པ་ཡིན། ཇོ་བོ་རྗེ་བོད་ཕེབས་ཏེ་ལམ་སྒྲོན་མཛད་ཟིན་རྗེས། དཔེར་ན། ཆོས་རྗེ་ས་པཎ་གྱི་གཞུང་ལ་ཆ་བཞག་ན། ཐུབ་པ་དགོངས་གསལ་ཡང་ལམ་རིམ་ཇི་བཞིན་གསུངས་ཡོད། དེ་བཞིན་བཀའ་རྒྱུད་ཀྱི་གཞུང་ལ་ཆ་བཞག་ན། མཉམ་མེད་དྭགས་པོ་ལྷ་རྗེས་མཛད་པའི་ཐར་པ་རིན་པོ་ཆེའི་རྒྱན་ཡང་ལམ་རིམ་ལྟར་དུ་གསུངས་ཡོད། སྐྱེས་བུ་གསུམ་གྱི་ལམ་རིམ་བང་སྒྲིག་ཏེ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་གསུངས་པ་ལྟར་དོན་ལའང་དེ་ལྟར་དུ་གནས་ཡོད།

    ཐར་རྒྱན་གྱི་ཁྱད་ཆོས་གཅིག་ནི་ཐོག་མར་འཁོར་བ་དང་མྱང་འདས་ཞེས་མྱང་འདས་དེ་ཉིད་གཏན་ལ་ཕབ་ཀྱི་ཡོད་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། དངོས་གནས་བྱས་ན་ལམ་རིམ་ཆེན་པོའི་ནང་དུ་དེ་ཁ་སྐོང་མཛད་དགོས་པ་ཞིག་ཡིན། ཐོག་མར་ཐར་པ་ཞེས་པ་དེ་ངོ་མ་འཕྲོད་ན། དོན་ལ་ནང་ཆོས་བྱེད་ལུགས་བྱེད་མ་ཤེས་པ་ཆགས་ཟིན་པ་ཡིན། དེས་ན་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ལས་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་ཞེས་གསུངས་པ་དེས་ཐར་པ་ངོ་སྤྲོད་གནང་གི་ཡོད། ངས་འགའ་ཞིག་ལ་རྩེད་མོ་རྩེད་ནས་བརྗོད་ཀྱི་ཡོད། རྒྱ་མི་ནང་པ་བྱེད་མཁན་རྣམས་དང༌། ང་ཚོ་བོད་པ་རྣམས་ནང་པ་ཆགས་ཡོད་ཀྱང༌། ལྷ་ཁང་དུ་བསྐྱོད་དེ་ཕྱག་འཚལ་སྐོར་སྦྱོང་དང༌། སྨོན་ལམ་བརྒྱབ་པ་སོགས་བྱེད་སྐབས་ཕལ་མོ་ཆེས་ཚེ་རིང་པོ་ཡོང་བར་ཤོག ནད་མེད་པ་ཡོང་བར་ཤོག བྱ་བ་ལམ་འགྲོ་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་པ་ལས། ང་ཐར་པ་ཐོབ་པར་ཤོག་ཅེས་སྨོན་ལམ་རྒྱག་མཁན་དེ་ཙམ་མེད། དེ་ནི་ཆོས་མ་ཤེས་པའི་རྟགས་མཚན་ཡིན། ཚེ་རིང་པོ་ཡོང་བར་ཤོག ནད་མེད་པ་ཡོང་བར་ཤོག ལོངས་སྤྱོད་ཆེན་པོ་ཡོང་བར་ཤོག བྱ་བ་ལམ་འགྲོ་ཡོང་བར་ཤོག་ཅེས་པའི་སྨོན་ལམ་དེ་ལྟར་མུ་སྟེགས་རྣམས་ཀྱིས་ཀྱང་རྒྱག་གི་ཡོད། དེས་ན་ང་ཚོས་ཆོས་མ་ཤེས་པའི་རྟགས་ཧ་ཅང་གསལ་པོ་རེད་འདུག དེས་ན་ཐར་པ་ངོ་འཕྲོད་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན། དྭགས་པོའི་ཐར་རྒྱན་གྱི་ནང་དུ་ཐོག་མར་འཁོར་བ་དང་མྱང་འདས་ཞེས་གསུངས་པ་ནི་ཧ་ཅང་གི་ཡག་པོ་ཞིག་མཐོང་བྱུང༌། དེ་རྗེས་རིགས་གནས་འཁྲིད་པ་གནང་གི་ཡོད། ཤ་ར་བའི་གསུང་དུ་རིགས་ནས་འཁྲིད་པ་ནི་གལ་གནད་ཆེན་པོ་ཞིག་རེད་འདུག

    ཕྱིས་ཀྱི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ངལ་གསོ་སྐོར་གསུམ་དང༌། དེ་བཞིན་ཡིད་བཞིན་མཛོད་ཀྱི་ནང་དུ་ལམ་རིམ་ལྟར་དུ་འཁྲིད་གནང་ཡོད། ལྷག་པར་ངལ་གསོ་སྐོར་གསུམ་ལས་སེམས་ཉིད་ངལ་གསོའི་ནང་དུ་བློ་ལྡོག་རྣམ་བཞི་ནས་མར་ལམ་ཇི་བཞིན་དུ་འཁྲིད་གནང་མཛད་ཡོད། དེ་དག་ནི་ཇོ་བོ་རྗེས་སྐྱེས་བུ་གསུམ་གྱི་ལམ་རིམ་མཛད་པ་ནས་བཟུང་བོད་ཀྱི་ས་སྐྱ་དང༌། བཀའ་རྒྱུད། རྙིང་མ། རི་བོ་དགེ་ལྡན་པ་བཅས་ཚང་མས་བློ་ལྡོག་རྣམ་བཞི་དང༌། སྐྱེས་བུ་ཆེ་འབྲིང་གསུམ་ལྟ་བུ་མིང་གང་ཞིག་བཏགས་ཀྱང་དོན་ལ་ཚེ་འདིའི་སྣང་ཞེན་བཟློག་པ་དང༌། ཕྱི་མའི་སྣང་ཞེན་བཟློག་པ། དེ་ལ་བརྟེན་ནས་ཐར་པ་སྒྲུབ་པ་དང༌། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་སྐྱེས་བུ་གསུམ་གྱི་ལམ་རིམ་ལྟར་གསུངས་པ་ཞིག་ཆགས་ཡོད། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་གཞུང་འདི་ཡང་དེ་བཞིན་སྐྱེས་བུ་གསུམ་གྱི་ལམ་རིམ་གསུང་གི་ཡོད། དེ་ལ་དང་པོ།

གཉིས། བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན།

༡༽ སྔོན་འགྲོའི་ཆོས་ལ་འཇུག་ཚུལ།

གཉིས་པ་བསྟན་བཅོས་ཀྱི་རང་བཞིན་ལ་གཉིས། སྔོན་འགྲོ་ཆོས་ལ་འཇུག་ཚུལ།

དངོས་གཞི་སྐྱེས་བུ་གསུམ་གྱི་ལམ་བསྟན་པའོ། །དང་པོ་ལ་བདུན་ལས། 

༡༽ དལ་འབྱོར་དོན་ཡོད་པར་བྱ་བ།

དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར། །བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར། །

ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི། །ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

    ཞེས་གསུངས་པ་ལྟར་དགོས་པ་རང་དང་གཞན་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཕྱིར་དུ། དུས་ཉིན་དང་མཚན་དུ་གཡེལ་བ་མེད་པར། བཀའ་བསྟན་གྱིས་མཚོན་པའི་གཞུང་ལ་ཐོག་མར་ཉན་ཞིང༌། བར་དུ་ཡང་ནས་ཡང་དུ་བསམས། མཐར་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་ཏེ་རྩེ་གཅིག་ཏུ་བསྒོམས་པའི་སྒོམ་བྱུང་གི་རྟོགས་པ་སྐྱེ་བ་ཞིག་དགོས་ཞེས་གསུངས་པ་ཡིན།

    མདོར་ན་ཉན་སེམས་བསྒོམ་པ་སྟེ་ཤེས་རབ་གསུམ་ལས་ཐོག་མར་ཉན་པ་སྟེ་ཐོས་བྱུང་གི་ཤེས་རབ་དང༌། དེ་ནས་སེམས་པ་ཞེས་བསམ་བྱུང་གི་ཤེས་རབ། དེ་ནས་བསྒོམ་པ་ཞེས་སྒོམ་བྱུང་གི་ཤེས་རབ་བཅས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་གོང་ནས་གོང་དུ་སྤེལ་བའི་ཐོག་ནས་བློ་ལ་འགྱུར་བ་ཐེབས་པ་ཞིག་གི་ཐོག་ནས་འགྲོ་དགོས་པ་ཡིན། ངས་རྒྱུན་དུ་འདི་ལྟར་བརྗོད་ཀྱི་ཡོད། ནང་པའི་ཆོས་ཀྱི་འགྲོ་སྟངས་ནི། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་ཆ་ཚང་བྱས་ཤིང༌། དེ་ལ་བརྟེན་ནས་སེམས་ལ་གོ་རྟོགས་གསར་པ་ཞིག་སྐྱེས། གོ་རྟོགས་གསར་པ་དེའི་ཐོག་ནས་འདི་དང་འདི་ལྟ་བུ་བླང་བྱ་ཡིན་ལ། འདི་དང་འདི་ལྟ་བུས་སྡུག་བསྔལ་སྤྲོད་ཀྱི་འདུག འདི་དང་འདིས་ཕན་བདེ་སྦྱིན་པ་དང་སྡུག་བསྔལ་སེལ་གྱི་འདུག་སྙམ་པ་ཞིག་ངོ་འཕྲོད་ཅིང་སེམས་ལ་ཡིད་ཆེས་ཐོབ་པ་དང༌། དེ་ལ་བརྟེན་ནས་རིམ་བཞིན་གོམས་འདྲིས་བསྟེན་སྐབས་མ་དུལ་བའི་ཆ་རྣམས་ག་ལེར་ལྡོག་པ་ཞིག་ཡོང་བ་ཡིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ཏེ་ངེས་ཤེས་ཐོབ་པའི་སྟེང་ནས་ངེས་པ་ཐོབ་པའི་བསམ་བྱུང་གིས་རིམ་བཞིན་བློ་ལ་འགྱུར་བ་ཐེབས་པའི་ཐོག་ནས་འགྲོ་དགོས་པ་ལས། དེ་འདྲ་གང་ཡང་མེད་པར། དུག་གསུམ་ཉོན་མོངས་ཞི་བར་ཤོག ཅེས་སྨོན་ལམ་བརྒྱབ་པས་མི་ཕན་པ་ཡིན། མི་ལུས་ཐོབ་པར་ཤོག་ཅེས་སྨོན་ལམ་བརྒྱབ་པས་མི་ཕན་པར་མི་ལུས་ཐོབ་པའི་རྒྱུ་ཚོགས་རྣམས་སྒྲུབས་དགོས་པ་དང༌། མི་ལུས་ཐོབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་རྣམས་སེལ་དགོས། དེ་ནི་ཉོན་མོངས་དུག་གསུམ་གྱི་དབང་གིས་ཡོང་གི་ཡོད། དེ་ལ་ཉོན་མོངས་མེད་པར་ཤོག་ཅེས་བརྗོད་པས་མི་ཕན་པར་ཉོན་མོངས་མེད་པར་བཟོ་བའི་འབད་བརྩོན་བྱས་ནས་ཡོང་དགོས་པ་ཞིག་ཡིན།

    དེས་ན་ངས་རྒྱ་མིའི་ཆོས་གྲོགས་རྣམས་ལ་རྟག་ཏུ་འདི་ལྟར་བརྗོད་ཀྱི་ཡོད། ཨོ་མི་དོ་ཕོ་ཞེས་བརྗོད་པས་མི་ཕན་པ་དང༌། བོད་པར་ཆ་བཞག་ཀྱང༌། ཨོཾ་མཎི་པདྨེ་ཧཱུཾ་ཞེས་བརྗོད་པ་གཅིག་པུས་མི་ཕན་པར་ངེས་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་བའི་ཐོག་ནས་སེམས་ལ་བཟོ་བཅོས་རྒྱག་དགོས་པ་ལས༌། དེ་མིན་གྱི་ཐབས་ཤེས་གཉིས་པ་ཞིག་མེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་བ་དེར་ཉན་སེམས་བསྒོམ་པ་ཞེས་བརྗོད་ཀྱི་ཡོད། དེ་ཡང་ཐོས་བྱུང་གི་ཤེས་རབ་དང༌། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བཅས་ཤེས་རབ་རྣམ་གསུམ་དེ་དག་སྔ་མ་སྔ་མ་རྒྱུ་དང༌། ཕྱི་མ་ཕྱི་མ་དེའི་འབྲས་བུ་བྱས་པས་ན་སྒོམ་བྱུང་གི་ཤེས་རབ་རྣམ་པར་དག་པ་ཞིག་ཡོང་བ་ལ་བསམ་བྱུང་གི་ཤེས་རབ་དགོས་པ་དང༌། བསམ་བྱུང་གི་ཤེས་རབ་རྣམ་པར་དག་པ་ཞིག་ཡོང་བ་ལ་ཐོས་བྱུང་གི་ཤེས་རབ་དགོས་པ་ཡིན། དེ་རྣམས་ཤེས་རབ་སྔ་མ་སྔ་མས་ཉེར་ལེན་བྱས་ཏེ་ཕྱི་མ་ཕྱི་མ་སྐྱེ་དགོས་པ་ཞིག་ཡིན།

    ཁྱེད་རང་ཚོས་གོང་དུ་རྒྱུ་འབྲས་ཀྱི་སྐོར་བཤད་པ་ལྟར་ཡིན། དཔེར་ན། ང་རང་ཚོས་ཐོག་མར་ཡི་གེ་སློབ་པའི་སྐབས་ཐོག་མར་ཨེ་ཤེས་ལྟོས། དེ་ནས་ཨེ་ཡག་ལྟོས། དེ་ནས་ཨེ་མགྱོགས་ལྟོས་ཞེས་པ་ལྟར་ཡིན། ང་རང་ཚོས་ཡི་གེ་སྦྱོང་བའི་སྐབས་ཐོག་མར་ཨེ་ཤེས་ལྟོས་ཞེས་པ་ལྟར་ཀ་ཁ་ག་ང༌། ཞེས་སྦྱངས་པ་དང༌། དེ་ནས་རིམ་བཞིན་ཚུགས་རིང་དང༌། ཚུགས་ཐུང༌། འཁྱུག་ཡིག་སོགས་རིམ་པར་སྦྱོང་གི་ཡོད། ཐོག་མར་སྦྱང་ཤིང་དང༌། དེ་རྗེས་ཤོག་ཐོག་ཏུ་ཕབ་སྐབས་ཐོག་མར་ཨེ་ཤེས་ལྟོས། དེ་ནས་ཨེ་ཡག་ལྟོས། དེ་ནས་ཨེ་མགྱོགས་ལྟོས་ཞེས་པ་ལྟར་ཡིན།

    ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས་དགོས་པ་དང༌། ཐོས་བྱུང་གི་ཤེས་རབ་སྐྱེས་པ་དེ་ཉིད་ཨེ་ཡག་ལྟོས་ཞེས་བརྗོད་པ་ལྟར་སེམས་ནང་ངེས་པ་ཐོབ་པ་ཞིག་ཡོང་བ་ལ། བསམ་བྱུང་གི་ཤེས་རབ་ཀྱིས་སོ་སོར་བསམ་བློ་བཏང་སྟེ་ཡང་ནས་ཡང་དུ་དཔྱད་པ་དང༌། རང་དོན་སྒྲུབ་ཀྱི་རྟགས་ཡང་དག་དང༌། གཞན་དོན་སྒྲུབ་ཀྱི་རྟགས་ཡང་དག་ཅེས་བརྗོད་པ་ལྟར་སོ་སོ་སོ་སོར་རྒྱུ་མཚན་བཀོད་ནས་བསམ་བློ་གཏོང་རྒྱུ་དེ་གཙོ་བོ་ཡིན། རྟགས་གསལ་བཏང་ནས་གཞན་ལ་བཟོ་ལྟ་སྤྲོད་རྒྱུའི་དོན་དུ་མིན་པར། རང་གི་སེམས་ལ་རྟགས་གསལ་བཏང་ནས་བཟོ་བཅོས་རྒྱག་རྒྱུ་དེ་བསམ་བྱུང་གི་ཤེས་རབ་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་ཡོད། དེ་ལྟར་ཐོས་བྱུང་གི་ཤེས་རབ་དང༌། དེ་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ། དེ་ལ་བརྟེན་ནས་ངེས་པ་ཐོབ་པའི་དོན་དེར་ཡང་ཡང་འདྲིས་ཤིང་གོམས་པར་བྱས་པ་དང༌། ལྷག་པར་དུ་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་པའི་ཐོག་ནས་སྒོམ་བྱུང་གི་ཤེས་རབ་སྐྱེས་དགོས་པ་ཡིན།

    དེ་ལྟ་བུའི་ཉན་སེམས་བསྒོམ་གསུམ་བྱས་ཞེས་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགོས་པ་ཡིན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཉིད་མི་ཡི་ལུས་རྟེན་ལ་ཡོད་པ་ལྟ་བུ་ཞིག་སྲོག་ཆགས་གཞན་སུ་གཅིག་ལའང་མེད། དཔེར་ན། དུད་འགྲོར་ཆ་བཞག་ན། འགྲོ་སྟངས་དང༌། དོགས་པ་ཡོད་རིགས་ཁྱི་སོགས་ལ་བསླབས་ན་ཅུང་ཟད་རེ་ཤེས་ཀྱི་ཡོད། དྲི་མའི་ཐོག་ནས་རྫས་ངན་གྱི་རིགས་གང་དག་ཡོད་མིན་དང༌། འཐོར་ཞིག་ཏུ་འགྲོ་བའི་འབར་གས་ཀྱི་རིགས་གང་དང་གང་ཞིག་ཡོད་མེད་ཁྱི་ལ་སློབ་སྦྱོང་སྤྲད་ན་དྲི་མའི་ཐོག་ནས་ཤེས་ཀྱི་ཡོད་པ་དེ་ཙམ་ཞིག་ལས། དེ་ལས་ལྷག་པའི་དེའི་རྒྱུ་དང་འབྲས་བུའི་འགྲོ་སྟངས་དང༌། དངོས་འགལ་དང་རྒྱུད་འགལ་སོགས་ལ་བསམ་བློ་གཏོང་བ་དང༌། འབྲེལ་བ་ལའང་བདག་གཅིག་འབྲེལ་དང་དེ་འབྱུང་འབྲེལ་སོགས་ཀྱི་བསམ་བློ་གཏོང་རྒྱུའི་རྣམ་དཔྱོད་གཏན་ནས་མེད།

    ང་ཚོའི་རྟོག་པ་མང་པོ་ཞིག་ཚིག་གི་རྗེས་སུ་འབྲང་གི་ཡོད། ཇི་ཙམ་གྱིས་མིང་ཚིག་མང་བ་ཡོད་པ་དེའི་ཚོད་ཀྱིས་ཚིག་དེས་དྲངས་པའི་རྣམ་རྟོག་ཀྱང་མང་པོ་ཞིག་ཡོང་གི་ཡོད། དེས་ན་གནས་ཚུལ་མང་པོ་ཞིག་གཏན་ལ་ཕབ་པ་ནི། དབང་པོའི་ཤེས་པ་ཁོ་ནས་གཏན་ལ་ཕབ་མི་ཐུབ་པར་འདུ་ཤེས་གཡེར་པོ་ཞེས་བརྗོད་པ་ལྟར་རྟོག་པས་གཏན་ལ་ཕབ་དགོས་པ་ཡིན། དབང་པོ་ཁོ་ནས་ཆ་ཚང་རྟོགས་མི་ཐུབ་པས་གཙོ་བོ་ཡིད་བློ་རྟོག་པས་བྱེད་ཀྱི་ཡོད། དེས་ན་རྟོག་པ་ཕལ་མོ་ཆེ་ཚིག་གི་རྗེས་སུ་འབྲང་ནས་ཡོང་གི་ཡོད། མང་པོ་ཞིག་མིང་བརྡས་བཀོད་ཅིང་དེའི་རྗེས་འབྲེལ་གྱི་རྟོག་པ་དེ་རྣམས་སླེབས་ཀྱི་ཡོད། དེར་བརྟེན་མིའི་ཀླད་པ་མཆོག་ཡིན་པས་མི་ལྟ་བུ་ཞིག་གཞན་གྱིས་ཡོང་མི་ཐུབ་པ་ཡིན། དེར་བརྟེན། དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར། །ཞེས་པས་དལ་འབྱོར་གྱི་ལུས་རྟེན་སྐོར་གསུང་གི་ཡོད།

    དལ་བ་དང་འབྱོར་པ་ཞེས་པ་ནི། དེ་ཡང་དལ་བ་ནི་དུས་ཚོད་ཡོད་པའི་དོན་ཡིན། དཔེར་ན། དེ་རིང་ང་བྲེལ་བ་ཡོད་ཅེས་བརྗོད་སྐབས་དལ་བ་མེད་པ་ཡིན། དེ་རིང་ང་ལྷོད་ལྷོད་ཡིན་ཞེས་བརྗོད་སྐབས་བྱེད་ལོང་ཡོད། དེས་ན་དལ་བ་ཞེས་པ་ནི་ཁོམ་པའི་དོན་ཡིན། དལ་བ་ངོས་བཟུང་བ་ནི་མི་ཁོམ་པ་བྲལ་བའི་ཆ་ནས་དལ་བ་ངོས་འཛིན་གྱི་ཡོད། འབྱོར་པ་ཞེས་པ་ནི་མཐུན་རྐྱེན་ཡིན་ལ། མཐུན་རྐྱེན་ལྡན་པའི་ཆ་ནས་འབྱོར་པ་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་དལ་བ་དང་འབྱོར་པ་ཞེས་བརྗོད་སྐབས་དལ་འབྱོར་གཉིས་ངོས་བཟུང་བ་ཡིན། དེ་ཡང་གྲུ་ལ་དཔེ་སྦྱར་བའམ་གྲུ་ཡི་གཟུགས་སུ་བཀོད་ནས་གྲུ་ཆེན་ཞེས་བརྗོད་སྐབས་དལ་འབྱོར་དོན་ཆེ་བ་ཞེས་གསུང་གི་ཡོད། དལ་བ་དང་འབྱོར་པའི་གྲུ་དངོས་གནས་དགོས་པ་རླབས་ཆེན་ཞིག་སྒྲུབ་ཐུབ་པ་ཞིག་ཡིན་པས་ན། དལ་འབྱོར་གྲུ་ཆེན་ཞེས་བརྗོད་པ་ཡིན། དེ་ཡང་གནས་སྐབས་ལ་བལྟོས་ཀྱང་དོན་ཆེ་བ་དང༌། མཐར་ཐུག་ལ་བལྟོས་ནས་ཀྱང་དོན་ཆེ་བ། དེ་ལྟ་བུའི་གནས་སྐབས་དང་མཐར་ཐུག་གང་ལ་བལྟོས་ཀྱང་དོན་ཆེན་པོ་ཡིན་པ་ཞེས་པ་དེ་མི་ཚེ་གཅིག་ལ་ཆ་བཞག་ཀྱང༌། འཛམ་གླིང་འདིའི་ཐོག་འཛུགས་སྐྲུན་མིས་བྱས་པ་ལས་དུད་འགྲོ་གཞན་སུ་གཅིག་གིས་ཀྱང་བྱེད་མི་ཐུབ་པ་ཡིན། འཕྲལ་གྱི་བདེ་སྡུག་སྒྲུབ་པ་དང་སེལ་བ་ལའང་མིའི་རྣམ་དཔྱོད་ལྟ་བུ་སུ་གཅིག་ལ་མེད་པ་ཡིན། དེ་བཞིན་ཚེ་ཕྱི་མ་མངོན་མཐོ་ཞིག་སྒྲུབ་ཀྱང་མིའི་ལུས་རྟེན་གྱི་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད། དེས་ན་གནས་སྐབས་ཀྱི་འདོད་དོན་གྱི་ཆ་ནས་ཀྱང་དོན་ཆེ་བ་ཡིན།

    མཐར་ཐུག་ངེས་ལེགས་སྒྲུབ་པ་དེ་ཡང༌། བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར། །ཞེས་གསུངས་པ་ལྟར་ཐར་པའི་གོ་འཕང་སྒྲུབ་པ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགོས་པས་ན། དེའི་ཆ་ནས་དལ་འབྱོར་གྱི་ལུས་རྟེན་འདི་དོན་ཆེ་བ་ཆགས་ཀྱི་ཡོད། དེ་ལྟ་བུའི་དལ་འབྱོར་གྱི་ལུས་རྟེན་འདི་རྙེད་པར་དཀའ་བ་སྟེ། དངོས་པོ་གང་ཞིག་ཡིན་ཡང་འབྲས་བུའི་ཆོས་ཇི་ཙམ་གྱི་བཟང་པོ་ཞིག་ཡོང་གི་ཡོད་པ་དེའི་ཚོད་ཀྱིས་དེའི་རྒྱུ་ཡང་སྒྲུབ་དཀའ་བ་དང༌། རྒྱུ་དུ་མ་ཚོགས་དགོས་པ་ཞིག་ཡིན། དཔེར་ན། ང་རང་ཚོའི་འཕྲལ་སེལ་གྱི་མི་ཡོན་ཏན་ཅན་ཞིག་གིས་འབྲས་བུ་ཡོན་ཏན་ཅན་དངོས་གནས་མཁས་དབང་ཞིག་བྱེད་ཐུབ་པ་ལ། དེའི་རྒྱུ་དེ་ཡང་ལོ་མང་སློབ་སྦྱོང་བྱས་པ་དང༌། རང་ཉིད་ཀྱིས་ཉམས་ཞིབ་མང་པོ་ཞིག་བྱས་པ་བཅས་ཀྱིས་མཁས་དབང་ཞིག་བྱེད་དགོས་པ་ལས། འབྲས་བུ་མཁས་དབང་ཞེས་མཐོང་དང་ཆ་འཇོག་ཡོད་པ་ཞིག་ཡོང་བ་ལ། རྒྱུ་སྣ་ཁ་གཅིག་དང་ལས་སླ་པོའི་ཐོག་ནས་སྒྲུབ་ཐུབ་པ་ཞིག་མིན། དཔེ་དེ་བཞིན་ཇི་ཙམ་གྱིས་འབྲས་བུ་དལ་བ་དང་འབྱོར་པ་ཞེས་ཁྱད་ཆོས་མང་པོ་ཞིག་ཡོད་པའི་ལུས་རྟེན་འདི་སྒྲུབ་པའི་རྒྱུ་དེ་ཡང་རྣམ་གྲངས་མང་པོ་ཞིག་ཐོག་ནས་བསྒྲུབ་དགོས་པས་དེར་བརྟེན་རྙེད་དཀའ་བ་ཡིན་ཞེས་གསུངས་པ་ཡིན།

    བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར། །ཞེས་པའི་བདག་གཞན་འཁོར་བའི་རྒྱ་མཚོ་ནི། དེ་ཡང་འཁོར་བ་ནི་གཅིག་ནས་གཅིག་ཏུ་འཁོར་ཞིང་འགྲོ་བའི་དོན་ལ་འཁོར་བ་ཞེས་བརྗོད་ཀྱི་ཡོད། རང་གི་འདོད་པའི་དབང་གིས་མ་ཡིན་པར། རང་ཉིད་སེམས་ཀྱི་དབང་དུ་སོང་བ་དང༌། སེམས་ཉོན་མོངས་པའི་གཞན་དབང་དུ་སོང་བ་ལ་བརྟེན་ནས་ལས་བསགས་ཏེ་སྡུག་བསྔལ་ཅན་གྱི་ཕུང་པོའི་སྐྱེ་བའི་རྒྱུན་ཆད་པ་མེད་པར་གཅིག་ནས་གཅིག་ཏུ་རྒྱུད་ནས་འཁོར་ཞིང་འགྲོ་བས་ན་འཁོར་བ་ཞེས་བརྗོད་དོ། །

    འཁོར་བ་པོ་གང་ཞེ་ན། བདག་གཞན་ཞེས་པའི་བདག་དེ་ཡིན། བདག་ཅེས་པ་དེ་གང་ཡིན་ཞེ་ན། ཕུང་པོ་ལྔ་ལ་བརྟེན་ནས་བཏགས་ཙམ་དེ་ཡིན། ཕུང་པོ་ལས་དོན་གཞན་པའི་བདག་མེད་ལ། ཕུང་པོ་ལ་དབང་སྒྱུར་མཁན་གྱི་རྗེ་བོ་ལྟ་བུའི་བདག་རང་རྐྱ་བ་ཡང་མེད། བདག་ཅེས་པ་ནི་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱིས་བདག་ཅིག་ཡིན། དེ་ནི་མིང་ཙམ་བརྡ་ཙམ་ཞིག་ཆགས་ཀྱི་ཡོད། དེ་ལྟ་བུའི་བདག་ནི་འཁོར་བ་པོ་ཡིན།

    གང་གིས་འཁོར་བ་ཡིན་ཞེ་ན། ལས་ཉོན་གཉིས་ཀྱིས་འཁོར་བ་ཡིན། གང་དུ་འཁོར་བ་ཡིན་ཞེ་ན། ལས་ཉོན་གྱིས་འཕངས་པའི་ཉེ་བར་ལེན་པའི་ཕུང་པོ་དེ་ཡིན། དེ་ཡང་ཉེ་བར་ལེན་པ་ཞེས་པ་ནི། ལས་ཉོན་ལ་བཞག་ནས་དེ་ལས་སྐྱེས་ཤིང་དེ་ཉིད་འཕེལ་བའི་རྟེན་བྱེད་མཁན་གྱི་ཆ་ནས་ཉེ་བར་ལེན་པའི་ཕུང་པོ་ཞེས་བརྗོད་པ་ཡིན། སྡུག་བསྔལ་ཕུང་པོ་ཅན་གྱི་ཕུང་པོ་ཞེས་བརྗོད་པ་ལྟར། དེ་ལྟ་བུའི་ཕུང་པོའི་སྐྱེ་རྒྱུན་གཅིག་ནས་གཅིག་ཏུ་རྒྱུད་ནས་འགྲོ་ཞིང་འཁོར་བས་ན་འཁོར་བ་ཞེས་བརྗོད་པ་ལྟར་འཁོར་ཚུལ་དེ་ལྟར་ཡིན། དེ་ལྟ་བུའི་འཁོར་བ་ལས་གྲོལ་ཐབས་གང་ཞེ་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས།

ལས་དང་ཉོན་མོངས་ཟད་པའི་མཐར། །

    ཞེས་གསུངས་པ་ལྟར་ལས་དང་འཆིང་བྱེད་གང་གིས་འཁོར་བ་ལ་འཁོར་བའམ། སྡུག་བདེན་གྱི་ཕུང་པོ་འདིར་རང་ཉིད་བཅིངས་པ་ནི་ལས་ཉོན་གྱིས་བྱེད་ཀྱི་ཡོད་པས་ན། དེ་ལྟ་བུའི་ལས་ཉོན་གཉིས་ལས་ཐར་ན་འཁོར་བ་ལས་ཐར་བ་ཡིན། མདོར་ན་ལས་ཉོན་ཇི་ལྟར་བྱས་ཏེ་མེད་པ་བཟོ་དགོས་སམ་ཞེ་ན། འཁོར་བའི་སྐྱེ་བ་ནི་ཟག་བཅས་ལས་ཀྱི་དབང་གིས་བྱུང་བ་དང༌། ལས་དེ་ཉོན་མོངས་ཀྱི་དབང་གི་བྱུང་བ་ཡིན། ཉོན་མོངས་དེ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གམ་སྤྲོས་པའི་རྣམ་རྟོག་ལས་བྱུང་བ་ཡིན། དེ་ནི་བདག་འཛིན་གཙོ་བོར་གྱུར་པའི་ཚད་མའི་སྤྲོས་པའམ་རྣམ་རྟོག་གི་རྗེས་སུ་འབྲངས་པའི་སྤྲོས་པས་བྱས་པ་ཡིན། དེས་ན་སྤྲོས་པ་དེ་དག་ཐམས་ཅད་གང་གིས་སེལ་བ་ཡིན་ཞེ་ན། སྟོང་ཉིད་ཀྱི་ལྟ་བས་སྤྲོས་པ་ཐམས་ཅད་སེལ་བར་བྱེད་པ་ཡིན། དེ་ཡང་དབུ་མ་རྩ་བ་ཤེས་རབ་ལས།

དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །

    ཞེས་གསུངས་ཡོད། བཅོམ་ལྡན་འདས་ཀྱིས་ང་རང་ཚོའི་སེམས་རྒྱུད་འདི་ཉོན་མོངས་དུག་གསུམ་གྱིས་ཕྱི་ཚོས་ནང་ཚོས་བྱས་ཏེ་བསྡད་ཡོད་ཅིང༌། དེ་ལྟ་བུའི་ཐོག་མ་མེད་པ་ནས་ཉོན་མོངས་པས་ཕྱི་ཚོས་ནང་ཚོས་བྱས་ནས་ཡོད་པའི་སེམས་མ་དུལ་བ་འདི་དགེ་བའི་དམིགས་རྣམ་ཡུད་ཙམ་བསྐྱངས་པས་མི་ཕན་ཞིང༌། དེས་ནུས་པ་ཐོན་མི་ཐུབ། དེས་ན་རྒྱུན་བསྲིངས་ཤིང་བརྩོན་པའི་སྟོབས་བསྐྱེད་ནས་དགེ་བའི་ཕྱོགས་ལ་གོམས་པ་ཇེ་ཆེར་འགྲོ་བ་ཞིག་གི་ཐོག་ནས་སེམས་ཀྱི་སྐྱོན་རྣམས་སེལ་དགོས་པས་བརྩོན་པ་ཤུགས་ཆེ་དགོས་ཞེས་གསུངས་ཡོད། དེར་བརྟེན། ཉིན་དང་མཚན་དུ་ཞེས་གསུངས་སོ། །

    གཡེལ་བ་མེད་པ་ཞེས་པ་ནི། གཙོག་པུར་འདུག་པ་དང༌། སྔགས་བགྲང་བ་གཅིག་པུ་མིན་པར་དྲན་ཤེས་དང་བག་ཡོད་བསྟེན་ཞིང༌། ཤེས་བཞིན་གྱིས་ཟིན་པའི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་སྐབས་གང་ཡིན་གྱི་དམིགས་པ་དེ་དང་དེ་ལ་དམིགས་རྣམ་དེ་ཉིད་མ་ཤོར་བའི་ཐོག་ནས་དཔྱད་པ་བྱེད་པ་དང༌། རྩེ་གཅིག་ཏུ་འཇོག་སྒོམ་བྱེད་པ་གང་ཞིག་ཡིན་ཡང་དམིགས་པ་དེ་ཉིད་ལ་བློ་ཧྲིལ་གྱིས་བསྒྲིལ་བའི་ཐོག་ནས་དཔྱད་སྒོམ་དང་འཇོག་སྒོམ་ལྟ་བུ་བྱེད་དགོས་ཞེས་གསུངས་པ་ཡིན། དེས་ན། ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ནི་ལག་ལེན་དང་པོ་དེ་ཡིན།

༢༽ ཕ་ཡུལ་སྤོང་བ།

གཉིས་པ་དུག་གསུམ་གྱི་འབྱུང་གནས་ཕ་རུལ་སྤོང་བ་ནི། རྩ་བ་ལས།

གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །

བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། ། 

ཞེས་གསུངས་པ་འདིས་དེ་ལྟ་བུའི་དལ་འབྱོར་གྱི་ལུས་རྟེན་ཐོབ་པའི་སྐབས་འདིར་ཉིན་མཚན་གཡེལ་བ་མེད་པར་སྒོམ་པ་རྩེ་གཅིག་ཏུ་བྱེད་པའི་འགལ་རྐྱེན་གང་ཡིན་ཞེ་ན། ཆགས་སྡང་གཉིས་ཡིན། ཆགས་སྡང་གཉིས་ནི་རྩ་བ་ང་ཚོའི་རྒྱུད་ལ་ཆགས་སྡང་གི་བག་ལ་ཉལ་ཡོད་བཞིན་པ་ཡིན། དེ་བཞིན་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཡོང་བ་ཡོད་བཞིན་པ་ཡིན། འོན་ཀྱང་དེའི་རྐྱེན་ཕྱི་ཡི་དམིགས་པས་བྱེད་ཀྱི་ཡོད། རང་གི་དགའ་ཉེ་བློ་དཀར་དང་གཉེན་ཉེ་དུ་མང་པོ་ཡོད་སའི་ཕྱོགས་ལ་ཇི་ཙམ་གྱི་མེད་ཅེས་བརྗོད་ཀྱང༌། རང་ཤུགས་ཀྱི་གཉེན་གྱི་ཕྱོགས་ལ་ཞེན་ཅིང་ཆགས་པའི་ཞེན་ཆགས་ཡོང་བ་དང༌། དེ་བཞིན་ཇི་ཙམ་གྱིས་ཞེན་ཆགས་ཡོད་པ་དེའི་ཚོད་ཀྱིས་དེའི་མི་མཐུན་ཕྱོགས་ལ་སྡང་བའི་བློ་དང༌། དོགས་པ། འཇིགས་སྣང༌། ཞེ་སྡང༌། ཕྲག་དོག འཁོན་འཛིན་སོགས་རང་ཤུགས་ཀྱིས་ཡོང་བ་ཞིག་ཡིན། དཔེར་ན། མི་ཞེན་ཆགས་ཇི་ཙམ་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་མི་དེ་ལ་ཐུག་ཙམ་ཞིག་ཀྱང་འགྲོ་ས་མེད་པ་ལྟ་བུ་དང༌། མི་ཞེན་ཆགས་དེ་ཙམ་མེད་པ་ཞིག་ལ་བསྟན་བཤིག་ཅིག་བསླངས་ན་ཡང་ལམ་སེང་འཕོག་ཐུག་མི་འགྲོ་བ་ཞིག་ཡོད་པ་ཡིན། མི་ངར་འཛིན་ཧ་ཅང་དམ་པོ་ཡོད་པ་ཞིག་ལ། བསྟན་བཤིག་ཅིག་བསླངས་ཀྱང་གཟབ་གཟབ་མ་བྱས་ཚེ་རྒྱག་རེས་ཀྱི་ཐོག་ཏུ་འགྲོ་བའི་ཉེན་ཁ་ཡོད་པ་ལྟ་བུ་ཡོང་གི་ཡོད། དེས་ན་ཆགས་སྡང་གི་བློ་སྐྱེ་སའི་དམིགས་པའམ་རྐྱེན་མང་པོ་ཞིག་འཛོམས་ས་དེ་ཡག་པོ་མེད་ཅེས་གསུངས་ཡོད། དེ་ནི་རྩེ་གཅིག་གི་སྒྲུབ་པ་ཉམས་ལེན་བྱེད་མཁན་ཞིག་གི་དབང་དུ་བྱས་ནས་གསུང་གི་ཡོད་པ་ལས། ང་རང་ཚོ་མི་ཚང་མར་དེ་ལྟར་ཡོངས་ཐབས་མེད་པ་ཡིན། དེས་ན་ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་ཏེ་དེ་ནི་ཆགས་སྡང་སྐྱེ་སའི་ཡུལ་ལས་ཐག་བསྲིངས་བའི་དོན་ཡིན།

    དཔེར་ན། སྔར་བོད་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སློབ་གཉེར་བ་རྩེར་སོན་ཕལ་མོ་ཆེ་ཡ་ཕུལ་ཐག་རིང་ནས་ཡོང་བ་གཙོ་ཆེ་ལ། སོག་པོར་ཆ་བཞག་ན། སོག་པོའི་གྲྭ་རྒྱུན་ཁྲོད་དུ་རྡོབ་རྡོབ་ཕལ་ཆེར་མཐོང་རྒྱུ་མེད། ངོས་རང་ཆུང་ངུའི་སྐབས་སུ་སེ་འབྲས་དགའ་གསུམ་ལ་སོག་པོའི་གྲྭ་རྒྱུན་བརྒྱ་ཙམ་ཞིག་ཡོད། དེ་དག་ཕལ་མོ་ཆེ་སློབ་གཉེར་བྱེད་མཁན་ཤ་སྟག་ཡིན། དེ་ནི་ཕ་ཡུལ་ཐག་རིང་ནས་ཡོང་བས་ན་འཁྱམ་ས་དང་མགོ་འཁོར་ས་གང་ཡང་མེད། དེ་མིན་ཉེ་འཁོར་ནས་ཡོང་བ་རྣམས་མཚམས་རེ་དགེ་རྒན་ལ་དགོངས་པ་ཞུས་པ་དང༌། མཚམས་རེ་དགེ་རྒན་ལ་མགོ་འཁོར་ཡང་བཏང་སྟེ་བྲོས་བྱོལ་དུ་ཕྱིན་པ་བཅས་མདོར་ན་རང་ཉིད་འཁྱམ་ས་ལྟ་བུ་ཡོད་པས་ན། ཇི་ལྟར་བྱས་ཀྱང་ཟ་ཐུང་གི་མཐུན་རྐྱེན་འཛོམས་པ་དང་སློབ་སྦྱོང་སྐྱོ་བ་ཡོད། དཔེར་ན། མཚན་ཞབས་རྒན་དངོས་གྲུབ་མཆོག་བརྙེས་ལྟ་བུར་མཚོན་ན་སོག་པོ་ནང་སོག་ཡིན། མཚན་ཞབས་བདུན་ཡོད་པའི་ནང་གི་ཕྱག་དཔེ་དྲག་ཤོས་ཤིག་དང༌། ཧ་ལས་པའི་མཁས་པ་ཞིག་ཡིན། ང་རང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།

    དེ་བཞིན་ཕྱིས་ཀྱི་རྒན་ཉི་མ་ལ་ཆ་བཞག་ན། རྩམ་པ་ཙམ་ཡང་མེད་པར་ཉིན་གྲངས་མང་པོར་བཞུགས་པ་དང༌། མཚམས་རེ་སློང་མོ་ཕྲན་བུ་སྐྱོན་པ་ལྟ་བུ་མཛད་ནས་བཞུགས་མྱོང་བ་དང༌། སྐུ་ངལ་ཆེན་པོ་སྐྱོན་ནས་སློབ་གཉེར་སྐྱོན་གནང་མཛད་ཡོད། ཁོང་རྣམས་ཕ་ཡུལ་ཧ་ཅང་ཐག་རིང་ནས་ཕེབས་ཤིང༌། ལྷ་སའི་གཡས་གཡོན་དུ་གཉེན་ཉེ་འཁོར་ལྟ་བུ་འགྲོ་ས་དང་འཁྱམ་ས་གང་ཡང་མེད་པས་ཁྱད་པར་ཡོད། དེ་བཞིན་ཉིན་མཚན་སྦྲེལ་ནས་སྒྲུབ་པ་ཉམས་ལེན་བྱེད་མཁན་ཞིག་ཡིན་ན། ལུས་འདུ་འཛི་ལས་ཐག་བསྲིངས་བ་ནི་གལ་ཆེན་པོ་ཡིན། དེ་ལས་གཙོ་ཆེ་བ་ནི་སེམས་ཀྱི་དབེན་པ་བསྟེན་རྒྱུ་དེ་གལ་འགངས་ཆེ་བ་ཡོད། ལུས་ཀྱིས་རི་ཁྲོད་ལྟ་བུར་བསྡད་དེ་མི་སུ་དང་ཡང་འགྲོགས་འདྲིས་མེད་པར་རི་དྭགས་རྨས་པ་བཞིན་བསྡད་དེ་དབེན་པ་བསྟེན་ན་ཡང༌། བསམ་རྒྱུ་དེ་ཙམ་མེད་པ་དང༌། འདོན་པ་བཏོན་པ་དང་སྔགས་ལྟ་བུ་བགྲངས། དེ་དག་བྱས་ཟིན་པའི་རྗེས་བསམ་བློ་གཏོང་སྐབས་ཕལ་ཆེ་བ་གཏི་མུག་སྒོམ་པ་ལྟ་བུ་དང༌། གཉིད་ལྕོགས་རྒྱག་པ་ལྟ་བུ་བྱས་ཏེ་བསྡད་ན་དགོས་པ་གང་ཡང་མེད།

    ཡང་སྡོད་ས་རི་ཁྲོད་དུ་བསྡད་ཅིང་བྱུས་ཏོག་རང་ཉིད་ཀྱི་ནང་དུ་བྱས་ཏེ། ནང་དུ་ལན་དང་ཡི་གེ་ལྟ་བུ་བསྐུར་ནས་འདི་དང་འདི་བྱེད་དང༌། ཚོང་འདི་དང་འདི་རྒྱོབས། འདི་ལོ་གནམ་གྲང་མོ་འདུག་པས་ལམ་འགྲོ་ཡག་པོ་ཡོང་བ་འདུག་བལ་གོས་ཚོང་བར་སོང་ཞེས་བརྗོད་པ་ནི་ལུས་རི་ཁྲོད་དུ་བསྡད་ཡོད་ཀྱང༌། སེམས་གྲོང་ནང་དུ་རྒྱུགས་པ་ལྟ་བུ་བྱས་ནས་བསྡད་ན་ཕན་ཐོགས་གང་ཡང་མེད། དེས་ན་ལུས་འདུ་འཛི་ལས་དབེན་པ་དགོས་ཀྱང༌། གཙོ་བོ་ནི་སེམས་རྟོག་ལས་དབེན་པ་ཞིག་དགོས་པ་ཡིན། སེམས་ཀྱི་དབེན་པ་བསྟེན་དགོས་པ་ནི་གལ་གནད་ཆེན་པོ་ཡིན།

    ཁྱེད་རང་ཚོ་སློབ་གྲྭའི་ནང་དུ་འཛིན་གྲྭ་འཚོགས་སྐབས་སློབ་ཚན་གང་ཞིག་ཡིན་པ་དེ་གའི་ཐོག་ཏུ་སེམས་རྩེ་གཅིག་ཏུ་བཞག་ནས་སློབ་སྦྱོང་བྱེད་པ་དང༌། འཛིན་གྲྭའི་བར་གསེང་ལྟ་བུར་ཡིན་ཡང་རང་སྦྱོང་བྱེད་པ་སོགས་སེམས་སྲུང་ཞིང་རིག་པ་བསྒྲིམས་ནས་བྱས་པ་དེ་སློབ་སྦྱོང་ལེགས་པ་ཡོང་བ་ཡིན། དེ་མིན་འཛིན་གྲྭའི་ནང་དུ་སེམས་གཞན་དུ་གཡེང་བ་དང༌། རང་སྦྱོང་བྱེད་པའི་དུས་ཚོད་ལའང་དེ་བས་གཡས་གཡོན་གང་སར་འཁྱམས་ནས་སྡིག་གྲོགས་ངན་པ་དང་འཕྲད་པའི་ཐོག་ནས་ཕྱིན་ན་སློབ་སྦྱོང་ཡང་མི་ཡོང་བ་ཡིན། དེས་ན། ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུང་གི་ཡོད། འདིའི་ཕན་ཡོན་གང་ཞིག་ཡོད་ཅེ་ན། གསུམ་པ་ཡོན་ཏན་གྱི་འབྱུང་གནས་དབེན་པ་བསྟེན་པ་ནི།

༣༽ དབེན་པ་བསྟེན་པ།

ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །

རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེས། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས་ཤིང༌། འདི་ནི་དལ་འབྱོར་དོན་ཆེན་རྙེད་དཀའ་ཞེས་པ་དེ་ཡིན། དེ་ནས། བཞི་པ་མི་རྟག་པ་དྲན་པས་ཚེ་འདི་བློས་གཏོང་བ་ནི། 

༤༽ ཚེ་འདི་བློས་གཏོང་བ།

ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ། །འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས། །

ལུས་ཀྱི་འགྲོན་ཁང་རྣམ་ཤེས་འགྲོན་པོས་བོར། །ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པ་འདིས་མི་རྟག་པ་གསུང་གི་ཡོད། དེ་ཡང་བློ་ལྡོག་རྣམ་བཞི་ལྟར་བྱས་ན་དལ་འབྱོར་དོན་ཆེན་རྙེད་དཀའ་དང༌། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་ཀྱིས་ཐར་པར་དཀྲི་བའི་ཐོག་ཏུ་འཁྲིད་གནང་གི་ཡོད། ཡང་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་སྐབས། དལ་འབྱོར་དོན་ཆེན་རྙེད་དཀའ་དང༌། འཆི་བ་མི་རྟག་པ། ངན་འགྲོའི་སྡུག་བསྔལ། སྐྱབས་འགྲོ། ལས་འབྲས་བཅས་གསུང་སྐབས་མངོན་མཐོ་སྒྲུབ་པ་དེ་གསུང་གི་ཡོད། སྐྱེས་བུ་ཆུང་ངུའི་ཆོས་སྐོར་གསུངས་པ་འདི་ལྟར་ཡིན། ཚིགས་བཅད་འདིས་མི་རྟག་པ་སྒོམ་པ་དེ་གསུང་གི་ཡོད།

ང་རང་ཚོའི་ལུས་རྟེན་བཟང་པོ་འདི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཇི་འདྲ་ཞིག་བསྒྲུབ་ཀྱང་སྒྲུབ་ཐུབ་པའི་ལུས་རྟེན་བཟང་པོ་འདི་ལ་རྟག་པ་དང་བརྟན་པ་མེད། དེ་ཡང་སྤྱིར་འཆི་བར་ངེས་ཤིང༌། འཆི་བ་ནམ་ཡོང་ལའང་ཆ་མ་མཆིས་པ་ཡིན། དཔེར་ན། དེ་རིང་ང་ཚོ་འདིར་འཛོམས་པའི་མི་རྣམས་དོ་དགོང་མི་འཆི་ཞེས་བརྒྱ་ཆ་བརྒྱ་ཐམ་པ་ཚོད་མི་ཐིགས་པ་ཡིན། འོན་ཀྱང་གཟུགས་པོ་བདེ་ཐང་ཡིན་ལ། མཐུན་རྐྱེན་ཡང་འཛོམས་ཡོད་པས་བརྒྱ་ཆ་དགུ་བཅུ་གོ་དགུ་མི་འཆི་བསམ་པ་ལྟ་བུ་ཚོད་ཐིག་པ་ལས། བརྒྱ་ཆ་གཅིག་དེ་ཚོད་པ་ཐིགས་པ་ཁག་པོ་ཡིན། གློ་བུར་དུ་རྡབ་སྐྱོན་གྱི་རྐྱེན་ངན་ལྟ་བུ་ཡོང་སྲིད་པ་ཡིན། དེས་ན་སྤྱིར་འཆི་བར་ངེས་ཤིང༌། ནམ་འཆི་ངེས་མེད་དུ་གསུངས་ཏེ་ཚེ་ལ་ངེས་པ་མེད་པ་དང༌། མཐུན་རྐྱེན་འཛོམས་མིན་གྱི་སྐད་ཆ་མེད། སྐབས་རེ་ཟ་བཏུང་ལོངས་སྤྱད་པ་ནི་ཚེ་འདི་གསོན་པའི་མཐུན་རྐྱེན་ཡིན་ཡང་ཟ་བཏུང་སྤྱོད་ཉེས་སུ་སོང་སྟེ་ནད་ན་ཚ་ཡོང་བ་དང༌། འཆི་བའི་རྐྱེན་བྱེད་པ་ཡོང་གི་ཡོད། དེར་བརྟེན་གསོན་པའི་རྐྱེན་ཉིད་ཀྱང་འཆི་བའི་རྐྱེན་དུ་འགྲོ་བ་ཡིན་ཞེས་གསུང་གི་ཡོད། དེས་ན་ནམ་འཆི་ངེས་མེད་དང༌། འཆི་བའི་གནས་སྐབས་སུ་རང་ཉིད་ཀྱི་དགའ་ཉེ་བློ་དཀར་ཞེས་ཇི་ཙམ་གྱི་བཟང་པོ་ཞིག་ཡོད་ཀྱང་དེ་རྣམས་བཞག་ནས་འགྲོ་དགོས་པ་ཡིན། དཔེར་ན། བླ་མ་ཞིག་ཡིན་ཡང་སློབ་མ་ཇི་ཙམ་ཡོད་ཀྱང་བཞག་དགོས་པ་དང༌། དཔོན་པོ་ཞེས་གྲོགས་ཇི་ཙམ་གྱི་ཡག་པོ་ཞིག་ཡོད་ཀྱང་དེ་དག་བཞག་དགོས་པ། བཟའ་ཚང་ཞིག་ཡིན་ཡང་གཏན་གྱི་གྲོགས་ཞེས་མཐུན་པོ་དང་འཆམ་པོ་ཞིག་ཡོད་ཀྱང་འཆི་བའི་ཉིན་བཞག་ནས་འགྲོ་དགོས་པ་ལས་བྱ་རྒྱུ་གང་ཡང་མེད། ཕ་མ་བུ་ཕྲུག་ཅེས་བརྩེ་བ་ཇི་ཙམ་ཞིག་ཡོད་ཀྱང་ཐམས་ཅད་བཞག་དགོས་པ་ལས་གང་ཡང་མེད། སྐབས་དེར་གཉེན་ཉེ་དུ་གང་གིས་ཀྱང་མི་ཕན་པ་ཧ་ཅང་གི་གསལ་པོ་ཡིན།

    དེ་བཞིན་རང་གི་རྒྱུ་ནོར་ལོངས་སྤྱོད་དང༌། དངུལ་ཁང་གི་དངུལ་བཅོལ་ཇི་ཙམ་ཞིག་ཡོད་ཀྱང༌། དེ་དག་ཚང་མ་བཞག་རྒྱུ་ལས་དེས་ཕན་ཐོགས་གང་ཡང་མེད། འཆི་བའི་གནས་སྐབས་སུ་ལོངས་སྤྱོད་ཀྱི་མི་ཕན་ལ། གཉེན་བཤེས་ཀྱིས་ཀྱང་མི་ཕན། ཐ་ན་རང་གི་ལུས་བདེ་ཐང་དང༌། སྟོབས་དང་ལྡན་པ་ཇི་འདྲ་ཞིག་ཡོད་ཀྱང་འཆི་བའི་ཉིན་དེར་བཞག་རྒྱུ་ལས་དེས་ཕན་ཐོགས་གང་ཡང་མེད། དེས་ན་སྐྱེ་བ་ཕྱི་མ་ཞེས་པ་དེ་ཟིན་སྐབས་འཇིག་རྟེན་ཕྱི་མའི་ལྔ་ལམ་ཞེས་པའི་ཕྱི་མའི་ལམ་དེ་ཟིན་པའི་གནས་སྐབས་སུ་ཕན་པ་ནི་ང་རང་ཚོའི་ཤེས་པའི་རྒྱུད་འདིའི་སྟེང་ལ་དགེ་བའི་བག་ཆགས་བཟང་པོ་ཞིག་ཡོད་ན། དེས་ཕན་པ་ཞིག་ཡོད་པ་ལས་དེ་མིན་གང་གིས་ཀྱང་ཕན་ཐོགས་མེད། ཚེ་འདི་དང་འབྲེལ་བ་དང༌། གཙོ་བོ་ལུས་འདི་དང་འབྲེལ་བའི་ཕུན་ཚོགས་ཇི་ཙམ་ཞིག་ཡོད་ཀྱང༌། ལུས་འདི་བཞག་པའི་ཉིན་དེར་ཕན་ཐོགས་རྩ་བ་ནས་མེད་པ་གསལ་པོ་ཡིན།

    སེམས་དང་འབྲེལ་བའི་སེམས་ཀྱི་ཡོན་ཏན་དང༌། དེ་ཡང་སེམས་ཀྱི་བག་ཆགས་མཐུག་པོ་ཡོད་པ་ཞིག་ཡིན་ན། སེམས་ཕྲ་མོའི་སྟེང་ལ་དེའི་ནུས་པ་ཆེ་བ་ཡོད་པ་ལྟ་བུ་ཞིག་ཡོད། དེ་ལྟར་མེད་པར་སེམས་རགས་པའི་སྟེང་ལ་བག་ཆགས་ཡོད་པ་སྟེ། དཔེར་ན། ང་རང་ཚོས་ཚེ་འདིར་སློབ་གཉེར་བརྒྱབ་པ་རྣམས་ཚེ་ཕྱི་མ་དྲན་མཁན་རིགས་འགའ་ཞིག་ཡོད་པ་ལས། དེ་མིན་ཕལ་མོ་ཆེས་དྲན་གྱི་མེད། འོན་ཀྱང་སེམས་གོམས་པའི་དབང་གིས་སེམས་ཀྱི་གཏིང་ལ་བག་ཆགས་བཞག་པ་ཞིག་ཡིན་ན། སྐྱེ་བ་ཕྱི་མ་དྲན་པ་ལ་ཕལ་ཆེར་ཤུགས་ཆེ་བ་ཡོད་པ་ཡིན། དེ་ཡང་བག་ཆགས་འཇོག་བྱེད་དེ་ཇི་ཙམ་གྱིས་འདྲིས་ཤིང་གོམས་པ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ཁྱད་པར་ཡོད། དཔེར་ན། རྨི་ལམ་ལ་ཆ་བཞག་ན། ཉི་མོའི་བྱ་གཞག་གི་ནང་དུ་སེམས་ལ་བདེ་སྡུག་གི་ཚོར་བ་ཤུགས་ཆེ་བ་མྱངས་པ་དེ་རྨི་ལམ་གྱི་གནས་སྐབས་སུ་དེ་ཉིད་གསལ་བ་གཏོང་གི་ཡོད། ཉིན་གྱི་ཆུ་ཚོད་བཅོ་ལྔ་བཅུ་དྲུག་དེའི་རིང་ལ་བཟང་ངན་མཐོང་ཐོས་སོགས་ཀྱི་ཚོར་བ་འདྲ་མིན་མང་པོ་ཞིག་ཡོང་གི་ཡོད་པ་ཚང་མ་རྨི་ལམ་ལ་ཡོང་བའི་ངེས་པ་མེད། སེམས་ནང་ཚོར་བ་ཤུགས་དྲག་པོ་བྱུང་བ་དེ་རྨི་ལམ་ལ་སླེབས་ཀྱི་ཡོད། དེ་ལྟར་སྐྱེ་བ་ཕྱི་མ་ལ་དགེ་བའི་བག་ཆགས་ཞེས་པ་དེ་ཚེ་འདིར་ཇི་ཙམ་གྱིས་གོམས་འདྲིས་ཆེ་བ་ཡོད་པ་དེས་ཕན་ཐོགས་ཆེ་བ་ཡོང་བ་ཡིན།

ལས་ཀྱིས་འཁོར་བའི་སྤྱི་གང་དང༌། །ཉེ་བ་གང་དུ་གོམས་པ་གང༌། །

སྔོན་ཆད་གང་ཡིན་སྲིད་བྱེད་ཅིང༌། །སྔ་མ་སྔ་མ་རྣམ་སྨིན་གྱུར། །

    ཞེས་གསུངས་པ་དེ་དངོས་བདེན་ཡིན། དེས་ན་ཕན་པ་ནི་ཆོས་ཁོ་ན་ཡིན། གུང་ཐང་རིན་པོ་ཆེས། ཚེ་འདི་ལ་ཆ་བཞག་ཀྱང༌། སེམས་ཀྱི་ཡོན་ཏན་དེས་ཚེ་འདི་ལ་ཕན་གྱི་ཡོད། ཚེ་ཕྱི་མ་ལ་ཡང་སེམས་སྟེང་གི་ཡོན་ཏན་དགེ་བའི་བག་ཆགས་ཡོད་ན་དེས་ཕན་གྱི་ཡོད། ཇི་ཙམ་གྱིས་ཚེ་འདི་ལ་བཟང་པོའི་ཡོན་ཏན་གོམས་འདྲིས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་སྐྱེ་བ་རྗེས་མ་དེ་ཡང་བཟང་པོའི་ཡོན་ཏན་དེ་ངམ་ངམ་ཤུགས་ཤུགས་ཀྱིས་སླེབས་ཡོང་བ་ཡིན། ཕྱི་ཡི་རྐྱེན་ཕྲན་བུ་ཞིག་འཛོམས་ན་ལམ་སང་དེ་དག་ཡོང་བ་ཞིག་ཡིན།

    ང་རང་ལ་ཆ་བཞག་ཀྱང་ཕལ་ཆེར་འདི་ལྟར་བརྗོད་ཐུབ་པ་ཞིག་འདུག ཚེ་སྔོན་མ་སྟོང་ཉིད་ཀྱི་ལྟ་བ་དང༌། བྱང་ཆུབ་ཀྱི་སེམས་སོགས་ལ་གོམས་པ་དང་རྒྱུས་ཡོད་ཕྲན་བུ་ཡོད་ས་རེད། དེས་རྐྱེན་པས་ཚེ་འདིར་དཀའ་ལས་དེ་ཙམ་མ་བརྒྱབ་ཀྱང་ཡོང་བ་ཞིག་ཡིན། ཡང་དེང་སྐབས་ཀྱི་ལག་རྩལ་རིགས་འགའ་ཞིག་ངས་རྩ་བ་ནས་ཤེས་ཀྱི་མི་འདུག དེ་ནི་ཚེ་སྔོན་མ་མེད་པ་ཡིན་ལ་མ་གོམས་པའི་རྟགས་གསལ་པོ་ཡིན། དེས་ན་རིག་གནས་ཀྱི་སྡེ་ཚན་གཅིག་གྱུར་ཞིག་ཡིན་ཡང༌། རིགས་འགའ་ཞིག་ལས་སླ་པོར་ཤེས་ཐུབ་པ་དང༌། ལ་ལ་ཤེས་དཀའ་བ་ནི་སྔར་གྱི་གོམས་པའི་ཁྱད་པར་ཞིག་ཡིན། དེས་ན་ཚེ་ཕྱི་མ་ཞེས་པ་དེ་ཟིན་སྐབས་དངོས་གནས་ཕན་ཐོགས་ཡོད་པ་ནི་ཚེ་འདིར་དགེ་བའི་བློ་ཞིག་སྐྱེས་པ་དང༌། དེ་ལ་བརྟེན་ནས་ལས་བཟང་པོ་ཞིག་བསགས་པས་ལས་ཀྱི་བག་ཆགས་ཤིག་ཡོང་བ་དང༌། ལས་ཞིག་པས་ཞིག་པའི་རྒྱུན་ཞིག་ཀྱང་ཡོང་བ་མ་ཟད། གཙོ་བོ་ནི་ཤེས་པའི་སྟེང་དུ་དེའི་ནུས་པ་ཞིག་ཡོད་པ་དེས་ཕན་གྱི་ཡོད། དེས་ན། ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་ནི་ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱིས་མཚོན་པའི་ཚེ་འདིའི་བདེ་སྐྱིད་ཁོ་ན་དང་འབྲེལ་བའི་དོན་རྣམས་ཧ་ཅང་གལ་ཆེན་དུ་བརྩི་རྒྱུ་མེད་ཅིང༌། ང་ཚོར་ལུས་ཤིག་ཐོབ་པའི་རྗེས་སུ་ཚེ་འདི་ཚོ་བའི་དོན་དུ་ལོངས་སྤྱོད་ཀྱི་མཐུན་རྐྱེན་དང༌། ལུས་བདེ་ཐང་སོགས་དགོས་པ་ཡིན། ཚེ་སྒྲུབ་དང་གཡང་སྒྲུབ་ལྟ་བུ་བྱེད་འོས་པ་ཡིན། འོན་ཀྱང་དེ་ཁོ་ན་བསྒྲུབ་བྱའི་གཙོ་བོར་བཞག་ནས་བྱས་ན་ནོར་འཁྲུལ་ཡིན་ཞེས་གསུང་གི་ཡོད། ལྔ་པ་འགལ་རྐྱེན་གྲོགས་ངན་སྤོང་བ་ནི། རྩ་བ་ལས།

༥༽ གྲོགས་ངན་སྤོང་བ།

གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང༌། །ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་ལ། །

བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། ། 

    འདི་ནས་བཟུང་སྐྱབས་འགྲོ་དང་འབྲེལ་ནས་དགེ་བའི་བཤེས་གཉེན་བསྟེན་ཚུལ་གསུང་གི་ཡོད། དགེ་བའི་བཤེས་གཉེན་བསྟེན་པའི་ཞོར་དུ་སྡིག་གྲོགས་དེ་ཡང་གསུང་གི་ཡོད། དེ་ཡང་སུ་གང་ཟག་གང་དང་འགྲོགས་ན་རང་གི་ངང་གིས་ཆགས་སྡང་འཕེལ་བ་དང༌། ཐོས་བསམ་བསྒོམ་པའི་བྱ་བ་ཉམས་པར་འགྱུར་བ། དེ་བཞིན་བྱམས་དང་སྙིང་རྗེ་མེད་ཅིང་ཉམས་པར་བྱེད་པ་ནི་གྲོགས་ངན་ཡིན་ཞེས་གསུངས་ཡོད།

    དེང་གི་དུས་སུ་དཔེར་ན། ཉེ་ཆར་ཨ་རིའི་སྲིད་འཛིན་གྱིས་བཀའ་སློབ་ཅིག་ཏུ། སློབ་ཕྲུག་རྣམས་ཀྱི་བརྙན་འཕྲིན་དང་གློག་བརྙན་བལྟ་བའི་ཐོག་ཏུ་དུས་ཕལ་མོ་ཆེ་བཏང་བའི་རྐྱེན་གྱིས་སློབ་སྦྱོང་དང༌། རང་སྦྱོང་བྱ་རྒྱུ་སོགས་ལྷོད་ཡངས་སུ་འགྲོ་བ་དང༌། རྒྱ་དཀར་ནག་གཉིས་ཀྱི་སློབ་ཕྲུག་རྣམས་དེ་ལྟ་བུའི་མགོ་འཁོར་གཡེང་བ་ཉུང་བ་ཡོད་པས་ན་སློབ་སྦྱོང་གི་གྲུབ་འབྲས་ལེགས་པ་ཡོང་གི་ཡོད་པས། མ་འོངས་པར་རྒྱ་དཀར་ནག་གི་སློབ་མ་རྣམས་ཨ་རིའི་སློབ་མའི་ཤེས་ཚད་ལས་གོང་དུ་འགྲོ་ཉེན་འདུག་པས། ཨ་རིའི་སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་ཡག་པོ་བྱེད་དགོས་ཞེས་གསུངས་འདུག དེ་ནི་བདེན་པའི་གནས་ཚུལ་ཡིན། དེང་སྐབས་སློབ་ཕྲུག་རྣམས་བརྙན་འཕྲིན་སོགས་ལ་མགོ་ཡོངས་སུ་འཁོར་བ་དང༌། བརྙན་འཕྲིན་གྱི་ནང་ནས་གསར་འགྱུར་དང༌། ཤེས་ཡོན་གྱི་སྐོར་བསྟན་པ་རྣམས་ནི་སློབ་སྦྱོང་ཡིན་པ་སྐྱོན་དེ་ཙམ་མེད། དེ་མིན་བལྟད་མོ་དང་ཟློས་གར་འཁྲབ་པ་སོགས་ཀྱིས་མི་ཚེ་འཕྲོ་བརླག་ཏུ་འགྲོ་བ་ལས་ཕན་ཐོགས་དེ་ཙམ་མེད། དེ་ཡང་མིག་ལ་གནོད་སྐྱོན་དང༌། དུས་ཚོད་ཆུད་ཟོས། མི་ཚེ་སྟོང་ཟད་དུ་འགྲོ་བས་དེ་རིགས་སྔར་ཡིན་ན་སྡིག་གྲོགས་ཁོ་ན་ཡིན་ཞིང༌། དེང་སྐབས་བརྙན་འཕྲིན་ཁོ་ནར་མགོ་འཁོར་ནས་བསྡད་ཀྱང་དེ་ཡང་སྡིག་གྲོགས་ལྟ་བུ་ཞིག་ཆགས་ཀྱི་ཡོད། དེ་ཡང་སྙིང་པོ་མེད་པའི་བྱ་བ་སྟེ། སློབ་སྦྱོང་བྱེད་པའི་སྐབས་སུ་ཕན་ཐོགས་མེད་པ་དང༌། དགེ་སྦྱོར་སྒྲུབ་པའི་སྐབས་སུ་ཡང་ཕན་ཐོགས་མེད་པ་རྣམས་ནི་སྡིག་གྲོགས་ཀྱི་ཕྱོགས་སུ་འགྲོ་གི་ཡོད། དེ་ལ་བརྟེན་ནས་དུས་བཟང་རྣམ་གཡེང་གི་ཐོག་ཏུ་ཕྱིན་ཏེ་དུས་ཚོད་ཆུད་ཟོས་སུ་འགྲོ་བ་གཙོ་བོ་ཡིན། དེས་ཐོས་པ་དང༌། བསམ་པ། བསྒོམ་པའི་བྱ་བ་རྣམས་ཉམས་པར་བྱེད་ཀྱི་ཡོད།

    དེ་བཞིན་དེང་སྐབས་བརྙན་འཕྲིན་གྱི་ནང་དུ་མི་བསད་པ་དང༌། འཁྲུག་པ་རྒྱག་པ། མེ་མདའ་བརྒྱབ་པ་ལྟ་བུ་མང་པོ་བྱེད་ཀྱི་ཡོད་སྟབས། ཕྲུ་གུ་ཆུང་ཆུང་རྣམས་ཀྱིས་ཀྱང་དེ་ལ་དབྱིངས་ལྟ་བུ་བྱེད་ཀྱི་ཡོད། སྔར་ངོས་རང་ཆུང་ངུའི་སྐབས་སུ་སྒྲུང་ཞིག་གོ་བ་ལ། སྔར་ཕྲུ་གུ་གཉིས་ལྷ་སར་འཁྱམ་འཁྱམ་དུ་འགྲོ་སྐབས། བཤན་པ་ཞིག་གིས་ལུག་བསད་པ་མཐོང་ཞིང༌། རྗེས་སུ་ཁོང་གཉིས་རྩེད་མོ་རྩེད་དེ་གཅིག་གིས་ལུག་གི་ཚུལ་དང༌། ཅིག་ཤོས་ཀྱིས་བཤན་པའི་ཚུལ་ལྟར་བྱས་ནས་རྐང་ལག་ཐག་པས་བསྡམས་ཤིང༌། པུས་མོའི་འོག་ཏུ་གནན་ནས་དངོས་སུ་གྲི་བཙུགས་པ་ཡིན། སྔར་བཤན་པས་ལུག་བསད་པ་མཐོང་བ་དེའི་བག་ཆགས་ཀྱིས་རྩེད་མོ་རྩེད་སྐབས་ཀྱང་དེ་ལྟར་བྱས་ནས་ལུག་གི་ཚབ་བྱེད་མཁན་དེར་གྲི་བཙུགས་པ་ཡིན་སྟབས་ཨ་ཚ་ཞེས་བརྗོད་སྐབས། བཤན་པའི་ཚུལ་བྱེད་མཁན་དེས་ཨ་ཚ་ཞེས་མ་བརྗོད་འབའེ་ཞེས་ལུག་གི་སྐད་ལྟར་བརྗོད་ཅེས་སྒྲུང་ཞིག་གོ་མྱོང་བ་ལྟར་ཡིན། ཉིན་མོ་གང་ཞིག་མཐོང་བ་ལྟར་བྱེད་ཅིང༌། དེ་ཡང་བརྙན་འཕྲིན་གྱི་ནང་དུ་མེ་མདའ་རྒྱག་པ་ལྟ་བུ་མཐོང་སྐབས། ཕྲུ་གུ་ཆུང་ངུའི་སྐབས་ནས་རྩེད་མོ་རྩེད་སྐབས་ཀྱང་མེ་མདའ་རྒྱག་པའི་ཚུལ་དང་རྣམ་འགྱུར་བསྟན་པ་ལྟ་བུ་བྱེད་ཀྱི་ཡོད། དེ་ལྟར་བརྙན་འཕྲིན་གྱི་ནང་དུ་མི་བསད་པ་ཡང་ཡང་མཐོང་ན། མི་སྐྱོ་པོ་སྡུག་བསྔལ་གྱིས་མནར་བ་མང་པོ་མཐོང་སྐབས་ཉམས་ལེན་བྱེད་ཤེས་མཁན་ཞིག་ཡིན་ན། ཨ་ཙི་བསམ་པའི་ཐོག་ནས་དེ་ཉིད་དམིགས་རྟེན་དུ་བཞག་སྟེ། རང་གི་ཐུན་དང་ཐུན་མཚམས་ཀྱི་གནས་སྐབས་སུ་དེ་རྣམས་བློར་ཤར་བ་བྱས་ཏེ་སྙིང་རྗེ་གོང་ནས་གོང་དུ་སྤེལ་བ་དང༌། སྡུག་བསྔལ་དང་འབྲལ་འདོད་ཀྱི་བློ་གོང་ནས་གོང་དུ་སྤེལ་བ། ཉོན་མོངས་ཀྱི་ཉེས་དམིགས་དང་ལས་ངན་པའི་འབྲས་བུར་བསམ་བློ་གཏོང་བ་ལ་ཕན་ཐོགས་ཡོད། དེ་མིན་བལྟད་མོའི་རྣམ་པའི་ཐོག་ཏུ་ཕྱིན་ན། གང་འཚམས་ནས་རང་ཉིད་ལ་དེའི་གོམས་གཤིས་འཇགས་ནས་དངོས་སུ་མི་ཞིག་སྡུག་བསྔལ་གྱི་མནར་བ་དང༌། མི་གཉིས་བསོད་རེས་གཏོང་བ་ཞིག་མཐོང་ན་ཡང་སེམས་ལ་ཚོར་བ་དེ་ཙམ་མེད་པ་ཞིག་དེང་སྐབས་ཡོང་གི་འདུག ཨ་རི་སོགས་སུ་རང་དགར་མེ་མདའ་བརྒྱབ་ནས་མི་གསོད་པ་ལྟ་བུ་ཡོང་གི་ཡོད། དེས་ན་སྡིག་པའི་གྲོགས་དང༌། དེ་དང་མཚུངས་པའི་སྡིག་སྤྱོད་འཕེལ་ཞིང༌། བྱམས་དང་སྙིང་རྗེ་ཉམས་པར་བྱེད་པ། ཐོས་བསམ་བསྒོམ་པའི་བྱ་བ་ལ་གཡེང་བར་བྱེད་པ་སོགས་ཐག་བསྲིངས་ནས་སྤོང་དགོས་ཞེས་གསུངས་པ་ཡིན། དེ་ནས་དྲུག་པ་མཐུན་རྐྱེན་བཤེས་གཉེན་བསྟེན་ཚུལ་ནི། རྩ་བ་ལས།

༦༽ བཤེས་གཉེན་བསྟེན་པ།

གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང༌། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །

བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང༌། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པས་སྐྱེས་བུ་གང་ཞིག་བསྟེན་ན། རང་བཞིན་གྱིས་སྲོག་གཅོད་དང༌། མ་བྱིན་ལེན། ལོག་གཡེམ། དེ་བཞིན་རྫུན། ཕྲ་མ། ཚིག་རྩུབ། ངག་བཀྱལ། བརྣབ་སེམས་དང༌། གནོད་སེམས། ལོག་ལྟས་མཚོན་པའི་མི་དགེ་བཅུ་ཀུན་སློང་དང་བཅས་པ་རིམ་གྱིས་ཉུང་ངུ་འགྲོ་བ་སྟེ། དཔེར་ན། ང་རང་ཚོ་བོད་པའི་གཤིས་ཀ་ལ། རང་བཞིན་གྱིས་འབུ་སྲིན་གསོད་པ་ལ་ཅུང་ཟད་འཛེམས་ཟོན་བྱེད་ཀྱི་ཡོད། དེ་ཡང་ཕྲུ་གུ་གཅིག་གིས་འབུ་ཞིག་གསོད་པར་རྩོམ་སྐབས་གཞན་གྱིས་སྙིང་རྗེ་མ་གསོད་སྡིག་པ་ཡོད་ཅེས་སྡིག་པའི་རྣམ་གྲངས་དང༌། ལས་འབྲས་སོགས་ཇི་བཞིན་མ་ཤེས་ཀྱང༌། སྤྱིར་བཏང་གི་ཁ་རྒྱུན་དུ་སེམས་ཅན་བསད་ན་སྡིག་པ་ཡོད་པས་བྱེད་མི་རུང༌། སྙིང་རྗེ་ཞེས་བརྗོད་པ་ཞིག་ང་ཚོའི་གོམས་གཤིས་སུ་འཇགས་ཡོད། དེ་ཚོའི་གྲས་ནི་ཧ་ཅང་རྩ་བ་ཆེན་པོ་ཡིན། དེས་ན་གང་ཞིག་བསྟེན་ན་རང་བཞིན་གྱིས་ཉེས་པ་ཆུང་ངུ་འགྲོ་བ་དང༌། ཉེས་པ་ལ་ཉེས་པར་མཐོང་ནས་ཉེས་པ་ཉུང་དུ་འགྲོ་བ། ཉེས་པ་ཇི་ཙམ་ཉུང་དུ་ཕྱིན་པ་དེའི་ཚོད་ཀྱིས་དཀར་པོའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་མ་ཟད། ལྷག་པར་ཆེད་དུ་གཉེར་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང༌། དྲན་ཤེས་བག་ཡོད་བསྟེན་པ། བྱམས་བརྩེ་བསྟེན་པ་སོགས་ཀྱི་ཐོག་ནས། ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་གྱུར་བས། །ཞེས་གསུངས་པ་ལྟར་གྱི་རྐྱེན་བྱེད་མཁན་གྱི་དགེ་བའི་བཤེས་གཉེན་དེ་རང་གི་སྲོག་ལྟར་གཅེས་པར་འཛིན་ནས་བསྟེན་དགོས་ཞེས་གསུངས་པ་ཡིན།

    བཤེས་གཉེན་དམ་པ་ཞེས་གསུངས་པ་ནི། བཤེས་གཉེན་མཚན་ཉིད་ཚང་བ་ཞིག་དགོས་ཤིང༌། བཤེས་གཉེན་ནི་དགེ་བའི་བཤེས་གཉེན་ཏེ། གང་ལ་བརྟེན་ནས་དགེ་བ་གོང་ནས་གོང་དུ་འཕེལ་བའི་གྲོགས་དང་མཐུན་རྐྱེན་དུ་འགྲོ་མཁན་གྱི་དགེ་བའི་མཛའ་བཤེས་ཤིག་ལ་དགེ་བའི་བཤེས་གཉེན་ཞེས་བརྗོད་པ་ཡིན། དེས་ན་བཅོམ་ལྡན་འདས་ཀྱིས་དགེ་བའི་བཤེས་གཉེན་དེ་ཧ་ཅང་གལ་ཆེར་གསུངས་ཡོད། དགེ་བའི་བཤེས་གཉེན་གལ་གནད་ཆེན་པོ་ཡིན་སྟབས། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། འདུལ་བ་འཁྲིད་མཁན་ཞིག་ཡིན་ན། འདུལ་བའི་གནས་ཀྱི་བླ་མ་ནས་བཟུང་ཚེ་བླ་མའི་མཚན་ཉིད་དམ་བླ་མའི་འོས་ཆོས་གང་དང་གང་ཞིག་དགོས་པ་རྣམས་ཞིབ་ཚགས་ཀྱི་ཐོག་ནས་གསུངས་ཡོད།

    དེ་བཞིན་མདོ་སྡེའི་གནས་སྐབས་སུ་ཡང༌། དགེ་བའི་བཤེས་གཉེན་གྱི་འོས་ཆོས་གང་དག་དགོས་པ་ཧ་ཅང་གསལ་པོ་གསུངས་ཡོད། དེ་ནས་རྒྱུད་སྡེའི་སྐབས་རྒྱུད་སྡེ་གོང་འོག་གི་གདམས་པ་སྟོན་མཁན་གྱི་བླ་མ་དེ་མཚན་ཉིད་དམ་འོས་ཆོས་འདི་དང་འདི་ཚང་དགོས་འོས་ཆོས་རྣམས་གསུངས་ཡོད། དེས་ན་ཆོས་བཤད་ཤེས་ཙམ་ཞིག་གི་དྲུང་ནས་ཉན་ཞེས་གསུང་གི་མེད། བཅོམ་ལྡན་འདས་ཀྱིས། དོན་སྤྱོད་པ་དང༌། དོན་མཐུན་པ་ཞེས་གསུངས་ཏེ་ང་རང་ཚོར་བླང་དོར་གྱི་གནས་སྟོན་མཁན་གྱི་དགེ་བའི་བཤེས་རང་ཉིད་ཀྱིས་ང་ཚོར་སྟོན་རྒྱུའི་བླང་དོར་དེ་ཉམས་ལེན་ཆ་ཚང་བྱེད་མཁན་ཞིག་དགོས་པ་ཡིན། དེས་ན་དོན་སྤྱོད་པ་དང༌། དོན་མཐུན་པ་ཞེས་པ་དེ་གསུངས་པ་ཡིན། མི་གཞན་ལ་ལེགས་ཉེས་བླང་དོར་གྱི་གནས་ལ་ཚུལ་བཞིན་དུ་སྤྱོད་པར་འགོད་མཁན་ཞིག་དང༌། གཞན་ལ་ཇི་ལྟར་བླང་དོར་གྱི་གནས་སྟོན་པ་དེ་རྣམས་རང་ཉིད་ཀྱིས་ཀྱང་དེ་དང་མཐུན་པའི་ཉམས་ལེན་ཁ་ཞེ་ངོ་ལྐོག་མེད་པར་བྱེད་མཁན་ཞིག་ཡིན་དགོས་པས་ན། དོན་སྤྱོད་པ་དང་དོན་མཐུན་པ་ཞེས་པ་དེ་གསུངས་པ་ཡིན།

    རྗེ་བདག་ཉིད་ཆེན་པོས་ཇི་སྐད་དུ། དེ་ཡང་རང་མ་དུལ་བས་གཞན་འདུལ་བའི་གནས་མེད་པར་གསུངས་པས། གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ། །འོ་ན་ཇི་ལྟར་བཏུལ་བ་ཞིག་དགོས་སྙམ་ན། གང་བྱུང་བྱུང་དུ་གི་སྒྲུབ་པ་བྱས་ནས་རྟོགས་པའི་ཡོན་ཏན་དུ་མིང་བཏགས་པ་རེ་རྒྱུད་ལ་ཡོད་པས་མི་ཕན་པས་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་ཏེ། དེ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་ངེས་པས་དུལ་བ་ལ་སོགས་པ་གསུམ་གསུངས་སོ་ཞེས་ལམ་རིམ་ཆེན་མོར་གསུངས་ཡོད།

    དེས་ན་བླ་མའམ་དགེ་བའི་བཤེས་གཉེན་ཞེས་པ་ནི། གཞན་རྒྱུད་འདུལ་བའི་ཐབས་སྟོན་མཁན་ཞིག་ཡིན་པས་ན། གཞན་རྒྱུད་འདུལ་བའི་ཐབས་སྟོན་མཁན་རང་ཉིད་ཐོག་མར་རྒྱུད་དུལ་བ་ཞིག་དགོས་པ་ཡིན། བླ་མ་རང་ཉིད་ཆོག་མི་ཤེས་ཤིང༌། རྒྱས་སྤྲོས་ཆེན་པོ་བྱེད་མཁན་ཞིག་གིས་གཞན་ལ་རྒྱས་སྤྲོས་སྤོང་དགོས། ཆོག་ཤེས་བསྟེན་དགོས་ཞེས་ཇི་ལྟར་བརྗོད་དགོས་སམ། དེ་ལྟ་བུའི་མཚན་ཉིད་ཚང་བའི་བཤེས་གཉེན་དམ་པ་བསྟེན་དགོས་ཞེས་གསུངས་པ་ཡིན། འོ་ན་ཤེས་ཚད་ཇི་ཙམ་ཡོད་མེད་སྐད་ཆ་ཉན་ན་ཤེས་མོད་ཀྱང༌། རྒྱུད་དུལ་མིན་ནི་ལམ་སང་མི་ཤེས་པ་ཡིན། མི་རྫུན་ཤོད་མཁན་འགའ་ཞིག་མདུན་དུ་རྒྱུད་དུལ་མདོག་ཁ་པོ་དང༌། གཏིང་ནས་མ་དུལ་བ་དེ་འདྲ་ཡོང་བ་ཡིན། དེ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཆོས་བཅུ་པའི་མདོ་ལས།

དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །

བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །

    ཞེས་དང༌། དེ་བཞིན། མཚོ་ན་གནས་པའི་ཉ་ནི་རབ་གང་ཀྱང༌། །ཆུ་ཡི་རླབས་ཀྱིས་འགྱུར་བ་རྣམས་ཀྱི་སྟོན། །ཞེས་པ་ལྟར་དགེ་བའི་བཤེས་གཉེན་གྱི་ལུང་དང་རྟོགས་པའི་ཡོན་ཏན་ཇི་འདྲ་ཞིག་ཡོད་མེད་ཡུན་རིང་འདྲིས་ནས་བརྟག་ཞིབ་བྱས་ན་ཚོད་ཐིགས་པ་ཡིན། དཔེ་ནི། རྒྱ་མཚོའི་ནང་དུ་ཡོད་པའི་ཉ་རིགས་རྣམས་ཧོབ་སྟེ་རྒྱ་མཚོའི་སྟེང་ནས་མི་མཐོང་ཡང༌། སྒུག་ནས་བལྟས་ན་ཆུ་ཡི་རླབས་ཀྱིས་འདེད་པ་དང༌། ཡང་ན་ཉ་རང་ཉིད་ཀྱིས་འཕག་ཚག་བརྒྱབ་པ་བཅས་ལས་ཉ་རྣམས་མཐོང་བ་ལྟར་ཡིན། དེ་ནི་རྒྱ་མཚོར་བལྟས་པ་ཙམ་གྱིས་ཉ་ཡོད་པ་མི་ཤེས་པས། ངང་སྒུག་བྱས་ནས་བལྟས་ན་གང་འཚམས་ནས་ཉ་ཡོད་པའི་རྟགས་མཚན་རྣམས་མཐོང་ཐུབ་པའི་དཔེ་དེ་བཞིན་དུ། ཕ་རོལ་པོའི་གཤིས་རྒྱུད་དུལ་ཡོད་མེད་ནི་བརྟག་དཔྱད་རིམ་པར་བྱེད་དགོས་པ་ཡིན།

    ངས་ནམ་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། དེ་བཞིན་ཕྱག་དཔེའི་ནང་དུ། ལོ་ནི་བཅུ་གཉིས་བར་དུ་བརྟག །ཅེས་གསུངས་པ་ལྟར་བླ་སློབ་བར་གྱི་འབྲེལ་བ་ནི་ཡུན་རིང་བརྟག་དཔྱད་བྱེད་དགོས་ཞེས་གསུངས་ཡོད། ཚོད་མ་ཐིགས་པར། ཆོས་རྗེ་ས་པཎ་གྱིས་གསུངས་ལྟར། ཁྱི་དང་གློ་བ་འཕྲད་པ་ལྟར་མི་བྱ་བར་བརྟག་དཔྱད་ཞིབ་འཇུག་ཡག་པོ་ཞིག་བྱེད་དགོས་ཞེས། རྟ་དང་ནོར་བུ་ལ་སོགས་ཀྱི། །ཅུང་ཟད་ཙམ་གྱི་ཉོ་ཚོང་ལའང༌། །ཀུན་ལ་འདྲིས་ཤིང་དཔྱོད་པར་བྱེད། །ཅེས་གསུངས་པ་ལྟར་ཚེ་རབས་གཏན་གྱི་མདུན་མ་དེ་བླ་མ་མཚན་ཉིད་ཚང་བ་ལ་རག་ལས་པ་ཡིན། ཆོས་ནི་ཁྱི་ཡི་ཟས་བཞིན་དུ། །གང་འཕྲད་ན་ཡང་ལེན་པ་འཕོངས། །ཞེས་ས་པཎ་གྱིས་གསུངས་ཡོད། དེས་ན་བརྟག་དཔྱད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་གསུངས་ཡོད། ལོ་བཅུ་གཉིས་ཙམ་བར་བརྟག་དཔྱད་བྱེད་དགོས་བྱུང་ཡང་བརྟག་དཔྱད་བྱེད་འོས་པ་ཡིན་ཞེས་གསུངས་ཡོད། དེས་ན་བླ་མ་དེ་ཇི་འདྲ་ཞིག་ཡོད་མེད་སློབ་མས་བླ་མར་གསོ་པ་བཙུགས་རྒྱུ་དེ་གལ་ཆེན་པོ་ཡིན།

    མདོར་ན་ཇི་ལྟར་ཡོད་མེད་བརྒྱ་ཆ་བརྒྱ་ཐམ་པ་ཚོད་ཐིགས་པ་ཞིག་དགོས་པ་ལས། དེ་མིན་ཁྲི་མཐོན་པོ་ཞིག་སྟེང་དུ་བཞུགས་པའི་བླ་མ་ཡིན་ནོ་ཅོག་ལ་ཆ་འཇོག་བྱ་རྒྱུ་མེད། ང་ལ་ཆ་བཞག་ཀྱང་ཁྱེད་རང་ཚོའི་ངོས་ནས་བརྟག་དཔྱད་བྱེད་དགོས་པ་ཡིན། ྋརྒྱལ་བ་རིན་པོ་ཆེ་རེད་ཅེས་ལམ་སང་དད་པའི་རྗེས་སུ་མི་འབྲང་བར་བརྟག་དཔྱད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། དེ་ལྟ་བུའི་བཤེས་གཉེན་དམ་པ་རང་གི་ལུས་ལས་ཀྱང་གཅེས་པར་འཛིན་པ་དེ་རྒྱལ་སྲས་ལག་ལེན་ཡིན་ཞེས་གསུངས་ཡོད། དེ་ནས་བདུན་པ་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་བཤད་པ་ནི། རྩ་བ་ལས།

༧༽ སྐྱབས་འགྲོ།

རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡིས། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །

དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི། །དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པས་སྐྱབས་འགྲོ་གསུངས་པ་ཡིན། དེ་ཡང་གཙོ་བོ་ནི་གོང་དུ་ཞུས་པ་ལྟར། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས།

ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །

རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །སྟོན་པ་དེ་ལ་བདག་ཕྱག་འཚལ། །

    ཞེས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་གདོམས་པར་མཛད་མཁན་གྱི་སྟོན་པ་དེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་དེ་བདག་འཛིན་གྱི་གཉེན་པོ་ཡིན། བདག་འཛིན་གྱི་གཉེན་པོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གྲོགས་ཀྱང་བྱེད་ཀྱི་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས།

དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་བསྒོམ་བྱས་ན། །

གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །

    ཅེས་དེ་ཁོ་ན་ཉིད་ཀྱིས་ལྟ་བ་མཐོང་བ་དེས་སེམས་ཅན་གཞན་ལ་བརྩེ་བའམ་ཆགས་པ་ངང་གིས་སྐྱེ་ཡོང་གི་རེད་ཅེས་སྙིང་རྗེ་དེ་གསུང་གི་ཡོད། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །ཅེས་པའི་ཆགས་པ་དེ་ཡིན། དེས་ན་སྟོང་ཉིད་ཀྱི་ལྟ་བ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། གཙོ་བོ་ནི་སྟོན་པ་བཅོམ་ལྡན་འདས་རྟེན་འབྱུང་གི་དེ་ཁོ་ན་ཉིད་རང་དབང་གི་སྒོ་ནས་གདོམས་པར་མཛད་མཁན་ཞིག་པས་ན་སྟོན་པ་བླ་ན་མེད་པ་སྟེ། ཨེ་མའོ་སྟོན་པ་ཞེས་གསུངས་ཡོད།

    ཨེ་མའོ་སྐྱབས་ཞེས་པ་ནི། སྡུག་བསྔལ་གྱི་རྩ་བ་བྱེད་མཁན་མ་རིག་པའི་དངོས་ཀྱི་གཉེན་པོ་ཕྱིན་ཅི་མ་ལོག་པར་སྟོན་མཁན་ཡིན་པའི་ཆ་ནས། མ་རིག་པ་ལས་གྲོལ་བའི་ཐར་པའི་གོ་འཕང་སྟོན་མཁན་གྱི་སྟོན་པ་ཞིག་ཡིན་པས་ན། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཞེས་པ་ལྟར་གྱི་སྐྱབས་གནས་དེ་ཡིན། ཨེ་མའོ་སྨྲ་མཆོག་ཅེས་པ་དེས་ཆོས་རྣམས་ཀྱི་ཡིན་ལུགས་མཐར་ཐུག་དེ་ཇི་བཞིན་གདོམས་པར་མཛད་མཁན་ཞིག་ཡིན་པས་ན། སྨྲ་བ་ཟླ་མེད་པ་ཡིན་ཞིང༌། སྟོན་པ་གཞན་སུས་ཀྱང་མ་གསུངས་པ་ཞིག་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུང་གི་ཡོད་པས་ན། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཅེས་གསུངས་པ་ཡིན། ཨེ་མའོ་མགོན་ཞེས་པ་ནི། དེ་ལྟ་བུའི་རང་གཅེས་འཛིན་གྱི་གཉེན་པོར་ཤེས་བྱའི་སྒྲིབ་པ་གཉིས་སྣང་འཁྲུལ་པའི་དྲི་མ་སྤོང་མི་ཐུབ་པའི་རྩ་བ་ནི། སྟོང་ཉིད་ཀྱི་ལྟ་བ་གཅིག་པུ་མིན་པར་བྱང་ཆུབ་ཀྱི་སེམས་ལ་ཐུག་གི་ཡོད། སྟོང་ཉིད་ཀྱི་ལྟ་བ་ཇི་ཙམ་ཞིག་ཡོད་ཀྱང་དེ་ཙམ་གྱིས་གཉིས་སྣང་འཁྲུལ་པའི་དྲི་མ་ཟད་མི་ཐུབ་པ་ཡིན། གཉིས་སྣང་འཁྲུལ་པའི་དྲི་མ་ཟད་པ་ལ། བྱང་ཆུབ་སེམས་ཀྱི་སྟོབས་ཤུགས་ཀྱིས་སྟོང་ཉིད་སྒོམ་པའི་དེ་ལྟ་བུའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམས་པ་དེ་ལ་བརྟེན་ནས་ཤེས་སྒྲིབ་སྤོང་གི་ཡོད་པས་ན། ཤེས་སྒྲིབ་སྤོང་བའི་རྐྱེན་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་ལ་ཐུག་ཡོད།

    དེས་ན་རྫོགས་ཆེན་གྱི་ཆོས་སྐད་ཀྱི་ནང་དུ། ངོ་བོ་ཀ་དག རང་བཞིན་ལྷུན་གྲུབ། གདངས་འགག་མེད་ཐུགས་རྗེ་སྟེ་བྱང་ཆུབ་ཀྱི་སེམས་ཞེས་པ་དེས་གཞན་དོན་སྒྲུབ་པ་དང༌། ཀུན་སློང་དེས་ལོངས་སྐུ་གཞན་དོན་རྣམ་པ་ཐམས་ཅད་པ་ཞེས་པ་དེ་ཡོང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་བྱེད་ཀྱི་ཡོད། དེས་ན་ཨེ་མའོ་མགོན་ནམ་སྲིད་ཞིའི་མགོན་ཞེས་པ་དེ་འདིའི་ཐོག་ཏུ་སླེབས་ཡོང་གི་ཡོད། ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །ཞེས་པ་ལྟར་དེ་དག་ཡིན་པའི་སྒྲུབ་བྱེད་གཙོ་བོ་ནི། རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །སྟོན་པ་དེ་ལ་བདག་ཕྱག་འཚལ། །ཞེས་གསུངས་པ་དེ་ཡིན། དེར་བརྟེན་སྟོན་པ་དང་སྐྱབས་གནས་དེ་འདྲ་ཞིག་དགོས་ཞེས་གསུངས་པ་དང༌། དེ་མིན་རང་ཡང་ལས་ཉོན་གྱི་གཞན་དབང་ཅན་དུ་སོང་ནས་འཁོར་བའི་བཙོན་རར་བཅིངས་པའི་འཇིག་རྟེན་པའི་ལྷ་ཞིག་སྐྱབས་སུ་མི་འོས་པས་ན། དེའི་ཕྱིར་ཡུལ་གང་ལ་སྐྱབས་སུ་མཆི་ན་གཏན་གྱི་བདེ་བ་མཐར་ཐུག་ཞི་བའི་གོ་འཕང་ངམ། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྟེར་བར་བྱེད་མཁན་གྱི་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ་པོ་དེ་ལ་སྐྱབས་འགྲོ་བྱེད་པ་ནི་རྒྱལ་སྲས་ཀྱི་ལག་ལེན་ཡིན་ཞེས་གསུངས་པ་ཡིན།

    དེ་ནི་རྗེ་བཙུན་བྱམས་མགོན་གྱི་མངོན་རྟོགས་རྒྱན་ལས། སྐབས་དང་པོའི་རྣམ་མཁྱེན་གྱི་ཆོས་བཅུ་གསུངས་པའི་སྐབས་སུ། སེམས་བསྐྱེད་པ་གདམས་ངག་དང༌། །ཞེས་སེམས་བསྐྱེད་པའི་གདམས་ངག་མཐར་ཐུག་མན་ངག་བཅུ་ཞེས་པ་དེ་ཉིད་ཡིན། དེའི་ནང་དུ།

སྒྲུབ་པ་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །

    ཞེས་གསུངས་པ་ལྟར་གྱི་གོ་རིམ་ནི། ནང་པ་སངས་རྒྱས་པའི་སྐྱབས་གནས་ངོ་སྤྲོད་བྱེད་པའི་རྩ་བ་འདི་ཉིད་ཡིན། གཞི་བདེན་པ་གཉིས་ལ་བརྟེན་ནས་བདེན་བཞིའི་རྣམ་གཞག་དང༌། འགོག་ལམ་གྱི་ཆོས་གཉིས་བཤད་པའི་ཐོག་ནས་ཆོས་དཀོན་མཆོག་གཏན་ལ་ཕབ་ཅིང༌། དེ་ལྟ་བུའི་ཆོས་དཀོན་མཆོག་རྒྱུད་ལྡན་གྱི་སློབ་པའི་དགེ་འདུན་གཏན་ལ་ཕབ། དེ་ལ་བརྟེན་ནས་མི་སློབ་པའི་དགེ་འདུན་དཀོན་མཆོག་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་དེ་ཉིད་གཏན་ལ་ཕབ་པ་བཅས་འདི་ལྟར་དུ་འགྲོ་དགོས་པ་ཡིན། ཆོས་འགོག་ལམ་རྒྱུད་ལ་ལྡན་པ་ཞིག་ལ་འཕགས་པའི་གང་ཟག་ཅེས་བརྗོད་ཀྱི་ཡོད། དེ་ལ་སློབ་པ་དང་མི་སློབ་པའི་འཕགས་པ་གཉིས་ཡོད། དེས་ན་ཆོས་དཀོན་མཆོག་འགོག་ལམ་གཉིས་རང་རྒྱུད་ལ་ལྡན་པ་ནི་འཇིག་རྟེན་ལས་འདས་པའི་རྟོགས་པ་སྐྱེ་བ་ཞིག་ལ་བརྗོད་པ་དང༌། འགོག་ལམ་གྱི་བསྡུས་པའི་ཆོས་དཀོན་མཆོག་རྒྱུད་ལ་མི་ལྡན་པའི་བྱང་སེམས་སྦྱོར་ལམ་པ་མན་ཆད་ནི་སོ་སྐྱེ་ཆགས་ཀྱི་ཡོད།

    སྤྱིར་བཏང་གི་ལྷ་སྲུང་རྣམས་ཀྱི་ནང་དུ་ཡང་སོ་སྐྱེའི་རིགས་གཅིག་དང༌། འཕགས་པའི་རིགས་གཅིག་བཅས་ཡོད། དཔེར་ན། ས་བརྒྱད་པ་ཐོབ་པའི་ས་བརྒྱད་སེམས་དཔའ་དང༌། ས་བཅུའི་དབང་ཕྱུག་ཅེས་པ་ལྟ་བུ་ཡོང་གི་ཡོད། དཔེར་ན། མགོན་པོར་ཆ་མཚོན་ན། ས་བཅུའི་དབང་ཕྱུག་མགོན་པོ་ནི། །ཞེས་གསུངས་པ་ལྟར་ས་བཅུའི་དབང་ཕྱུག་ཅེས་གསུང་གི་ཡོད། དེ་ནི་འཕགས་པ་ཡིན་པས་དགེ་འདུན་དཀོན་མཆོག་གི་གྲས་ཡིན། དེ་མིན་བསྟན་མ་བཅུ་གཉིས་དང༌། རྒྱལ་པོ་སྐུ་ལྔ། དེ་བཞིན་ནང་པ་སངས་རྒྱས་པའི་གཞུང་ལྟར་བྱས་ཏེ་བརྗོད་ན། ཚངས་པ་དང༌། ཁྱབ་འཇུག དྲག་པོ་སོགས་ཀྱང་སོ་སྐྱེ་སྟེ་འཇིག་རྟེན་པའི་གྲས་ཆགས་ཀྱི་ཡོད། ང་རང་ཚོས་སྐྱབས་སུ་འགྲོ་བའི་དམིགས་ཡུལ་ཆོས་མྱང་འདས་ཐར་པ་དོན་དུ་གཉེར་ནས་སྐྱབས་སུ་མཆི་མཁན་ཞིག་ཡིན་པས་ན། དེའི་སྐྱབས་སྟོན་པ་པོ་དེ་ཡང་ཐར་པར་གདོམས་པའི་ཐབས་རང་དབང་གི་སྒོ་ནས་སྟོན་མཁན་ཞིག་དགོས་པ་ཡིན། ཐར་པ་སྒྲུབ་པའི་རྒྱུ་རང་གི་རྒྱུད་ལ་མངོན་དུ་གྱུར་པ་ཞིག་དགོས་པ་ལས། དེ་ལྟར་མེད་པ་ཞིག་སྐྱབས་གནས་ཆགས་ཀྱི་མེད། འཕྲལ་གྱི་འཕྲིན་ལས་བཅོལ་བ་ལྟ་བུ་ཡོང་བ་ལས། དེས་ན་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་རང་གི་སྐྱེས་ལྷ་དང༌། ཡུལ་ལྷ་སོགས་ལ་ཧ་ཅང་རྩ་ཆེན་དུ་བརྩི་བ་ལས། རང་ཉིད་ལ་སོ་སྐྱེ་དང་འཕགས་པའི་རྣམ་དབྱེ་འབྱེད་པའི་རྣམ་དཔྱོད་མེད་པར་བརྟེན་ལྷ་འདྲེ་ཐ་མལ་གྱི་རིགས་བསྟེན་པ་དེ་རིགས་ཡོང་གི་ཡོད་པ་རྣམས་ནི་ནོར་འཁྲུལ་ཡིན།

དེས་ན་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་རིགས་རྣམས་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད་ཅེས་བཀའ་ནན་ཕེབས་པ་བྱུང་ཡོད། དེ་ནི་བདེན་པའི་གནས་ཚུལ་ཡིན། དོལ་རྒྱལ་ལ་ཆ་བཞག་ན་འཇིག་རྟེན་དྲེགས་པ་དང༌། དྲེགས་པའི་ནང་ནས་ཀྱང་རྩོད་གཞི་ཅན་གྱི་དྲེགས་པ་ཞིག་ཡིན། ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་ལ་རྩོད་པ་ཁོ་ནའི་ཐོག་ཏུ་བསྡད་ཡོད། དེ་རིགས་ནི་ནང་པ་སངས་རྒྱས་ཀྱི་བསྟན་པ་བསླད་ཅིང་ཉམས་འཆལ་དུ་འགྲོ་བའི་རྒྱུ་རྐྱེན་ཆགས་ཀྱི་ཡོད། དེས་ན། སྐྱབས་འགྲོའི་ཚིགས་སུ་བཅད་པའི་རྒྱལ་སྲས་ལག་ལེན་འདི་ཉིད་གསུངས་པ་ཡིན།

ཉིན་དང་པོའི་བཀའ་དྲི་དང༌། དེའི་བཀའ་ལན།

འཇམ་དཔལ་རྡོ་རྗེའི་ངག་ལ་དབང་སྒྱུར་ཞིང༌། །བློ་བཟང་ཡེ་ཤེས་རྒྱལ་བསྟན་འཛིན་པ་ལ། །

རྒྱ་མཚོ་ལྟར་ཟབ་སྲིད་གསུམ་དབང་བསྒྱུར་མགོན། །མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས། །

    ཞེས་སྨོན་ལམ་སྔོན་དུ་བཏང་ནས། ལྷར་བཅས་འགྲོ་བའི་མགོན་སྐྱབས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ་དེ་རིང་དུས་བཟང་འདི་དང་སྟབས་བསྟུན་ནས་དྲི་བ་གཉིས་ཕུལ་ཆོག་པ་ཞུ་རྒྱུར། དྲི་བ་དང་པོ། བྱང་ཆུབ་ཀྱི་སེམས་ཞེས་པ་དེ་གཙོ་སེམས་དང་སེམས་བྱུང་གང་ཡིན་ནམ། བཀའ་ལན། དེ་ནི་གཙོ་སེམས་ཡིན། དེ་སྐོར་སྔར་དོགས་དཔྱོད་བྱས་ཡོད་ལ། མདོ་སྡེ་རྒྱན་ལས་གསུངས་པ་ལྟར་སེམས་བྱུང་དུ་བརྩི་བ་ཡོད་ཀྱང༌། མདོར་ན་གཙོ་བོའི་ཡིད་ཀྱི་རྣམ་རིག་ཅེས་སེམས་སམ་གཙོ་སེམས་སུ་བཤད་པ་ཡིན།

    དྲི་བ་གཉིས་པ། བདག་གཅེས་འཛིན་གྱི་བློ་དེ་སྤངས་ན་རྣམ་མཁྱེན་གྱི་གོ་འཕང་ཐོབ་ཐུབ་བམ། བཀའ་ལན། གོང་དུ་ཞུས་ཟིན་པ་ལྟར་ཉན་རང་དགྲ་བཅོམ་པའི་རྒྱུད་ལ་རང་གཅེས་འཛིན་ཡོད་ལ། རང་གཅེས་འཛིན་དེ་ལའང་ཕྲ་རགས་མང་པོ་ཞིག་ཡོང་བ་ཡིན། ང་རང་ཚོའི་རྒྱུད་ལ་རང་གཅེས་འཛིན་ཧ་ཅང་རགས་པ་ཞིག་ཡོད་པ་དེས་གཞན་བདེ་ཁྱད་དུ་སོད་མཁན་གྱི་བློ་ཞིག་སླེབས་ཀྱི་ཡོད། རང་ཉིད་ཧ་ཅང་རྩ་ཆེན་དུ་བརྩིས་ནས་རང་གི་དོན་དུ་གཞན་ལ་མགོ་སྐོར་གཏོང་བ་དང༌། གཞན་ལ་དབང་ཡོད་དང་ཐུབ་ཚོད་ཤོད་པ་ལྟ་བུ། དཔེར་ན། རང་གི་དོན་དུ་སེམས་ཅན་སྲོག་བཅད་པ་དང༌། སེམས་ཅན་ལ་བཀོལ་སྤྱོད་བྱེད་པ་སོགས་ནི་རང་གཅེས་པར་འཛིན་པ་ཙམ་མིན་པར་རང་གཅེས་པར་འཛིན་པའི་འཛིན་པ་ཧ་ཅང་ཤུགས་ཆེ་དྲགས་ཏེ་གཞན་བདེ་ཁྱད་དུ་སོད་མཁན་ཞིག་ཡོད། དེ་ཚོའི་གྲས་སུ་ནང་པ་སངས་རྒྱས་པའི་ཆོས་པ་རྣམ་དག་མེད། གང་ལགས་ཤེ་ན། སངས་རྒྱས་པའི་ཆོས་ནི་སྙིང་རྗེའི་རྩ་བ་ཅན་ཞིག་ཡིན། འོན་ཀྱང་གཞན་བདེ་འཁུར་དུ་བླངས་ཤིང༌། རང་ལས་གཞན་གལ་འགངས་ཆེ་བར་བརྩིས་ཏེ། གཞན་དོན་ལ་བལྟོས་ནས་རང་དོན་ཡལ་བར་དོར་ནུས་པ་སྟེ། བླ་མ་མཆོད་པ་ལས།

སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི། །མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང༌། །

སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི། །བརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །

    ཞེས་གསུངས་པ་ལྟ་བུའི་རང་གཅེས་འཛིན་ལ་མགོ་ལྕགས་ཆ་ཚང་ཞུས་ནས། གཞན་བདེ་དྭང་དུ་བླངས་ཞིང་གཞན་བདེ་འཁུར་དུ་འཁྱེར་བ་ནི་བྱང་ཆུབ་སེམས་དཔའ་ལས་རང་ཉན་རང་དག་ལ་མེད་པ་ཡིན། དེ་ལྟ་བུའི་བསམ་པ་དེའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔས་སྟོང་ཉིད་བསྒོམས་པ་དེ་ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་གི་ཡོད། སྟོང་ཉིད་རྟོགས་པའི་ལྟ་བ་དེའི་ངོས་ནས་འདི་ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་བ་དང༌། འདིས་ཉོན་སྒྲིབ་ཀྱི་གཉེན་པོ་ཙམ་ལས་བྱེད་མི་ཐུབ་ཅེས་བརྗོད་མི་ཐུབ་པ་ཡིན། སྟོང་ཉིད་རྟོགས་པའི་ལྟ་བ་དེ་ཟིན་བྱེད་ཀྱི་བློའི་རྒྱབ་རྟེན་བྱང་ཆུབ་སེམས་ཀྱིས་ཟིན་སྐབས་རྣམ་མཁྱེན་དོན་གཉེར་གྱི་བསམ་པས་སྟོང་ཉིད་བསྒོམས་པས་ན། ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་གི་ཡོད། དེས་ན་གཞན་བདེ་འཁུར་དུ་བླང་བའི་བྱང་ཆུབ་ཀྱི་སེམས་དང་ལྷག་བསམ་ཞིག་འདྲེན་པ་ལ། ཉན་རང་གིས་སྒྲུབ་མ་ཐུབ་པའི་གཞན་གཅེས་འཛིན་དེ་སྐྱེས་སྐབས་ཉན་རང་གི་རྒྱུད་ལ་ཡོད་པ་དེ་གཞན་བདེ་ཁྱད་དུ་སོད་པ་མིན་ཡང༌། གཞན་གཙོ་བོ་ཁུར་དུ་བླངས་མི་ཐུབ་པའི་རང་གཅེས་འཛིན་དེ་མེད་པར་ཆགས་ཐུབ་པ་ཡིན། དེས་ན་རིམ་པ་མི་འདྲ་བ་མང་པོ་ཞིག་ཡོད།

   ཡང་བྱང་ཆུབ་སེམས་དཔས་རང་ཡང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སྐུ་བཞིའི་གོ་འཕང་ཡག་པོ་རེད་སྙམ་པ་ཞིག་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་ཡིན། འདུན་པ་གཉིས་ལྡན་ཞེས་གཞན་དོན་དོན་དུ་གཉེར་བའི་འདུན་པ་དང༌། རང་དོན་བྱང་ཆུབ་དོན་དུ་གཉེར་བའི་འདུན་པ་གཉིས་ཡོང་བ་ཡིན། དེར་བརྟེན་བྱང་ཆུབ་སེམས་དཔའ་རྣམས་དངོས་གནས་རང་གཅེས་འཛིན་མཁས་པ་ཡིན། དེ་ནི་དངོས་གནས་ཡིན། ཇི་ཙམ་གྱིས་གཞན་དོན་བསམ་པ་དེའི་ཚོད་ཀྱིས་རང་དོན་མཐར་ཐུག་དེ་ཤུགས་ཀྱིས་འགྲུབ་ཡོང་གི་ཡོད། དེས་ན་རྗེ་བདག་ཉིད་ཆེན་པོས་ཀྱང་ལམ་རིམ་ཆེན་མོའི་ནང་དུ། བསམ་པ་གཞན་དོན་བསམས་ནས་རང་དོན་ཞར་ལ་འགྲུབ་པ། ཞེས་གསུང་གི་ཡོད། དེར་བརྟེན་བྱང་ཆུབ་སེམས་དཔའི་རང་གཅེས་འཛིན་ནི་རྣམ་དཔྱོད་ལྡན་པའི་རང་གཅེས་འཛིན་ཡིན། ཉན་རང་དགྲ་བཅོམ་པ་མན་ཆད་ཀྱི་རང་གཅེས་འཛིན་ནི་ལྐུགས་རྟགས་ཅུང་ཟད་ཡོད་པ་ཡིན།

    དྲི་བ། གུས་པའི་དྲི་བ་ནི་ཐད་ཀར་ནང་ཆོས་དང་འབྲེལ་བ་མེད་པ་ལྟ་བུར་མངོན་ཡང༌། བོད་བསྟན་སྲིད་ཀྱི་དོན་དུ་ཡིན་པ་དང༌། ལྷག་པར་ང་རང་གི་ལོ་ཚོད་ལྟ་བུས་ྋརྒྱལ་བ་རིན་པོ་ཆེར་བཀའ་དྲི་ཞུ་རྒྱུའི་གོ་སྐབས་གསེར་ལས་དཀོན་པ་ཡིན་སྟབས། དྲི་བ་དེ་ཉིད་དེ་རིང་འདིར་ཞུས་ན་མ་འགྲིགས་པ་ཨེ་ཡོད་སྙམ། ང་རང་གི་མིང་ལ་རྡོ་རྗེ་ཚེ་བརྟན་ཞུ་བ་དང༌། སྔར་འཛིན་རིམ་བཅུ་པ་བར་སུ་ཇ་བོད་ཁྱིམ་དུ་སློབ་སྦྱོང་བྱས་ཤིང༌། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་རིང་སྦེལ་ཀོབ་བོད་ཁྱིམ་དུ་སློབ་སྦྱོང་སློབ་མཐར་སོན་ཏེ་འདི་ལོ་མཐོ་སློབ་ལོ་རིམ་དང་པོར་འཛུལ་ཞུགས་བྱེད་མཁན་ཞིག་ཡིན།

    སྤྱིར་བཏང་གི་ནང་ཆོས་ངོ་སྤྲོད་ལྟ་བུར་མཚོན་ན་སློབ་གྲྭ་ཁག་ཏུ་ལག་ལེན་གྱི་ཐོག་ནས་ཧ་ཅང་ཡག་པོ་ཆགས་འདུག་ཅིང༌། སློབ་གྲྭ་ཁག་ཏུ་ནང་ཆོས་ངོ་སྤྲོད་ཐོག་དོ་སྣང་དང༌། འཛིན་སྐྱོང་གི་ངོས་ནས་མཐུན་རྐྱེན་ཧ་ཅང་གི་ཡག་པོ་སྦྱར་གྱི་འདུག མཚམས་རེ་སློབ་གྲྭར་ཚོགས་གཏོང་སྐབས་དགོན་པ་ཆུང་ཆུང་ཞིག་ལས་སློབ་གྲྭ་དེ་ལེགས་པ་ལྟ་བུ་བཅས་ཧ་ཅང་གི་ཡག་པོ་ཆགས་འདུག འོན་ཀྱང་ང་ཚོའི་སློབ་གྲྭ་ཁག་གི་ནང་དུ་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་སྐྱོ་པོ་རེད་འདུག དེ་ནི་འཛིན་སྐྱོང་གི་ངོས་ནས་བསམ་བཞིན་དུ་ང་ཚོར་མ་སྤྲད་པ་ལྟ་བུ་མ་རེད་སྙམ། གུས་ནས་ཆབ་སྲིད་ཀྱི་གོ་རྟོགས་ཞེས་པ་ནི་རྒྱ་གར་གྱི་ཆབ་སྲིད་ཀྱི་གོ་རྟོགས་ལྟ་བུར་མི་བརྗོད་པར། བོད་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པའི་སློབ་མ་མང་དག་ཅིག་མཐོ་སློབ་ཁག་ཏུ་སླེབས་རྗེས་སེམས་ཤུགས་ཀྱི་ཐོག་ནས་འདུ་འཛོམས་དང༌། སྐད་ཆ་བཤད་པ་ལྟ་བུ་ཇི་ལྟར་བྱས་ཀྱང་སློབ་གྲྭར་ཡོད་སྐབས་ཆབ་སྲིད་ཀྱི་གོ་རྟོགས་ལེགས་པོ་མེད་སྟབས་ཤོད་རྒྱུ་དེ་ཙམ་མེད་པ་ལྟ་བུ་དང༌། དྲི་བ་དྲི་མཁན་ཞིག་ཡོང་སྐབས་གཡོལ་བ་དང་བྲོས་དགོས་པའི་གནས་ཚུལ་ཆགས་ཀྱི་འདུག དེ་བཞིན་སྔར་ཚོགས་ཆེན་མང་པོ་ཞིག་འཚོགས་ཤིང༌། སྐབས་དེར་ས་གནས་སོ་སོ་ནས་བསམ་འཆར་ཡོད་ན་བསྣམས་ཕེབས་ཤོག་ཅེས་ས་གནས་མི་མང་སོ་སོ་དང༌། སློབ་གྲྭ་ཁག་གི་དགེ་སློབ་ལས་བྱེད་སོ་སོར་འདུ་འཛོམས་བྱས་ཡོད། སྐབས་དེར་རང་ངོས་ནས་བསམ་འཆར་ཡིག་ཐོག་ཏུ་ཤོག་གྲངས་ཁ་ཤས་བྲིས་ནས་འཁྱེར་ཤོག་ཅེས་བརྗོད་པ་ཙམ་ལས། ང་ཚོའི་འཛིན་གྲྭ་ལྟ་བུ་འཁྲལ་གྱི་རྣམ་པ་ལྟ་བུ་ལས་སུས་ཀྱང་ཤེས་ཀྱི་མི་འདུག་ལ། སུ་ལའང་ཤོད་རྒྱུ་གང་ཡང་མི་འདུག དངོས་གནས་ཚད་དང་ལྡན་པའི་ངང་ནས་མ་འོངས་པའི་བོད་ཀྱི་རྩ་དོན་གྱི་ཐོག་ཏུ་གང་ཞིག་བྱེད་དགོས་པ་དང༌། ཇི་ལྟར་བྱེད་དགོས་པ་སོགས་བསམ་བློ་བཏང་སྟེ་བཤད་ཐུབ་པའི་ནུས་པ་སུ་ལའང་མི་འདུག དེ་ཡང་མ་ཤེས་པ་རེད་མི་འདུག་པས་ང་རང་ཚོའི་རིག་གཞུང་གཅེས་འཛིན་ཞེས་བརྗོད་སྐབས། སློབ་གྲྭ་ཁག་ཏུ་བོད་གཞས་འཁྲབ་པ་དང༌། བོད་ཡིག་འབྲི་བ་ཙམ་གྱིས་རིག་གཞུང་གཅེས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་ནི་ནོར་འཁྲུལ་ཞིག་མིན་ནམ་སྙམ། ལྷག་པར་དུ་སློབ་གྲྭ་ཁག་ཏུ་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་སྐབས་ལམ་སང་ཞྭ་མོ་ཆེན་པོ་ཞིག་གཡོགས་ནས། གང་ཡང་ཡིན་སྲིད་པས་གཟབ་གཟབ་བྱེད་དགོས་ཞེད་སྣང་ཚ་པོ་ཞིག་བཟོས་ནས་མི་རྣམས་སེམས་ཤུགས་སྤར་རྒྱུའི་ཚབ་ཏུ་དེ་ལྟར་བྱས་ན་རང་ཉིད་ལ་གྱོང་རག་གི་འདུག རང་ཉིད་ལ་གྱོང་མ་རག་པའི་ཐོག་ཏུ་སྤྱང་པོ་བྱས་ནས་བསྡད་ན་ཡག་ཤོས་རེད་སྙམ་པ་ལྟ་བུ་སེམས་ཤུགས་ཆགས་གཞིར་འགྲོ་གི་འདུག དེས་ན་མཚམས་རེ་ྋརྒྱལ་བ་རིན་པོ་ཆེ་མཇལ་ནས་གནས་ཚུལ་མང་པོ་ཞིག་སྙན་སྒྲོན་ཞུ་རྒྱུའི་གོ་སྐབས་ཧ་ཅང་དཀོན་པོ་ཡིན་སྟབས། ང་རང་ཚོ་ཕྱི་གསལ་ནང་གསལ་ཞིག་དགོས་ཀྱི་འདུག་སྙམ། གང་ལགས་ཤེ་ན། ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་པ་ལྟ་བུ་མིན་པར། ཉིན་རེའི་འཚོ་བའི་ནང་དུ་དངོས་ཡོད་གནས་ཚུལ་གང་ཞིག་ཡིན་པ་དེ་ཤེས་དགོས་པ་གལ་ཆེན་པོ་རེད་འདུག ལས་བསྡོམས་སུས་ཀྱང་རྫིག་པོ་ཞིག་ལས་མདོག་ཉེས་ཤིག་སུས་ཀྱང་སྒྲོག་སྦྱང་མི་བྱེད་པ་ཡིན། དེར་བརྟེན་དེ་དག་གི་ཐོག་ཏུ་ང་ཚོས་གཏན་གཏན་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག་སྙམ། འགའ་ཞིག་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གོ་རྟོགས་སྤེལ་དགོས་ཞེས་བརྗོད་སྐབས། འདིས་བརྡབ་གསིག་གཏོང་གི་རེད་ཅེས་བརྗོད་ཀྱི་འདུག གློ་ནད་ཅན་ཞིག་ལ་གློ་སྨན་སྤྲད་ན་གཟུགས་པོའི་ཆ་ཤས་ལ་ལར་གནོད་རྒྱུ་ཡིན་པ་བརྗོད་མི་དགོས་ཀྱང༌། དེས་གནོད་ཀྱི་རེད་ཅེས་སྨན་པ་མ་བཟས་ན་གློ་ནད་ལས་ཐར་མི་ཐུབ་པ་མ་ཟད་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་ཡིན། དེས་ན་ང་ཚོས་དེ་ཚོའི་ཐོག་ཏུ་གཏན་གཏན་བསམ་བློ་གཏོང་རྒྱུ་དེ་གནད་འགགས་ཆགས་ཀྱི་འདུག་སྙམ། མ་འོངས་པར་ཕྱིས་དྲགས་ན་ཡག་པོ་མེད་པས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེའི་ཐོག་ལ་དགོངས་ཚུལ་གང་ཞིག་ཡོད་དམ། ཐུགས་རྗེ་ཆེ།

    བཀའ་ལན། དེ་ནི་བདེན་པ་ཡིན། ང་རང་ཚོ་རྒྱ་གར་དུ་འབྱོར་ནས་ལོ་གཅིག་གི་ནང་ཚུད་དུ་མ་སུ་རིར་ཕྲུ་གུ་ལྔ་བཅུ་ཐམ་པ་ཡོད་པའི་གཞོན་པ་ཧྲག་ཧྲག་ཁག་ཅིག་གི་སློབ་གྲྭ་ཐོག་མ་དེ་བཙུགས་ཤིང༌། དེ་ནི་ཆོས་སློབ་སྦྱོང་བྱེད་རྒྱུའི་དོན་དུ་བཙུགས་པ་མིན། ང་རང་ཚོ་བོད་རང་དབང་བྲལ་ཏེ་ཧ་ཅང་སྐྱོ་པོ་ཞིག་ཆགས་པ་ནི། ང་ཚོ་བོད་པ་མི་རབས་ཁ་ཤས་ཀྱི་གོང་ནས་འཛམ་གླིང་གི་དེང་དུས་ཀྱི་ཤེས་ཡོན་གྱིས་ཕོངས་ཤིང༌། དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་མ་བྱས་པ་སོགས་ཀྱི་རྐྱེན་ལས་རང་གིས་ཆབ་སྲིད་སྐྱོང་ལུགས་དེ་ཚགས་ཚུད་མ་བྱུང་བའི་དབང་གིས་ང་ཚོར་རྐྱེན་ངན་དེ་འཕྲད་པ་ཡིན། དེ་དག་ཚང་མ་རྒྱ་མི་གུང་ཁྲན་གྱིས་བྱས་སོང་ཞེས་བརྗོད་རྒྱུ་མེད། རང་ངོས་ནས་ཚགས་ཚུད་མ་བྱས་པར་ང་ཚོར་རྐྱེན་ངན་དེ་བྱུང་བ་ཞིག་ཡིན། དེས་ན་ང་ཚོས་སློབ་གྲྭ་བཙུགས་རྒྱུ་དེ་ཕྲུ་གུ་རྣམས་ཀྱིས་ཆོས་ཕྱོགས་ཀྱི་སློབ་སྦྱོང་བྱས་ནས་གོང་དུ་བརྗོད་པ་བཞིན་ཚང་མ་དགེ་བཤེས་འཇོག་རྒྱུ་དོན་དུ་བཙུགས་པ་རེད་དམ་ཞེ་ན་དེ་ལྟར་མིན། དེ་ཡང་གལ་ཆེན་པོ་ཡིན། མི་གཅིག་ཡིན་པ་དང༌། དེའི་ནང་ནས་བོད་པ་ཞིག་ཡིན་པའི་ཆ་ནས། ནང་ཆོས་ལ་དད་པ་ནི་ཡོད་པ་ཡིན། བོད་དེ་ནང་ཆོས་ཀྱི་སྤྱི་ཚོགས་ཤིག་ཆགས་ཡོད། དེས་ན་ནང་ཆོས་ཤེས་དགོས་ཞེས་བརྗོད་ཀྱི་ཡོད། དེ་གཅིག་པུས་འདང་གི་མེད་པ་ཧ་ཅང་གསལ་པོ་ཡིན། དེར་བརྟེན་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་རྒྱུ་སྟེ། དེ་ཡང་བོད་ཀྱི་རྩ་དོན་གནས་སྟངས་ཇི་འདྲ་ཞིག་གི་ཐོག་ཏུ་སླེབས་ཡོད་པ་དང༌། དེའི་དཀའ་ངལ་སེལ་ཐབས་ཇི་ལྟར་བྱེད་དགོས་པ་སོགས་ནི་གཙོ་བོ་དགེ་རྒན་གྱི་ངོས་ནས་ལམ་སྟོན་དང་གླེང་གཞི་བསླངས་ནས་བགྲོ་གླེང་བྱེད་པ་ལྟ་བུ་ངེས་པར་དུ་དགོས་པ་ཞིག་ཡིན། སྤྱིར་བཏང་སློབ་གྲྭའི་ནང་དུ་ཆབ་སྲིད་དམ་སྲིད་དོན་མ་སྲེས་ཞེས་པའི་སྐད་ཆ་ཞིག་ཡོད་པ་ཡིན། དེའི་སྲིད་དོན་ནི་ཆབ་སྲིད་ཀྱི་ཚོགས་པའི་དོན་ཡིན། ང་ཚོའི་ཆབ་སྲིད་ནི་མི་རིགས་འཚོ་ཐབས་བྱེད་པ་དང༌། མི་རིགས་གཅིག་གསོན་གནས་ཐུབ་པ་དང༌། མི་རིགས་གཅིག་གི་རང་དབང་གི་དོན་དུ་བརྩོན་པ་ཞིག་ཡིན་པས་ན། དེ་ནི་ངེས་པར་བགྲོ་གླེང་བྱེད་དགོས་ལ། སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན། ཁྱེད་རང་ཚོས་ཞིབ་ཚགས་ཤེས་འདོད་ཡོད་སྟབས། བཀའ་བློན་ཁྲི་པ་ཉིན་དགུང་གསོལ་ཚིགས་གྲུབ་རྗེས་ཁྱེད་རང་ཚོ་དང་ཐུག་ནས། ད་ལྟ་བོད་པའི་གནས་སྟངས་ཇི་འདྲ་ཞིག་ཐོག་ཏུ་བསྡད་ཡོད་པ་དང༌། འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་བའི་ལྟ་གྲུབ་ཇི་ལྟར་ཡིན། དེ་བཞིན་དབུ་མའི་ལམ་ཞེས་བརྗོད་པའི་དབུ་མའི་ལམ་ལ་འགྲོ་བའི་དགོས་པ་དང་རྒྱུ་མཚན་གང་ཡིན། ང་ཚོ་རང་བཙན་གྱི་ཐོག་ཏུ་ཕྱིན་ན། ཁ་ནས་ཤོད་རྒྱུ་ལས་སླ་པོ་ཡིན་ཡང་དོན་དངོས་ལག་ལེན་བསྟར་སྐབས། བསམ་བློ་ཞིབ་ཕྲ་གཏོང་སྐབས་གནས་ཚུལ་གང་དང་གང་ཞིག་ཆགས་ཀྱི་འདུག་པ་བཅས་ཟམ་གདོང་རིན་པོ་ཆེས་འགྲེལ་བཤད་ཅིག་སྐྱོན་པ་གནང་ན། ཡག་པོ་མི་འདུག་གམ། ཕན་ཐོགས་ལེགས་པ་ཡོང་བ་མི་འདུག ཇི་འདྲ་འདུག་གམ། ད་ལན་འདིར་ཕྱོགས་ཁག་ནས་སློབ་ཕྲུག་མང་པོ་ཞིག་འཛོམས་ཡོད་སྟབས། དེའི་ནས་ཕལ་མོ་ཆེ་གཞོན་སྐྱེས་ཡིན། བོད་བསྟན་སྲིད་ཀྱི་དོན་དུ་ཁྱེད་རང་ཚོས་སེམས་འཁུར་བླང་གི་ཡོད་ལ། སེམས་འཁུར་བླང་དགོས་པ་ཞིག་ཡིན། བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་དཀའ་ངལ་གང་འདྲ་ཞིག་རྒྱག་གི་འདུག་གམ། ང་རང་ཚོ་རང་དབང་ལུང་པའི་ནང་དུ་སླེབས་ཡོད། བོད་ནང་རང་དབང་མེད་སྟབས་རང་སྲོག་འབེན་ལ་བཙུགས་ནས་དཀའ་ལས་རྒྱག་དགོས་པ་ལྟ་བུ་ཆགས་ཀྱི་ཡོད། ང་རང་ཚོ་རང་དབང་ལུང་པའི་ནང་དུ་སྨྲ་བརྗོད་རང་དབང་ཡིན་ལ། གང་ཡང་བྱེད་ཐུབ་པ་ཞིག་ཡིན། དེས་ན་དངོས་གནས་བསམ་ཕོད་པ་དང༌། ཤོད་ཕོད་པ། བྱེད་ཕོད་པ་བཅས་དགོས་པ་ཡིན། དེ་ནི་སྔར་མའོ་ཙེ་ཏུང་གི་སྐད་ཆ་ཡིན། མའོ་ཙེ་ཏུང་གིས་གཞོན་ནུ་རྣམས་ལ་བསམ་ཕོད་པ་དང༌། ཤོད་ཕོད་པ། བྱེད་ཕོད་པ་དགོས་ཞེས་པ་ལྟར་ཡིན། འོན་ཀྱང་དེ་རྗེས་དགའ་བྲང་གི་ངོས་ལ་སྣོན་མ་ཞིག་བརྒྱབ་ནས་བསམ་ཕོད་པ་དང༌། ཤོད་ཕོད་པ། བྱེད་ཕོད་པ་བཅས་གལ་ཆེན་པོ་ཡིན་ཡང༌། ཕོད་པ་དེ་བྱས་པའི་འབྲས་བུ་དེས་ཕན་ཐོགས་གང་ཞིག་ཡོད་མེད་ལ་བསམ་བློ་གཏོང་དགོས་ཞེས་བརྗོད་པ་དེ་ནི་བདེན་པ་ཡིན།

    མདོར་ན་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང༌། དངོས་ཡོད་གནས་ཚུལ་ལ་ང་ཚོར་རྒྱལ་ཁ་ཐོབ་ཐུབ་པ་ཞིག་བསམ་བློ་གཏོང་དགོས། དཔེར་ན། ང་རང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་ཉིན་ལྟར་སྨོན་ལམ་རྒྱག་གི་ཡོད། དེ་ནི་བསམ་ཕོད་པ་དང༌། ཤོད་ཕོད་པ་ཡིན་ལ། བྱེད་ཕོད་པ་ལྟ་བུ་ཞིག་ཀྱང་བྱེད་ཀྱི་ཡོད། འོན་ཀྱང་ཡོང་གི་མེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་སྨོན་ལམ་ཉིན་ལྟར་རྒྱག་གི་ཡོད་ཀྱང༌། རྟོགས་པ་སོར་གང་ཙམ་ཡང་འཕར་གྱི་མི་འདུག དེ་ནི་ལོ་ནས་ལོ་བསྟུད་དེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་གསུངས་པ་བཞིན་བསྐལ་ཆེན་གྲངས་མེད་གསུམ་དང༌། བསྐལ་ཆེན་གྲངས་མེད་སུམ་ཅུ་དང་བཞི་བཅུ་ཞེས་རིམ་བཞིན་འགྲོ་དགོས་པ་ཞིག་ཡིན་པ་ལས། ལས་སླ་པོའི་ཐོག་ནས་སྒྲུབ་ཐུབ་པ་ཞིག་མིན། དཔེ་དེ་བཞིན་ཡིན། ང་རང་ཚོའི་བོད་ཀྱི་རྩ་དོན་གྱི་བསྒྲུབ་བྱ་དེ་ཡང་ཡུན་བསྲིངས་ནས་འགྲོ་དགོས་པ་ཞིག་ཡིན། དེའི་རྩ་བ་ནི་ལྷག་བསམ་དང་སྙིང་སྟོབས་ལ་ཐུག་གི་ཡོད། སྙིང་སྟོབས་དང་ལྷག་བསམ་ཡོང་བ་ནི། དངོས་ཡོད་གནས་ཚུལ་རྟོགས་པའི་ཐོག་ནས་སྐྱེས་དགོས་པ་ཞིག་ཡིན་སྟབས། ཁྱེད་རང་ཚོས་དངོས་ཡོད་གནས་ཚུལ་ཇི་འདྲ་ཞིག་ཡིན་པ་དེ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། ད་ལྟ་ང་ཕར་སླེབས་མ་ཐག་ཏུ་བཀའ་བློན་ཁྲི་པ་ཁྱུག་ཙམ་ཐུག་གི་ཡོད། དེ་ནས་བཀའ་བློན་ཁྲི་པ་གསོལ་ཚིགས་བཞེས་གྲུབ་རྗེས་ཚུར་ཕེབས་རོགས་གནང་ཞེས་ཞུ་གི་ཡིན། ཁྱེད་རང་ཚོས་དཔེ་ཆ་སློབ་འཁྲིད་བྱེད་རྒྱུ་དུས་ཚོད་ཅུང་ཟད་འགྱངས་ན་སྐྱོན་དེ་ཙམ་མེད། དེ་རིང་འདི་ཙམ་ཡིན། 

ཉིན་གཉིས་པའི་བཀའ་ཆོས།

དམྱལ་བ་ཡོད་མེད་ཀྱི་སྐོར།

    ཁ་སང་ཁྱེད་རང་ཚོར་བཀའ་བློན་ཁྲི་པའི་གསུང་བཤད་ཁ་གསལ་པོ་བྱུང་སོང་ངམ། དྲི་བ་དྲིས་ལན་བྱུང་སོང་ངམ་ཞེས་ཐུགས་སྣང་དང་བཅས་བཀའ་དྲི་གནང༌། ཁ་སང་དྲི་བ་དང་དྲིས་ལན་ཉུང་ཉུང་ལྟ་བུ་ཞིག་ཆགས་སོང་བས། དེ་རིང་སྔོན་ལ་དྲི་བ་དྲིས་ལན་འགོ་འཛུགས་བྱས་ན་སྙམ།

གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

    ཞེས་སྟོན་པར་མཆོད་པར་བརྗོད་པས་སྔོན་བསུས་ཏེ། གུས་པའི་དྲི་བ་ནི་དུས་རྒྱུན་ནས་ང་རང་ཚོའི་ཕ་མེས་གོང་མ་ཚོས་བརྗོད་པའི་དམྱལ་བ་ཞེས་པ་དེ་ང་རང་ཚོའི་མི་ཐོག་འདིས་དངོས་སུ་མཐོང་མེད་སྟབས་དམྱལ་བ་ཡོད་དམ་མེད་ཅེས་བཀའ་དྲི་ཞུ་རྒྱུ་ཡིན། བཀའ་ལན། སྤྱིར་སྲིད་གསུམ་ཞེས་པ་མདོ་རྒྱུད་ཚང་མའི་ནང་དུ་ཡོད་ཅིང༌། དེ་ཡང་འདོད་ཁམས་དང༌། གཟུགས་ཁམས། གཟུགས་མེད་ཁམས་བཅས་གསུམ་ལས། འདོད་ཁམས་ལ་ངན་འགྲོ་སྟེ་དམྱལ་བ་དང༌། ཡི་དྭགས། དུད་འགྲོ་གསུམ་དང༌། བདེ་འགྲོ་ལའང་ལྷ་དང་མི་གཉིས། ལྷ་ལའང་འདོད་ལྷ་རིགས་དྲུག་སོགས་ཀྱི་རྣམ་གྲངས་མང་པོ་ཞིག་ཡོད། དེ་དག་ཚང་མ་ང་རང་ཚོར་མཐོང་བ་མངོན་གྱུར་རེད་དམ་ཞེ་ན། མཐོང་བ་མངོན་གྱུར་མིན་པས་ང་ཚོས་མཐོང་མི་ཐུབ་ཅིང༌། དུད་འགྲོ་ནི་ང་རང་ཚོས་དངོས་སུ་མཐོང་བ་འདི་ཉིད་ཡིན། ཡི་དྭགས་ཞེས་པ་དེ་ཡང་སྐབས་རེ་ལྷ་ཞུགས་པ་དང༌། མཚམས་རེ་འདྲེ་ཞུགས་པ་ལྟ་བུ་ཡོང་གི་ཡོད། དེ་ནི་ཡོད་པ་ཐག་ཆོད་པ་ཡིན། ང་ལ་དེ་འདྲ་མང་པོ་ཐུག་མྱོང༌། ལྷ་འདྲེ་གང་ཞིག་ཡིན་ཡང་དེ་ཉིད་མིའི་ཁོག་ཏུ་ཞུགས་པའི་སྐབས་མི་དེར་རང་དབང་རྩ་བ་ནས་མེད་པ་ལྟ་བུ་དེ་རྣམས་ཡོད་པ་ནི་ཐག་ཆོད་པ་ཞིག་ཡིན། དེས་གང་ཞིག་མཚོན་གྱི་ཡོད་ཅེ་ན། ང་རང་ཚོར་མཐོང་བ་མངོན་གྱུར་གྱི་མི་དང་དུད་འགྲོ་གཅིག་པུ་མིན་པར་འགྲོ་བ་གཞན་དག་ཡོད་པ་ཞིག་མཐོང་གི་ཡོད།

    དེ་བཞིན་སྲིད་པ་བར་དོ་ཞེས་པ་དེ་ཡང་རིགས་འགའ་ཞིག་གིས་མཐོང་རྒྱུ་ཡོད་པ་ལྟ་བུ་ཡང་ཡོང་གི་ཡོད། དེས་ན་དེས་ཚོད་དཔག་བྱས་ན་གཞུང་ནས་དམྱལ་ཁམས་ཞེས་གསུངས་པ་དེ་ཕལ་ཆེར་མེད། གང་ལགས་ཤེ་ན། ངས་མཐོང་གི་མི་འདུག་ཅེས་བརྗོད་མི་ཐུབ་པ་ཞིག་ཡིན། གཞུང་ནས་གསུངས་པའི་རིགས་དེ་ལ་ང་རང་ཚོས་མཐོང་བ་མངོན་གྱུར་མིན་སྟབས། ལྐོག་གྱུར་ལྟ་བུ་ཆགས་ཀྱི་ཡོད། འོན་ཀྱང་ང་རང་ཚོས་མ་མཐོང་བ་དང་མེད་པར་མཐོང་བ་གཉིས་ཐ་དད་ཡིན། ཚན་རིག་པས་མ་རྙེད་པ་དང་མེད་པར་རྙེད་པ་གཉིས་ཐ་དད་ཡིན་ཞེས་རྟག་ཏུ་སྐད་ཆ་འདི་ལྟར་ཡོང་གི་ཡོད། དཔེར་ན། སྐྱེ་བ་སྔ་ཕྱི་ཞེས་བརྗོད་སྐབས། སྐྱེ་བ་སྔ་མ་ང་ཚོས་དྲན་གྱི་མེད། ཡང་རིགས་འགའ་ཞིག་གིས་དྲན་གྱི་ཡོད། སྤྱིར་བཏང་ཕལ་པ་ཕལ་མོ་ཆེས་དྲན་གྱི་མེད། སྐྱེ་བ་སྔ་མ་མ་དྲན་པ་རྒྱུ་མཚན་དུ་བྱས་ཏེ་རང་ཉིད་ཀྱིས་མ་མཐོང་བ་ལས་མེད་པར་མཐོང་བ་མིན། དེས་ན་ཤེས་བྱ་འདི་ལ་ཤེས་བྱའི་ཆོས་ཡོད་དོ་ཅོག་མིས་ཤེས་ཀྱི་མེད། དཔེར་ན། ཕྱིའི་དངོས་པོའི་གནས་ཚུལ་མང་པོ་ཞིག་དུས་རབས་ཉི་ཤུ་པའི་རྗེས་སུ་ཤེས་པའི་རིགས་རྣམས་དུས་རབས་ཉི་ཤུ་པའི་འགོ་སྟོད་དང༌། དུས་རབས་བཅུ་དགུ་པ་དང༌། དུས་རབས་བཅོ་བརྒྱད་པ་སོགས་ཀྱི་སྐབས་སུ་ཤེས་ཀྱི་མེད། དཔེར་ན། རྡུལ་ཕྲན་ཆ་མེད་མ་བྱུང་བའི་གོང་དུ་དངོས་པོ་གང་ཞིག་ཡིན་ཡང་ཕྱི་དངོས་པོའི་ཐོག་ནས་གྲུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། རྡུལ་ཕྲན་ཆ་མེད་ཅེས་པ་དེ་སླེབས་སྐབས་དེ་ལྟར་མིན། དེས་ན་སྔར་ནས་གནས་ཚུལ་གང་འཚམས་ཤིག་ཤེས་པ་དང༌། དེ་ནས་གཏིང་ཇེ་ཕྲར་ཕྱིན་པ་དེ་སྔར་གྱི་དུས་སུ་མ་མཐོང་བ་དང་མ་རྙེད་པ་ལས་མེད་པར་རྙེད་པ་མིན། དེ་མ་འོངས་པར་རྙེད་པ་ཡོང་གི་ཡོད། དཔེར་ན། རི་རབ་ལྟ་བུ་མཚོན་ན་དེའི་འགལ་ཟླ་དེ་མཐོང་གི་ཡོད། ངོས་ལ་ཆ་བཞག་ན་དཔེ་ཆའི་ནང་དུ་བཤད་པ་ལྟར་གྱི་རི་རབ་ལ་ཡིད་ཆེས་མེད། དེ་ཡང་འཛམ་གླིང་འདིའི་ཐོག་ཏུ་ཡོད་པ་རེད་ཅེས་བརྗོད་ན་ཧ་ཅང་ཁག་པོ་ཡིན། དེས་ན་མངོན་པ་མཛོད་ནས་གླིང་བཞི་གླིང་ཕྲན་གསུངས་པ་དང༌། དེ་བཞིན་དུས་འཁོར་གྱི་གཞུང་ནས་གསུངས་པ་ལྟར་ན། སྐྱེས་བུའི་ལུས་འདོམ་གང་སྟེ་རྐང་མཐིལ་ནས་སྤྱི་གཙུག་བར་སྲིད་པ་སུམ་ཅུ་སོ་གཅིག་ལྟ་བུར་བརྩི་སྲོལ་ཞིག་ཡོད། དེས་ན་རྒལ་ཚིགས་རི་རབ་ཏུ་སྦྱར་བ་ལྟ་བུ་མཚོན་བྱེད་དང༌། མཚོན་དོན་ལ་སྦྱར་བ་ཡོང་གི་ཡོད། དེ་ནི་གནས་ཚུལ་ཐ་དད་ཡིན།

    སྔགས་ལྟར་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་རེ་རེ་བཞིན་མཚོན་དོན་དུ་བྱས་ཏེ་དག་པ་བཤད་པ་ཞིག་ཡོད། དེ་ལྟ་བུའི་ཐོག་ནས་བཤད་ཡོང་གི་ཡོད། དེར་བརྟེན་ངེས་པར་དུ་སྒྲ་ཇི་བཞིན་པར་ཁས་ལེན་དགོས་མིན་དཔྱད་རྒྱུ་ཡོད། དཔེར་ན། མངོན་པ་མཛོད་ནས་བཤད་པ་སྒྲ་ཇི་བཞིན་པར་ཁས་བླངས་ན་མངོན་སུམ་ལ་སྙོན་དགོས་པ་ཆགས་ཀྱི་ཡོད། དེའི་འགལ་ཟླ་ང་ཚོས་དངོས་སུ་མཐོང་གི་ཡོད། དེས་ན་ནང་པའི་གཞུང་དུ་མ་དམིགས་པའི་རྟགས་བཀོད་སྐབས། སྣང་རུང་མ་དམིགས་པ་དང༌། མི་སྣང་བ་མ་དམིགས་པ་བཅས་ལས་འདི་ནི་སྣང་རུང་མ་དམིགས་པ་ལྟ་བུ་ཞིག་ཡིན་ཏེ། ཡོད་ན་སྣང་དུ་རུང་བ་ལས་མི་སྣང་བའི་ཕྱིར་དང༌། ཡང་ན། འགལ་ཟླ་དམིགས་པ་སྟེ་ཆོས་དེ་དང་དེ་འགལ་བ་ཡིན་པ་དང༌། འགལ་བ་ལའང་ངོ་བོ་འགལ་དམིགས་དང༌། རྒྱུ་འགལ་དམིགས། འབྲས་བུ་འགལ་དམིགས་སོགས་མང་པོ་ཞིག་ཡོང་གི་ཡོད། དཔེར་ན་འཛམ་གླིང་ལེབ་ལེབ་དབུས་སུ་རི་རབ་དང༌། དེ་ལ་ཉི་ཟླའི་འཁོར་འགྲོས་ལྟ་བུའི་ཆོས་ཤིག་ང་ཚོས་ཁས་བླངས་ན། འཛམ་གླིང་ཧྲིལ་པོ་འདིའི་ཐོག་ཏུ་ཉི་མ་དབུས་སུ་གནས་ཤིང༌། འཛམ་གླིང་གིས་དེ་ལ་འཁོར་ནས་འགྲོ་བ་རྣམས་དངོས་སུ་མཐོང་གི་ཡོད། དེ་ཡང་ཚད་གཞལ་ན་ཚད་འཇལ་ཐུབ་པ་ཞིག་ཡོད། དེ་གཉིས་འགལ་བ་ཡིན། དེས་ན་འགལ་ཟླ་དམིགས་པ་ཡིན། འགལ་ཟླ་དམིགས་པ་ཡིན་པས་ན་མངོན་སུམ་ལ་སྙོན་མེད་དུ་ཡོད་པའི་ཆོས་དེ་དང་འགལ་བ་ཡིན་པ་ཞིག་དཔེ་ཆའི་ནང་དུ་བཤད་ཡོད་ཀྱང༌། ཁས་བླངས་ཐུབ་པ་ཧ་ཅང་ཁག་པོ་ཡིན།

    རྗེ་བདག་ཉིད་ཆེན་པོས། དྲང་ངེས་ལེགས་བཤད་སྙིང་པོའི་དབུར། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན། སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ་ཞེས་གསུངས་ཡོད། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན། སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་ན། མངོན་སུམ་ལ་བསྙོན་པའི་ཆོས་ཤིག་ཁས་བླངས་ན། སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་བ་སྨོས་མེད་ཡིན། ང་རང་ཚོའི་སངས་རྒྱས་པའི་གཞུང་དུ་རིགས་པའི་སྒྲུབ་བྱེད་ཀྱི་རྣམ་གྲངས་ཧ་ཅང་མང་པོ་ཞིག་གསུངས་ཡོད། རིགས་པ་དེ་རྣམས་ནི་རྗེས་དཔག་ལོང་བར་གྱུར་པ་ཞེས་བརྗོད་པ་ལྟར་མཐར་གཏུགས་ན་མངོན་སུམ་གྱི་མྱོང་བ་གཏུགས་དགོས་ཞེས་གསུངས་ཡོད། དེས་ན་མཐར་གཏུགས་དེ་དང་འགལ་བ་ཞིག་སླེབས་ཀྱི་འདུག་ན། ཁས་བླངས་རྒྱུ་ཧ་ཅང་ཁག་པོ་ཡིན། ནང་པའི་ཚད་མ་གཞུང་གི་སྤྱིའི་འགྲོ་སྟངས་ཡོད་དམ་མེད་ཅེས་ཐག་བཅད་ནས་འགྲོ་སྟངས་འདི་ལྟར་བྱས་ཏེ་འགྲོ་དགོས་པ་ཡིན། དེ་བཞིན་དབུ་མ་ཐལ་འགྱུར་བའི་གཞུང་གི་ནང་དུ་ཐ་སྙད་དུ་ཡོད་པའི་ཡོད་ཚད་ནི། ཐ་སྙད་དུ་གྲགས་ཤིང་གྲུབ་པ་ཡིན་པ་དང༌། དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་ཞེས་གསུང་གི་ཡོད། གླིང་བཞི་གླིང་ཕྲན་རྣམས་ཐ་སྙད་དུ་གྲགས་པ་ཞིག་ཡོད་ཀྱང༌། དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་ཡོང་གི་ཡོད། རི་རབ་དང་འཛམ་གླིང་གི་བཀོད་པ་ཇི་འདྲ་ཞིག་ཡོད་མེད་ཀྱི་ཐོག་རྩད་གཅོད་བྱེད་མཁན་གཅིག་གྱུར་ཞིག་གིས་དཔྱད་སྐབས་དེ་ལྟར་མེད་པ་ཞིག་ཆགས་འགྲོ་གི་ཡོད། དེའི་འགལ་ཟླ་དམིགས་ཡོང་གི་ཡོད། དེས་ན་ཁས་བླངས་མི་ཤེས་པ་ཡིན།

    དམྱལ་བར་ཆ་བཞག་ན། མ་མཐོང་བ་ཙམ་གྱིས་རྒྱུ་མཚན་ལས་དེའི་འགལ་ཟླ་ཞིག་ང་ཚོར་རྩ་བ་ནས་རྙེད་རྒྱུ་མེད། མཐར་གཏུགས་ན་ང་ཡིད་ཆེས་ཀྱི་མི་འདུག་ཅེས་པའི་སྐད་ཆ་དེའི་ཐོག་ཏུ་འགྲོ་གི་ཡོད། དཔེར་ན། སྐྱེ་བ་སྔ་ཕྱིར་ཆ་བཞག་ཀྱང༌། ང་ཡིད་ཆེས་ཀྱི་མི་འདུག་ཅེས་པའི་ཐོག་ཏུ་འགྲོ་རྒྱུ་ལས། དེ་མིན་མེད་པར་རྙེད་པ་མིན། དེ་བཞིན་ང་ལ་སྐད་ཆ་ཞིག་དྲིས་ཀྱང༌། ངས་དམྱལ་བ་མཐོང་མྱོང་མེད་ལ། སྔར་དམྱལ་བར་སྐྱེ་ཡོད་ན་ལས། ཕལ་ཆེར་ང་ཚོ་ཚང་མ་དམྱལ་བར་སྐྱེ་མྱོང་བ་ཤ་སྟག་ཡིན་ལས་ཆེ། མཐོང་བ་མངོན་གྱུར་ལྟར་བྱས་ཏེ་མེད་ན་ཡང༌། རིགས་པས་ཚོད་དཔག་གིས་བསམ་བློ་བཏང་ན་དམྱལ་བ་ཡོད་ཆོག་གི་རེད་སྙམ་པ་དྲན་གྱི་འདུག

བདག་གཅེས་འཛིན་སྤངས་ན་རྣམ་མཁྱེན་ཐོབ་ཐུབ་མིན།

    ཁ་སང་གི་དྲི་བའི་ཁོངས་ནས་བདག་གཅེས་འཛིན་སྤངས་ན་རྣམ་མཁྱེན་ཐོབ་ཐུབ་མིན་གྱི་སྐོར་དེ་གནད་འགག་ཏོག་ཙམ་འདུག དེ་ཡང་གཞན་བདེ་ཁྱད་དུ་སོད་པའི་རང་བཞིན་ཅན་གྱི་རང་གཅེས་འཛིན་གཅིག་དང༌། ཡང་གཞན་བདེ་ཁུར་དུ་བླང་མ་ཐུབ་པའི་རང་གཅེས་འཛིན་གཅིག་ཡོང་ཆོག་པ་འདུག་ཅེས་ཁ་སང་སྐད་ཆ་བྱུང་བ་ལྟར་ཡིན། གཞུང་གི་ནང་དུ་གསུངས་མི་འདུག་ཀྱང༌། ཞིབ་ཚགས་པོའི་ཐོག་ནས་བསམ་བློ་བཏང་ནས་དཔྱད་ན། ཕལ་ཆེར་རང་གཅེས་འཛིན་ལ་བདག་ལ་ཆགས་པའི་བདག་ཆགས་ཞེས་པ་ཞིག་ཡོད། དེ་ཡང་སྐྱེ་བ་ལེན་པའི་རྒྱུ་རྐྱེན་གཙོ་བོ་ནི་བདག་ལ་ཆགས་པའི་བདག་ཆགས་ཞེས་པ་དེ་ཉིད་ཡིན། དེས་ན་བདག་ལ་ཆགས་པ་ནི་འདོད་ཆགས་ཡིན། འདོད་ཆགས་དེ་དང་མཚུངས་ལྡན་དུ་སོང་ཞིང་འདྲེས་པའི་རང་གཅེས་འཛིན་གཅིག་དང༌། བདག་ལ་ཆགས་པ་དང་མ་འདྲེས་ཀྱང་བདག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཛིན་པ་དང་མཚུངས་ལྡན་དུ་ཡོད་པའི་རང་གཅེས་འཛིན་གཅིག་དང༌། ཡང་བདག་བདེན་གྲུབ་ཏུ་འཛིན་པའི་འཛིན་པ་དང་མཚུངས་ལྡན་དུ་གྱུར་པའི་བདག་ཅེས་འཛིན་གཅིག་བཅས་ཡོང་བ་ཡིན། དེས་ན་རང་གཅེས་མང་པོ་ཞིག་ཡོད། དེ་དག་རང་གཅེས་འཛིན་གཅིག་གྱུར་ཡིན་ན་ཡང་དེའི་གྲོགས་ཉོན་མོངས་གཞན་དག་གིས་རྐྱེན་པས་གཅེས་འཛིན་ལ་ཤུགས་ཆེ་ཆུང་དང༌། ཕྲ་རགས་ཀྱི་ཁྱད་པར་གཏན་གཏན་ཡོད་པ་ཡིན།

    དེས་ན་བདེན་འཛིན་ཉོན་མོངས་སུ་འདོད་པའི་དབང་དུ་བྱས་ན། བདེན་འཛིན་དང་མཚུངས་ལྡན་དུ་གྱུར་པའི་བདག་གཅེས་འཛིན་དེ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཛིན་པ་དང་མཚུངས་ལྡན་དུ་གྱུར་པའི་རང་གཅེས་འཛིན། དེ་བཞིན་འདོད་ཆགས་དང་མཚུངས་ལྡན་དུ་གྱུར་པའི་རང་གཅེས་འཛིན་དེ་དག་ཉོན་མོངས་ཅན་གྱི་བདག་གཅེས་འཛིན་ཡིན། ཉོན་མོངས་སྤངས་པའི་དགྲ་བཅོམ་པའི་རྒྱུད་ལ་རང་གཅེས་འཛིན་དེ་མེད། ཉོན་མོངས་ཅན་གྱི་རང་གཅེས་འཛིན་དང༌། ཉོན་མོངས་ཅན་མ་ཡིན་པའི་རང་གཅེས་འཛིན་གཉིས་འཇོག་དགོས་ཤིང༌། ཉོན་མོངས་ཅན་གྱི་རང་གཅེས་འཛིན་ལའང་ཉོན་མོངས་ཕྲ་རགས་ཀྱི་ཁྱད་པར་གྱི་ཐོག་ནས་རང་གཅེས་ལའང་ཕྲ་རགས་ཡོང་བ་ཡིན། འདི་ལྟར་བྱས་ནས་གསལ་པོ་ཡོད་པ་ཡིན།

ཆོས་པ་དང་ཚན་རིག་པས་དཔྱོད་པའི་ཆུ་ཚད་ཀྱི་ཁྱད་པར།

    དྲི་བ། ྋགོང་ས་མཆོག་ནས་འཛམ་གླིང་འདིའི་ཐོག་ཆོས་ལུགས་བརྒྱ་ཕྲག་ཡོད་པར་གསུངས་པ་དེ་དག་ཕལ་མོ་ཆེ་ཤར་ཨེ་ཤ་ཡ་ནས་བྱུང་བ་དང༌། ཆོས་ལུགས་དེ་དག་གི་ལྟ་གྲུབ་ཕལ་ཆེ་བ་གཏིང་ཟབ་པོ་ཤ་སྟག་རེད། ལམ་སྣ་ལྟ་བུར་མཚོན་ན་ཐོས་བསམ་སྒོམ་གསུམ་གྱི་སྟོང་ཉིད་དང༌། མཐར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སྐྱེ་བོ་ཧ་ཅང་མང་པོ་བྱུང་ཡོད་པས་མིའི་བསམ་བློའམ་རིག་པ་ཧ་ཅང་འཕེལ་རྒྱས་ཕྱིན་ཡོད། ཡང་ནུབ་ཕྱོགས་ནས་ཀྱང་ཚན་རིག་ཡར་རྒྱས་ལ་བརྟེན་ནས་ནུབ་ཕྱོགས་ཀླད་པ་ཧ་ཅང་སྤྱང་པོ་ཆགས་ཡོད། ཕྱོགས་གཉིས་ཀ་ལ་བསམ་བློའི་རྫས་རྒྱུན་དང་རིགས་རྒྱུན་གྱི་ཤུགས་རྐྱེན་ངེས་པར་ཐེབས་ཡོད། དེས་ན་ཀླད་པའི་རྩ་ཁམས་རིག་པའི་ཐོག་ནས་བཤད་ན་ཤར་ནུབ་གཉིས་ཀྱི་མིའི་ཀླད་པའི་ཆུ་ཚད་ལ་ཆེ་ཆུང་གི་ཁྱད་པར་ཡོད་དམ།

    བཀའ་ལན། ཐོག་མར་ངོས་ནས་ཆོས་ལུགས་བརྒྱ་ཕྲག་ཅེས་བརྗོད་སྐབས། ཤར་ཕྱོགས་ནས་དར་འཕེལ་བྱུང་བའི་ཆོས་ལུགས་ཁོ་ནར་བརྗོད་ཀྱི་མེད། ཨ་ཕི་རི་ཁའི་ནང་དུ་ཆོས་ལུགས་མང་པོ་ཡོད། ལ་ཊིན་ཨ་མི་རི་ཀའི་ནང་དུ་ཡང་ཆོས་ལུགས་མང་པོ་ཡོད། དཔེར་ན། ཨ་ཕི་རི་ཁའི་ནང་དུ་ཁོང་རང་ཚོའི་ཡུལ་པའི་ཆོས་ལུགས་དང་འབྲེལ་བའི་མོ་རྒྱག་མཁན་ཞིག་འདུག དེ་ཡང་རྡོ་དང་དུང་དཀར་སོགས་དངོས་རིགས་འདྲ་མིན་མང་པོ་ཞིག་སྣོད་གཅིག་གི་ནང་དུ་བླུགས་ནས་སྣོད་ཀྱི་ནང་དུ་དཀྲུག་དཀྲུག་དང་བཅས་ཕྱི་ངོས་སུ་ཤོས་རྗེས། རྡོ་དང་དུང་དཀར་སོགས་ཀྱི་ཆགས་སྟངས་དང༌། སྡོད་སྟངས་ཀྱི་གཟུགས་དབྱིབས་སོགས་ལ་བལྟས་ནས་འགྲེལ་བཤད་རྒྱག་གི་འདུག ཁོང་རང་ཡུལ་པའི་བླ་མ་ལྟར་བུར་རྩ་ཆེན་པོ་ཞིག་ཏུ་བརྩི་གི་འདུག ངོས་རང་ཐུག་འདོད་འདུག་ཅེས་བརྗོད་ཀྱི་འདུག་པས་ཡིན་དང་ཡིན་ཞེས་ཐུག་པ་ཡིན། དེས་ན་དེ་དང་དེས་མཚོན་པའི་འཛམ་གླིང་འདིའི་ཐོག་ཆོས་རྒྱུད་ཧ་ཅང་མང་པོ་ཞིག་ཡོད། ལྷ་དང་ཀླུ་གསོལ་བ་སོགས་འདྲ་མིན་བྱེད་པ་སྟེ། མདོར་ན་རྣམ་རྟོག་གི་རྗེས་སུ་འབྲངས་པའི་ཆོས་ལུགས་མང་པོ་ཞིག་ཡོད། དེ་ཚོའི་རིགས་ལ་ལྟ་བ་དང་གྲུབ་མཐའ་བཤད་རྒྱུ་མེད། ལྟ་བ་དང་གྲུབ་མཐའ་ཡོད་པའི་ཆོས་ལུགས་དེ་དག་ལྷོ་ཨ་མི་རི་ཁར་ཡོད་པའི་མ་ཡ་ཞེས་པའི་ཁོང་ཚོར་རིག་གཞུང་དར་ཁྱབ་ཅིག་ཡོད་ལ། ཁོང་ཚོར་ཡི་གེ་རྙིང་པ་ཞིག་ཀྱང་ཡོད་ཚུལ་བརྗོད་ཀྱི་འདུག དེ་ནི་ལོ་ངོ་སྟོང་ཕྲག་མང་པོའི་སྐད་ཆ་ཡིན། མི་ལ་སོགས་པ་དམར་མཆོད་འབུལ་མཁན་གྱི་ཆོས་ལུགས་ལྟ་བུ་ཡོད། དེ་དག་ལ་ལྟ་གྲུབ་ཡོད་མེད་ངས་ཞིབ་ཕྲ་མི་ཤེས། གང་ལྟར་ཡོངས་གྲགས་ལྟར་ན་ལྟ་གྲུབ་རྣམ་གྲངས་མང་པོ་ཡོད་པ་དང་འབྲེལ་བའི་ཆོས་ལུགས་ནི་ཕལ་ཆེར་རྒྱ་གར་ནས་བྱུང་བ་ཡིན། བཅོམ་ལྡན་འདས་མ་བྱོན་གོང་ནས་གྲངས་ཅན་པའི་གྲུབ་མཐའ་ཡོད་པ་མ་ཟད་ལྟ་གྲུབ་ཀྱང་གང་འཚམས་གཏིང་ཟབ་པོ་ཡོད། དེ་བཞིན་འཇིའུ་ཆོས་ལུགས་ལའང་ལྟ་གྲུབ་གང་འཚམས་ཡོད་པ་ཡིན། ངས་ཞིབ་ཕྲ་ཤེས་ཀྱི་མེད། དཀྱིལ་ཤར་ཡུལ་གྲུ་ནས་ཡོང་བ་ཡིན། དེ་བཞིན་ཡེ་ཤུའི་ཆོས་ཀྱང་དཀྱིལ་ཤར་ཡུལ་གྲུ་ནང་ནས་ཡོང་བ་ཞིག་ཡིན། ཁ་ཆེའི་ཆོས་ཀྱང་དཀྱིལ་ཤར་ཡུལ་གྲུ་ནང་ནས་ཡོང་བ་ཡིན། དེ་དག་ནི་ལྟ་གྲུབ་ཡོད་པའི་ཆོས་ལུགས་གཙོ་ཆེ་བ་རྣམས་ཡིན། དེ་ལྟར་ལྟ་གྲུབ་ཡོད་པ་གཙོ་ཆེ་བ་བརྩིས་ན་ཕལ་ཆེར་ཆོས་ལུགས་གྲངས་བདུན་བརྒྱད་ཙམ་ལས་མེད།

    ཁྱེད་རང་གི་དྲི་བ་ངོ་མའི་ལན་ནི། ད་ལྟ་ཕན་ཆད་དུ་ནུབ་ཕྱོགས་ཀྱི་ཚན་རིག་པས་དཔྱོད་པའི་ཡུལ་ལ་མཐོང་བ་མངོན་གྱུར་གཙོ་བོར་བརྩིས་པ་ལྟ་བུ་ཞིག་ལས། ལྐོག་གྱུར་གྱི་རིགས་ཕལ་ཆེར་མེད། ནང་ཤེས་པ་ལ་ཆ་བཞག་ཀྱང་མྱོང་བ་རགས་པ་ཡོད་པའི་ཤེས་པའི་ཐོག་ཏུ་བརྗོད་པ་ཞིག་ཡིན། དེ་ཡང་སྒོ་ལྔའི་ཤེས་པ་རྟོག་མེད་དང༌། ཡིད་བློ་རྟོག་པ་གཉིས་ལ་ད་ལྟ་ཕན་ཆད་དུ་ཚན་རིག་པའི་ནང་དུ་དབྱེ་བ་ཕྱེ་མེད། ཐོག་མར་དེ་གཉིས་ལ་དབྱེ་བ་ཞིག་མ་ཕྱེ་ན་ཤེས་པའི་རྣམ་གཞག་ཞིབ་ཕྲ་ཤེས་མི་ཐུབ་པས། རྟོག་པ་དང་རྟོག་མེད་ཀྱི་དབྱེ་བ་ཞིག་ཕྱེ་དགོས་ཞེས་ངོས་ནས་རྟག་ཏུ་འདི་ལྟར་བརྗོད་ཀྱི་ཡོད། དེ་བཞིན་ད་ལྟ་ཕན་ཆད་ཀྱི་ཚན་རིག་པས་བློའི་འགྲོ་སྟངས་དཔྱོད་སྐབས། ཚད་མ་དང་ཚད་མིན་གྱི་དབྱེ་བའི་རྣམ་གཞག་ཕྱེ་གི་མེད་པས་དེ་ངེས་པར་དུ་འབྱེད་དགོས་པ་ཞིག་ཡིན། དེས་ན་ཤེས་པ་རགས་པའམ་མྱོང་ཚོར་རགས་པ་དབང་པོའི་ཤེས་པར་གཙོ་བོར་བརྩིས་པ་ཞིག་ཡིན། དབང་པོ་ཤེས་པ་རྣམས་དབང་རྩ་དང་འབྲེལ་ཡོད་པས་ན། དབང་པོའི་ཤེས་པ་ལ་ཞིབ་འཇུག་བྱེད་སྐབས་དབང་རྩ་ལ་འགྱུར་བ་གང་ཞིག་འགྲོ་མིན་དེའི་ཐོག་ནས་ཤེས་པ་ལ་འགྲེལ་བཤད་རྒྱག་པ་ལས། ཤེས་པ་རང་ཉིད་ཀྱི་ངོ་བོའི་སྟེང་ནས་འགྲེལ་བཤད་ད་ལྟ་བརྒྱབ་ཀྱི་མེད། དེས་ན་ཚན་རིག་པས་ད་ལྟ་བར་དུ་འགྲོ་སྟངས་ནི། མཐོང་བ་མངོན་གྱུར་གཙོ་བོར་བྱས་པ་སྟེ། མདོར་ན་ཚད་དང་རྩིས་རྒྱག་ས་ཡོད་པ་ཞིག་གི་ཐོག་ནས་བཤད་པ་ཞིག་ཡིན།

    ཤེས་པ་ཞེས་བརྗོད་སྐབས་ནང་གི་མྱོང་བའི་ཐོག་ཏུ་སླེབས་ཀྱི་ཡོད། དེ་ནི་གང་ཟག་རང་ཉིད་ཀྱི་མྱོང་བའི་ཐོག་ནས་བརྗོད་ཀྱི་ཡོད་པས་ན། ཚན་རིག་པའི་འགྲོ་སྟངས་ནི་ངེས་པར་དུ་ང་རང་ཚོའི་ཐལ་འགྱུར་བའི་འགྲོ་སྟངས་བཞིན། དོན་དེ་གྲགས་པ་ཡིན་པ་ཞེས་གང་ཟག་གཅིག་ལ་གྲགས་པས་མི་འགྲིགས་པར་དཔང་པོ་གཉིས་གསུམ་གྱི་ཐོག་ཏུ་གྲགས་ཤིང་མངོན་སྣང་དུ་གྲུབ་པ་ཞིག་དང༌། དེ་ཡང་བརྟག་དཔྱད་ཇི་ཙམ་བྱས་ཀྱང་དེ་བཞིན་ར་འཕྲོད་པ་ཞིག་བྱུང་ན་ཚད་འཛིན་བྱེད་ཀྱི་ཡོད། ཤེས་པའི་ཉམས་མྱོང་གི་རིགས་རྣམས་མི་གཅིག་ལ་ཤེས་པའི་ཉམས་མྱོང་སྐྱེས་ཡོད་ཀྱང༌། དེ་ལ་བར་དཔང་བྱེད་མི་ཞིག་གིས་བཤད་ཐུབ་ཐབས་མེད། གཟུགས་ཅན་གྱི་ཆོས་སམ་མཐོང་བ་མངོན་གྱུར་གྱི་ཆོས་ཤིག་གི་ཐོག་ནས་བརྟག་དཔྱད་བྱས་ནས་རྙེད་པ་དེ་མི་གཞན་གྱིས་ཀྱང་བྱེད་ཐབས་དེའི་ཐོག་ནས་བརྟག་དཔྱད་བྱས་ཏེ་འཚོལ་སྐབས་ཏག་ཏག་ར་འཕྲོད་པ་ཞིག་བྱུང་ན། གཞི་ནས་ཡོད་མེད་ཐག་བཅད་པ་ཞིག་ཡིན་པས་ཅུང་ཟད་མི་འདྲ་བ་ཡོད།

    ཤར་ཕྱོགས་རྒྱ་གར་ཧིན་དྷུའི་ཆོས་ལུགས་ཀྱི་ནང་དུ་ཤེས་པའི་རྣམ་གཞག་བཤད་ཀྱི་ཡོད་ལ། ནང་པའི་ཆོས་ལུགས་ཀྱི་ནང་དུ་ཡང་ཤེས་པའི་རྣམ་གཞག་བཤད་ཀྱི་ཡོད། དེ་བཞིན་འཇན་ནམ་གཅེར་བུ་པའི་ཆོས་ལུགས་ཀྱི་ནང་དུ་ཡང་ཤེས་པའི་རྣམ་གཞག་བཤད་ཀྱི་ཡོད་པ་ཡིན། དེ་དག་ནི་བསྒོམ་རྒྱག་པ་དང༌། ཏིང་ངེ་འཛིན་གྱི་ཐོག་ནས་ཤེས་པའི་རྣམ་འགྱུར་འདྲ་མིན་ཡོང་བ་ཞིག་བཤད་ཀྱི་ཡོད་པས་ན། དེ་དང་དེང་གི་ནུབ་ཕྱོགས་པའི་ཚན་རིག་གི་འགྲོ་སྟངས་གཉིས་བསྡུར་ན། ད་ལྟ་ཚན་རིག་པའི་འགྲོ་སྟངས་ཀྱི་ཚད་གཞི་དེར་སླེབས་མེད་པ་ཡིན། ཁ་སང་སྐད་ཆ་བྱུང་བ་ལྟར་དུས་རབས་ཉི་ཤུ་པའི་འགོ་སྟོད་དང་མཇུག་གི་དུས་ཚོད་བར་དུ་ཁྱད་པར་ཆེན་པོ་ཕྱིན་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་མུ་མཐུད་ནས་ལུས་ཀྱི་ཀླད་རྩའི་འགྱུར་བ་འགྲོ་བ་སྟེ། གཙོ་བོ་འཕྲོད་བསྟེན་གྱིས་གཟུགས་པོའི་བདེ་ཐང་གི་ཐོག་ནས་ནང་གི་རྣམ་པར་ཤེས་པ་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་དང༌། སེམས་ཀྱི་རྟོག་པའི་ཁྱད་པར་གྱིས་ལུས་ཀྱི་འབྱུང་བ་ལ་ཁྱད་པར་ཡོད་པ་རྣམས་དེང་སྐབས་ཇེ་གསལ་དུ་འགྲོ་སྐབས། གཞི་ནས་འཕྲོད་བསྟེན་གྱི་རྩ་བ་དང༌། སེམས་ཀྱི་ཞི་བདེ་ཡོང་བའི་རྩ་བ་སྟེ། སེམས་ཀྱི་ཞི་བདེ་སེམས་ཀྱི་བག་ཕེབས་ཞེས་པ་ནི། དངུལ་སྤྲད་ནས་ཉོ་རྒྱུ་མེད་ལ། བཟོ་གྲྭས་ཀྱང་བཟོ་རྒྱུ་མེད་པ་ཞིག་ཆགས་ཡོད་སྟབས་སེམས་ཀྱི་ཞི་བདེ་ཞེས་པ་ནི་ནང་སེམས་རྒྱུད་ནས་སྒྲུབ་དགོས་པ་ཞིག་ཡིན། སེམས་ཀྱི་ཞི་བདེ་ཞེས་བརྗོད་སྐབས། ཡིད་བློ་རྟོག་པའི་ཐ་སྙད་ཀྱི་རྣམ་གཞག་མི་བྱེད་ཀྱང༌། དེ་ནི་རྟོག་པའི་ནང་དུ་འགྲོ་གི་ཡོད། རྣམ་རྟོག་གི་དབང་གིས་ཡིད་བློ་ལ་ཡིད་བདེ་མིན་གྱི་གནས་ཚུལ་ཡོང་བ་དེ་རྣམས་རྟོག་པའི་ཐོག་ཏུ་འགྲོ་གི་ཡོད། དེ་དག་ནི་དབང་རྩའི་ཐོག་ནས་འགྲེལ་བཤད་དེ་ཙམ་བྱ་རྒྱུ་མེད་པ་ལྟ་བུ་ཡིན།

    ང་ཚོ་ཚན་རིག་པ་དང་གོ་བསྡུར་བྱས་ནས་ལོ་ཉི་ཤུ་རྩ་གྲངས་ཕྱིན་ཟིན་ཅིང༌། དེ་ལྟར་གོ་བསྡུར་བྱེད་སྐབས་ཚན་རིག་པའི་ནང་ནས་སྤྱིར་རྒྱ་གར་གྱི་ཤེས་པའི་རྣམ་གཞག་འགྲེལ་བཤད་བརྒྱབ་པ་དང༌། དེའི་ནང་ཚན་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནས་འགྲེལ་བཤད་བརྒྱབ་པ་དེ་དག་ལ་ཚན་རིག་པའི་ནང་ནས་དོ་སྣང་ཇེ་ཆེར་འགྲོ་བ་ཞིག་དང༌། ནང་ཆོས་ཀྱི་རྣམ་གཞག་ནས་ཚུར་བསླབ་བྱ་དང་གནད་འགག་ཤེས་ཐབས་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་སྐྱེ་བ་སྔ་ཕྱི་སྒྲུབ་པའི་སྐད་ཆ་ཤོད་ཀྱི་མེད་ལ། ཐར་པ་སྒྲུབ་པའི་སྐད་ཆ་ཡང་ཤོད་ཀྱི་མེད་པར་ད་ལྟའི་གཞི་དངོས་པོའི་གནས་ཚུལ་གྱི་ནང་ཤེས་པའི་རྣམ་གཞག་ལ་ཞིབ་འཇུག་བྱེད་པར་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། དེས་ན་དེ་གཉིས་ལ་འབྲེལ་བ་ཡོང་གི་ཡོད་པ་ཡིན། ཕྱི་དངོས་པོའི་གནས་ཚུལ་ཡང་ཚན་རིག་ཁོ་ནའི་ཐོག་ནས་འགྲེལ་བཤད་ཆ་ཚང་བརྒྱབ་ཐུབ་བམ་ཞེ་ན། ཕལ་ཆེར་ཁག་པོ་ཡིན། གཟུགས་ཅན་ལ་འདྲ་མིན་ཧ་ཅང་མང་པོ་ཞིག་ཡོད། དེ་དག་ཀྱང་ཅུང་ཟད་ཁག་པོ་ཡིན། ཆོས་ཀྱི་འགྱུར་བ་འགྲོ་བ་དེ་རིགས་རྣམས་ཚན་རིག་ཁོ་ནའི་ཐོག་ནས་བརྗོད་ཐུབ་རྒྱུ་ཁག་པོ་ཡིན། དཔེར་ན། འགྱུར་བ་འགྲོ་བའི་རིགས་རྣམས་འགྱུར་བ་ཇི་ལྟར་ཕྱིན་པ་རེད་ཅེ་ན། ཚན་རིག་པས་འགྲེལ་བཤད་རྒྱག་ཐུབ་པ་ཡིན། གང་ཞིག་བྱས་ཏེ་འགྱུར་བ་ཕྱིན་པ་རེད་དམ་ཞེ་ན། དེ་ལ་ཚན་རིག་གི་ཐོག་ནས་འགྲེལ་བཤད་བྱ་རྒྱུ་མེད་པས་དེ་ལ་ཁྱད་པར་ཡོད་པ་ཡིན། དེ་ལ་ནང་པ་སངས་རྒྱས་པའི་གཞུང་ནས་བཤད་ན། ལས་ཀྱི་སྐད་ཆའི་ཐོག་ཏུ་སླེབས་ཀྱི་ཡོད། དེས་ན་ཕྱི་དངོས་པོ་ཆ་ཚང་བ་ཞིག་ཚན་རིག་གི་ཐོག་ནས་བཤད་ཐུབ་རྒྱུ་ཁག་པོ་ཡིན། ནང་གི་ཤེས་པའི་རྣམ་གཞག་ལ་ཤེས་པ་ཕྲ་རགས་མང་པོ་ཞིག་ཡོད་པས་ན། ཤེས་པ་ཇེ་ཕྲར་འགྲོ་སྐབས་ཚན་རིག་གི་ཐོག་ནས་བརྗོད་ཐུབ་པ་ཕལ་ཆེར་ཁག་པོ་ཡིན།

ནང་ཆོས་དང་གསོལ་རྒྱུན་རྙིང་པ་རྣམས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་འགོག་རྐྱེན་ཡིན་མིན་སྐོར།

    དྲི་བ། བོད་ནང་ཞོགས་དུང་གིས་བརྩམས་པའི་དེབ་ཏུ་ནང་ཆོས་དང༌། སྐྱབས་འགྲོ། བོད་ཀྱི་སྲོལ་རྒྱུན་རྙིང་པ་དང༌། མི་རིགས་དང་རྒྱལ་ཁབ་གཅིག་འཕེལ་རྒྱས་འགྲོ་བ་ལ་འགོག་རྐྱེན་བཟོ་མཁན་ལྟ་བུ་ཞིག་རེད་ཅེས་བཤད་འདུག དེའི་ཐོག་ལ་ྋགོང་ས་མཆོག་གི་དགོངས་ཚུལ་ཇི་འདྲ་ཞིག་ཡོད་དམ།

    བཀའ་ལན། དེ་སྐོར་ལོ་དང་པོར་བརྗོད་ཟིན་པ་ཡིན་ལ། ཞོགས་དུང་ལ་སོགས་པ་མི་རིགས་ཀྱི་ལྟ་བ་ཧ་ཅང་ཤུགས་ཆེན་པོ་རེད་འདུག རང་ཉིད་ཀྱིས་མི་རིགས་ཀྱི་ཞེན་ཁོག་བྱས་པ་དང༌། བོད་མི་རིགས་འདི་ལྟ་བུའི་སྡུག་བསྔལ་མྱངས་པ་དང༌། དཀའ་ངལ་འདི་ལྟ་བུ་ཞིག་འཕྲད་པ་སོགས་ནད་མི་ཐེགས་པ་ཆགས་པ་འདི་ཉིད་བོད་པའི་ལུས་སེམས་ཀྱི་ཤུགས་མང་པོ་ཞིག་ཆོས་ཕྱོགས་ཁོ་ནའི་ཐོག་ཏུ་བཏང་བ་དེས་ཐུས་ཤོར་ཕྱིན་འདུག་བསམ་གྱི་ཡོད། ཚངས་སྤྱོད་པ་རབ་བྱུང་ཕོ་མོ་མང་པོ་ཞིག་ཆགས་ཡོང་སྐབས་དེས་ཀྱང་མི་རིགས་འཕེལ་རྒྱས་ལ་གནོད་འདུག་བསམ་པ་ཕལ་ཆེར་དྲན་གྱི་ཡོད། ཆོས་ཀྱི་གནོད་འདུག་ཅེས་པའི་ཆོས་ཞེས་པའི་མཛུབ་མོ་འཛུགས་ས་ནི་མི་ཡ་རབས་བྱེད་དགོས་པ་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་ཀྱི་ལྟ་བ་དེ་དག་ནོར་བ་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ། གང་ཞིག་བརྗོད་ཐུབ་ཅེ་ན། ཆོས་ཀྱི་མིང་འཁྱེར་ནས་རྒྱས་སྤྲོས་བྱས་པ་དང༌། སྐུ་གསུང་ཐུགས་རྟེན་ལ་འགྲོ་སོང་ཆེན་པོ་བཏང་ནས་བཞེངས་ཏེ་སྡུག་ས་ནས་བཤད་ན། བླ་མ་དང་བླ་བྲང་ལྟ་བུ་དང༌། དེ་ནི་ཧ་ལམ་དཔོན་ཚང་དང་དཔལ་འབྱོར་འདུ་འགོད་བྱེད་ས་ལྟ་བུ་ཞིག་ཆགས་འགྲོ་གི་ཡོད། དེ་ལྟ་བུའི་ཐོག་ནས་ཆོས་འབག་ལ་གྱོན་ནས་བཤུ་གཞོག་གཏོང་བ་ལྟ་བུ་ཡོང་གི་ཡོད། གནས་ཚུལ་དེ་རིགས་རྣམས་སྐྱོན་ཡིན། བཅོམ་ལྡན་འདས་རང་ཉིད་ཀྱིས་ལོག་འཚོ་མ་བྱེད་ཅེས་གསུངས་ཡོད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞེས་པ་ནི་གྲྭ་ཆས་གྱོན་པ་གཅིག་པུའི་སྐད་ཆ་མིན། དེ་ནི་བསམ་བློའི་གཏོང་ཕྱོགས་ཡན་ཆད་དང༌། མི་ཚེ་སྐྱེལ་སྟངས་བཅས་ནས་འགྱུར་བ་འགྲོ་བ་ཞིག་ལ་གསུང་གི་ཡོད། ང་ཚོས་དེ་དག་ལ་དོ་སྣང་དེ་ཙམ་མི་བྱེད་པར་བསམ་བློ་དེ་འཇིག་རྟེན་ཕལ་པར་གནས་ཤིང༌། ཕྱི་ཡི་ཆ་ལུགས་བརྗེས་ནས་འདི་ལྟར་འགྲོ་བ་ཞིག་ཆགས་ཀྱི་ཡོད།

    དེས་ན་བོད་དང་ནང་པའི་ཡུལ་ལུང་གཞན་དག་དང༌། དེ་བཞིན་ནང་པ་ཙམ་མིན་པར་ཆོས་ལུགས་གཞན་སོགས་གང་གི་ནང་དུ་ཆ་བཞག་ཀྱང༌། ཆོས་པས་ཆོས་ནས་བཤད་པ་ལྟར་གྱི་བསླབ་བྱ་ཇི་བཞིན་མ་བྱས་པར་རང་གི་ཁེ་ཕན་སྒྲུབ་རྒྱུའི་དོན་དུ་འགྲོ་གི་ཡོད་སྟབས་སྐྱོན་དེ་རྣམས་ལྷག་གི་ཡོད། དེས་ན་ཞོགས་དུང་སོགས་ཀྱིས་བརྗོད་པ་ནི་བདེན་པ་ལྟ་བུ་ཞིག་ཡིན།  སྔར་ཕྱི་ལོ་ ༡༩༥༤།༡༩༥༥ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་ཟླ་བ་ཁ་ཤས་བསྡད་པ་རེད། སྐབས་དེར་མའོ་ཙེ་ཏུང་ཐེངས་མང་པོ་མཇལ་འཕྲད་བྱུང་ཡོད། མཐའ་མའི་མཇལ་འཕྲད་ཀྱི་སྐབས་དེར་མའོ་ཙེ་ཏུང་ནས་ངོས་ལ་བརྗོད་པར། ཁྱེད་རང་གིས་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་གི་འདུག་པས་ཧ་ཅང་ཡག་པོ་རེད་ཅེས་བསྔགས་བརྗོད་བྱས་པ་དང༌། དེའི་རྗེས་སུ་ཆོས་ཞེས་པ་དེ་དུག་རེད་ཅེས་བརྗོད་ཀྱི་འདུག ངོས་རང་ཚབ་འུབ་འུབ་ལྟ་བུ་ཞིག་བྱས་བྱུང༌། ཆོས་དུག་ཡིན་པའི་རྒྱུ་མཚན་དེ་ཡང་དངོས་པོ་ཡར་རྒྱས་འགྲོ་བ་ལ་གནོད་པ་དང༌། མི་རིགས་ཡར་རྒྱས་འགྲོ་བ་ལ་གནོད་ཀྱི་རེད་ཅེས་སྐྱོན་འཛུགས་ཀྱི་རྒྱུ་མཚན་གཉིས་བཀོད་པ་རེད། དེ་ནི་ད་ལྟ་བརྗོད་མ་ཐག་པ་ལྟར་ཧོབ་སྟེ་བལྟས་ན། གྲྭ་བཙུན་མང་པོ་ཆགས་སྐབས་མི་རིགས་འཕེལ་རྒྱས་ལ་གནོད་པའི་སྐོར་བཀོད་ཡོད།

    དེའི་སྐོར་ངས་ཡིག་ཆ་ཞིག་མཐོང་བའི་ནང༌། འབྲོམ་སྟོན་པའི་སྐབས་བོད་དུ་མིའི་གྲངས་འབོར་བརྩིས་པའི་མི་བརྩིས་ཆེན་མོ་ཞེས་པ་ཞིག་མཛད་ཅིང༌། སྐབས་དེར་བོད་ལ་མི་འབོར་ས་ཡ་བཅུ་ཡོད་ཚུལ་འཁོད་འདུག་པ་ལྟར་ན། འབྲོམ་སྟོན་པ་བྱོན་པ་ནི་ད་ནས་བརྩིས་པའི་ལོ་ངོ་སྟོང་ཕྲག་གཅིག་ཙམ་གྱི་གོང་དུ་ཡིན། སྐབས་དེར་ཇོ་བོ་རྗེ་ལྷ་གཅིག་དི་པཾ་ཀ་ར་བོད་དུ་ཕེབས་པའི་སྐབས་་བོད་མི་ས་ཡ་བཅུ་ཙམ་ཡོད་པ་དང༌། བར་སྐབས་བོད་མི་ས་ཡ་དྲུག་ཅེས་བརྗོད་ཀྱི་ཡོད། དེས་ན་བོད་མི་ས་ཡ་བཞི་ཉུང་དུ་ཕྱིན་པ་ཡིན། དེའི་ནང་དུ་གྲྭ་བཙུན་མང་དྲགས་པའི་སྐྱོན་བྱུང་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན། དེས་ན་ངོས་ནས་རྟག་ཏུ་གྲྭ་བཙུན་ཡོད་པ་རྣམས་སྤུས་དག་པོ་ཞིག་དགོས་པ་དང༌། གྲངས་ཀ་མང་བར་གནད་འགག་དེ་ཙམ་མེད་ཅེས་བརྗོད་ཀྱི་ཡོད། དཔེར་ན། བཙན་བྱོལ་བའི་སྤྱི་ཚོགས་ནང་ཆ་བཞག་ན། རྒྱ་གར་མི་འབོར་ཆེ་དྲགས་ཡོད་པས་ངེས་པར་དུ་མི་འབོར་འཕེལ་རྒྱས་ལ་བཀག་འགོག་བྱེད་དགོས་པ་ཡིན། ང་ཚོ་བོད་མི་གྲངས་ཀ་ཧ་ཅང་ཉུང་ཉུང་ཡིན། དེས་ན་ང་ཚོར་སྐྱེ་སྒོ་མ་བཀག་ན་ལེགས་ཞེས་བརྗོད་ཀྱི་ཡོད། བོད་ལའང་དེ་བཞིན་ཡིན། སྔར་ཧུ་ཡའོ་ཕང་གིས་གསུང་བཤད་ཅིག་ཏུ་བོད་ས་རྒྱ་ཧ་ཅང་ཆེན་པོ་ཡིན་པས་མི་ཉུང་དྲགས་འདུག་ཅེས་པ་ཞིག་བཤད་ཡོད་པ་ནི་བདེན་པ་ཡིན། དེར་བརྟེན་མའོ་ཙེ་ཏུང་གི་བརྗོད་པ་དེ་དང༌། འབྲོམ་སྟོན་པའི་སྐབས་སུ་མཛད་པའི་མི་བརྩིས་ནང་མི་འབོར་ས་ཡ་བཅུ་ཙམ་ཡོད་པ་ཞིག་མཐོང་སོང༌། དེས་ན་འདས་པའི་སྟོང་ཕྲག་གཅིག་ཙམ་གྱི་ནང་དུ་བོད་མི་ས་ཡ་བཞི་ཉུང་ངུ་ཕྱིན་པ་རེད།

    མ་གཞི་ནད་དང་ན་ཚ་ལྟ་བུའི་ཐོག་ནས་ཀྱང་མི་མང་པོ་ཤི་བ་ཡོང་བ་ཡིན། ཕྱི་ལོ་ ༡༩༥༩ ལོར་ངོས་རང་ལྷ་ས་ནས་བྲོས་ཡོང་སྐབས། བོད་ཀྱི་ལྷོ་རྒྱུད་ས་ཁུལ་ཁ་ཤས་སུ་སྔར་ཞིང་ས་ཡིན་པ་བར་ལམ་ས་སྟོང་སྤང་ཐང་དུ་གྱུར་པ་གང་འཚམས་མཐོང་བྱུང༌། སྐབས་དེར་སྔར་འདི་ཁུལ་དུ་ཞིང་པ་གྲོང་ཁྱིམ་ཡོད་པ་ད་ལྟ་རྩ་མེད་དུ་སོང་འདུག་དེ་ཚོའི་གྲས་རྙོག་གྲ་རེད་སྙམ་པ་དྲན་མྱོང༌། དེ་བཞིན་སྟོད་ཁུལ་དུ་སྔར་ས་ཞིང་ཡིན་པ་ལ་དེང་སྐབས་བྱེ་ཐང་དུ་གྱུར་པ་མང་པོ་ཞིག་ཡོད། ངའི་ངོ་ཤེས་ཨ་རི་བ་ཞིག་ཡོད། ཁོང་སྟོད་ཁུལ་དུ་དེ་སྐོར་ཞིབ་འཇུག་བྱེད་ཀྱི་ཡོད། ཁོང་ནས་ཀྱང་སྔར་མངའ་རིས་ཁུལ་ནས་བཟུང་སྟོད་ཁུལ་ནས་བོད་ཀྱི་རིག་གཞུང་དར་ཁྱབ་བྱུང་བ་ལྟ་བུ་ཞིག་ཡིན། རིམ་བཞིན་གནམ་གཤིས་ཀྱི་འགྱུར་བ་ཕྱིན་པ་ལ་བརྟེན་ནས་དེང་བྱེ་ཐང་དུ་འགྱུར་བ་ཞིག་ཡིན། དེ་རིགས་ནི་འབྱུང་བའི་ཆ་ནས་མིན་ནམ། གོང་དུ་ཞུས་པ་ལྟར་ལྷོ་ཁ་དང༌། མོན་གྱི་ས་མཚམས་མཚོ་སྣ་སོགས་ཀྱི་རྒྱུད་ལ་མཐོང་བའི་རིགས་ལ་སྤང་དང་རྩྭ་སྐྱེ་ཡི་ཡོད་ལ། ས་ཞིང་འདེབས་ལས་བྱས་ན་བྱེད་ཐུབ་པ་ཡིན། འོན་ཀྱང་ད་ཆ་གྲོང་རྣམས་རྩ་སྟོང་དུ་ཕྱིན་ཡོད། དེ་ཁུལ་དུ་ད་དུང་གྲོང་ཤུལ་ཅུང་ཟད་རེ་ཡང་མཐོང་རྒྱུ་ཡོད། དེ་དག་ནི་ང་ཚོའི་མི་འབོར་ཉུང་དུ་འགྲོ་བ་ལ་འབྲེལ་བ་ཏན་ཏན་བྱུང་ཡོད། འོན་ཀྱང་དེ་གཅིག་པུས་བོད་ལ་མི་འབོར་ཉུང་དུ་ཕྱིན་པ་རེད་ཅེས་བརྗོད་མི་ཐུབ་པ་ཡིན།

    དོན་ཚན་དང་པོ་ནི། ཆོས་བྱས་ན་དངོས་པོ་ཡར་རྒྱས་འགྲོ་བ་ལ་གནོད་ཀྱི་རེད་ཅེས་བརྗོད་པ་ནི། ང་ཚོའི་ཆོས་ནི་བསླབ་པ་སློབ་གཉེར་བརྒྱབ་སྟེ་གཞུང་རྒྱ་ཆེན་པོ་གུང་བསྒྲིགས་ནས་གཟིགས་མཁན་མང་པོ་ཡོད། དེ་ལ་བརྟེན་ནས་མཁས་པའི་སྐྱེས་བུ་མང་པོ་ཞིག་བྱོན་ཡོད། དེ་དག་ནི་མཁས་པའི་གནས་ཤིག་ཡིན། དེ་མིན་མང་ཚོགས་རྣམས་ནི་དེ་ཙམ་གྱིས་ཆོས་ཀྱི་གནས་ལུགས་མ་ཤེས་པ་དང༌། མང་ཚོགས་དང་འབྲེལ་བ་ཡོད་པའི་ཆོས་གསུང་མཁན་དེ་ཡང་བླ་མའི་མིང་ཡོད་པ་དེ་དག་ཆགས་ཡོད། གཞན་ཕར་བཞག་དགེ་བཤེས་ཞེས་བརྗོད་ན་མཐོང་དེ་ཙམ་མེད་པ་དང༌། བླ་མ་རེད་ཅེས་བརྗོད་ན་མཐོང་ཆེ་བ་ལྟ་བུ་ཡོད། ང་ཚོའི་སྤྱི་ཚོགས་ནི་དེ་འདྲ་ཞིག་ཡོད་པ་ཡིན། མཁས་པ་དགེ་བཤེས་རྣམས་ཀྱི་ནང་དུ་ཡོད། བླ་མའི་ནང་དུ་མཁས་པ་ཡིན་མིན་སྣ་ཚོགས་ཡོད། དེས་ན་དགེ་བཤེས་ཞེས་བརྗོད་སྐབས་མཐོང་དེ་ཙམ་མེད་པ་དང༌། བླ་མ་ཞེས་བརྗོད་སྐབས་ཧ་ཅང་རྩ་ཆེན་དུ་བརྩི་བ་ལྟ་བུ་ཡོང་གི་ཡོད། དེས་ན་མང་ཚོགས་དང་འབྲེལ་བ་ཡོད་མཁན་ནི་བླ་མ་ཡིན་པ་ལས། དགེ་བཤེས་རྣམས་མང་ཚོགས་དང་འབྲེལ་བ་དེ་ཙམ་མེད༌། ང་ཚོ་སློབ་ཕྲུག་རྣམས་དང་ལྷན་དུ་ཚོགས་སྐབས་སྒྲུང་ཏོག་ཙམ་བཤད་ན་ཡག་པ་མི་འདུག་གམ། ངས་ངོ་ཤེས་པའི་ཁམས་པ་ཞིག་ཡོད་པ་དེས་བརྗོད་པ་ལ། སྔར་ཉིན་ཞིག་ཁམས་ཀྱི་དགོན་པའི་མཁན་པོ་བླ་མ་ཞིག་ཡོད་ཅིང༌། མཁན་པོའི་ངོ་ཤེས་ཀྱི་མི་ཞིག་མཁན་པོ་མཇལ་བར་དགོན་པ་དེར་འབྱོར་ཞིང༌། མི་དེས་མཁན་པོ་གང་དུ་བཞུགས་ཡོད་དམ། ང་མཁན་པོ་མཇལ་དགོས་ཡོད་ཅེས་བརྗོད་སྐབས། མཁན་པོའི་ཞབས་ཕྱི་ཞིག་གིས་དེ་རིང་མཁན་པོ་དགོན་པར་བཞུགས་མེད་ཅིང༌། མཁན་པོ་གྲོང་ནང་རྒན་རྒོན་རྣམས་ལ་ཞེད་སྣང་སློང་བར་ཕྱིན་སོང་ཞེས་བརྗོད་པ་རེད། དེས་ན་ཁྱེད་རང་གིས་གོང་དུ་བརྗོད་པ་ལྟར། ཆོས་བྱེད་དགོས་པ་ལས་སྡིག་པ་བསགས་རྒྱུ་མེད། སྡིག་པ་བསགས་ན་དམྱལ་བར་འགྲོ་གི་རེད་ཅེས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད་སྟབས། མི་དེ་མཁན་པོ་དང་ནང་ཚགས་ཤིག་མིན་ནམ། ཤོད་ས་དེ་ཡང་རྒན་རྒོན་རྣམས་ཡིན། ལོ་གཞོན་རྣམས་ནས་དོ་སྣང་དེ་ཙམ་བྱེད་ཀྱི་ཡོད་མེད་མི་ཤེས། རྒན་རྒོན་རྣམས་ནས་ཡིད་ཆེས་དང་དོ་སྣང་ཆེན་པོའི་ཐོག་ནས་ཉན་གྱི་ཡོད་སྟབས། ཞེད་སྣང་བསྐུལ་ནས་ཡག་པོ་མ་བྱས་ན་དམྱལ་བར་འགྲོ་གི་རེད། ང་ལ་འབུལ་བ་འཁྱེར་ཤོག་ལྟ་བུ་བརྗོད་ཉེན་ཡོད། སྔར་ངས་གོ་མྱོང་བ་ཞིག་ལ་ཨ་མཆོད་ཅིག་གིས་ཞབས་བརྟན་གནང་དགོས་མི་འདུག་གམ་ཞེས་བརྗོད་བཞིན་འགྲོ་གི་ཡོད་ཅིང༌། ཞོར་ལ་མོ་བརྒྱབ་པ་དང་རྩིས་བསྐོར་བ་སོགས་ཀྱང་བྱེད་ཀྱི་ཡོད། མོ་རྩིས་ཀྱི་ནང་ནས་ཞབས་བརྟན་འདི་དང་འདི་སྒྲུབས་དགོས་ཞེས་བརྗོད་པ་དང༌། སྦྱིན་བདག་གིས་ཞབས་བརྟན་དེ་རྣམས་ཇི་ལྟར་བྱས་ཏེ་སྒྲུབ་དགོས་སམ་ཞེས་བརྗོད་སྐབས། ངས་སྒྲུབ་ཆོག་ཅེས་ཁོ་རང་གིས་ཞབས་བརྟན་དེ་རྣམས་བྱས་སྟབས་སྐུ་ཡོན་ཞིག་ཀྱང་རག་གི་ཡོད། དེ་ལྟར་བྱེད་མཁན་ཡང་ཡོང་གི་ཡོད། དེས་ན་ངོས་ནས་གོང་དུ་བརྗོད་མ་ཐག་པ་ལྟར་མང་ཚོགས་དང་འབྲེལ་བ་ཡོད་པ་ནི་བླ་མ་ཡིན་ཞིང༌། བླ་མ་རང་ཉིད་ཀྱི་གཞུང་རྒྱ་ཆེན་པོས་གཟིགས་ཡོད་ཀྱང༌། དེའི་ཐོག་ལ་ཐུགས་སྣང་དེ་ཙམ་མི་གནང་བར་ཐད་ཀའི་སྡིག་སྤོང་དགེ་སྒྲུབ་ཁོ་ན་གསུངས་པ་ཞིག་ཆགས་ཀྱི་ཡོད་སྟབས། མང་ཚོགས་ཀྱི་ཤེས་ཚད་དེ་ཧ་ཅང་རྗེས་ལུས་ཐེབས་པ་ཞིག་ཆགས་ཀྱི་ཡོད། ངས་འདི་ལྟར་མཐོང་གི་འདུག

    ང་རང་ཚོའི་ཁ་རྒྱུན་ལའང་དཔེ་ཆ་ལྟ་དགོས་མ་རེད། ཉམས་ལེན་བྱས་ན་འགྲིགས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོའི་ནང་དུ་འུ་ཐུག་ནས་རྒྱལ་བའི་བཀའ་ལ་བཤད་བྱའི་ཆོས་གཅིག་དང༌། སྒྲུབ་པ་ཉམས་ལེན་བྱེད་རྒྱུའི་ཆོས་ལོགས་ལོགས་པོ་གཉིས་བལྟ་རྒྱུ་དེ་ཧ་ཅང་གི་ནོར་འཁྲུལ་རེད་ཅེས་གསུངས་པ་དགོས་པ་ཆགས་ཡོད། དཔེ་ཆ་པོད་ཆེན་པོ་ཞིག་བལྟས་ན་དེ་ནི་དཔེ་ཆ་བ་རྣམས་ལ་དགོས་པ་ལས། ང་ཚོ་ཉམས་ལེན་བྱེད་མཁན་ལ་དགོས་པ་མེད་ཅེས་ཉམས་ལེན་བྱེད་མཁན་རྣམས་ལ་བེའུ་བུམ་ལག་མཐིལ་ཙམ་ཞིག་འཁྱེར་ནས་ལྷ་བསྒོམས་པ་དང༌། སྔགས་བགྲངས་ལྟ་བུ་བྱས་ཏེ་ཉམས་ལེན་ངོ་མ་འདི་རེད་ཅེས་བརྗོད་པ་ལྟ་བུ་ཡོང་གི་ཡོད། བཀའ་འགྱུར་དང་བསྟན་འགྱུར་པོད་མང་པོ་བརྩིགས་པ་དེ་རྣམས་བཤད་ཆོས་དང་སྒྲུབ་ཆོས་གཉིས་སུ་ཕྱེ་ནས་དེ་རྣམས་བཤད་ཆོས་རེད་ཅེས་པ་དེར་རྗེ་བདག་ཉིད་ཆེན་པོས་ལམ་རིམ་ཆེན་མོའི་ནང་དུ་འགག་པ་ཧ་ཅང་སྐྱོན་གནང་མཛད་ཡོད། བཤད་ཆོས་དང་སྒྲུབ་ཆོས་གཉིས་སུ་ཕྱེ་ནས་བཀའ་བསྟན་རྣམས་བཤད་ཆོས་རེད་ཅེས་སྒྲུབ་པ་ཉམས་ལེན་བྱ་རྒྱུའི་ཆོས་མིན་ཞེས་བཞག་ན། སྒྲུབ་པ་ཉམས་ལེན་གྱི་གདམས་པ་སྟོན་མཁན་མཆོག་ཏུ་གྱུར་པ་དེ་བཅོམ་ལྡན་འདས་ཡིན་པས། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ལས་ལྷག་པ་ཞིག་སུས་གདམས་པ་སྟོན་ཐུབ་ཅེས་གསུངས་ཡོད། དེ་ནི་དངོས་བདེན་ཡིན།

    དེས་ན་ང་ཚོ་བོད་པའི་སྤྱི་ཚོགས་ནང་རྗེས་ལུས་འདི་ལྟར་ཐེབས་ཡོད། ངས་འདི་ལྟར་བརྗོད་དགོས་པ་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ངོ་མ་བཤད་ན། མངོན་མཐོ་དོན་གཉེར་ཞེས་པ་ཞིག་བཤད་ཀྱི་ཡོད། དེ་ཡང་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ངེས་ལེགས་ཞེས་བསྒྲུབ་བྱ་གཉིས་བཤད་ཀྱི་ཡོད། གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་བཤད་སྐབས། མངོན་མཐོ་མི་ལུས་ལྟོ་གོས་ཧ་ཅང་སྐྱོ་པོ་ཞིག་དང༌། ནད་དང་ན་ཚས་གདུངས་པ། དབང་པོ་ཧ་ཅང་རྟུལ་པོ་ཞིག་བྱས་ཏེ་བསྡད་ན། དེ་ལྟ་བུའི་མངོན་མཐོ་དེ་ཕུན་སུམ་ཚོགས་པ་གང་ཡང་མིན། འཕྲལ་གྱི་བསྒྲུབ་བྱ་མངོན་མཐོ་ཡིན་ན། མངོན་མཐོ་ཕུན་སུམ་ཚོགས་པ་ཞིག་དགོས་པ་ཡིན། མངོན་མཐོ་ཕུན་སུམ་ཚོགས་པའི་རྣམ་གྲངས་བཤད་སྐབས། ཚེ་རིང་བ་དང༌། ལོངས་སྤྱོད་ཆེ་བ། དབང་ཐང་ཆེ་བ། ཚིག་བཙུན་པ། སྟོབས་དང་ལྡན་པ་ཞེས་བརྗོད་ཀྱི་ཡོད། དེས་ན་མངོན་མཐོ་ཕུན་སུམ་ཚོགས་པ་ཞིག་དགོས་པ་ཡིན། ལྟོ་གོས་སོགས་གནས་སྟངས་གང་ཞིག་གི་ཐོག་ཏུ་ཡིན་ཡང་ཕུན་སུམ་ཚོགས་པའི་མངོན་མཐོ་ཞིག་དགོས་པ་ལས། མངོན་མཐོ་ཡི་དྭགས་ལྟར་དུ་བསྡད་ན་དེ་ལ་སྙིང་པོ་གང་ཡང་མེད། དེས་ན་བཅོམ་ལྡན་འདས་ཀྱིས། ཕུན་ཚོགས་སྡེ་བཞི་ཞེས་གསུངས་ཡོད། ཕུན་ཚོགས་སྡེ་བཞི་ཞེས་པ་ནི། ཆོས་དང༌། ནོར། འདོད་པ། ཐར་པ་ཞེས་སྡེ་བཞི་གསུངས་ཡོད། བསྒྲུབ་བྱ་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ངེས་ལེགས་ཞེས་གཉིས་གསུངས་ཡོད། བསྒྲུབ་བྱ་དེ་གཉིས་ཀྱི་སྒྲུབ་བྱེད་ཐབས་ནི་ནོར་དང་ཆོས་གཉིས་ལས། ནོར་གྱིས་མངོན་མཐོའི་བདེ་སྐྱིད་སྒྲུབ་པ་དང༌། ཆོས་ཀྱི་ཐར་པ་སྒྲུབ་པ་དེ་བཤད་པ་ཡིན། དེས་ན་ནོར་རང་གིས་དཀའ་ལས་མ་བརྒྱབ་པར་ཛམ་བྷ་ལ་བསྒྲུབས་ནས་ནོར་བུའི་ཆར་པ་བབས་པ་ཅང་མེད། དོན་དངོས་ནོར་བུ་ཞེས་པ་དེ་གང་ལ་བརྗོད་ཀྱི་ཡོད་མེད་ཤེས་ཀྱི་མེད། ནོར་བུ་མེ་འབར་སོགས་ནོར་བུའི་རྣམ་གྲངས་མང་པོ་ཞིག་བརྗོད་ཀྱི་ཡོད་པ་དོན་དངོས་གཅིག་ཀྱང་མཐོང་རྒྱུ་མེད། རྡོ་ལ་སོགས་པ་དེ་རྣམས་ཀྱི་སྙིང་པོ་དེ་ཙམ་མེད། དེ་ལས་མེག་ལོར་གྷན་ཇིའི་ཁྲོམ་གཞུང་དུ་ཁྲ་རིགས་ཚོང་མཁན་མང་པོ་ཞིག་འདུག་པ་དེ་ཚོས་ནོར་བུ་བཙོངས་ནས་ཕན་གྱི་ཡོད་ན་ལས། དེ་མིན་ནོར་བུ་ལས་གསེར་རྡོག་རྡོག་ཅིག་བྱུང་ན་ཡག་པ་ཡོད། ཡང་ན་ཨ་སྒོར་གྱི་ཆར་པ་ཞིག་བབ་རྒྱུ་ཡོད་ན་དེ་ནི་ཡག་པོ་ཡོད། རང་གིས་དཀའ་ལས་བརྒྱབ་ནས་ཨ་སྒོར་བཟོ་དགོས་པ་ལས། ནོར་ལྷ་བསྒྲུབས་ནས་ཨ་སྒོར་གྱི་ཆར་པ་བབ་རྒྱུ་གང་ཡང་མེད། དེས་ན་ཆོས་དང༌། ནོར། འདོད་པ། ཐར་པ་བཞི་ལས་རྒྱུ་གཉིས་དང་འབྲས་བུ་གཉིས་ཡོད་པས་དངོས་པོ་ཡར་རྒྱས་དགོས་པ་ཡིན།

    འདོད་ཆུང་ཆོག་ཤེས་ཞེས་པ་ནི། གང་ཟག་བྱེ་བྲག་པ་ཞིག་གིས་འདོད་ཆུང་ཆོག་ཤེས་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་པ་ལས། སྤྱི་ཚོགས་ཡོངས་རྫོགས་འདོད་ཆུང་ཆོག་ཤེས་བྱེད་དགོས་ཞེས་བརྗོད་ཀྱི་མེད། ཕུན་ཚོགས་སྡེ་བཞི་གསུངས་ཡོད། དེ་ནི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ་ཡོད་པ་དེའི་ཐོག་ཏུ་རང་སྒེར་གྱིས་རང་བདེ་དོན་གཉེར་གྱིས་བཤུ་གཞོག་གཏོང་བ་དང༌། རྫུན་སྨྲ་བ། གཡོ་ཁྲམ་བྱེད་པའི་རིགས་རྣམས་སྤངས་ནས་རང་ཉིད་སྒེར་གྱི་ངོས་ནས་འདོད་ཆུང་ཆོག་ཤེས་བྱེད་དགོས་པ་ལས། སྤྱི་ཚོགས་ཡར་རྒྱས་གཏོང་བ་ལ་རང་ཉིད་ཀྱི་ནུས་པ་ཡོད་ཚད་བཏོན་དགོས་པ་ཡིན།

    དེས་ན་ནང་ཆོས་ཀྱི་འགྲོ་སྟངས་ཆ་ཚང་ཡག་པོ་ཞིག་བལྟས་པ་ཡིན་ན། དངོས་གནས་འཕྲལ་ལ་སྐྱིད་པ་དང༌། ཕུགས་སུ་བདེ་བ། ཕྱི་མ་མངོན་མཐོ་བསྒྲུབ་རྒྱུ་ཡོད་པ་དང༌། ཚེ་འདིར་མངོན་མཐོ་ཡང་བདེ་ཞིང་སྐྱིད་པ། དངོས་པོ་ཡར་རྒྱས་ཡོད་པ། བསམ་བློ་ཡར་རྒྱས་ཡོད་པ་འདི་ལྟ་བུའི་མངོན་མཐོ་བསྒྲུབ་རྒྱུ་ཞིག་བཤད་ཀྱི་ཡོད། སྤྱིར་ཆོས་ཐམས་ཅད་དང༌། ལྷག་པར་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ན། དངོས་པོ་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན་ལ། དངོས་པོ་ཡར་རྒྱས་དེ་ཡང་ལོག་འཚོས་མ་སླད་པའི་དངོས་པོ་ཡར་རྒྱས་དོན་སྙིང་ལྡན་པ། སྤྱི་ལ་ཕན་པ་ཞིག་གི་བསམ་བློ་གཏོང་དགོས་པ་ནི་སངས་རྒྱས་པའི་ཆོས་ནས་ངེས་པར་དུ་གསུངས་ཡོད་པ་ཡིན། དེས་ན་འགལ་བ་མཐོང་གི་མེད།

རྒྱུ་འབྲས་ཀྱི་སྐོར།

    དྲི་བ། ནང་པ་སངས་རྒྱས་པའི་ལས་རྒྱུ་འབྲས་ཀྱི་སྐོར་ལ་རྒྱུ་འབྲས་གཉིས་མཐུན་དགོས་ཤིང༌། དེས་ན་ཚན་རིག་པ་ལྟར་ན་ང་ཚོའི་གཟུགས་པོར་ཡོད་པའི་རྡུལ་ཕྲན་རྣམས་དང༌། ཕྱི་ངོས་ཀྱི་ཤིང་དང་ལྕགས་ལ་སོགས་པའི་སེམས་མེད་བེམ་པོའི་རིགས་ཀྱི་རྡུལ་ཕྲན་རྣམས་གཅིག་པ་ཆགས་ཀྱི་ཡོད། འོན་ཀྱང་རྡུལ་ཕྲན་དེ་རྣམས་ཐོག་མར་སྐར་མ་ནས་བྱུང་བ་ཡིན་ཞེས་བརྗོད་ཡིན། དེས་ན་ད་ལྟའི་སྐར་མའི་རྡུལ་ཕྲན་དེ་ཉིད་རྒྱུ་དང༌། ཤིང་དང་ལྕགས་དང༌། མིའི་གཟུགས་ཀྱི་རྡུལ་ཕྲན་རྣམས་འབྲས་བུ་ལྟ་བུ་ཆགས་ཀྱི་ཡོད། དེས་ན་དེང་སྐབས་ཕ་མ་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ན། ཕྲུ་གུ་གཅིག་མི་དང་ཕྲུ་གུ་གཅིག་ཤིང་སྐྱེ་བ་ལྟ་བུ་མེད་པས། ཕ་མ་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཀྱང་དབང་པོ་རྣོ་རྟུལ་དང༌། ཕོ་མོ་སོགས་ཀྱི་ཁྱད་པར་ཡོང་སྲིད་ཀྱང༌། ཕྲུ་གུ་གཅིག་མི་སྐྱེ་བ་དང༌། ཕྲུ་གུ་གཅིག་ཤིང་སྐྱེ་བ་ལྟ་བུ་མི་སྲིད་པས། ཚན་རིག་པ་ལྟར་ན་ཤིང་དང་ང་ཚོའི་གཟུགས་པོའི་རྡུལ་ཕྲན་རྣམས་གཅིག་པ་ཡིན། དེས་ན་ནང་པ་སངས་རྒྱས་པའི་ཆོས་ནང་རྒྱུ་འབྲས་གཉིས་མཐུན་དགོས་པ་ཡིན། འོན་ཀྱང་འདིའི་ཐོག་ཏུ་རྒྱུ་འབྲས་མཐུན་གྱི་མི་འདུག་པས་དེའི་ཐོག་དགོངས་ཚུལ་གང་ཞིག་ཡོད་དམ།

    བཀའ་ལན། འདི་ལ་གོང་དུ་རྫས་རྒྱུན་དང་རིགས་རྒྱུན་ཞེས་བཤད་པ་དེ་དང་འབྲེལ་བ་ཡོད། ཐོག་མར་བསྡུས་གྲྭ་སློབ་པའི་སྐབས་སུ་ཤེས་བྱའི་རྣམ་གྲངས་དབྱེ་བ་ཕྱེ་སྐབས། ཁ་སང་བཀའ་མོལ་བྱུང་བ་ལྟར་ཤེས་བྱ་དང་ཡོད་པ་ཞེས་མཐོ་ཤོས་དེ་དང༌། དེ་ནས་ཕར་དབྱེ་བ་ཕྱེ་སྐབས་གཟུགས་དང༌། ཤེས་པ། ལྡན་མིན་འདུ་བྱེད་གསུམ་དུ་ཕྱེ་ཡོད། ཡང་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོར་ཡང་ནང་གསེས་སྡེ་ཚན་མང་དུ་ཕྱེ་བ་རྣམས་ནི་མངོན་པའི་གཞུང་ནང་ཡག་པོ་ཡོད་པ་ཡིན། ཐོག་མར་གཟུགས་ཤེས་ལྡན་མིན་གསུམ་ཞེས་སྤྱི་ཡོངས་ནས་བཤད་ན། གཟུགས་ཅན་གྱི་སྡེ་ཚན་གཅིག་དང༌། དེང་སྐབས་ལ་མཚོན་ན་སེམས་ཁམས་རིག་པ་དང༌། དངོས་ཁམས་རིག་པ་ཞེས་སྡེ་ཚན་གཉིས་སུ་ཕྱེ་གི་ཡོད། དེ་ཡང་སེམས་ཁམས་རིག་པ་ཞེས་ཤེས་པའི་སྡེ་ཚན་གཅིག་དང༌། དངོས་ཁམས་རིག་པ་ཞེས་དངོས་པོའི་རྫས་ཀྱི་འགྲོ་སྟངས་ཀྱི་སྡེ་ཚན་གཅིག་བཅས་གཉིས་སུ་ཕྱེ་གི་ཡོད། དེ་གཉིས་ལ་སེམས་མེད་བེམ་པོ་དང་སེམས་ཀྱི་སྡེ་གཉིས་ཕྱེ་གི་ཡོད། བེམ་པོའི་ནང་དུ་སེམས་ལྡན་དང་སེམས་མེད་གཉིས་སུ་དབྱེ་ཆོག་པ་ཡིན། ང་རང་ཚོའི་ལུས་འདི་ཉིད་སེམས་ལྡན་གྱི་བེམ་པོ་ཡིན། དེ་ཡང་ལུས་དེ་ཉིད་སེམས་མེད་བེམ་པོ་ཡིན་ཡང་དེ་ཉིད་སེམས་དང་ལྡན་པའམ་རྣམ་ཤེས་ཀྱིས་ཟིན་ཡོད་པ་ཡིན། མེ་ཏོག་འདིར་ཆ་བཞག་ན་སེམས་མེད་བེམ་པོ་ཡིན། དེ་གཉིས་ཀའི་བསྒྲུབ་བྱའི་རྡུལ་ཕྲ་རབ་ཀྱི་ཐོག་ནས་བཤད་ན། ང་ཚོའི་ལུས་གྲུབ་པའི་བསྒྲུབ་བྱའི་རྡུལ་ཕྲ་རབ་ཀྱི་རྫས་ཀྱི་སྟེང་ནས་བཤད་སྐབས། མེ་ཏོག་གི་རྡུལ་ཕྲན་དང་ང་ཚོའི་ལུས་ཀྱི་རྡུལ་ཕྲན་ཕལ་ཆེར་འདྲ་མཚུངས་ཡིན།

    རིགས་རྒྱུན་ཞེས་བརྗོད་སྐབས། ངའི་ལུས་འདི་མིའི་ལུས་དང༌། མིའི་ལུས་འདིའི་མིའི་རིགས་རྒྱུན་བཤད་ན། ཐོག་མར་མངལ་དུ་ཉིང་མཚམས་སྦྱར་བའི་སྐབས་ནས་བཟུང་སྟེ་ངའི་མིའི་ལུས་འདིའི་རིགས་རྒྱུན་དེ་ནས་འགོ་ཚུགས་པ་ཡིན། རྫས་རྒྱུན་ཞེས་བརྗོད་སྐབས། ངའི་ལུས་འདི་གྲུབ་པའི་ཕ་མའི་ཁུ་ཁྲག་དང༌། ཕ་མའི་ཁུ་ཁྲག་དེ་ཡང་ཕ་མའི་མི་རབས་བརྒྱ་ཕྲག་དང༌། སྟོང་ཕྲག ཁྲི་ཁྲག འབུམ་ཁྲག ས་ཡ། བྱེ་བ། དུང་ཕྱུར་ཞེས་བརྗོད་སྐབས། ཆེས་ཐོག་མའི་རྫས་རྒྱུན་བརྩི་སྐབས་ཐོག་མར་མི་རྣམས་སྤྲེའུ་རིགས་ལས་མཆེད་པ་དང༌། སྤྲེའུ་རིགས་དེ་ཡར་དེད་སྐབས་སྐམ་ལ་གནས་པའི་སྲོག་ཆགས་ཐོག་མར་ཡན་ལག་བཞི་བཙུགས་ནས་འགྲོ་མཁན་དང༌། དེ་ཡང་ཡར་དེད་ན་མཚོའི་ནང་གི་ཉ་ལྡེ་གུའི་གཟུགས་ཅན་ལྟ་བུའི་ཐོག་ནས་འཕེལ་རིམ་དྷར་ཝན་གྱི་རིག་པའི་གཞུང་ལུགས་ནས་བཤད་པ་ལྟར་ནང་པས་ཀྱང་དེ་ལྟར་ཤོད་ཀྱི་ཡོད།

    མངོན་པའི་གཞུང་ནས་བསམ་གཏན་གྱི་ལྷ་ནས་སྐྱེ་བ་འཕོས་ཏེ་འཛམ་གླིང་འདིའི་ཐོག་ཏུ་ཐོག་མར་ལུས་འོད་དང་ལྡན་པ། ཟས་རགས་པ་ལ་བརྟེན་མི་དགོས་པ་ཞེས་སོགས་གསུངས་པ་ཞིག་ཀྱང་ཡོད། དེ་འདྲ་ཞིག་ཀྱང་ཡོད་ཆོག་པ་ཡིན། འོན་ཀྱང་ཐམས་ཅད་དེ་ལྟར་རྩ་བ་ནས་མིན། དྷར་ཝན་གྱིས་བཤད་པ་ལྟར་རིམ་པར་འཕེལ་གྱུར་བྱུང་བ་དེ་ཏན་ཏན་ཁས་ལེན་དགོས་པ་ཡིན། དེ་ནི་མཐོང་ཆོས་སུ་ཡོད་ལ་དཔང་རྟགས་ཀྱང་ཡོད། དེས་ན་ང་རང་ཚོའི་ལུས་འདིའི་རྫས་རྒྱུན་འདི་ལྟར་བརྩིས་ན་ལོ་དུང་ཕྱུར་དང༌། ཐེར་འབུམ་ཆུང་བ། ཐེར་འབུམ་ཆེ་བ། ཁྲག་ཁྲིག་ཆུང་བ། ཁྲག་ཁྲིག་ཆེ་བ་བཅས་འདི་ལྟར་ཡར་རིམ་འདེད་བྱས་ན། མཐར་ཐུག་ཐོག་མར་འཛམ་གླིང་འདི་ཉིད་ཆགས་པ་དང༌། དེ་ནས་ཡར་འདེད་ན་ཐོག་མའི་འཛམ་གླིང་འཐོར་གས་ཆེན་པོ་ཞིག་བྱས་ཏེ་འཛམ་གླིང་འདི་ཉིད་གྲུབ་པ་ཡིན། ད་ལྟ་ངའི་ལུས་འདིའི་རྡུལ་ཕྲབ་ཀྱི་རྫས་རྒྱུན་བརྩིས་ན་སྐབས་དེ་དུས་ནས་ཡོད་པ་ཞིག་ཆགས་ཡོད། དེ་ལྟ་བུའི་འབར་གས་ཆེན་པོ་ཞིག་ཡོང་བ་དེ་ཡང༌། འཐོར་གས་འགྲོ་བའི་ནུས་པ་ཧ་ཅང་ཤུགས་ཆེན་པོ་ཞིག་བྱུང་བའི་དབང་ལས་འབར་གས་ཆེན་པོ་དེ་ཉིད་བྱུང་བ་ཡིན། འཐོར་གས་འགྲོ་བའི་ནུས་པ་དེ་ལྟ་བུ་ཞིག་ཡོང་བ་དེ་ཡང་རྫས་ལ་བརྟེན་ནས་ཡོང་གི་ཡོད། དེ་ཡང་རྫས་སྔ་མ་སྔ་མའི་རྒྱུན་ལ་བརྟེན་ནས་ཡོང་གི་ཡོད། དེས་ན་དབུ་མ་བཞི་བརྒྱ་པ་ལས། གཟུགས་ཅན་གྱི་དངོས་པོ་ལ་ཐོག་མ་མེད་ཅེས་གསུངས་པ་དེ་དངོས་བདེན་ཡིན། དཔེར་ན། མེ་ཏོག་འདིའི་ཐོག་མ་བཞག་དགོས་བྱུང་ན་ཐོག་མ་མེད་པ་ཡིན། མེ་ཏོག་འདི་ལ་མཐའ་མ་བརྩི་རྒྱུ་ཡོད། དེ་ཡང་མེ་ཏོག་འདི་མེད་པར་བཟོས་ན་མཐའ་མ་འཇོག་རྒྱུ་ཡོད། དེའི་རྫས་རྒྱུན་གྱི་ཐོག་ནས་བསམ་བློ་བཏང་ན། དེའི་ཐོག་མ་བཞག་མི་ཐུབ་པ་ཡིན།

    དེས་ན་རྫས་ཕྲ་མོའི་ཐོག་ཏུ་སླེབས་སྐབས་ང་རང་ཚོ་སེམས་ལྡན་གྱི་ལུས་ཀྱི་རྫས་རྡུལ་ཕྲ་མོ་དང༌། སེམས་མེད་བེམ་པོའི་རྫས་རྡུལ་ཕྲ་མོ་དེ་ཕལ་ཆེར་གཅིག་མཚུངས་ལྟ་བུ་ཞིག་ཡིན། དེས་ན་ང་རང་ཚོ་སྐྱེས་ཚར་དང༌། རྒས་པ། འཇིག་པ་བཅས་བྱེད་པ་ལྟར་དངོས་པོར་ཡང་དེ་བཞིན་བྱེད་ཀྱི་ཡོད། ང་རང་ཚོ་སེམས་ལྡན་གྱི་ལུས་ཀྱང་དེ་བཞིན་བྱེད་ཀྱི་ཡོད་པས་གཅིག་པ་རེད་འདུག རྫས་རྡུལ་ཕྲ་རབ་ཀྱི་འགྲོ་སྟངས་ཀྱི་ནང་དུ་ལས་ཀྱི་འབྲེལ་བ་ཇི་ཙམ་ཞིག་ཡོད་མེད་ད་ཆ་ངོས་རང་ལ་བསམ་བློ་འཁོར་གྱིན་འདུག དེ་ནི་ཞིབ་ཕྲ་བཤད་རྒྱུ་ཧ་ཅང་ཁག་པོ་རེད་འདུག

    ལས་འབྲས་ཞེས་བརྗོད་སྐབས། ལས་ཞེས་པ་ནི་བྱ་བ་ཡིན་ལ། བྱ་བ་ནི་བྱེད་པ་པོ་དང་འབྲེལ་ཡོད། བྱེད་པ་པོ་ཞེས་པ་ནི་སེམས་ལྡན་ཞིག་ཆགས་ཡོད། གཉིས་ནས་འབྲས་བུ་བདེ་སྡུག་ཅེས་པ་ནི་ཚོར་བ་ཡིན་ལ། ཚོར་བ་ཞེས་པ་ནི་གཟུགས་ཅན་མིན་པར་ཤེས་པའི་ཆ་ཤས་ཤིག་ཡིན། དེས་ན་ཤེས་པའི་རང་བཞིན་ཡིན་པའི་བདེ་བ་དང་སྡུག་བསྔལ་སྒྲུབ་བྱེད་ཀྱི་རྒྱུ་དེ་ཡང་ཤེས་པ་རང་ཉིད་ཀྱི་ཐོག་ནས་ཡོང་དགོས་པ་ཞིག་ཡིན། དེར་བརྟེན་སེམས་བྱུང་སེམས་པའི་སྐད་ཆ་ཤོད་ཀྱི་ཡོད། མ་གཞི་བྱེ་བྲག་སྨྲ་བ་དང༌། ཐལ་གྱུར་བའི་ལུགས་ལ་ལུས་གཟུགས་ཅན་དུ་བཞག་གི་ཡོད། དེའི་ཐོག་ལ་ཞི་ཕྲ་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག རྩ་བ་གོང་དུ་ཞུས་པ་ལྟར་རྡུལ་ཕྲབ་ཀྱི་ཐོག་ཏུ་བརྩིས་ན་རྩོམ་གཞི་རྡུལ་ཕྲན་ཕྲ་མོའི་སྟེང་དུ་གཅིག་པ་རེད་འདུག

དེས་ན་ངོས་ནས་ཚན་རིག་པ་ཞིག་ལ་འདི་ལྟར་སྐད་ཆ་ཞིག་ཀྱང་དྲིས་མྱོང༌། ང་རང་ཚོའི་རྣམ་པར་ཤེས་པ་ཡོད་པའི་ལུས་འདིའི་རྩོམ་གཞིའམ་གྲུབ་གཞིའི་རྡུལ་ཕྲ་རབ་དང༌། སེམས་མེད་བེམ་པོའི་ཆོས་ཀྱི་རྡུལ་ཕྲ་རབ་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་དམ་ཞེས་དྲི་སྐབས། དབྱེ་བ་མེད་ཅེས་བརྗོད་ཀྱི་འདུག འོ་ན་དབྱེ་ཁྱད་མེད་པའི་རྡུལ་ཕྲ་རབ་ཅིག་གིས་རྐྱེན་ཚོགས་པའི་སྟེང་ནས་མཚམས་གང་འདྲ་ཞིག་ནས་རྣམ་ཤེས་ཀྱི་རྟེན་དུ་རུང་བ་དང༌། རྣམ་ཤེས་ཀྱི་རྟེན་བྱེད་མི་ཐུབ་པའི་མཚམས་ཇི་འདྲ་ཞིག་ནས་འཇོག་དགོས་སམ་ཞེས་དྲི་སྐབས། དེ་ནི་བརྗོད་མི་ཐུབ་ཅེས་ཟེར་གྱི་འདུག དེ་ལ་ད་ལྟ་ལན་རྒྱག་གི་མི་འདུག ད་ལྟ་ནང་གི་རྣམ་པར་ཤེས་པའི་རྣམ་གཞག་ཀྱང་ཇི་བཞིན་མི་ཤེས་པའི་སྐབས་སུ་རྣམ་ཤེས་ཞུགས་པའི་སྐད་ཆ་དེ་བས་བཤད་ཁག་པོ་ཞིག་ཡིན། དེ་ནི་མི་ཁོ་ན་མིན་པར་འབུ་སྲིན་ཚུན་ཆད་ནས་བཟུང་སྟེ་བརྗོད་དགོས་པ་ཡིན། དེ་དག་གི་ཐོག་ཏུ་མུ་མཐུད་ནས་ཉམས་ཞིབ་དང་རྩད་གཅོད་བྱེད་དགོས་པ་ཞིག་ཡིན། ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ཕྱིན་སོང་ཡང་དྲི་བ་གཅིག་དྲིས་དང༌། དེ་སྙན་པོ་ཞིག་འདུག

    དྲི་བ་དང་པོ་ནི། ནང་པ་སངས་རྒྱས་པ་ཡིན་མིན་ས་མཚམས་ཀྱི་ཚད་གཞི་གང་ལ་འཛིན་དགོས་པ་དང༌། ནང་པ་ཡིན་མིན་སྐྱབས་འགྲོའི་ཐོག་ནས་ཁྱད་པར་ཕྱེ་ན། སྐྱབས་འགྲོའི་ཐོག་ནས་ཁྱད་པར་ཇི་ལྟར་དུ་ཕྱེ་དགོས་སམ། དྲི་བ་གཉིས་པ་ནི། ནམ་རྒྱུན་ང་ཚོས་བརྗོད་བཞིན་པའི་བདེན་པར་གྲུབ་པས་སྟོང་པ་དང༌། སྟོང་ཉིད། གང་ཟག་གི་བདག་མེད་བཅས་ལ་ཁྱད་པར་གང་ཞིག་ཡོད་དམ། དེ་དག་གཅིག་པ་ཡིན་ན་ལས་རྒྱུ་འབྲས་ཀྱི་རྣམ་གཞག་དེ་ཡང་བདེན་གྲུབ་ཀྱིས་སྟོང་པ་རེད་དམ།

    བཀའ་ལན། སྐྱབས་འགྲོ་ལ་རིམ་པ་མང་པོ་ཞིག་ཡོང་གི་རེད་སྙམ། དབང་པོའི་རྣོན་པོ་ཤེས་ནས་དད་པ་ཐོབ་པའི་སྐྱབས་འགྲོའི་དབང་དུ་བྱས་ན། ཐོག་མར་བདེན་པ་གཉིས་ཀྱི་རྣམ་གཞག་ཤེས་དགོས་པ་དང༌། དེ་ནས་བདེན་བཞིའི་རྣམ་གཞག་ཀྱང་ཤེས། དེ་ལ་བརྟེན་ནས་ཆོས་འགོག་བདེན་དང་ལམ་བདེན་ཞེས་པ་ཞིག་ཡོད་པ་ཚད་མས་ངེས་པ་རྙེད་དཀའ་ཡང༌། གང་འཚམས་ཀྱི་ངེས་པ་ཐོབ་པ་ཞིག་སྟེ། བསམ་བློའི་ནང་དུ་འདི་རེད། འདི་ལས་གཞན་དུ་འགྲོ་ས་མི་འདུག་སྙམ་པའི་ཁོ་ཐག་ཆོད་པ་ཞིག་གི་ཐོག་ནས།

དོན་བཞིན་གཟིགས་ནས་ལེགས་གསུངས་པ། །ཁྱེད་ཀྱི་རྗེས་སུ་སློབ་པ་ལ། །

རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །

ཁྱེད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །

ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །

ཨེ་མའོ་མཁས་པ་འདི་ཉིད་ཀྱི། །ཁྱད་པར་ཁོང་དུ་ཆུད་གྱུར་པ། །

དེ་ཚེ་རྐང་གི་ཁོང་ནས་ནི། །ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །

    ཞེས་རྟེན་འབྲེལ་བསྟོད་པ་ནས་གསུངས་པའི་སྐྱབས་འགྲོ་ནི་ནང་པ་སངས་རྒྱས་པ་སྲབ་མཐུག་འཕེར་བའི་སྐྱབས་འགྲོ་དེ་ཆགས་ཡོད། དངོས་གནས་སྐྱབས་ལ་མི་ཕྱེད་པའི་དད་པ་དང༌། ངེས་པ་རྙེད་པའི་དད་པ་ཐོབ་པ་སྟེ། རྒྱུ་མཚན་ལ་རྟག་དཔྱད་བྱས་པ་དང༌། རྒྱབ་ལྗོངས་ཡོངས་ལ་ཞིབ་འཇུག་བྱས་ཤིང༌། ཞིབ་འཇུག་བྱས་པའི་ལག་རྗེས་ལ་ངེས་པ་རྙེད། དེ་ནས་བཅོམ་ལྡན་འདས་ལ་སྨྲ་མི་ཤེས་པའི་དད་པ་ཐོབ་པ་ནི་ནང་པ་སྤུས་དག་པོ་དང༌། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པའི་སྐྱབས་འགྲོ་ཡོད་པ་ཞིག་ཆགས་ཀྱི་ཡོད། དེ་ནི་དབང་པོ་རྣོན་པོའི་དབང་དུ་བྱས་པའི་སྐྱབས་འགྲོ་དེ་ཡིན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན། ངའི་བསམ་ཚོད་ལ་སྐྱབས་འགྲོ་འདི་རེད་སྙམ།

    དབང་པོ་རྟུལ་པོ་གང་ཟག་དམན་པའི་དབད་དུ་བྱས་ན། ལུང་ཚད་མ་དང༌། བསྟན་བཅོས་ཚད་མ། བླ་མ་ཚད་མ། ཉམས་མྱོང་ཚད་མ་བཅས་གསུངས་པའི་ཐོག་ནས་བླང་དོར་སྟོན་མཁན་གྱི་བླ་མ་ཞིག་གི་དྲུང་ནས། བླ་མ་ཞེས་བརྗོད་སྐབས་བླ་བྲང་ཡོད་པའི་བླ་མ་དེ་ལ་མི་བརྗོད་པར། སྐབས་འདིའི་བླ་མ་ནི་གདུལ་བྱ་ལ་བླང་དོར་གྱི་གནད་སྟོན་པའི་ཐོག་ནས། གདུལ་བྱ་དེས་བཤེས་གཉེན་དུ་བྱས་ནས་བླ་མ་ཆགས་པ་ཞིག་ལ་བརྗོད་ཀྱི་ཡོད། དེང་སྐབས་ཀྱི་བླ་མ་དང་སྤྲུལ་སྐུ་ནི་ཕྲུ་གུ་ཆུང་ངུའི་སྐབས་ནས་བླ་སྤྲུལ་ཆགས་ཀྱི་ཡོད། དེ་ནི་སློབ་མ་ཡོད་མེད་ཇི་ལྟར་ཡང་བླ་མའམ་སྤྲུལ་སྐུ་ཆགས་ཀྱི་ཡོད། དེ་ལ་མི་བརྗོད་པར་བླ་མ་ངོ་མར་བརྗོད་ཀྱི་ཡོད། བླ་མ་ངོ་མ་ཞིག་ཡོང་བ་ལ་གདུལ་བྱ་ལ་བལྟོས་དགོས་ཤིང༌། གདུལ་བྱ་ཡོད་ན་བླ་མ་ཡིན་ལ། གདུལ་བྱ་མེད་ན་བླ་མ་མིན།

    དེས་ན་དེ་ལྟ་བུའི་བླ་མ་ཞིག་གིས་གནས་ལུགས་ཤིག་འགྲེལ་བཤད་བརྒྱབ་པ་སྟེ། སེམས་དུལ་ན་སེམས་ལ་བདེ་སྐྱིད་ཡོང་བ་དང༌། ཁོང་ཁྲོ་བྱས་ན་རང་གཞན་རོགས་གསུམ་ཚང་མ་མ་སྐྱིད་པ་བྱེད་ཀྱི་རེད། བྱམས་པ་དང་བརྩེ་བ། དེ་བཞིན་བདག་མེད་པའི་ལྟ་བ་སོགས་ཀྱི་ཐོག་ནས་བསམ་བློ་བཏང་ན་ཕན་གྱི་རེད་ཅེས་སོགས་ཀྱི་བསླབ་བྱ་བསྟན་པ་དང༌། བསླབ་དེ་ཉན་ནས་རང་གི་སེམས་ནང་དེ་ཉིད་བསམ་བློ་བཏང་བའི་འབྲས་བུར་དཀའ་ངལ་འཕྲད་པའི་སྐབས་སུ་དཀའ་ངལ་དེ་ཉིད་གདོང་ལེན་བྱེད་རྒྱུར་ཤུགས་ཆེ་བ་ཡོད་པ་ཞིག་ཡོང་བ་ཡིན། དེ་ནི་སྤྱི་ཡོངས་ནས་བཤད་ན་ང་ཚོ་བོད་པ་དང༌། ནང་པའི་སངས་རྒྱས་པའི་ཆོས་བྱེད་མཁན་གཅིག་དང༌། དེ་ལྟར་མི་བྱེད་པའི་གཉིས་ཀྱི་བར་ལ་ཕལ་ཆེར་ཁྱད་པར་ཡོད་པ་ལྟ་བུ་ཞིག་འདུག མི་རྟག་པ་དང༌། ལས་རྒྱུ་འབྲས། འཁོར་བའི་སྡུག་བསྔལ་སོགས་བསམ་མཁན་ཞིག་དང༌། ཆེ་ས་ནས་བཤད་ན་ད་དུང་བདག་གཞན་མཉམ་བརྗེ་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཆེན་པོ་མེད་ཀྱང་གོ་མྱོང་ཡོད་པ་ཞིག་ཡིན་ན། སྡུག་བསྔལ་ལ་གདོང་ལེན་བྱེད་པའི་ནུས་པ་གཏན་གཏན་ཤུགས་ཆེ་བ་ཡོད། དེས་ན་དེ་ལྟ་བུའི་རང་གི་ཉམས་མྱོང་ཞིག་སླེབས་པ་དེ་ལ་ཚོད་དཔག་བྱས་ནས་བླ་མ་དེས་བཤད་པ་དེས་ང་ལ་ཕན་སོང་བསམ་པའི་ཐོག་མར་ཉམས་མྱོང་ཚད་མ་སྐྱེས། དེ་ལ་བརྟེན་ནས་བླ་མ་ཚད་མ་དང༌། དེ་ལ་བརྟེན་ནས་བླ་མ་དེས་ཉམས་བཞེས་གནང་བའི་བཀའ་བསྟན་གྱི་ནང་དུ་ཡོད་པའི་ཟབ་པ་དང་རྒྱ་ཆེ་བའི་ལམ་དེ་རྣམས་ཉམས་བཞེས་གནང་བ་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་སྐབས། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་གཞུང་ལ་དད་པ་ཐོབ་ཅིང་ཡིད་ཆེས་རྙེད། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་བཀའ་ལ་ཡིད་ཆེས་རྙེད་ཅིང་དད་པ་ཐོབ། དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱིས་བཅོམ་ལྡན་འདས་ལ་ཧ་ལས་པའི་བསྟོད་པ་མཛད་ཡོད། མགོན་པོ་ཀླུ་སྒྲུབ་མཁས་པ་རྣམ་དཔྱོད་ཅན། རིགས་པ་དང་ལྡན་པ་གང་བྱུང་ཞལ་བཞེས་མི་གནང་མཁན་ཞིག་གིས་ཀྱང་བཅོམ་ལྡན་འདས་ལ་དེ་ལྟ་བུའི་བསྟོད་བསྔགས་མཛད་ཀྱི་ཡོད་པས་ན། ཁོང་གིས་བརྟག་དཔྱད་ཆ་ཚང་གནང་ནས་སྟོན་པ་བཅོམ་ལྡན་འདས་སྨྲ་བ་ཟླ་མེད་པའི་སྟོན་པ་ལ་གཟིགས་ནས་སྨྲ་བ་ཟླ་མེད་པའི་སྟོན་པར་བསྟོད་པ་མཛད་ཀྱི་ཡོད་སྟབས་དེ་ནི་ཚད་ཐུབ་རེད་སྙམ་པ་ཞིག་ཀྱང་ཡོང་བ་ཡིན། དེ་ལྟར་བདེན་གཉིས་དང་བདེན་བཞི་སོགས་ཆ་ཚང་ཞིག་མ་ཤེས་རུང་འདི་ཙམ་ཞིག་གི་ཐོག་ནས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་ཞིག་ཡོང་བ་ཡིན། དེ་ནི་དད་པ་དང་ཡིད་ཆེས་གཙོ་བོ་བྱས་ནས་ཕྱིན་པ་ལྟ་བུ་ཞིག་ཡིན། དེས་ན་སྐྱབས་འགྲོའི་རིགས་མང་པོ་ཞིག་ཡོང་བ་ཡིན། དབང་རྣོན་དབང་དུ་བྱས་པའི་སྐྱབས་འགྲོ་དང༌། དེ་ལའང་རབ་འབྲིང་གི་ཁྱད་པར་ཡོང་བ་དང༌། དབང་རྟུལ་གྱི་དབང་དུ་བྱས་པའིསྐྱབས་འགྲོ་དེ་ལ་ཡང་རབ་འབྲིང་གི་ཁྱད་པར་ཡོང་བ་ཡིན། མ་མཐར་ཡང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་རང་གིས་ཡིད་ཆེས་བྱས་ཤིང༌། ཞེ་ཐག་པ་ནས་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་བླངས་པ་ཞིག་བྱུང་ན་ནང་པ་སངས་རྒྱས་པ་ཆགས་པ་ཡིན། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོ་འབྱེད་ཅེས་པ་དེ་འདི་འདྲ་ཞིག་ཡིན། འོན་ཀྱང་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་བཤད་ན། གོང་དུ་ཞུས་པ་ལྟར་ཐོག་མར་བསྟན་པའི་རྣམ་གཞག་ཤེས་པར་བྱས། བསྟན་པའི་རྣམ་གཞག་ཤེས་ཤིང་རྒྱུ་མཚན་མཐོང་བའི་སྒོ་ནས་སྟོན་པ་ལ་ཡིད་ཆེས་རྙེད་པ་ཞིག་དགོས་པ་ཡིན།

    ནམ་རྒྱུན་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་ཐོག་མར་བཞག་པ་དང༌། ཆོས་ལ་སྐྱབས་སུ་མཆིའོ། །ཞེས་གཉིས་པར་བཞག དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་གསུམ་པར་བཞག་གི་ཡོད། དེ་ནི་བསྟན་པ་གཅིག་ལ་བྱུང་རིམ་གྱི་དབང་དུ་བྱས་ནས་ཐོག་མར་སྟོན་པ་བྱོན་ཞིང༌། དེ་ནས་སྟོན་པས་ཆོས་འཁོར་བསྐོར་ནས་ལུང་གི་ཆོས་དེ་ཉིད་བྱུང༌། ལུང་ཆོས་དེ་ཉིད་ཉམས་ལེན་བྱས་ནས་རྟོགས་པའི་ཆོས་དེ་ཉིད་བྱུང༌། དེ་ལྟ་བུའི་ལུང་རྟོགས་ཀྱི་ཆོས་དེ་དག་ལ་བརྟེན་ནས་རིམ་བཞིན་བདེན་པ་མངོན་སུམ་དུ་མཐོང་བའི་འཕགས་པའི་ལམ་རྒྱུད་ལ་སྐྱེས་སྐབས་ལམ་གྱི་བདེན་པ་དངོས་དེ་རྒྱུད་ལ་སྐྱེས། ལམ་གྱི་བདེན་པ་ངོ་མ་དེ་རྒྱུད་ལ་སྐྱེས་པའི་གང་ཟག་དེ་ཉིད་འཕགས་པའི་དགེ་འདུན་དུ་གྱུར་པ་ཡིན། དེས་ན་སངས་རྒྱས་དང༌། ཆོས། དགེ་འདུན་བཅས་ཀྱི་གོ་རིམ་འདི་ལྟར་དུ་བྱུང་བ་ཡིན།

    ཡང་ང་རང་ཚོར་དད་པ་ཐོབ་པའི་སྐད་ཆ་ཞིག་བཤད་ན། རྗེ་བདག་ཉིད་ཆེན་པོས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །ཅེས་གསུངས་པ་དང༌། རྣམ་འགྲེལ་ལས་ཀྱང༌། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པ་ལྟར། མདོར་ན་བདེན་བཞིའི་བླང་དོར་གྱི་གནས་གསུངས་པ་དེ་ལ་བརྟག་དཔྱད་བྱེད་སྐབས་རིགས་པས་དཔྱད་བཟོད་པ་སྟེ། ཇི་ཙམ་དཔྱད་ཀྱང་དེ་ལ་རྒྱུ་མཚན་ཡོད་པ་ཞིག་མཐོང་བས་ན། དེ་ལྟར་སྟོན་མཁན་གྱི་སྟོན་པ་ལ་དད་པ་རྙེད་པ་ཞེས་གསུང་གི་ཡོད། དེས་ན་ཐོག་མར་ཆོས་དཀོན་མཆོག་ཅེས་པ་དེ་གང་འདྲ་ཞིག་ཡིན་པ་ཤེས་དགོས་པ་དང༌། དེའི་ངེས་པ་ཐོབ་སྐབས་དེ་རྒྱུད་ལ་ལྡན་པའི་འཕགས་པའི་དགེ་འདུན་ལ་དད་པ་རྙེད་པ་དང༌། དེ་ལྟ་བུའི་སློབ་པའི་དགེ་འདུན་དེ་ཉིད་རྟོགས་པ་མཐར་ཕྱིན་པའི་གནས་སྐབས་སུ་མི་སློབ་པའི་དགེ་འདུན་དུ་གྱུར་ནས་སངས་རྒྱས་ལ་སྐྱབས་སུ་མཆི་བ་དེ་ཡོང་དགོས་པ་ཡིན། དེས་ན་ཆོས་ལ་སྐྱབས་སུ་མཆི་བ་ནི་གཙོ་བོ་ཡིན། ཆོས་ལ་རྟག་དཔྱད་བྱས་ཏེ་དེ་ལ་བརྟེན་ནས་སངས་རྒྱས་དང༌། དགེ་འདུན་སྒྲུབ་ཚུལ་འདི་ལྟར་ཡིན།

    དྲི་བ་གཉིས་པའི་བཀའ་ལན་ནི། གྲུབ་མཐའ་ལྟ་དགོས་ལ། རང་རྒྱུད་པ་མན་ཆད་ཀྱིས་སྟོང་ཉིད་ཅེས་པ་དེ་ཉིད་ཆོས་ཀྱི་བདག་མེད་ལ་བསམ་བློ་གཏོང་གི་ཡོད། གང་ཟག་གི་བདག་མེད་ཅེས་བརྗོད་སྐབས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་སྟོང་པ་ལ་འཇོག་གི་ཡོད། སྟོང་ཉིད་ཅེས་པ་དེ་སེམས་ཙམ་པ་ལྟར་ན་གཟུང་འཛིན་གཉིས་སྟོང་གི་སྟོང་པ་ཉིད་ཅེས་པ་དེ་དང༌། དབུ་མ་ལྟར་ན་བདེན་པས་སྟོང་པའི་སྟོང་ཉིད་དེ་ཆོས་ཀྱི་བདག་མེད་ལ་འཇོག་གི་ཡོད། འོན་ཀྱང་སངས་རྒྱས་བསྐྱངས་དང༌། དཔལ་ལྡན་ཟླ་བ་གྲགས་པས་ཀླུ་སྒྲུབ་ཀྱི་གཞུང་གིས་དགོངས་པ་ཡག་པོ་ཞིག་བླངས་སྐབས་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་དེ་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ལས་དགག་བྱ་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ་ལ་གཅིག་པ་འཇོག་གི་ཡོད། དབུ་མ་འཇུག་པའི་ནང་དུ། བདག་མེད་དེ་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །སྟོང་གཞི་ཆོས་ཅན་ནམ་ཁྱད་གཞི་གང་ཟག་དང་ཆོས་གཉིས་ཡོད་པས་ན། དེའི་གནད་ཀྱིས་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་གཉིས་གསུངས་པ་རེད་ཅེས་པ་ཞིག་དང༌། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་གཉིས་ལ་ངོ་བོའི་ཆ་ནས་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་ཕྲ་རགས་ཀྱི་ཁྱད་པར་མི་བརྗོད་པར། གང་ཟག་རང་རྐྱ་ཐུབ་པས་སྟོང་པའི་བདག་མེད་ཅིག་ཡོད་ཀྱང་དེ་ནི་སྟོང་ཉིད་ཕྲ་མོ་མིན། སྟོང་ཉིད་ཕྲ་མོ་ནི་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་དེར་འཇོག་གི་ཡོད། དེ་ནི་གཅིག་པ་ཡིན།

    ལས་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡིན་མིན་ནི། ལས་རྒྱུ་འབྲས་ཞེས་པ་ནི་རྒྱུ་དང་འབྲས་བུའི་སྐད་ཆ་ཡིན། དེས་ན་རྒྱུ་དང་འབྲས་བུའི་རྟེན་འབྱུང་དེ་རྒྱུ་མཚན་དུ་བཀོད་ནས་ང་ཚོའི་མཐོང་ཆོས་སུ་ཡོད་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་དེས་བལྟོས་ནས་གྲུབ་པ་དེ་བསྟན་གྱི་ཡོད། བལྟོས་ནས་གྲུབ་པ་དེས་བརྟེན་ནས་བཏགས་པ་དེ་བསྟན་གྱི་ཡོད། བརྟེན་ནས་བཏགས་པ་ཡིན་པས་ན་བལྟོས་པ་མེད་པའི་རང་དབང་གིས་གྲུབ་པས་སྟོང་པ་དེ་ཉིད་གྲུབ་ཡོང་གི་ཡོད། དེས་ན་ལས་འབྲས་མི་བསླུ་བའམ་རྒྱུ་འབྲས་མི་བསླུ་བ་དེ་ག་རྒྱུ་མཚན་དུ་བྱས་ནས་རང་བཞིན་གྱིས་སྟོང་པའམ་བདག་མེད་པ་ཞེས་གསུང་གི་ཡོད། ལས་དང་འབྲས་བུ་ཞེས་པ་དེ་ཉིད་བདག་མེད་པའི་རང་བཞིན་རེད་དམ་ཞེ་ན། ཤེས་བྱ་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་ཞིང༌། བརྟེན་ནས་བཏགས་པ་ཡིན་སྟབས་ཤེས་བྱ་མཐའ་དག་ལ་རང་བཞིན་གྱིས་མ་གྲུབ་པ་ཡིན། དེས་ན་བདག་མེད་པ་ཡིན། གཞི་གྲུབ་ན་བདག་མེད་ཡིན་པས་ཁྱབ་ཅེས་བརྗོད་ཀྱི་ཡོད།

༧༽ སྐྱབས་འགྲོ།

    ད་ནི་ཁ་སང་གི་བཤད་པའི་མཚམས་སྐྱབས་འགྲོ་སྐོར་ཡིན། མཚམས་འདིར་བརྗོད་འདོད་པ་ཞིག་ལ། སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་བཅས་ནི་དཀོན་མཆོག་གསུམ་ཡིན་ལ། སངས་རྒྱས་དཀོན་མཆོག་གི་མཚན་གཞི་ངོས་འཛིན་སྐབས། ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་ཞིང་འཇིག་རྟེན་ཡོངས་གྲགས་སུ་གྲུབ་པའི་རྣམ་འདྲེན་ཤཱཀྱ་སེངྒེ་ནི་སངས་རྒྱས་འཕགས་པ་ཆགས་ཡོད་ཅིང༌། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་ནང་དུ་ཆོས་ལུགས་གཞན་དང་གཞན་པའི་སྟོན་པ་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ནི་མཚོན་ཆ་ཐོགས་ཤིང༌། སྟོན་པ་བཅོམ་ལྡན་འདས་ཁྱོད་ཉིད་ནི། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྐབས་གསུམ་པ་ལས།

མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །

མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །

    ཞེས་གསུངས་པ་ལྟར་བྱམས་པའི་སྟོབས་ཀྱིས་ཕྱི་ནང་གི་བདུད་སྡེ་འཇོམས་པར་མཛད་ཅིང༌། སྟོན་པ་ཁྱོད་ལ་རང་གི་གཉེན་གྱི་ཕྱོགས་དང་དགྲ་ཡི་ཕྱོགས་ཞེས་མི་མཐུན་པའི་ཕྱོགས་བརྩི་རྒྱུ་མེད་པར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་མ་བུ་གཅིག་པ་ལ་བརྩེ་བ་ལྟར་གྱི་བརྩེ་བ་གནང་གི་ཡོད་ཅེས་དེ་ལྟ་བུའི་ཐོག་ནས་སྟོན་པའི་ཁྱད་པར་ཞིག་གསུངས་ཡོད།

    ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་སྔོན་དུ་ཉི་ཧོང་པ་ཞིག་ཡོད་པ་ཁོང་རྡ་སར་ཡོང་སྟེ་ངོས་དང་ཐུག་འཕྲད་བྱུང་ཞིང༌། ཁོང་རང་བོད་ཀྱི་ལྷ་ས་ཁུལ་དུ་ཕྱིན་པ་ཡིན། བོད་པ་རྣམས་ཧ་ཅང་ཡག་པོ་འདུག ལྷག་པར་ནང་ཆོས་དེ་ཧ་ཅང་ཡག་པོ་ཞིག་འདུག རྒྱལ་རྩེར་ལྷ་ཁང་ཞིག་གི་ནང་དུ་འགྲོ་སྐབས་མཆེ་བ་གཙིགས་ཤིང༌། སྡང་མིག་བགྲད་པ། ཞེད་སྣང་སློང་མཁན་དེ་འདྲ་འདུག་པས་དེའི་དགོང་མོ་གཉིད་ཀྱང་ཡག་པོ་ཁུག་མ་བྱུང་ཞེས་བརྗོད་ཀྱི་འདུག ནང་པ་སངས་རྒྱས་པའི་ཆོས་དེ་བྱམས་པ་དང༌། སྙིང་རྗེ། ཞི་ཞིང་དུལ་བ་སོགས་ཧ་ལས་པ་ཞིག་གསུངས་པའི་དད་པ་བྱེད་སའི་སྐྱབས་གནས་མཆེ་བ་གཙིགས་པ་སོགས་འདྲ་མིན་དེ་འདུག་པས་དེ་ཇི་འདྲ་རེད་དམ་ཞེས་བརྗོད་ཀྱི་འདུག དེ་ལ་གནད་འགག་ཅིག་འདུག་པས་བརྗོད་འདོད་བྱུང༌།

    ལྷ་ལས་ཕུལ་བྱུང་སོགས་ཀྱི་ནང་དུ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་སྟོན་པའི་ཁྱད་པར་གསུངས་ཡོད། སེམས་ལ་ངེས་པ་ཐོབ་པ་ཧ་ཅང་ཡག་པོ་ཞིག་གསུང་གི་ཡོད་ཀྱང༌། ཚུར་ཕྱོགས་དེར་ང་ཚོས་ཡི་དམ་ཞེས་པ་དེ་དག་མཇལ་སྐབས། ཆོས་རྗེ་ས་པཎ་གྱིས་མགོན་པོ་གུར་ཞལ་གྱི་བསྟོད་པ་མཛད་སྐབས། ཁྱོད་ནི་རང་ཕྱོགས་ལེགས་སྐྱོང་ཞིང༌། །གཞན་ཕྱོགས་རྣམ་པར་བསུན་འབྱིན་པ། །དོན་གཉིས་སྒྲུབ་པའི་ཡབ་ཡུམ་ལ། །མཆོད་ཅིང་བསྟོད་ཅིང་ཕྱག་ཀྱང་འཚལ། །ཞེས་པ་ཞིག་ཡོད། དེས་ན་མགོན་པོ་གུར་ཞལ་ལ་བསྟོད་པ་མཛད་སྐབས། ཁྱོད་རང་རང་ཕྱོགས་བསྐྱངས་ཤིང༌། གཞན་ཕྱོགས་ལ་སྡང་པོ་བྱེད་མཁན་ཞིག་རེད་ཅེས་བསྟོད་པ་བྱེད་ཀྱི་ཡོད། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལ་རང་ཕྱོགས་དང་གཞན་ཕྱོགས་མེད་པར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་མ་བུ་གཅིག་པ་ལ་བརྩེ་བ་ལྟར་གྱི་བརྩེ་བ་བྱེད་དགོས་པ་ལས། བསྐྱང་རྒྱུའི་གཉེན་ཞེས་རང་ཕྱོགས་གཅིག་དང༌། འདུལ་དགྲ་ཞེས་གཞན་ཕྱོགས་གཅིག་བཤད་རྒྱུ་མེད། དེས་ན་དེ་དག་སྐྱབས་གནས་ཡང་དག་ཡིན་ནམ་མིན། དེ་བཞིན། འཇམ་དཔལ་མཚན་བརྗོད་ལས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་མདུང་དྲུག་ཅན། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཞེས་སོགས་གསུངས་པ་ལྟར་གྱི་ཡི་དམ་ཧ་ཅང་དྲག་པོ་དེ་འདྲ་ཡོད། དེ་རྣམས་ང་ཚོས་ཤེས་དགོས་པ་ཞིག་ཡིན། རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ནི་གསང་སྔགས་གཞུང་ལས་ཡོང་གི་ཡོད་པ་ལས་མདོ་ལམ་ལ་ཕལ་ཆེར་དེ་ལྟར་མེད། མདོ་ལམ་ལས་རྒྱལ་ཆེན་རིགས་བཞི་དང༌། གནོད་སྦྱིན་སོགས་ཅུང་ཟད་རེ་ཡོང་བ་ལས། དེ་མིན་ཡི་དམ་ཆོས་སྲུང་དང༌། དཔའ་བོ་མཁའ་འགྲོ་སོགས་ནི་སྔགས་ཀྱི་གཞུང་ལས་བྱུང་བ་ཞིག་ཡིན།

    སྔགས་ཀྱི་གཞུང་ནས་དེ་ལྟར་ཡོང་བ་ནི། ཡི་དམ་ཞི་ཁྲོ་རབ་འབྱམས་ཞེས་པ་དེ་རྣམས་ནི། སྟོན་པ་བཅོམ་ལྡན་འདས་ལྟར་གང་ཟག་རང་མཚན་པ་རེ་རེ་རང་རང་གི་ཞིང་བཀོད་ལྟ་བུ་ཞིག་གི་ནང་དུ་ཡོད་པ་ཞིག་ཡིན་ནམ་ཞེ་ན་མིན། དཔེར་ན། རྡོ་རྗེ་འཇིགས་བྱེད་ལ་སོགས་པ་རྣམས་ནི་རྒྱུད་ནས་གསུངས་པ་ཞིག་དང༌། རྒྱུད་ནི་བཅོམ་ལྡན་འདས་ཉིད་ཀྱི་གསུངས་པ་ཞིག་ཡིན། སྟོན་པས་རྒྱུད་དེ་ཉིད་གསུངས་པའི་སྐབས་སུ་བཅོམ་ལྡན་འདས་རང་ཉིད་དགེ་སྦྱོང་གི་ཆ་ལུགས་དེ་དོར་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་ནས་རྒྱུད་སྡེ་གསུངས་པ་ཞིག་ཆགས་ཡོད། དེ་ཇི་ལྟར་བྱས་ཏེ་བྱུང་ངམ་ཞེ་ན། གོང་དུ་ཞུས་པ་བཞིན་ཆོས་འགོག་ལམ་གྱི་བདེན་པའི་ནང་གི་ལམ་གྱི་བདེན་པ་ལ་བློ་རགས་པའི་ལམ་གྱི་བདེན་པ་གཅིག་དང༌། སྟོང་ཉིད་མངོན་སུམ་དུ་མཐོང་བའི་བློ་ཡིན་པ་འདྲ་མཚུངས་ཡིན་ཡང༌།  མིག་ཤེས་ལ་སོགས་པ་དབང་ཤེས་ཧ་ཅང་རགས་པ་ཞིག་དང༌། དབང་ཤེས་ཧ་ཅང་རགས་པ་དེ་རྣམས་གཉིད་བསད་པའི་བསད་དུས་ཀྱི་གནས་སྐབས་ལ་མངོན་དུ་གྱུར་པ་ཞིག་ཡིན། གཉིད་དང་རྨི་ལམ་གྱི་གནས་སྐབས་སུ་སྒོ་ལྔའི་ཤེས་པ་རྣམས་མངོན་དུ་གྱུར་མེད། གློ་བུར་དུ་སྒྲ་དྲག་པོ་ལྟ་བུ་བྱུང་ན་གཉིད་བསད་དེ་མངོན་དུ་གྱུར་ན་ལས། དེ་མིན་གཉིད་མཐུག་པོ་ཁུག་པའི་གནས་སྐབས་དང༌། རྨི་ལམ་གྱི་གནས་སྐབས་སུ་སྒོ་ལྔའི་ཤེས་པ་དེ་དག་གིས་ལས་ཀ་མི་བྱེད་པས་བསད་དུས་གནས་སྐབས་ཀྱི་ཤེས་པ་དང༌། གཉིད་དུས་གནས་སྐབས་ཀྱི་ཤེས་པ། རྨི་ལམ་གྱི་གནས་སྐབས་ཀྱི་ཤེས་པ་ཞེས་ཤེས་པ་ལ་ཕྲ་རགས་ཀྱི་དབྱེ་བ་འབྱེད་ཀྱི་ཡོད། དེ་ཡང་གཙོ་བོ་ཡིད་བློ་ཡིན་ཞིང༌། ཡིད་བློ་ལ་ཡིད་བློ་རགས་པ་དང༌། ཡིད་བློ་དེ་ལས་ཕྲ་བ། ཡང་དེ་ལས་ཕྲ་བ་བཅས་རིམ་པར་བཤད་ཀྱི་ཡོད།

    ལམ་གྱི་བདེན་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་ནུས་པ་ཆེ་ཤོས་ནི། བློ་ལ་ཕྲ་རགས་མང་པོ་ཞིག་ཡོད་པའི་ནང་ནས་སྟོང་ཉིད་འཇལ་བྱེད་ཀྱི་བློ་ཇི་ཙམ་གྱིས་ཇེ་ཕྲར་ཕྱིན་པའི་ཚོད་ཀྱིས་ནུས་པ་དེ་ཡང་ཤུགས་ཆེ་བ་ཡོང་གི་ཡོད། དཔེར་ན། ཕར་ཕྱིན་ཐེག་པའི་སྐབས་སུ་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་ཅེས་པ་དེ་རྣམས་ཐབས་ཀྱི་ཆ་ནས་མི་བརྗོད་པར་གཙོ་བོ་སྟོང་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་དེ་ལ་གཉིས་སྣང་གི་སྤྲོས་པ་ནུབ་ཚབས་ཇེ་ཆེར་ཕྱིན་པའི་ཐོག་ནས་དྲོད་དང༌། རྩེ་མོ། བཟོད་པ། ཆོས་མཆོག་ཅེས་གསུང་གི་ཡོད།

    མཐོང་ལམ་སྐྱེ་སྐབས་གཉིས་སྣང་གི་སྤྲོས་པ་མཐའ་དག་ཞི་ནས་སྟོང་ཉིད་ལ་མཉམ་པར་བཞག་པ་ཞིག་ཆགས་ཀྱི་ཡོད། དེས་ན་སྦྱོར་ལམ་གྱི་སྐབས་སུ་ཡང་ཡོངས་གྲགས་ལ་དོན་དེར་གསལ་སྣང་ཐོན་པ་ལ་བློ་དེའི་གཉིས་སྣང་རགས་པ་རྣམས་འགག་དགོས་པ་ཞིག་ཆགས་ཀྱི་ཡོད། གཉིས་སྣང་འགོག་ཐབས་བྱེད་པ་དེ་ལ་གོམས་འདྲིས་ཁོ་ནས་གཉིས་སྣང་འགོག་ཐབས་བྱེད་པ་གཅིག་དང༌། གོམས་ཤུགས་ཙམ་མིན་པར་ཤེས་པ་དེ་ཉིད་ཇེ་ཕྲར་བཏང་ནས་གཉིས་སྣང་འགོག་ཐབས་བྱེད་པ་གཅིག་བཅས་གཉིས་ཡོད། དཔེར་ན། བསད་དུས་ཀྱི་གནས་སྐབས་སུ་ཡིད་བློས་དོན་ཞིག་སྒོམ་སྐབས་གཡེང་ཆོག་ཆོག་ཏུ་གནས་ཡོད་སྟབས་ཁྲོག་ཅེས་པའི་སྐད་ཅིག་གོ་ན་རྣ་བའི་ཤེས་པའི་བྱེད་ལས་ཀྱི་ཐོག་ནས་ལམ་སང་གཡེང་འགྲོ་གི་ཡོད། རྨི་ལམ་གྱི་གནས་སྐབས་སུ་སྒོམ་རྒྱག་པ་ཞིག་བྱུང་ན། དེ་ལྟ་བུའི་བློ་རགས་པའི་གཡེང་བ་དེ་རྣམས་མི་ཡོང་བ་ཡིན། དེ་བཞིན་དུ་ཇི་ཙམ་གྱིས་བློ་ཕྲ་རུ་ཕྱིན་པའི་ཚོད་ཀྱིས་གོམས་ཤུགས་ཙམ་མིན་པར་འཇལ་བྱེད་ཀྱི་བློ་དེ་ཉིད་ཕྲ་རུ་ཕྱིན་པའི་དབང་གིས་རྣམ་རྟོག་ཇེ་ཉུང་དུ་འགྲོ་བ་ཞིག་ཡོད། དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་ནས། བསྒོམ་བྱའི་ཡུལ་སྟོད་པ་ཉིད་གཅིག་པ་ཡིན་ཡང༌། སྒོམ་བྱེད་ཀྱི་བློ་ལ་ཕྲ་རགས་ཀྱི་སྒོ་ནས་ཁྱད་པར་ཞིག་ཡོང་གི་ཡོད། དེ་ལྟ་བུའི་སྒོམ་བྱེད་ཀྱི་བློ་ཕྲ་མོ་ཞིག་ཡོང་བའི་ཐབས་ཤེས་ནི། རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམས་པའི་ཐོག་ནས་རིམ་བཞིན་བློ་དེ། གཙོ་བོ་སྔགས་བླ་མེད་ཀྱི་གཞུང་ནས་གསུངས་པ་ལྟར་ཡིན། རྩ་རླུང་ཐིག་ལེའི་ཉམས་ལེན་ལ་བརྟེན་ནས་རགས་པ་གློ་བུར་བའི་སེམས་དེ་རྣམས་ཇེ་ཕྲར་འགྲོ་བའི་ཐབས་ཤེས་དེ་བྱེད་ཀྱི་ཡོད། རགས་པ་གློ་བུར་བའི་སེམས་དང༌། ཕྲ་བ་གཉུག་མའི་སེམས་གཉིས་དུས་གཅིག་ཏུ་ཡུལ་འཇལ་རུང་གི་རྣམ་པ་ལ་འགྲོ་བ་ཞིག་མི་ཡོང་བ་ཡིན། ཇི་སྲིད་རགས་པ་གློ་བུར་བའི་སེམས་ཀྱིས་ཡུལ་འཇལ་རུང་གི་རྣམ་པ་ལ་སྐྱེས་པའི་རིང་དེར་གཉུག་མའི་ཤེས་པ་དེ་ཡུལ་འཇལ་རུང་གི་རྣམ་པ་ལ་སྐྱེ་མི་ཐུབ་པ་ཡིན། རགས་པ་གློ་བུར་བའི་སེམས་དེ་རྣམས་གང་འཚམས་ཇེ་ཕྲར་ཕྱིན་ན། ཕྲ་བ་གཉུག་མའི་སེམས་ཡུལ་འཇལ་རུང་གི་རྣམ་པ་ལ་སྐྱེ་ཐུབ་པ་ཞིག་ཡོང་གི་ཡོད། དེས་ན་རྩ་རླུང་ཐིག་ལེའི་ཉམས་ལེན་བྱེད་རྒྱུ་ཞིག་གསུང་གི་ཡོད། དེ་དང་འབྲེལ་བའི་ཐོག་ནས་ང་རང་ཚོ་མངལ་སྐྱེས་ཁམས་དྲུག་ལྡན་ཏེ། ཕ་ལས་སྐྱེས་པའི་མཛོད་གསུམ་དང༌། མ་ལས་སྐྱེས་པའི་མཛོད་གསུམ་བཅས་ཤ་རུས་གདོས་བཅས་ཀྱི་ཕུང་པོ་འདི་ཁམས་སམ་ཐིག་ལེ་དཀར་དམར་ཞེས་པའི་རྫས་དེའི་ནུས་པ་ལ་བརྟེན་ནས་སེམས་ཕྲ་རགས་ཀྱི་འགྱུར་བ་འགྲོ་བ་ཞིག་འདོད་ཁམས་པ་ལ་ཡོང་གི་ཡོད།

སྔགས་ཀྱི་ཆགས་སྡང་ལམ་བྱེད་སྐོར།

    དེས་ན་སྔགས་ཀྱི་གཞུང་ནས་འདོད་ཆགས་ལམ་བྱེད་དང༌། ཞེ་སྡང་ལམ་བྱེད་ཅེས་པ་ཞིག་གསུངས་ཡོད། ཆགས་སྡང་གཉིས་ཕལ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་མཐའ་གཅིག་ཏུ་དེ་ལ་གཉེན་པོ་བསྟེན་ནས་དོར་རྒྱུ་ལས་མེད། སྔགས་ཀྱི་ཐེག་པའི་སྐབས་རྣལ་འབྱོར་གྱི་སྟོབས་ཀྱིས་ཆགས་སྡང་གཉིས་ལམ་གྱི་རྟོགས་པ་སྐྱེ་བའི་རྐྱེན་དུ་བསྒྱུར་ནས་དེ་གཉིས་ཀྱི་གཉེན་པོ་བྱེད་པ་ཞིག་གསུང་གི་ཡོད། དེས་ན་ཆགས་སྡང་ལམ་དུ་བྱེད་པའི་ལམ་ཞིག་ཡོད་པས་ན། ཆགས་སྡང་ལམ་དུ་བྱེད་པའི་རྣལ་འབྱོར་གྱི་ཆ་རྐྱེན་གཙོ་བོ་གང་ཞིག་ཡིན་ཞེ་ན། ཤ་རུས་གདོས་བཅས་ཀྱི་ཐ་མལ་པའི་ཕུང་པོའི་སྣང་བ་འདི་བཀག་ནས། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཆེད་དུ་གཉེར་ནས་བསྐྱེད་པ་དེ་ལྟ་བུའི་རྩེ་གཅིག་པའི་ལྷ་ཡི་རྣལ་འབྱོར་གྱི་སྟེང་ནས་ཆགས་སྡང་ལམ་བྱེད་དེ་ཉིད་གསུངས་པ་ཡིན། ཁྱེད་རང་ཚོས་ཏོག་ཙམ་གོ་གི་འདུག་གམ། ཡང་ན་ཟ་རི་བ་རི་བྱེད་ཀྱི་འདུག

    དེས་ན་ཞེ་སྡང་ལམ་བྱེད་བཤད་སྐབས་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་འཆར་བའི་ལྷའི་གཟུགས་དེ་ཞེ་སྡང་ལམ་དུ་བྱེད་པའི་རྣལ་འབྱོར་ཞིག་ཡིན་སྟབས། སྐུ་དེ་ཡང་དྲག་པོའི་རྣམ་པར་ཤར་གྱི་ཡོད་པས་དེ་ལ་འབྲེལ་བ་ཡོད། འདོད་ཆགས་ལམ་དུ་བྱེད་པའི་རྣལ་འབྱོར་སྐྱོང་སྐབས་ལྷ་ཡུམ་བཅས་དེ་ཐོན་ཡོང་གི་ཡོད། དེ་མིན་དག་པའི་ཞིང་ཁམས་ལྟ་བུ་ཞིག་ལ། དཔེར་ན། འཇིགས་བྱེད་ལྷ་བཅུ་གསུམ་ལྟ་བུ་ཞིག་ཡིན་ན། ལྷ་བཅུ་གཉིས་ཀྱིས་བསྐོར་བའི་དབུས་སུ་ཡབ་ཡུམ་ཞལ་སྦྱོར་དུ་ཡོད་པ་ཞིག་ཉིན་དང་མཚན། ལོ་དང་ཟླ་བ་འབྲེལ་ནས་ཕྱག་རྒྱ་བྱས་ནས་བསྡད་པ་ཞིག་རྩ་བ་ནས་མིན། དེས་ན་ང་རང་ཚོས་ཡི་དམ་ཞེས་བརྗོད་སྐབས། ང་རང་ཚོར་བདེན་སྣང་དེ་ག་དུས་ཡིན་ཡང་སླེབས་ཀྱི་ཡོད། བདེན་སྣང་སླེབས་སྐབས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཅེས་བརྗོད་སྐབས་བདེན་པ། ཚུགས་ཐུབ་པ། གང་ཟག་རང་ཚོད་ཅིག་བློ་ཤར་གྱི་ཡོད་པ་དེ་ལྟར་མིན། བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་ཆགས་སྡང་ལམ་དུ་བྱེད་ཐུབ་མཁན་གཅིག་གི་ངོར་བསྒོམ་བྱའི་ལྷ་སྲུང་ཡི་དམ་སྟེ། ཞི་བའི་དངོས་གྲུབ་སྒྲུབ་པ་ལྟ་བུ་ཞིག་ཡིན་ཚེ་ཞི་བའི་ལྷ་བསྒོམས་པ་དང༌། རྒྱས་པའི་དངོས་གྲུབ་སྒྲུབ་པ་ཞིག་ཡིན་ན་རྒྱན་ཆ་མཆོར་པོ་ཡོད་པ་ལྟ་བུ་བསྒྲུབ་བྱ་དེ་དང་མཐུན་པའི་ལྷ་ཡི་རྣལ་འབྱོར་བསྒོམས་པ་དང༌། དབང་གི་དངོས་གྲུབ་སྒྲུབ་པ་ཞིག་ཡིན་ན། དེ་དང་མཐུན་པའི་ལྷ་ཡི་རྣལ་འབྱོར་བསྒོམས་པ། ཡང་དྲག་པོའི་དངོས་གྲུབ་སྒྲུབ་པ་ཞིག་ཡིན་ན། དེ་དང་མཐུན་པའི་ལྷ་ཡི་རྣལ་འབྱོར་བསྒོམས་པ་ཐོན་ཡོང་གི་ཡོད།

    དེར་བརྟེན་རྡོ་རྗེ་འཇིགས་བྱེད་སོགས་ནི་བསྒོམ་བྱའི་རྣལ་འབྱོར་པ་དེ་ཉིད་ཀྱི་རྩ་དང༌། ཁམས་དང༌། རླུང་སོགས་ཀྱི་གནས་ཚུལ་དང་བསྟུན་ནས་ལྷ་ཡི་རྣམ་པ་ཤར་བ་ཞིག་ཡིན། ཡི་དམ་ལྷ་ཡི་རྣམ་པ་མི་འདྲ་བ་ཡོད་པ་དེ་རྣམས་གདུལ་བྱའི་དབང་ལས་ཤར་བ་མ་གཏོགས་བཅོམ་ལྡན་འདས་རང་ཉིད་ཀྱི་ངོས་ནས་གདུལ་བྱ་ལ་མ་བསྟུན་པར་རང་དབང་གིས་ཤར་བ་ཞིག་མེད། དེས་ན་ང་ཚོའི་ལྷ་ཁང་ཁག་ཏུ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས་འདྲ་མིན་ཡོད་པ་རྣམས་གནས་ལུགས་དེ་ལྟར་ཤེས་པའི་ཐོག་ནས། བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་དགོས་པའི་དབང་གིས་རྣམ་འགྱུར་འདྲ་མིན་བསྟན་པ་ཞིག་ཡིན་སྙམ་པ་ཞིག་ཤེས་དགོས་པ་ལས། བཅོམ་ལྡན་འདས་ལས་ལོགས་སུ་ཡི་དམ་འདི་འདྲ་ཞིག་ཡོད་པར་བསམ་བློ་བཏང་ནས། བཅོམ་ལྡན་འདས་འཚེ་བ་མེད་པའི་སྟོན་པ་ཞིག་དང༌། ཡི་དམ་དེ་རྣམས་ནི་རང་ཕྱོགས་ལེགས་པར་སྐྱོང་ཞིང༌། གཞན་ཕྱོགས་བསུན་འབྱིན་མཁན་དེ་འདྲ་ཞིག་ལ་ངོས་འཛིན་བྱས་ན་ནོར་བ་ཡིན།

    ཡང་སྔར་ངས་ངོ་ཤེས་པའི་འཇར་མན་གྱི་ཨ་ཅག་ཅིག་ཡོད། སྐབས་རེ་རླུང་བསྟན་པ་ལྟ་བུ་བྱེད་ཀྱི་ཡོད། ཨ་ཅག་ཧ་ཅང་ཡག་པོ་ཞིག་ཡོད། ཧ་ཅང་ཁ་རི་ཁ་ཐུག་ཅིག་ཡོད། ཁོང་རང་ཐེངས་ཤིག་འབྲུག་ཡུལ་དུ་ཕྱིན་ཏེ་མར་འཁོར་ནས་ང་དང་ཐུག་འཕྲད་བྱུང་བར། འབྲུག་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་དེ་གཤམ་དུ་བཞག་པ་དང༌། བླ་མ་ཞེས་སྟེང་དུ་བཞག་པ་དང༌། ཡི་དམ་སོགས་འདྲ་མིན་མང་པོ་ཞིག་བཀྲམས་འདུག་ལ། དེ་རྗེས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཉན་རང་ཐོན་ཡོང་བ་རྣམས་ཇི་ལྟར་ཡིན་ནམ་ཞེས་བརྗོད་ཀྱི་འདུག བཅོམ་ལྡན་འདས་གཤམ་དུ་འཇོག་གི་འདུག་ཅེས་བརྗོད་ཀྱི་འདུག ང་རང་ཚོའི་བླ་མཆོད་ཀྱི་པད་རིམ་བཅུ་གཅིག་གི་གོ་རིམ་བསྒྲིགས་སྐབས། བླ་མ་དང༌། རྒྱུད་སྡེའི་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ཉན་རང་བཅས་རིམ་པར་སླེབས་ཀྱི་ཡོད། དེས་ན་ཨ་ཅག་དེས་སངས་རྒྱས་གཤམ་དང༌། ཡི་དམ་རྫིག་པོ་དེ་དག་སྟེང་དུ་བཞག་འདུག་པས་ཇི་ལྟར་ཡིན་ཞེས་བརྗོད་ཀྱི་འདུག དེ་ལ་ཁག་དེ་ཙམ་མི་འདུག

    སྐལ་བཟང་སངས་རྒྱས་སྟོང་ཞེས་པ་དེ་ཉིད་མདོ་ལུགས་དབང་དུ་བྱས་ནས་གསུང་གི་ཡོད། དེས་ན་རྒྱུད་སྡེའི་ཡི་དམ་རྣམས་སྟེང་དུ་བཀོད་པ་ཞིག་ཡིན། དེ་ལྟ་བུའི་གནད་འགག་རྣམས་མ་ཤེས་ན། དེ་དག་ཁྱད་མཚར་ལ་ཨང་བསམ་པའི་ཉེན་ཁ་ཡོད། གནད་འགག་རྣམས་ཤེས་ན་སྐྱོན་གང་ཡང་མེད། དེས་ན་འདི་ལྟར་བརྗོད་འདོད་བྱུང༌། དེ་ནས།

དངོས་གཞི་སྐྱེས་བུ་གསུམ་གྱི་ལམ་བསྟན་པ།

༡༽ སྐྱེས་བུ་ཆུང་ངུའི་ལམ།

    དངོས་གཞི་སྐྱེས་བུ་གསུམ་གྱི་ལམ་བསྟན་པ་ལ་གསུམ་ལས། དང་པོ་སྐྱེས་བུ་ཆུང་ངུའི་ལན་ངན་འགྲོའི་སྡུག་བསྔལ་ལ་འཇིགས་ནས་སྡིག་པ་སྤོང་བ་ནི། རྩ་བ་ལས།

ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས། །སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས། །

དེ་ཕྱིར་སྲོག་ལ་བབ་ཀྱང་མི་དགེའི་ལས། །ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པ་འདིས་ལས་འབྲས་ཀྱི་རྣམ་གཞག་གསུངས་པ་ཡིན། ལམ་རིམ་ལྟར་ན་ཕྱི་མ་དོན་གཉེར་གྱི་བློ་སྦྱངས་པ་དང༌། ཕྱི་མར་བདེ་བའི་ཐབས་བསྟན་པ་ཞེས་གསུང་གི་ཡོད། འདིའི་གོ་རིམ་ནི་ཕྱི་མ་དོན་གཉེར་གྱི་བློ་སྐྱེ་བ་ལ། དལ་འབྱོར་དོན་ཆེ་རྙེད་དཀའ་དང༌། འཆི་བ་མི་རྟག་པ་བསམ་པ་གཉིས་དང༌། ཕྱི་མར་བདེ་བའི་ཐབས་བསྟན་པ་དེ་ལ། སྐྱབས་འགྲོ་དང༌། ལས་འབྲས་གཉིས་གསུངས་པ་ཡིན། སྐྱབས་འགྲོའི་རྣམ་གཞག་གོང་དུ་ཞུས་ཟིན་ཅིང༌། ལས་འབྲས་ཀྱི་རྣམ་གཞག་བཤད་པ་དེ་ལ། ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས། །ཞེས་པ་ནི་ནང་པ་སངས་རྒྱས་པའི་གཞུང་དུ་སྡུག་བསྔལ་གསུམ་གསུང་གི་ཡོད། དེ་ཡང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་གསུངས་ཡོད། དེ་ལྟར་སྡུག་བསྔལ་གསུམ་གསུངས་པའི་ནང་གི་སྐབས་འདིའི་སྡུག་བསྔལ་ནི། དུད་འགྲོས་ཀྱང་ངོས་འཛིན་ཐུབ་པའི་སྡུག་བསྔལ་གྱི་སྡུག་བསྔལ་དེ་ཉིད་གཙོ་བོར་གསུང་གི་ཡོད། དེས་ན་ཤིན་ཏུ་བཟོད་པར་དཀའ་བའི་འབྲས་བུ་ངན་སོང་གི་སྡུག་བསྔལ་གྱི་སྡུག་བསྔལ་དེ་རྒྱུ་གང་གི་དབང་གིས་བྱུང་ཞེ་ན། རྒྱུ་བསོད་ནམས་མ་ཡིན་པའི་ལས་སམ་སྡིག་པའི་ལས་ཀྱིས་བྱུང་བས་སྡིག་པའི་ལས་ཀྱི་འབྲས་བུར་གསུངས་པ་ཡིན།

    ཐུབ་པས་གསུངས་ཞེས་པ་ནི། དེ་ལྟ་བུའི་ལས་འབྲས་ཕྲ་ཞིང་ཕྲ་བ་རྣམས་ནི་ཤིན་ཏུ་ལྐོག་གྱུར་ཡིན་པས་ལུང་ལ་བརྟེན་ནས་ཡིད་ཆེས་རྙེད་དགོས་པ་ཞིག་དང༌། ལུང་དེ་ཡང་དཔྱད་པ་གསུམ་གྱིས་དག་པ་ཞིག་དགོས་པ་ཡིན། དེ་ལྟ་བུའི་ཐོག་ནས་ཐུབ་པས་གསུངས་ཞེས་པའི་དོན་ཡིན། སྐབས་འདིར་བསོད་ནམས་མ་ཡིན་པའི་ལས་སམ་སྡིག་པའི་ལས་ཞེས་པ་ནི། མི་དགེ་བཅུ་ཞེས་པ་དེ་ཡིན། དེ་ཡང༌། ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་ལས་ནི་རྣམ་གསུམ་སྟེ། །མི་དགེ་བཅུ་པོ་སྤང་བར་བགྱི། །ཞེས་གསུངས་པའི་སྡིག་པ་མི་དགེ་བ་བཅུའི་ལས་རྣམས་སྡོམ་དགོས་ཞེས་གསུངས་པ་ཡིན། གང་ལགས་ཤེ་ན། རྒྱུ་དེ་བསགས་ན་དེའི་འབྲས་བུ་ངན་སོང་གི་སྡུག་བསྔལ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་ཡོང་གི་ཡོད་སྟབས། འབྲས་བུ་དེ་མི་འདོད་པ་ཞིག་ཡིན་པས་ན། འབྲས་བུ་དེ་རང་རང་གི་རྒྱུ་ལ་བརྟེན་ནས་ཡོང་དགོས་སྟབས། རྒྱུ་སྡིག་པའི་ལས་དེ་སྡོམ་དགོས་ཞེས་གསུངས་པ་ཡིན།

༢༽ སྐྱེས་བུ་འབྲིང་གི་ལམ།

    གཉིས་པ་སྐྱེས་བུ་འབྲིང་གི་ལམ་སྲིད་པའི་བདེ་ལ་མ་ཆགས་པར་ཐར་པ་དོན་དུ་གཉེར་བ་ནི། རྩ་བ་ལས།

སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན། །ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན། །

ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག །དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན། །

     ཞེས་པ་འདིས་སྐྱེས་བུ་འབྲིང་གི་རྣམ་གཞག་གསུངས་པ་ཡིན། སྐྱེས་བུ་འབྲིང་ཞེས་པ་ནི་ཁ་སང་བརྗོད་པ་བཞིན། བློ་ཡི་རིམ་པ་མཐོ་རུ་ཕྱིན་ཏེ། ཚེ་འདིའི་སྣང་ཞེན་དང་ལྟོ་གོས་ཁོ་ནར་བསམ་བློ་གཏོང་བ་དེ་སེལ་ནས་སྐྱེ་བ་ཕྱི་མར་བསམ་བློ་གཏོང་དགོས་ཀྱི་སྙམ་པའི་ཐོག་ནས་སྡིག་སྤོང་དགེ་སྒྲུབ་སྟེ། རང་ཉིད་ཀྱིས་མ་དགའ་བའི་དགྲ་བོ་གསོད་པ་དང༌། རང་གི་འདོད་པའི་དངོས་པོ་དབང་ཡོད་ཀྱིས་རྐུ་འཕྲོགས་བྱེད་པ་དང༌། རྫུན་དང་ཕྲ་མ། གཡོ་སྒྱུ་ཁྲམ་གསུམ། དེ་བཞིན་བཙན་གཡེམ་བྱེད་པ་སོགས་ཀྱིས་འཕྲལ་དུ་རང་གི་དགོས་མཁོ་ཅུང་ཟད་སྒྲུབ་པ་ཡོང་སྲིད། དཔེར་ན་རྐུན་མ་བརྐུས་ནས་དངུལ་སྦེལ་པོ་ཡོང་བ་དང༌། ཧམ་པ་བཤད་ན་རྒྱུ་དངོས་རག་པ་ལྟ་བུ་ཡོང་ན་ཡང༌། དེ་ནི་ཚེ་འདི་ཁོ་ནར་བསམ་བློ་བཏང་བ་དང༌། སྡིག་པ་ཁྱད་དུ་སད་ནས་འགྲོ་གི་ཡོད། དེ་ལྟ་བུའི་ཚེ་འདིའི་སྣང་ཞེན་ཁོ་ནར་བསམ་བློ་བཏང་ནས་མི་ཚེ་བསྐྱལ་ན། བསམ་བློ་ཡག་པོ་ཞིག་བཏང་ན་ཚེ་འདིར་ཡང་སྐྱིད་པ་གང་ཡང་མེད། དཔེར་ན། འཛམ་གླིང་འདིའི་ཐོག་ཏུ་དམག་འཁྲུག་མང་པོ་ཞིག་རྒྱག་གི་འདུག་ལ། མི་གསོད་ཁྲག་སྦྱོར་མང་པོ་ཞིག་བྱེད་ཀྱི་ཡོད། དེ་དག་ནི་ཚེ་ཕྱི་མའི་དོན་དུ་གསོད་རེས་གཏོང་གི་མེད་པར་ཚེ་འདི་སྐྱིད་པ་ཞིག་བྱུང་ན་བསམས་ནས་གསོད་རེས་གཏོང་གི་ཡོད། རང་དང་གཞན། དགྲ་དང་གཉེན་ཞེས་སྐད་ཆ་བཤད་ནས་བསད་ནས་ཨེ་དྲགས། རྫུན་བཤད་ནས་ཨེ་དྲགས། ཧམ་པ་བཤད་ནས་ཨེ་དྲགས་ཀྱི་ཐོག་ནས་མི་ཚེ་སྐྱེལ་གྱི་ཡོད། དེ་དག་ནི་ཚེ་འདིའི་བདེ་སྐྱིད་ཁོ་ནར་བསམ་བློ་བཏང་བ་དང༌། དེ་ཡང་ཕྱིན་ཅི་ལོག་ཏུ་སྤྱད་ནས་ཚེ་འདིའི་བདེ་སྐྱིད་སྒྲུབ་ཀྱི་ཡོད་ཀྱང་སྐྱིད་པ་གང་ཡང་མེད། དགྲ་གཅིག་བཏུལ་ན་དགྲ་གཉིས་ཡོང་བ་དང༌། དགྲ་གཉིས་བཏུལ་ན་དགྲ་བཞི་ཡོང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན།

    དཔེར་ན། ཨ་རིའི་སྲིད་འཛིན་སྦུ་ཤུ་རང་ཉིད་མི་ཧ་ཅང་ཡག་པོ་ཞིག་ཡོད། ངའི་ངོ་ཤེས་ཧ་ཅང་ནང་ཚགས་ཤིག་ཀྱང་ཡིན། དངོས་གནས་མི་ཁ་རི་ཁ་ཐུག་བསམ་པ་རྣམ་དག་ཆེ་འདྲིས་ཆུང་འདྲིས་ཧ་ཅང་གི་ཡག་པོ་ཞིག་ཡོད། འོན་ཀྱང་ཁོང་རང་གི་སྲིད་བྱུས་འཁྱེར་སྟངས་ནི་སློབ་སྟོན་ཕུལ་མཁན་གྱིས་ཡིན་ནའང་འདྲ། གང་ལྟར་དེ་ལྟ་བུའི་ཐོག་ནས་ཨེ་རག་གི་གནས་ཚུལ་དེ། བོད་སྐད་ཀྱི་དཔེ་ལྟར་ན་སྐྱོ་མ་ཞེ་པོ་ཅིག་གཡོས་ནས་ད་ཆ་སྐྱོ་མ་ལྡག་རིན་ལྡག་ཚད་ཆགས་ཡོད། ཧ་ཅང་དཀའ་ལས་ཁག་པོ་ཆགས་ཡོད། ད་ལྟའང་ཧ་ལམ་ཉིན་རེ་བཞིན་དུ་མི་གྲངས་སུམ་བཅུ་བཞི་བཅུ་ཙམ་འབར་གས་དོན་རྐྱེན་གྱི་ཐོག་ནས་ཚེ་སྲོག་ཤོར་གྱི་ཡོད། མི་ལ་ང་རྒྱལ་དང༌། ཁོང་ཁྲོ། འཁོན་འཛིན་བཅས་སྐྱེས་སྐབས་མི་སྨྱོན་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། རང་སྲོག་བློས་བཏང་ནས་གཏོར་བཤིག་གི་ལས་ངན་ཚབས་ཆེན་བྱེད་ཀྱི་ཡོད། དེ་དག་གོ་མཚོན་གྱིས་འདུལ་ཐུབ་ཐབས་མེད། ངོས་ནས་གོང་དུ་ཞུས་པ་ལྟར་དགྲ་གཅིག་བཏུལ་ན་དགྲ་གཉིས་ཡོང་བ་དང༌། དགྲ་གཉིས་བཏུལ་ན་དགྲ་བཞི་ཡོང་བ་ནི་ཆོས་ཉིད་ཡིན། དགྲ་བོ་ཡོང་བ་དེ་ཡང་སེམས་ཀྱི་འཁོན་འཛིན་དང༌། ཞེ་སྡང་སོགས་ཀྱི་དབང་ལས་བྱུང་བ་ཡིན། དངོས་གནས་དགྲ་འདུལ་སྟངས་ཇི་འདྲ་ཡིན་ཞེ་ན། སེམས་ནང་གི་འཁོན་འཛིན་དང༌། ཁོང་ཁྲོ། ཞེ་སྡང༌། འཇིགས་སྣང་སོགས་མེད་པ་ཞིག་བཟོ་ཐུབ་ན་དགྲ་མེད་པར་ཆགས་པ་ཡིན། དགྲ་མེད་པར་བཟོ་སྐབས་གོ་མཚོན་ཐོགས་ཏེ་ཞེད་སྣང་བསྐུལ་ནས་མེད་པར་བཟོ་ཐུབ་ཐབས་མེད། བྱམས་པོ་དང་མཛའ་བོ་བྱས་ཤིང༌། གྲོགས་པོ་འགྲིགས་པ། ཡིན་ལུགས་མིན་ལུགས་བཤད་པ། ཕ་རོལ་པོ་ལའང་བརྩེ་དུང་དང་གུས་བཀུར་བྱས་པའི་ཐོག་ནས་ཕ་རོལ་པོའི་སེམས་རྒྱུད་རྩུབ་པོ་དེ་ཉིད་ཞི་བའི་ཐབས་ཤེས་བྱེད་དགོས་པ་ལས། རྩུབ་པོ་བྱས་ནས་ཕན་ཐོགས་གང་ཡང་མེད།

    དཔེར་ན། ང་ཚོ་བོད་པའི་ཐོག་ཏུ་ཆ་བཞག་ཀྱང༌། རྒྱ་ནག་གུང་ཁྲན་གཞུང་གིས་ཀླད་པ་འཁྲེགས་པོས་གསོད་དང་རྡུངས་ཞེས་དང༌། རྡུང་རྡེག་ཚ་ནན་བཏང་ཞེས་བརྗོད་པ་དེས་བོད་པ་ཇེ་མཁྲེགས་སུ་འགྲོ་གི་ཡོད། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན། དངོས་གནས་བྱམས་པོ་བྱས་པ་དང༌། བོད་པའི་བདེ་སྡུག་ལ་དངོས་གནས་བསམ་བློ་བཏང་ནས་བསམ་པ་རྣམ་དག་བྱས་ན་བོད་པའི་སེམས་ཞི་འགྲོ་བ་ནི་ཆོས་ཉིད་ཡིན། དེས་ན་ཚེ་འདིའི་འདུལ་རྒྱུའི་དགྲ་དང༌། སྐྱོང་རྒྱུའི་གཉེན་གཉིས་ལ་ཞེན་ནས་ཕྱིན་ན་ཚེ་འདིར་བདེ་སྐྱིད་མེད་པ་ཧ་ཅང་གསལ་པོ་ཡིན། ཚེ་ཕྱི་མར་གཞན་ལ་སྡུག་བསྔལ་སྦྱིན་པའི་དབང་གིས་རང་ལ་སྡུག་བསྔལ་མྱོང་དགོས་པ་ནི་ལས་དང་འབྲས་བུའི་ཆོས་ཉིད་ཅེས་པ་དེ་ཡིན། ཡག་པོ་བྱས་ན་ཡག་པོ་ཡོང་བ་དང༌། སྡུག་པོ་བྱས་ན་སྡུག་པོ་ཡོང་བ་ཆོས་ཉིད་ཡིན། དེས་ན་ཚེ་འདིར་ཧ་ཅང་ཞེན་ཆགས་བྱེད་པ་དེ་ཅུང་ཟད་ཉུང་ངུ་བཏང་ནས། ཚེ་ཕྱི་མའི་དོན་འཐུས་མི་ཤོར་བའི་བསམ་བློ་གཏོང་རྒྱུ་དེ་སྐྱེས་བུའི་ཆུང་ངུའི་བྱེད་ཐབས་དེ་ཡིན། ཚེ་ཕྱི་མར་ཕན་པ་དེ་ཚེ་འདིར་སྡིག་པ་མི་དགེ་བའི་ལས་སྡོམ་སྟེ་སྡིག་ལས་སྤོང་བ་དང༌། སྡིག་པ་སྤོང་བ་དེ་ཡང་སྤྱིར་བཏང་ལས་འབྲས་བསྲུང་བ་དང༌། སྡིག་པ་སྤོང་བ། སེམས་ཅན་ལ་གནོད་འཚེ་བྱེད་པ་སྤོང་བ་ཞེས་པ་ནི་ཆོས་ལུགས་ཚང་མ་གཅིག་གྱུར་ཡིན། དེ་ཙམ་མ་ཟད་མི་རྟག་པ་སྒོམ་པ་དང༌། དལ་འབྱོར་ལ་བསམ་བློ་གཏོང་བ་སོགས་ནི་ཚིག་ལ་གསལ་མིན་ཙམ་ལས་དོན་ལ་ཆོས་ལུགས་ཚང་མ་གཅིག་མཚུངས་ལྟ་བུ་ཞིག་ཡིན། ཡེ་ཤུའི་ཆོས་ལ་ཆ་བཞག་ན། སྐྱེ་བ་རྗེས་མ་ལྷ་ཡུལ་དུ་སྐྱེ་བ་ལྟ་བུ་དམིགས་ཡུལ་དུ་བཞག་ནས། ཚེ་འདིར་སྡོམ་པ་བླང་རྒྱུ་ཡོད་ལ། གཞན་ལ་གནོད་འཚེ་སྤངས་པ་ཙམ་མིན་པར་གཞན་སྡེ་སྒྲུབ་པའི་དོན་དུ་སློབ་གྲྭ་དང་སྨན་ཁང་གི་ལས་ཀ་བྱེད་པ་ལྟ་བུ་སྟེ། དཔེར་ན། མ་དྷར་ཊེ་རེ་སེའི་རྗེས་འབྲངས་པ་རྣམས་ཀྱི་ཇི་ལྟར་བྱེད་ཀྱི་མི་འདུག་གམ། དངོས་གནས་མི་ཉམ་ཐག་རྣམས་ལ་ཧ་ལས་པའི་ལྟ་རྟོགས་བྱས་ནས་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རྣམས་ནི་དཀོན་མཆོག་དགྱེས་པའི་ཆེད་དང༌། བསོད་ནམས་གསོག་པའི་སླད་དུ་ལས་ཀ་བྱེད་ཀྱི་ཡོད། དེས་ན་ཚེ་འདིའི་སྣང་ཞེན་ལྡོག་པ་དེ་རྣམས་ལ་ཡང་ཡོད། ནང་པ་ལའང་དེ་ལྟར་ཡོང་གི་ཡོད་པས་དེ་ནི་ཕལ་ཆེར་ཐུན་མོང་བ་ཡིན། འོ་ན་ཁྱད་པར་གང་གིས་འབྱེད་དགོས་སམ་ཞེ་ན། སྐྱབས་འགྲོས་ཁྱད་པར་འབྱེད་ཀྱི་ཡོད་པས་ན། ལས་འབྲས་བསྲུང་རྒྱུ་དེ་ཡང་སྐྱབས་འགྲོའི་བསླབ་བྱས་བསྡུས་པའི་ལས་འབྲས་སྲུང་གི་ཡོད་སྟབས་ནང་པ་སངས་རྒྱས་པའི་ཆོས་ཆགས་པ་ཡིན།

    དེ་ནས་རིམ་པ་གཉིས་པ་ནི། ཚེ་འདིར་ང་རང་ཚོ་མངོན་མཐོའི་མི་ལུས་ཐོབ་ཡོད། འོན་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནམ་དུ་ཡང་ཡོད་བཞིན་པ་ཡིན། དེ་ཙམ་མ་ཟད་ཚེ་འདིར་མངོན་མཐོ་ཐོབ་ཡོད་ཀྱང་སྐྱེ་བ་ཕྱི་མ་ཇི་འདྲ་ཞིག་ཡོང་མིན་ཚོད་ཐིག་རྒྱུ་མེད། ད་ལྟ་མངོན་མཐོའི་ལུས་རྟེན་ཐོབ་པའི་གནས་སྐབས་སུ་ཡང་སྔར་གྱི་ཉོན་མོངས་གོམས་པའི་དབང་གིས། ཉོན་མོངས་ལ་ཉེས་དམིགས་མཐོང་བཞིན་དུ་ཉོན་མོངས་མངོན་དུ་གྱུར་པ་དང༌། ཉོན་མོངས་ཀྱི་གཞན་དབང་དུ་འགྲོ་བ་ཞིག་ཡོང་གི་ཡོད། དེས་ན་བསམ་བློ་ཡག་པོ་ཞིག་བཏང་ན། སྡུག་བསྔལ་བཟོ་མཁན་དང༌། སེམས་མ་དུལ་བར་བྱེད་མཁན་གྱི་རྩ་བ་ཉོན་མོངས་ཞེས་པ་དེ་མེད་པར་བཟོ་བའི་ཐབས་ཤེས་བྱེད་དགོས། ཉོན་མོངས་མེད་པར་བཟོ་ཐུབ་ཐབས་ཡོད་དམ་མེད་ཅེས་པ་དེའི་ཐོག་ཏུ་སླེབས་ཀྱི་ཡོད། དེར་བརྟེན་བཅོམ་ལྡན་འདས་ཀྱི་འགོག་པའི་བདེན་པ་ཞེས་གསུངས་པ་ནི། ཉོན་མོངས་མེད་པར་བཟོ་ཐུབ་པ་དང༌། ཉོན་མོངས་སྤངས་པའི་བྲལ་བ་ཐོབ་ཐུབ་ཀྱི་རེད་ཅེས་གསུངས་པ་ཡིན།

    ཉོན་མོངས་སམ་སྐྱོན་གྱི་རིགས་སྤང་བྱ་གཏན་དུ་སྤངས་པའི་འགོག་པའི་བདེན་པ་ཞེས་པ་ནི། འགོག་པ་དང༌། ཞི་བ། གྱ་ནོམ། ངེས་འབྱུང་ཞེས་དེའི་ཁྱད་ཆོས་རྣམས་གསུངས་ཡོད། གྱ་ནོམ་པ་ཞེས་པ་ནི་དངོས་གནས་ཡིད་འཚིམས་པ་དང༌། གཏན་དུ་ཞི་བ། སླར་ཡང་རྙོག་དྲ་དེ་ཡོང་རྒྱུ་མེད་ཅིང༌། གཉེན་པོ་བསྟེན་པའི་སྒོ་ནས་སྐྱོན་དེ་འགོག་པ་དང༌། འགོག་པ་དེས་གཏན་དུ་ཞི་བ། ཞི་བ་དེ་ཡང་རྙོག་དྲ་མེད་པ་ཙམ་མིན་པར་དངོས་གནས་ཡིད་འཚིམས་ཤིང་གྱ་ནོམ་པ་ཞིག་ཡིན། ངེས་འབྱུང་ཞེས་པ་ནི་སྐྱོན་དེ་ལས་གཏན་ཏུ་ཐར་བ་ཞིག་ལ་གསུང་གི་ཡོད། དེས་ན་བཅོམ་ལྡན་འདས་ཀྱིས་འགོག་པའི་བདེན་པ་ཞེས་གསུངས་པ་དེས། སྡུག་བསྔལ་གྱི་རྩ་བ་ཉོན་མོངས་གཏན་དུ་མེད་པར་བཟོ་ཐུབ་པ་ཞིག་ཡོང་གི་རེད་ཅེས་གསུང་གི་ཡོད། དེས་ན་ཉོན་མོངས་རྩ་བ་ནས་མེད་པར་བཟོ་བའི་སེམས་ཤུགས་བསྐྱེད་པའི་དོན་དུ་ཉོན་མོངས་ཡོད་ན་སྐྱོན་གང་ཞིག་ཡོད་པ་དེ་བཤད་དགོས་པ་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་ཙམ་ལ་མི་འདོད་པའི་བློ་ཡོད་པས་ཉོན་མོངས་སྤོང་དགོས་དོན་དེ་ཙམ་མེད། སྡིག་པ་སྤངས་ན་འགྲིགས་སྙམ་པ་དྲན་སྲིད། ང་རང་ཚོ་ལྟ་བུ་རིགས་འགའ་ཞིག་ལ་འདི་ལྟར་ཡོང་བ་ཡིན། ཆགས་པ་དང༌། ཞེ་སྡང་སོགས་ནི་སེམས་ཀྱི་རང་བཞིན་ལྟ་བུ་རེད་བསམ་པ་དྲན་གྱི་ཡོད། མི་གསོད་པ་དང༌། མི་ལ་ཐུབ་ཚོད་ཤོད་པ། མི་ལ་མགོ་བསྐོར་གཏོང་བ་སོགས་ནི་གཏན་ནས་མི་རུང་བ་རེད། སེམས་ཀྱི་ཆགས་སྡང་ཞེས་པ་དེ་སེམས་ཡོད་ན་ཆགས་སྡང་རང་བཞིན་གྱིས་ཡོད་ཡོད་པ་རེད་སྙམ་པ་དྲན་གྱི་ཡོད། སྔར་མུ་སྟེགས་དཔྱོད་པ་བས་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ཡོད་པས་དྲི་མ་ཟད་པའི་མཐའ་མེད་ཅེས་བརྗོད་ཀྱི་ཡོད། ནང་པ་སངས་རྒྱས་པའི་གཞུང་ནས་སེམས་ཀྱི་རང་བཞིན་འོད་གསལ་བ་དང༌། དྲི་མ་གློ་བུར་བ་རེད་ཅེས་གསུངས་ཡོད།

   དེས་ན་ཉོན་མོངས་མེད་པར་བཟོ་བའི་སེམས་ཤུགས་བསྐྱེད་པ་ལ་ཉོན་མོངས་ཇི་སྲིད་གནས་པའི་རིང་ལ་སྐྱོན་གང་ཞིག་ཡོད་པ་དེ་ལ་བསམ་བློ་གཏོང་དགོས་པ་ཡིན། དེ་ལ་ང་ཚོས་བདེ་སྐྱིད་དུ་བརྩི་བའི་ཟག་བཅས་ཀྱི་འཚོར་བ་བདེ་བ་དེ་སྡུག་བསྔལ་གྱི་རང་བཞིན་རེད་ཅེས་འགྱུར་བའི་སྡུག་བསྔལ་དེ་ཉིད་ངོ་སྤྲད་པ་དང༌། དེ་ལྟ་བུའི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་གཉིས་ཀ་ཡོང་བའི་རྩ་བ་ནི་ཉེར་ལེན་གྱི་ཕུང་པོ་འདི་ཡོད་པའི་དབང་ལས་བྱུང་བ་ཡིན་ཞེས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ངོ་སྤྲད། དེ་དག་བསམ་བློ་ཡག་པོ་ཞིག་འཁོར་ན་ཉོན་མོངས་ཀྱི་ཉེས་དམིགས་ཤེས་ཡོང་གི་ཡོད། དེ་ལྟ་བུའི་ཉེས་དམིགས་ཅན་གྱི་ཉོན་མོངས་དེ་སྤོང་འདོད་ཀྱི་བློ་ཞིག་སྐྱེ་སྐབས། ཉོན་མོངས་སྤོང་ཐབས་ཡོད་དམ་མེད་ཀྱི་བསམ་བློ་འཁོར་བ་ཡིན། ཉོན་མོངས་སྤོང་ཐབས་ཡོད་མེད་ནི་སྟོང་ཉིད་ཀྱི་ལྟ་བའི་ཐོག་ཏུ་འགྲོ་གི་ཡོད། ཉོན་མོངས་ཡག་པོ་ཞིག་ངོས་འཛིན་པ་དང༌། ཉོན་མོངས་ཀྱི་རྩ་བ་གང་ཞིག་ཡིན་པ་ངོས་འཛིན། དེ་ངོས་འཛིན་སྐབས་ཉོན་མོངས་ཀྱི་རྩ་བ་གཏི་མུག་བདེན་འཛིན་ཡིན་པ་ཤེས། གཏི་མུག་བདེན་འཛིན་ཞེས་པ་དེ་ཡུལ་ལ་ཕྱིན་ཅི་ལོག་ཏུ་རྟོག་པ་ཞིག་ཡིན་པ་ཇི་ལྟར་ཤེས་དགོས་སམ་ཞེ་ན། ཡུལ་གྱི་གནས་ལུགས་དེ་རང་བཞིན་གྱིས་སྟོང་པ་ཡིན་པ་དང༌། མ་རིག་པ་དེས་རང་བཞིན་གྱིས་གྲུབ་པར་འཛིན་པ་དེ་ཡག་པོ་ཞིག་ངོ་འཕྲོད་ན། སྡུག་བསྔལ་གྱི་རྩ་བ་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཕྱིན་ཅི་ལོག་གི་བློའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པ། ཞེན་ཡུལ་རིགས་པས་བསུན་ཕྱུངས་ཐུབ་པ་ཞིག་མཐོང་སྐབས་ཉོན་མོངས་ཟད་རུང་ཡིན་པ་ཞིག་མཐོང་ཡོང་གི་ཡོད། ཉོན་མོངས་ལ་གཉེན་པོ་སྟོབས་ལྡན་ཡོད་པ་མཐོང་ཡོང་གི་ཡོད། གཉེན་པོ་དེ་ལ་གོམས་ན། སེམས་ཀྱི་ཡོན་ཏན་ཞིག་ཡིན་པས་ན། གོམས་ཟིན་འབད་བརྩོན་བསྐྱར་མ་ལ་མི་བལྟོས་པར་རང་གི་ངང་གིས་གོང་ནས་གོང་དུ་འཕེལ་ཐུབ་པ་ཞིག་དང༌། གོམས་པ་མཐའ་མེད་དུ་འཕེལ་ཐུབ་པ་ཞིག་ཤེས་ཡོང་གི་ཡོད། དེས་ན་ཐར་པ་ཞེས་པ་ཞིག་ཡོད་ཆོག་པ་འདུག་སྙམ་པ་ཞིག་བློ་ལ་ཤར་ཡོང་བ་དེ་རྣམས་གསུང་གི་ཡོད།

    སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན། །ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན། །ཞེས་སྲིད་པ་གསུམ་གྱི་བདེ་བ་ཇི་འདྲ་ཞིག་ཡིན་ཡང༌། དེ་རྣམས་ནི་མི་རྟག་པ་དང་མི་བརྟན་པ། མཐར་གུད་པ་བསྡུས་འགྲོ་བ་ཡིན། གང་ལགས་ཤེ་ན། ལས་ཉོན་གྱི་གཞན་དབང་ཅན་ཡིན། ལས་ཉོན་གྱི་གཞན་དབང་ཅན་ཡིན་ཕྱིན་ཆད་ལ་མཐའ་མི་བཟང་བ་ཡིན། དེས་ན་སྲིད་པའི་ཕུན་ཚོགས་ཇི་འདྲ་ཞིག་ཡིན་ན་ཡང༌། མཐའ་མི་བཟང་བར་གུད་པས་བསྡུས་འགྲོ་བ་ཤ་སྟག་ཡིན་ལ། ངོ་བོ་ཉིད་ཀྱིས་གྲུབ་པའི་བདེ་བ་གཅིག་ཀྱང་མེད། འོ་ན་ངོ་བོ་ཉིད་ཀྱི་བདེ་བ་ཞེས་བརྗོད་བཞིན་པ་སྟེ། ཐར་པ་དང་འགོག་བདེན་ལ་ཆ་བཞག་ན། དངོས་གནས་འགྱུར་དུ་མེད་པའི་བདེ་བ་དང་ཞི་བ་ཞིག་ཡིན་པས། ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག །དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན། །གསུངས་པ་ཡིན། ཐར་པ་ཞེས་པ་ནི་བཅིངས་པ་ལས་ཐར་བ་དང༌། བཅིངས་པ་ལས་གྲོལ་བ་སྟེ། མདོར་ན་ཉོན་མོངས་པའི་གཞན་དབང་ལས་གྲོལ་བ་ལ་ཐར་པ་ཞེས་བརྗོད་ཀྱི་ཡོད། ཉོན་མོངས་པའི་འཆིང་བ་ལས་ཐར་སྐབས་ཐར་པ་ཞེས་བརྗོད། ཉོན་མོངས་བརྒྱ་ཁྲི་བཞི་སྟོང་སོགས་ཉོན་མོངས་ཕྲ་རྒྱས་ལ་ཧ་ཅང་མང་པོ་ཞིག་གསུངས་ཡོད། དེ་ཡང་ཕར་རིམ་གྱིས་འདེད་ན་ལྟ་བ་ལྔ་དང་ལྟ་མིན་ལྔ་ཞེས་གསུངས་པ་དང༌། མངོན་པ་འོག་མ་ནས་གསུངས་པ་ལྟར་ན་ལྟ་བ་དང་ལྟ་མིན་བཅུ་བཤད་པ་དང༌། གཞན་ཡང་རྩ་ཉོན་དྲུག་དང༌། ཉེ་ཉོན་ཉི་ཤུ་སོགས་མངོན་པ་ཀུན་བཏུས་ལས་གསུངས་ཡོད། དེ་རྣམས་ཕར་འདེད་ནས་ཕྱིན་ན་རྩ་བ་ཉོན་མོངས་དུག་གསུམ་ཡིན། ཉོན་མོངས་དུག་གསུམ་གྱི་རྩ་བ་ནི་གཏི་མུག་བདེན་འཛིན་ཡིན།

    སྲིད་པ་འཁོར་ལོའི་དབུས་སུ་གཞི་ནག་པོའི་སྟེང་དུ་བྱ་ཕག་སྦྲུལ་གསུམ་བྲིས་ཡོད། ཚད་ལྡན་ལྟར་བྲིས་ན་བྱ་དང་སྦྲུལ་གཉིས་ཕག་པའི་ཁ་ནས་ཐོན་པ་ཞིག་བྲི་དགོས་པ་ཡིན། ཕག་པས་གཏི་མུག་དང༌། སྦྲུལ་གྱི་ཞེ་སྡང༌། བྱ་ཡིས་འདོད་ཆགས་བཅས་དུག་གསུམ་མཚོན་གྱི་ཡོད། དེས་ན་སྦྲུལ་དང་བྱ་དེས་མཚོན་པའི་འདོད་ཆགས་དང༌། ཞེ་སྡང་གཉིས་པོ་དེ་ཡང་ཕག་པའི་ཁ་བྱུང་བ་སྟེ་གཏི་མུག་གིས་བྱུང་བ་ཡིན། རྩ་བ་ཉོན་མོངས་ཐམས་ཅད་གཏི་མུག་ལས་བྱུང་བ་ཡིན་ཞེས་གསུང་གི་ཡོད། དེ་ནི་བཅོམ་ལྡན་འདས་ཀྱི་མདོའི་ནང་དུ་ཧ་ཅང་གསལ་པོ་ཡོད་ལ། དེའི་དགོངས་པ་བཀྲལ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། ཧ་ཅང་གསལ་པོར་གསུངས་ཡོད། དེ་ནས་ད་དུང་དབུ་མ་བཞི་བརྒྱ་པ་སོགས་ནང་པའི་གཞུང་ཡོད་དོ་ཅོག་ནས་ལྟ་བ་ཕྲ་རགས་ཀྱི་ཐོག་ནས་གཏི་མུག་ངོས་འཛིན་སྟངས་མི་འདྲ་བ་ཡོད་པ་ལས། རྩ་བ་མ་རིག་པའི་དབང་གིས་བྱུང་བ་རེད་ཅེས་སྲིད་པ་འཁོར་ལོ་བཤད་སྐབས། སྲིད་པ་འཁོར་ལོའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མ་དེར་མ་རིག་པ་ཞེས་མིང་བཏགས་ཡོད། དངོས་བདེན་སྡུག་བསྔལ་འདོད་མཁན་སུ་གཅིག་ཀྱང་མེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན། འོན་ཀྱང་སྡུག་བསྔལ་ཡོང་བ་ནི་མི་ཤེས་པའི་དབང་གིས་བྱུང་བ་ཧ་ཅང་གསལ་པོ་ཡིན། ཤེས་ནས་སྡུག་བསྔལ་དྭང་དུ་ལེན་མཁན་སུ་ཡང་མི་ཡོང་བ་ཡིན། མི་ཤེས་པའི་དབང་གིས་སྡུག་བསྔལ་བཟོས་ཡོང་གི་ཡོད། དེས་ན་སྲིད་པ་འཁོར་ལོ་བཤད་སྐབས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དང་པོར་མ་རིག་པ་དེ་བཤད་ཡོད། དེས་ན་མ་རིག་པ་ལ་སྐྱོན་དུ་བལྟས་ནས། མདོར་ན་མ་རིག་པ་དཔྱིས་ཕྱིན་པ་ངོས་འཛིན་པ་ལ་གཏི་མུག་བདེན་འཛིན་དེ་གསུངས་ཡོད། གཏི་མུག་བདེན་འཛིན་དེ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཉེར་ལེན་གྱི་ཕུང་པོའི་དབང་གིས་སྡུག་བསྔལ་རྒྱུན་མི་ཆད་དུ་ཡོང་བ་དེ་ལྟར་ཡིན་ཞེས་གསུངས་པ་ཡིན།

    འོ་ན་དེ་ལྟ་བུའི་ལས་ཉོན་དེ་ཇི་ལྟར་སྤོང་དགོས་སམ་ཞེ་ན། གཙོ་བོ་ཉོན་མོངས་སྤོང་བ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤོང་དགོས་ལ། དེ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཞེས་པ་དེ་ཡིན། དེ་ལྟ་བུའི་ཤེས་རབ་ཀྱི་བསླབ་པ་དེ་ཉོན་མོངས་ཀྱི་གཉེན་པོར་སྐྱེས་ནས་སྟོབས་དང་ལྡན་པ་ཞིག་ཡོང་བ་ལ། བསམ་གཏན་གྱི་གྲོགས་དང་བཅས་པ་ཞིག་དགོས་པ་ཡིན། དེས་ན་ཞི་གནས་སམ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཞེས་པ་དེ་ཉིད་དགོས་པ་ཡིན། དེ་ཡོང་བ་ལ་དེའི་གཞི་རྩ་ཚུལ་ཁྲིམས་ཀྱི་བསླབ་པ་དགོས་པ་ཡིན། རབ་བྱུང་ཡིན་ན་རབ་བྱུང་གི་ཚུལ་ཁྲིམས་དང༌། ཁྱིམ་པ་ཡིན་ན་བཅོམ་ལྡན་འདས་ཀྱིས་ཁྱིམ་པའི་དབང་དུ་བྱས་ནས་དགེ་བསྙེན་གྱི་སྡོམ་པ་སྟེ་ཁྱིམ་པའི་ཚུལ་ཁྲིམས་བཅས་གསུངས་ཡོད། ཚུལ་ཁྲིམས་ཀྱི་བསླབ་པ་ནི་གཞི་རྩ་དེ་ཡིན། ཚུལ་ཁྲིམས་ཀྱི་བསླབ་པ་དེའི་ཐོག་ནས་ཏིང་ངེ་འཛིན་གྱི་བསླབ་པ་བསྒྲུབས་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པའི་གྲོགས་དང་བཅས་པའི་སྒོ་ནས་ཤེས་རབ་ཀྱི་བསླབ་པ་སྐྱེས། དེའི་ནུས་པ་གོང་ནས་གོང་དུ་སྤེལ་ནས། མདོར་ན་བདག་མེད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མཐར་ཉོན་མོངས་པའི་གཉེན་པོ་བྱས་ནས། ཉོན་མོངས་ཕྲ་ཞིང་ཕྲ་བ་ནས་སྤངས་པས་ཐར་པའི་གོ་འཕང་བསྒྲུབ་རྒྱུ་དེ་གསུང་གི་ཡོད། དེ་སྒྲུབ་བྱེད་ཀྱི་རྟེན་མཆོག་ཏུ་གྱུར་པ་ནི་མི་ལུས་འདི་ཉིད་ཡིན། དུད་འགྲོས་སྒྲུབ་ཐུབ་རྒྱུ་མེད་ལ། ལྷ་ཡི་སྐྱེས་གནས་ཕལ་མོ་ཆེ་ནི་ཏིང་ངེ་འཛིན་ལ་འབྱམས་ནས་འགྲོ་གི་ཡོད། འདོད་ལྷ་ལྟ་བུ་ནི་འདོད་པའི་ཡོན་ཏན་གྱི་རྣམ་གཡེང་གི་གཞན་དབང་དུ་སོང་ནས་ཇི་བཞིན་ཡོང་རྒྱུ་མེད་པ་ཡིན།

    ལྷག་པར་སྔགས་ཀྱི་གཞུང་ནས་བཤད་པ་ལྟར་ན། རགས་པའི་ཕུང་པོ་སྟེ་ཤ་ཁྲག་རུས་གསུམ་ཡོད་པའི་ལུས་འདི་རྩ་རླུང་ཐིག་ལེའི་གནད་ཀྱིས་སེམས་ཇེ་ཕྲར་བཏང་ནས། དེས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་ལ་སྐྱེ་བ་དེ་ཐུན་མོང་མ་ཡིན་པ་ཞིག་ཡོང་གི་ཡོད། དེས་ན་ཐར་པ་སྒྲུབ་པའི་རྟེན་དང༌། དེའི་ནང་ཚན་ནས་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་ནི་འཛམ་བུ་གླིང་པ་མངལ་སྐྱེས་ཁམས་དྲུག་ལྡན་གྱི་ལུས་རྟེན་འདི་ཉིད་ཡིན་ཞེས་གསུངས་ཡོད། འདི་ཡན་ཆད་ཀྱིས་སྐྱེས་བུ་འབྲིང་གི་སྐོར་རྣམས་ཞུས་ཟིན་པ་ཡིན།

༣༽ སྐྱེས་བུ་ཆེན་པོའི་ལམ།

༡༽ བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

    གསུམ་པ་སྐྱེས་བུ་ཆེན་པོའི་ལམ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་བསྒོམས་པས་སྲིད་ཞིའི་མཐའ་ལས་གྲོལ་བ་བསྟན་པ་ལ་གསུམ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྦྱོར་བ་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ། དེ་དག་གི་བསླབ་བྱ་ལ་བསླབ་པའོ། ། སྐྱེས་བུ་ཆེན་པོའི་སྐོར་ལ། བློ་ལྡོག་རྣམ་བཞི་ཞེས་བརྗོད་ན། རྗེ་བདག་ཉིད་ཆེན་པོས་ལམ་གསུམ་རྣམ་གསུམ་ནང་དུ་གསུངས་པ་ནི་བློ་ལྡོག་རྣམ་བཞིའི་འགྲོ་སྟངས་དང་གཅིག་མཚུངས་ཡིན།

དལ་འབྱོར་རྙེད་དཀའ་ཚེ་ལ་ལོངས་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །

ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག །

    ཅེས་གསུངས་པ་དེས་དལ་འབྱོར་དོན་ཆེན་རྙེད་དཀའ་དང༌། འཆི་བ་མི་རྟག་པ། དེ་ནས་ལས་རྒྱུ་འབྲས་དང༌། འཁོར་བའི་ཉེས་དམིགས་བཅས་མར་སྦྱར་བ་སྟེ་ལས་རྒྱུ་འབྲས་བསམ་པ་དང༌། འཁོར་བའི་ཉེས་དམིགས་གཉིས་བསམ་པའི་ཐོག་ནས་ངེས་འབྱུང་གི་བློ་སྒྲུབ་པ་དེ་གསུངས་པ་ཡིན། དེ་ནས་བཤེས་གཉེན་བསྟེན་ཚུལ་དང༌། སྐྱབས་འགྲོ་བཅས་ཐོན་ཡོང་གི་ཡོད། དེས་ན་བློ་ལྡོག་རྣམ་བཞིའི་འགྲོ་སྟངས་གསུང་གི་ཡོད། མདོར་ན་བློ་ལྡོག་རྣམ་བཞིའི་འགྲོ་སྟངས་ནི་ཕལ་ཆེར་ངེས་འབྱུང་སྒྲུབ་པ་དེ་གའི་ཆེད་དུ་དམིགས་ནས་འཁྲིད་ལུགས་འདི་ལྟར་དུ་གསུངས་པ་ཞིག་ཡིན། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྐབས་ནས་གསུངས་པ་ནི། བློ་རབ་འབྲིང་ཐ་མ་གསུམ་ལ་ཕན་ཆེ་བའི་དབང་དུ་བཏང་ནས་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་སྐྱབས་འགྲོ་དང་ལས་འབྲས་གཉིས་གསུངས་ནས་སྐྱེས་བུ་ཆུང་ངུའི་ཆོས་འཁོར་གྱི་ནང་དུ་ཡར་དྲིལ་བ་བཅས་ཀྱི་ཁྱད་པར་འདི་ལྟར་ཡིན། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་པ་ནི་རྩ་བ་ལས།

ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན། །མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ། །

དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས། དོན་ནི་སྲིད་པ་ཐོག་མ་མེད་པའི་དུས་ནས་བདག་ལ་བརྩེ་བ་ཅན་གྱི་མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ་ཞེས། བྱང་ཆུབ་ཀྱི་སེམས་ནི་འདུན་པ་གཉིས་ལྡན་ཞེས་བརྗོད་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་རང་ཉིད་གཙོ་བོའི་ཡིད་ཀྱི་རྣམ་རིག་ཅེས་གཙོ་སེམས་ཡིན་ལ། གཙོ་སེམས་དེ་འདྲེན་བྱེད་ཀྱི་རྒྱུ་ལ། གཞན་དོན་དོན་གཉེར་གྱི་རྒྱུ་བྱས་ཤིང༌། གཞན་དོན་དོན་གཉེར་གྱི་འདུན་པ་དེས་དྲངས་ནས་གཞན་དོན་དཔྱིས་ཕྱིན་པ་བྱེད་ཐུབ་པའི་ནུས་པ་དང་ལྡན་པའི་བྱང་ཆུབ་ཆེན་པོའི་གོ་འཕང་དེ་བདག་གིས་སྒྲུབ་སྙམ་པའི་བྱང་ཆུབ་དོན་གཉེར་གྱི་འདུན་པ་དེ་དང་མཚུངས་ལྡན་དུ་ཡོད་པའི་གཙོ་བོའི་ཡིད་ཀྱི་རྣམ་རིག་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་བློ་སྦྱོང་སྟངས་ལ་མདོ་ཡི་ཁུངས་བྱས་ཏེ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་བ་གཅིག་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བ་གཅིག་གསུངས་ཡོད།

    མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ། །ཞེས་པ་འདིས་མན་ངག་རྒྱུ་འབྲས་བདུན་མའི་སྒོ་ནས་བློ་སྦྱོང་བ་དེ་གསུང་གི་ཡོད། དེ་ཡང་མ་ཞེས་བརྗོད་སྐབས། ཚེ་འདིར་མངལ་སྐྱེས་ཀྱི་དབང་དུ་བྱས་ན། མ་དེ་དྲིན་ཆེ་ཤོས་ཆགས་ཡོད། ངས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད་ལ། འདི་ལྟར་དྲན་གྱི་འདུག མ་ལས་སྐྱེས་པའི་བུ་དེར་མི་ཙམ་མ་ཟད་དུད་འགྲོ་ཡིན་ཡང༌། དཔེར་ན་བྱ་དང་བྱིའུ་སོགས་མ་ཡི་སྒོ་ང་ལས་སྐྱེས་པའི་ཕྲུ་གུ་རྣམས་མ་ཡིས་གསོ་སྐྱོང་བྱེད་དགོས་ཤིང༌། རང་ཉིད་རང་མགོ་མ་ཐོན་བར་དུ་མ་ཡི་དྲིན་ལ་བརྟེན་ནས་འཚོ་དགོས་པའི་རིགས་དེར་རང་བཞིན་ལྷན་སྐྱེས་ཀྱིས་ཕན་ཚུན་བརྩེ་བ་ཞིག་ཡོང་གི་ཡོད། མི་ལ་ཆ་བཞག་ན་མ་ལས་སྐྱེས་ཤིང༌། མ་ཡི་ནུ་ཞོས་འཚར་ལོངས་བྱུང་བ་ཡིན། དེས་ན་རང་བཞིན་གྱི་ལུས་ཀྱི་གྲུབ་ཆ་ལྟ་བུའི་སྟེང་ནས་བརྩེ་བ་ཞིག་ཡོད། མ་ཡིས་བུ་ལ་བརྩེ་བའི་བརྩེ་བ་དེ་ཉིད་མེད་ན། མ་ཡིས་བུ་སྐྱོང་རྒྱུའི་དོན་དུ་མ་ཡིས་དཀའ་སྡུག་ཁྱད་བསད་ཀྱིས་བུ་ལ་ལྟ་རྟོགས་བྱེད་པ་སོགས་ཀྱི་སྙིང་སྟོབས་དེ་ཉིད་མི་ཡོང་བ་ཡིན། བུའི་ངོས་ནས་ཀྱང་མ་ལ་བརྩེ་བའི་བརྩེ་བ་དེ་མེད་ན། མ་ཡི་ནུ་ཞོ་འཐུང་བ་དང༌། མ་ལ་བརྟེན་པ་དེ་ཉིད་མི་ཡོང་བ་ཡིན། སྐྱེས་པའི་ཉིན་ནས་མ་ཡིས་བུ་ལ་ཞེ་སྡང་སྐྱེས་པ་དང༌། བུ་ཡིས་མ་ལ་ཞེ་སྡང་སྐྱེས་ན་བུ་དེ་ཉིད་ཤི་འགྲོ་བ་ལས་བུ་དེ་ཉིད་འཚོ་ཐབས་མེད། བྱ་དང་བྱིའུ་དང༌། ཁྱི་དང་ཞི་མི་སོགས་དང་དེ་བཞིན་ཡིན། ངེས་པར་འཚོ་བ་དེ་མ་ཡི་བརྩེ་བ་ལ་བརྟེན་ནས་འཚོ་དགོས་པ་ཞིག་ཡིན།

    དེས་ན་རང་བཞིན་གྱིས་ཆ་རྐྱེན་ཞིག་གྲུབ་ཡོད་པ་ཡིན། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ལྟ་བུ་ཞིག་ཡིན། དེ་ནི་ལམ་བསྒོམས་ནས་བྱས་པ་མིན་པར་རང་བཞིན་གྱིས་ཡོང་གི་ཡོད། དེས་ན་ང་ཚོ་ཚང་མས་མ་ལ་བརྩེ་བ་ཞིག་ཡོང་གི་ཡོད། མ་ཡིས་དྲིན་གྱིས་བསྐྱངས་པ་ནི་ང་ཚོའི་མཐོང་ཆོས་སུ་ཡོད། དེ་དཔེ་ལ་བཀོད་ནས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་རང་ལ་ཕན་འདོགས་མཁན་ཞིག་དང༌། དེ་ཙམ་མ་ཟད་སྐྱེ་བ་རྒྱུན་མར་འགྲོ་བས་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པ་ལྟ་བུའི་ཐོག་ནས། ཇི་ལྟར་མ་ལ་བརྩེ་བ་བཞིན་དེ་ལྟར་དུ་སེམས་ཅན་གཞན་ལ་བརྩེ་བ་སྒྲུབ་པ་དེ་གསུང་གི་ཡོད། དེ་ཡོང་བ་ལ་མ་དྲིན་ཆེན་པོ་ཡིན་ཞེས་པའི་བློ་ཁ་ཡམ་ཡམ་དེས་མི་འགྲིགས་པར་བློ་ནན་ཏན་དུ་སྦྱང་དགོས་པས་ན། མན་ངག་རྒྱུ་འབྲས་བདུན་མ་ཞེས་པ་འདི་གསུངས་པ་ཡིན།

    ཐོག་མར་མ་ལ་བརྩེ་བ་དང་གུས་བརྩི་སྦྱོང་བའི་བློ་དེས་མ་མཚོན་པ་ཙམ་བྱས་ནས། མདོར་ན་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་མཐའ་དག་ལ་བརྩེ་བ་སྦྱང་དགོས་པས་ན། སྐབས་འདིར་བཤད་པའི་བརྩེ་བ་ནི། ཕྱོགས་རིས་མེད་པའི་བརྩེ་བ་ཞིག་དགོས་པ་ཡིན། སྤྱིར་བཏང་ང་རང་ཚོར་རང་གི་མ་ལ་བརྩེ་བའི་བརྩེ་བ་དེ་ནི་ཕྱོགས་རིས་ཅན་གྱི་བརྩེ་བ་ཡིན། ཕྱོགས་རིས་མེད་པའི་བརྩེ་བ་ཞེས་པ་ནི། ཕ་རོལ་པོའི་བྱ་བ་དང་རྣམ་འགྱུར་ལ་བལྟོས་ཡོད། དེས་ན་སུ་ཞིག་རང་ལ་རྣམ་འགྱུར་བཟང་པོ་བསྟན་པ་དང༌། རང་ལ་ཕན་བཏགས་པ་སོགས་བྱས་ན་དེ་ལ་བརྩེ་བ་སླེབས་ཀྱི་ཡོད། དེ་ནི་ཕ་རོལ་པོའི་བྱ་སྤྱོད་ལ་བལྟོས་པ་ཞིག་ཡིན་སྟབས། བྱ་སྤྱོད་དེ་ལས་ལྡོག་སྟེ་རང་དང་མི་མཐུན་པའི་དགྲ་བོ་དེས་རང་ལ་གནོད་པ་བྱེད་ཀྱི་ཡོད་སྟབས། ཕ་རོལ་པོས་རང་ལ་གནོད་པའི་རང་བཞིན་ཅན་གྱི་བྱ་བ་བྱེད་ཀྱི་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་བྱ་བ་དེ་ལ་དམིགས་ནས་དེ་ལ་དགྲ་བོའི་ཐ་སྙད་བྱེད་ཀྱི་ཡོད་ལ། བློས་ཀྱང་དེ་ཡལ་བར་དོར་གྱི་ཡོད། དེ་ལ་ད་དུང་སྡང་བའི་སེམས་སྐྱེས་ཀྱི་ཡོད།

    འོ་ན་སྐབས་འདིར་བརྩེ་བ་དེ་ཇི་འདྲ་ཞིག་དགོས་སམ་ཞེ་ན། ཕྱོགས་རིས་མེད་པའི་བརྩེ་བ་ཞིག་དང༌། ཚད་མེད་པའི་བརྩེ་བ་ཞིག་དགོས་པ་ཡིན། གོང་གི་བརྩེ་བ་དེ་ནི་ཚད་ཅན་གྱི་བརྩེ་བ་ཞིག་ཡིན། གང་ལགས་ཤེ་ན། དེ་ནི་གཙོ་བོ་བྱ་སྤྱོད་ལ་དམིགས་ཡོད། སྐབས་འདིར་སྦྱང་དགོས་པའི་བརྩེ་བ་ནི་ཕྱོགས་རིས་མེད་པའི་བརྩེ་བ་ཞིག་སྦྱང་དགོས་པ་ཡིན། ཕྱོགས་རིས་མེད་པའི་བརྩེ་བ་ནི་གཙོ་བོ་བྱ་བ་ལ་མི་བརྩི་བར་བྱེད་པ་པོ་གང་ཟག་དེར་བརྩི་དགོས་པ་ཡིན། དེ་ནི་ཧ་ཅང་གསལ་པོ་ཡོད། བྱ་སྤྱོད་དང་བྱེད་པ་པོ་གཉིས་དབྱེ་བ་ཕྱེ་སྟེ། ཕ་རོལ་པོའི་བྱ་སྤྱོད་ལ་བསམ་བློ་མི་གཏོང་བར། ཕ་རོལ་པོ་ཁོ་རང་ལ་བསམ་བློ་བཏང་ན། རང་དང་མཚུངས་པར་རང་གིས་རང་ལ་བརྩེ་བ་ཡོད་མཁན། རང་རང་ལ་བརྩེ་བའི་སྒོ་ནས་སྡུག་བསྔལ་མི་འདོད་པ་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་ཕ་རོལ་པོའི་རྣམ་འགྱུར་དང་བྱ་སྤྱོད་ལ་མི་བརྩི་བར། ཕ་རོལ་པོ་དེ་མིའམ་དུད་འགྲོ་སོགས་སེམས་ལྡན་གང་ཟག་ཡིན་པ་དང༌། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སྒོ་ནས་བསམ་བློ་བཏང་ན་བརྩེ་བ་སྐྱེས་ཐུབ་ཀྱི་ཡོད། དཔེར་ན། རང་གིས་རང་ལ་བརྩེ་བ་དེ་རང་ཉིད་རང་ལ་དྲིན་ཆེ་བའམ་རང་གིས་རང་ལ་བྱ་སྤྱོད་དང་རྣམ་འགྱུར་བཟང་པོ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་རང་གིས་རང་ལ་བརྩེ་བ་མིན། རང་ཉིད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་ཙམ་རྒྱུ་མཚན་དུ་བྱས་ཏེ་རང་ལ་བརྩེ་བ་ཡིན། དེ་ནི་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་མཐའ་དག་བདེ་བ་འདོད་པ་གཅིག་མཚུངས་ཡིན། དེས་ན་བདེ་བས་ཕོངས་པ་ལ་བདེ་བ་དང་ལྡན་ན་བསམ་པའི་བྱམས་པ་དང༌། སྡུག་བསྔལ་གྱིས་མནར་བ་རྣམས་སྡུག་བསྔལ་དེ་ལས་བྲལ་ན་སྙམ་པའི་བརྩེ་བ་ཡོང་ཐུབ་པ་ཡིན། བློའི་ལྟ་སྟངས་དེ་ཕ་རོལ་པོའི་ཀུན་སྤྱོད་ལ་མི་ལྟ་བར། ཕ་རོལ་པོ་མི་ཡིན་པ་དང༌། གང་ཟག་ཡིན་པ། སེམས་ལྡན་ཡིན་པ། མདོར་ན་ཕ་རོལ་པོ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པའི་སེམས་ཅན་ཞིག་ཡིན་པའི་ངོས་ནས་བལྟས་ན་དེ་ལྟ་བུའི་བརྩེ་བ་དེ་སླེབས་ཐུབ་ཀྱི་ཡོད། དེར་བརྟེན་བྱེད་པ་པོ་དང་བྱ་བ་གཉིས་དབྱེ་བ་འབྱེད་དགོས་པ་དེ་གལ་ཆེན་པོ་ཡིན། བྱེད་པ་པོ་དང་བྱ་བ་གཉིས་ཀྱི་ཐོག་ནས་བྱ་བ་ལ་བལྟོས་ནས་བརྩེ་བའི་བློ་སྐྱེ་བ་ནི་ཕལ་ཆེར་ཆགས་པའི་བློ་ཡོད་པ་ཡིན། བྱ་བ་དང་མ་འདྲེས་ཤིང༌། བྱ་བ་རང་ལ་གནོད་པའི་བྱ་བ་ཞིག་བྱེད་ཀྱི་ཡོད་ཀྱང༌། བྱེད་པ་པོ་དེ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་བརྩེ་བ་སྐྱེ་བ་དེ་ནི་དགྲ་ལའང་སྐྱེ་ཐུབ་པ་ཡིན། དེ་ནི་ཕྱོགས་རིས་ཅན་གྱི་བརྩེ་བ་མིན། དེ་ནི་ཞེན་ཆགས་མེད་པའི་ཐོག་ནས་སྐྱེས་ཐུབ་པ་ཡིན། དེས་ན་བཏང་སྙོམས་སྒོམ་པ་ཞེས་པ་དེས་གཉེན་ལ་ཆགས་ཤིང༌། དགྲ་ལ་སྡང་བའི་བློ་དེ་སེལ་བའི་སྒོ་ནས་དགྲ་དེ་ཡང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན།

    ཡང་རྒྱུ་མཚན་གཞན་ཞིག་ལ། ཚེ་སྟོད་དགྲ་ཡིན་ཡང་ཚེ་སྨད་ལ་གཉེན་དུ་འགྱུར་བ་ཡོང་སྲིད་པ་ཡིན། དགྲ་དང་གཉེན་ཞེས་པ་ནི་འཕྲལ་གྱི་བྱ་སྤྱོད་ཙམ་ཡིན་པ་ལས། རང་ཉིད་ཀྱི་ངོ་བོའི་ཆ་ནས་སྐྱེས་པའི་ཉིན་ནས་བཟུང་དགྲར་སྐྱེ་བ་མེད་ལ། སྐྱེས་པའི་ཉིན་ནས་བཟུང་གཉེན་གྱི་ངོ་བོར་སྐྱེ་བ་ཡང་མེད། བྱ་སྤྱོད་ནི་གློ་བུར་བ་ཞིག་ཡིན་པས་རྐྱེན་གྱི་དབང་ལས་འགྱུར་འགྲོ་བ་ཡིན། གལ་འགངས་ཆེ་ཤོས་ནི། དཔེར་ན། མི་ལ་ཆ་བཞག་ན། མི་དེ་ཉིད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པས་ང་ཚོ་མི་གཅིག་པ་རེད་བསམ་པའི་ཐོག་ནས་དེ་ལ་བརྩེ་བ་སླེབས་པ་ཞིག་ཡོང་ཐུབ་པ་ཡིན། དེ་ནི་རང་གི་དགྲ་ལ་ཡང་བརྩེ་བ་དེ་ཡོང་ཐུབ་པ་ཞིག་ཡིན། དགྲ་བོ་དེས་ད་ལྟ་ང་ལ་གནོད་པ་སྐྱེལ་གྱི་ཡོད་ཀྱང༌། སྙིང་རྗེ་དགྲ་བོ་དེ་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད་སྙམ་པའི་ཐོག་ནས་དེ་ལ་དམིགས་པའི་བརྩེ་བ་སྐྱེས་ཆོག་པ་ཡིན། དེ་ལྟ་བུའི་བརྩེ་བ་ནི་གཉེན་ལ་ཆགས་ཤིང༌། དགྲ་ལ་སྡང་བའི་ཆགས་སྡང་གཉིས་མེད་པར་བཟོས་ནས་སྐྱེས་དགོས་པ་ཡིན། དེས་ན་ཐོག་མར་བཏང་སྙོམས་བསྒོམ་པ་དེ་གསུང་གི་ཡོད། དེ་ནས་མར་ཤེས་དང༌། དྲིན་དྲན། དྲིན་གསོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ། སེམས་བསྐྱེད་བཅས་རྒྱུ་འབྲས་མན་ངག་བདུན་འདི་ལྟར་དུ་གསུངས་ཡོད། 

༡༽ ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ།

༡༽ མཉམ་གཞག་ཏུ་བདག་གཞན་མཉམ་བརྗེ་བསྒོམ་པ།

    གཉིས་པ་སྦྱོར་བ་བྱང་ཆུབ་མཆོག་ཏུ་སེམས་གཉིས་བསྒོམ་པ་ལ་གཉིས། ཀུན་རྫོབ་བྱང་སེམས་བསྒོམ་པ་དང༌། དོན་དམ་བྱང་སེམས་བསྒོམ་པའོ། །དང་པོ་ལ་གཉིས། མཉམ་གཞག་ཏུ་བདག་གཞན་མཉམ་བརྗེ་བསྒོམ་པ། རྗེས་ཐོབ་ཏུ་རྐྱེན་ངན་ལམ་དུ་འཁྱེར་བའོ། །དང་པོ་མཉམ་གཞག་ཏུ་བདག་གཞན་མཉམ་བརྗེ་བསྒོམ་པ་ནི། རྩ་བ་ལས།

སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང༌། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས།།

དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པ་འདིས་བདག་གཞན་མཉམ་བརྗེ་གསུང་གི་ཡོད། དེ་ནི་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་དང༌། བྱང་ཆུབ་སེམས་འགྲེལ་བཅས་ཀྱི་ནང་དུ་གསུངས་ཡོད་ལ། དེའི་དགོངས་པ་ཞིབ་ཚགས་པོའི་ཐོག་ནས་ཞིབ་ཅིང་རྒྱས་པ་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ཏུ་གསུངས་ཡོད། མདོར་ན་སྤྱོད་འཇུག་ལས།

འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །

མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །

    ཞེས་གསུངས་པ་ལྟར་འཇིག་རྟེན་པའི་ལེགས་པའི་ཆ་མཐའ་དག་གཞན་གཅེས་འཛིན་གྱི་བློའི་འབྲས་བུ་ཡིན། དཔེར་ན། ཚེ་འདིའི་ལྟོ་གོས་བཟང་པོ་དང༌། གནས་མལ་ཡོ་བྱད་སོགས་གང་ཞིག་ཡིན་ཡང་ཇོ་བོ་སེམས་ཅན་གཞན་ལ་བརྟེན་ནས་ཡོང་དགོས་པ་ཡིན། རང་གཅིག་པུ་སུ་གཅིག་ལའང་ལྟོས་པ་མེད་པའི་སྒོ་ནས་ཟས་གོས་གནས་མལ་སྤུས་དག་པོ་ཞིག་ཡོང་ཐུབ་ཐབས་མེད་པར་ཐམས་ཅད་གཞན་ལ་བརྟེན་ཡོད། དེ་རྣམས་གཞན་ལྡན་ཤ་སྟག་ཡིན། དེ་བཞིན་སྙན་གྲགས་དང་མཛའ་བཤེས་ཚང་མ་གཞན་ལ་བརྟེན་ཡོད། འཕྲལ་གྱི་ཚེ་འདིའི་ཕུན་ཚོགས་རྣམས་ཀྱང་གཞན་གྱི་དབང་གིས་བྱུང་བ་ཤ་སྟག་ཡིན། དེས་ན་གཞན་ལ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་རང་གི་ཟས་གོས་གནས་མལ་དང༌། མཛའ་ཤེས། ཡོ་བྱད། སྙམ་གྲགས་དང་བཅས་པ་ཐམས་ཅད་འགྲུབ་ཡོང་གི་ཡོད། གཞན་ལ་སྡང་ཞིང་གཞན་ཡལ་བར་དོར་ན། བདེ་སྐྱིད་གང་ལ་བརྟེན་ནས་ཡོང་བའི་གཞི་ལ་སྡང་ཞིང་གཞི་དེ་ཡལ་བར་དོར་བས་ན། བདེ་སྐྱིད་གང་ལ་བརྟེན་ནས་ཡོང་བའི་རྒྱུ་ལ་སྡང་བ་བྱས་པ་དང་རྒྱུ་དེ་ཡལ་བར་དོར་བ་ཡིན། དེའི་འབྲས་བུ་འདོད་པ་བདེ་སྐྱིད་འདོད་ཀྱང་ཡོང་རྒྱུ་སྡུག་པ་ཞིག་ལས་མེད། བདེ་སྐྱིད་ཡོང་བའི་རྒྱུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྣམས་ལ་གཅེས་ཤིང་འཕངས་པའི་བློ་ཞིག་སྐྱེས་ཐུབ་ན། རང་ལ་བདེ་སྐྱིད་ཡོང་ངེས་པ་ཞིག་ཡིན། འཕྲལ་གྱི་མངོན་མཐོའི་བདེ་སྐྱིད་ཡིན་ཡང་གཞན་ལ་བརྩེ་བའི་ཐོག་ནས་ཡོང་གི་ཡོད། གཞན་ལ་མི་དགའ་ཞིང་གཞན་ལ་སྡང་བ་བྱས་ན། ཚེ་འདིར་ཡང་གཡས་གཡོན་གྱི་མི་ཚང་མ་རང་གི་དགྲ་རུ་འགྱུར་ནས་ཚང་མར་དོགས་པ་ཟ་དགོས་པ་ཞིག་ཡོང་བ་ཡིན། སྔར་གྱི་གཏམ་དཔེར། སྙེ་མོ་བ་ཚང་རྩི་ཚོང་མཁན་ཞེས་པ་ཞིག་ཡོད། ཆང་རྩི་ཚོང་མཁན་དེས་ཆང་རྩི་ཅུང་ཟད་རྫུན་བཟོ་བྱས་ཏེ་གྲོང་ཚོ་ཞིག་ལ་ཕྱིན་ནས་ཁྱིམ་ཚང་ཞིག་ལ་ཆང་རྩི་རྫུན་མ་དེ་བཙོངས་པས། གྲོང་པ་དེས་ཆང་རྩི་རྫུན་མ་ཡིན་པ་ཤེས་པས་རྗེས་གྲོང་པ་དེར་ཆང་རྩི་ཚོང་བར་འགྲོ་རྒྱུ་མ་རག་པ་ཡིན། ཡང་ཁྱིམ་ཚང་གཞན་ཞིག་ལ་ཕྱིན་ནས་ཆང་རྩི་རྫུན་མ་དེ་ཉིད་ཚོང་རྒྱུའི་ཐབས་ཤེས་བྱས་པས་རྗེས་སུ་ཁྱིམ་ཚང་དེར་ཡང་འགྲོ་རྒྱུ་མ་བྱུང་བ་ཡིན། ཡང་ཁྱིམ་ཚང་གཞན་ཞིག་ལ་ཕྱིན་ནས་ཚང་རྩི་རྫུན་མ་བཙོངས་པས་རྗེས་སུ་དེ་ལ་ཡང་འགྲོ་ས་མ་རག་པ་ཡིན། ཉིན་ཞིག་ལམ་གསུམ་མདོར་བསྡད་ནས་ད་ནི་ང་གྲོང་པ་འདི་ལ་ཡང་འགྲོ་ས་མེད། དེ་ལ་ཡང་འགྲོ་ས་མེད་པ་བསམ་པ་དྲན་པ་ཡིན། དཔེ་དེ་བཞིན་སེམས་ཀྱི་ནང་ནས་གཞན་ལ་མཐོང་ཆུང་དང་བརྙས་བཅོས། ཐུབ་ཚོད་བཤད་པ་སོགས་བྱས་ན་མདུན་དུ་ཡོད་པའི་མི་རྣམས་རང་གི་དགྲ་ཆགས་པ་དང༌། གཡས་གཡོན་མི་རྣམས་ཀྱང་དགྲར་གྱུར་པ་ཡིན། དེ་རྣམས་སྐྱེས་པའི་སྐབས་ནས་དགྲ་མིན་པར་དགྲ་དེ་རྣམས་རང་ཉིད་ཀྱིས་བཟོས་པ་ཡིན། བརྩེ་བ་བྱས་ན་མདུན་གྱི་མི་དེ་ཡང་རང་གི་གཉེན་ཆགས་ཐུབ་པ་དང༌། གཡས་གཡོན་གྱི་མི་རྣམས་ཀྱང་རང་གི་གཉེན་ཆགས་ཐུབ་པ་ཡིན། དེ་ལྟར་ཆགས་ཡོང་སྐབས་རང་གི་སེམས་ནང་གཡས་གཡོན་མདུན་རྒྱབ་ཚང་མ་གཉེན་གྱིས་བསྐོར་བ་ཞིག་ཆགས་ཀྱི་ཡོད། དགྲ་རང་ཉིད་ཀྱིས་བཟོས་པ་ཡིན་ན། རང་ཉིད་ཀྱི་ཤག་གི་སྦུག་ཏུ་མཐུན་རྐྱེན་ཧ་ཅང་གི་ཡག་པོ་ཡོད་ཀྱང༌། སེམས་ནང་དུ་གྲང་ཤུར་ཤུར་བྱས་ནས་སྡོད་དགོས་པ་ཡིན། སྒོར་དུང་ཕྱུར་མང་པོ་ཞིག་ཡོད་ཀྱང་སྐྱིད་པ་གང་ཡང་མེད། དངུལ་དང་མོ་གྲ་སོགས་ཀྱིས་བརྩེ་བ་བྱེད་མི་ཤེས་ཤིང༌། བརྩེ་བ་ནི་སེམས་ལྡན་གྱིས་བྱེད་ཀྱི་ཡོད། སེམས་ལྡན་དགྲ་རུ་ཕྱིན་ན་བརྩེ་བ་ཡོང་རྒྱུ་མེད། དེས་ན།

སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང༌། །

    ཞེས་གསུངས་པ་ལྟར་ཚེ་འདིའི་ཕུན་ཚོགས་ཀྱང་གཞན་ཕན་གྱི་བསམ་པས་ཡོང་གི་ཡོད་ལ། ཚེ་འདིའི་སྡུག་བསྔལ་དག་ཀྱང་རང་གཅེས་འཛིན་སྦུག་སུབ་དག་པོ་དེའི་ཐོག་ནས་ཡོང་གི་ཡོད། ཚེ་ཕྱི་མར་མངོན་མཐོའི་ཐོབ་པ་དེ་ཡང་གཞན་གཅེས་འཛིན་གྱིས་བསམ་བློ་བཏང་ནས་གཞན་ལ་གནོད་པ་མི་བྱེད་པ་དང༌། གཞན་ལ་ཕན་བཏགས་ན་མངོན་མཐོའི་ལུས་རྟེན་ཐོབ་པ་ཡིན། དཔེར་ན། བྱམས་སྨོན་ལས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ནི།

ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །

རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །

    ཞེས་པ་ལྟར་ཡིན། དཔེར་ན། སྲོག་གཅོད་པ་ལ་ཆ་མཚོན་ན། ངས་མི་བསད་ན་ཁྲིམས་ལ་ཐུག་གི་རེད་སྙམ་ནས་ཁྲིམས་ལ་ཞེད་པ་དང༌། བཙོན་ཁང་དུ་འགྲོ་རྒྱུར་ཞེད་ནས་སྲོག་གཅོད་སྡོམ་པ་དེ་ལ་ཕན་ཡོན་གང་ཡང་མེད། ངས་མི་བསད་ན་ང་ལ་སྡིག་པ་ཡོང་གི་རེད། ཕྱིན་ཆད་རང་ཉིད་ལ་སྡུག་བསྔལ་ཡོང་གི་རེད་བསམ་པའི་བསམ་བློ་འཁོར་ནས་སྡིག་པ་ལ་འཛེམས་ནས་སྲོག་གཅོད་སྡོམ་ན་ཆོས་སུ་འགྲོ་གི་ཡོད། སྲོག་གཅོད་པ་གཅིག་པ་ཡིན་རུང༌། ཁྲིམས་ལ་ཞེད་ནས་སྲོག་གཅོད་སྡོམ་པ་དང༌། ལས་འབྲས་ལ་བསམ་བློ་བཏང་ནས་སྲོག་གཅོད་སྡོམ་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།

    ཡང་གཞན་དེ་ཡང་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་ང་དང་གཅིག་པ་རེད། ང་ལ་གཞན་གྱིས་སྡིག་ར་བསྐུལ་ན་ང་མི་བདེ་བ་དང་མ་སྐྱིད་པ་ཡོད་པ་ལྟར། ཁོ་ལ་ངས་སྡིག་ར་བསྐུལ་ན་ཁོ་མ་སྐྱིད་པ་ཡོང་གི་རེད། ཁོའི་སྲོག་འཕྲལ་ན་ཁོ་མ་སྐྱིད་པ་ཡོང་གི་རེད་བསམ་པའི་རྒྱུ་མཚན་ལ་བསམ་བློ་བཏང་ནས་སྡོམ་སྐབས། ཉེས་དམིགས་ལ་བསམ་བློ་བཏང་ནས་སྡོམ་པ་མིན་པར། བརྩེ་བའི་བསམ་བློ་བཏང་ནས་སྡོམ་པ་ནི་གཞན་ཕན་གྱི་བསམ་པས་ཉེས་པ་སྡོམ་གྱི་ཡོད། དེས་ན་འབྲས་བུ་ངན་འགྲོ་ལས་ཐར་ཏེ་མངོན་མཐོའི་ལུས་རྟེན་གཅིག་པ་ཐོབ་ཀྱི་ཡོད། དེས་ན། ངན་འགྲོའི་ལམ་ནི་བཟློག་བགྱིད་ཅིང༌། །ཞེས་རང་དོན་ཡིད་བྱེད་ཀྱི་བསམ་པས་ཉེས་པ་སྡོམ་པ་མིན་ཡང༌། བརྩེ་གཅིག་ཏུ་གཞན་ལ་ཕན་པའི་བསམ་པས་ཉེས་སྤྱོད་སྡོམ་སྐབས་འབྲས་བུ་མངོན་མཐོ་དང་ངེས་ལེགས་ཐོབ་པ་ཡོང་གི་ཡོད། དེས་ན་བྱང་ཆུབ་ཀྱི་སེམས་ཀྱིས་གཞན་གནོད་གཞི་དང་བཅས་པ་ལས་བཟློག་པ་ཡོང་ཐུབ་པས་ཧ་ཅང་རླབས་ཆེན་པོ་ཞིག་ཡོང་ཐུབ་ཀྱི་ཡོད། དེར་བརྟེན་ངེས་འབྱུང་གི་བསམ་པ་ནི། རང་ཉིད་གཅིག་པུ་ཐར་པ་ཐོབ་པའི་བསམ་བློ་གཏོང་གི་ཡོད། བྱང་ཆུབ་ཀྱི་སེམས་ཞེས་བརྗོད་སྐབས་ཆེད་དུ་བྱ་བ་མཐའ་ཡས་པའི་སེམས་ཅན་གྱི་ཆེད་དུ་རྣམ་མཁྱེན་དོན་དུ་གཉེར་བའི་བློ་སྐྱེས་སྐབས། རིན་ཆེན་ཕྲེང་བའི་ནང་དུ་དཔག་ཏུ་མེད་པ་རྣམ་པ་བཞི་ཞེས་གསུངས་པ་དེ་ཡིན། དེ་ཡང་དམིགས་པ་སེམས་ཅན་དཔག་ཏུ་མེད་པ་དང༌། འབྲས་བུ་ཡང་རྫོགས་པའི་བྱང་ཆུབ་ཡོན་ཏན་མཐའ་དང་བྲལ་བའམ་ཡོན་ཏན་དཔག་ཏུ་མེད་པ། དེ་སྒྲུབ་པའི་དུས་ཡུན་དེ་ཡང་དུས་དཔག་ཏུ་མེད་པ། རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པ་དཔག་ཏུ་མེད་པ་ལ་བསླབ་ན། དཔག་ཏུ་མེད་པའི་གནས་ཚུལ་དེ་བཞི་ལ་བརྟེན་ནས་ཚོགས་བདེ་བླག་ཏུ་རྫོགས་ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་རིགས་པས་བསྒྲུབས་ནས་རིན་ཆེན་ཕྲེང་བའི་ནང་དུ་གསུངས་ཡོད། དེ་དག་ནི་དངོས་གནས་རེད་འདུག

    རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །ཞེས་མདོར་ན་བསྒྲུབ་བྱ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་ཡང་བྱང་ཆུབ་ཀྱི་སེམས་དང༌། གཞན་ཕན་གྱི་བློ། གཞན་གཅེས་འཛིན་བཅས་ཀྱི་བློ་ལ་བརྟེན་ནས་ཡོང་གི་ཡོད། ཞི་བ་ཕྱོགས་གཅིག་པར་ལྷུང་ནས་འཕྲལ་གྱི་ངན་འགྲོ་ངན་སོང་གི་གནས་སུ་སྐྱེ་བའི་བར་གྱི་སྡུག་བསྔལ་མི་འདོད་པ་ཐམས་ཅད་རང་གཅེས་འཛིན་ལ་བརྟེན་ནས་ཡོང་གི་ཡོད་ཅེས་རང་གཅེས་འཛིན་དང་གཞན་གཅེས་འཛིན་གཉིས་ཀྱི་སྐྱོན་དང་ཡོན་ཏན་འདི་ལྟར་བྱས་ཏེ་དབྱེ་བ་ཕྱེ་གི་ཡོད། གོང་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་མཉམ་གཞག་གི་གནས་སྐབས་ཀྱི་དམིགས་རྣམ་བསྐྱངས་ནས་བྱང་ཆུབ་ཀྱི་སེམས་སྒོམ་པའི་སྐབས་ཀྱི་བསམ་བློ་གཏོང་ཚུལ་དེ་ཡིན།

༢༽ རྗེས་ཐོབ་ཏུ་རྐྱེན་ངན་ལམ་དུ་འཁྱེར་བ།

    དེ་ནས་བསླབ་བྱའི་སྐོར་གསུངས་པ་ནི། རྗེས་ཐོབ་ཀྱི་གནས་སྐབས་སུ་རྐྱེན་ངན་ལམ་དུ་འཁྱེར་བ་ལ། གཉིས་པ་ལ་བཞི། མི་འདོད་པའི་ཆོས་བཞི་ལམ་དུ་འཁྱེར་བ་དང༌། བཟོད་དཀའ་བ་གཉིས་ལམ་དུ་འཁྱེར་བ། འབྱོར་རྒུད་གཉིས་ལམ་དུ་འཁྱེར་བ། ཆགས་སྡང་གཉིས་ལམ་དུ་འཁྱེར་བའོ། །དང་པོ་ལ་བཞི། མ་རྙེད་པ་ལམ་དུ་འཁྱེར་བ། སྡུག་བསྔལ་བ་ལམ་དུ་འཁྱེར་བ། མི་སྙན་པ་ལམ་དུ་འཁྱེར་བ། སྨད་པ་ལམ་དུ་འཁྱེར་བའོ། ། དང་པོ་ནི་རྩ་བ་ལས།

སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང༌། །

ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས། དོན་ནི། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོ་སྐབས་ཤིག་བཀའ་ཆོས་གནང་བ་སོགས་ཀྱི་སླད་དུ་སྦྱིན་བདག་ཅིག་གིས་གདན་ཞུས་བྱས་པ་ལྟར་སྟོད་ཁུལ་དུ་ཕེབས་ཤིང༌། སྐབས་དེར་སྦྱིན་བདག་གིས་འབུལ་བ་ཡང་གང་འཚམས་བྱུང་བ་ཡིན། བཀའ་ཆོས་ལེགས་གྲུབ་ཟིན་ནས་དངུལ་ཆུ་རི་ཕུག་ཏུ་ཕྱིར་ལོག་ཕེབས་པའི་ལམ་དུ་ཇག་པ་དང་འཕྲད་ཅིང༌། སྐབས་དེར་ཇག་པས་རྒྱལ་སྲས་ཐོགས་མེད་བཟང་པོའི་སྐུ་ཆས་ཇི་ཡོད་རྣམས་འཕྲོག་སྐབས་རིན་པོ་ཆེས་ཐུགས་དགྱེས་བཞིན་དུ་འདི་འཁྱེར་དང༌། འདི་ཡང་འཁྱེར་ཞེས་སྐུ་ཆས་གང་ཡོད་ཐམས་ཅད་ཇག་པར་གསོལ་རས་གནང་བ་དང༌། ཇག་པ་རྣམས་ཀྱང་སྐྱིད་ཐག་ཆོད་ནས་ལམ་གྱི་ཕྱོགས་གཞན་ཞིག་ནས་འགྲོ་སྐབས། རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་ནས་ཇག་པ་རྣམས་ལ་ལམ་དེ་ནས་ཕྱིན་ན་རྒྱལ་སྲས་ཐོགས་མེད་བཟང་པོ་རང་ཉིད་ཀྱི་ངོ་མཁྱེན་པའི་སྦྱིན་བདག་མང་པོ་ཞིག་ཡོད་པས་ཁྱེད་རང་རྣམས་ལ་དཀའ་ངལ་འཕྲད་སྲིད་པས་ཁྱེད་རྣམས་ལམ་གཞན་ཞིག་ལམ་སྟོན་གནང་སྟེ་འདི་ནས་སོང༌། འདི་ནས་ཕྱིན་ན་ཁྱེད་རང་རྣམས་ལ་ཉེན་ཁ་གང་ཡང་ཡོང་གི་མ་རེད་ཅེས་གསུངས་ཡོད། དངོས་གནས་བྱས་ན་རིན་པོ་ཆེར་འབུལ་བ་བྱུང་བ་རྣམས་ཇག་པས་འཕྲོགས་པ་ཡིན་སྟབས་ཇག་པ་རྣམས་སྦྱིན་བདག་ཡོད་སའི་ཕྱོགས་སུ་འགྲོ་སྐབས་གསང་བའི་ཐོག་ནས་ལན་ཞིག་བཏང་སྟེ་ངའི་ཅ་དངོས་གང་ཡོད་ཐམས་ཅད་ཇག་པ་དེ་དག་གིས་འཕྲོགས་སོང་བས་རྡུངས་ཤོག་ཅེས་ལན་བསྐུར་དགོས་པ་ཞིག་ཡིན་ཡང༌། དེ་ལྟར་གནང་རྒྱུའི་ཚབ་ཏུ་ཤ་ཚ་གནང་སྟེ་འདི་ནས་མ་འགྲོ་ལམ་འདི་ནས་རྒྱུགས་ཞེས་ལམ་སྟོན་བཀའ་སློབ་གནང་བའི་ལོ་རྒྱུས་ཡོད།

    ལྷག་པར་རྒྱལ་སྲས་ཐོགས་མེད་བཟང་པོ་རང་ཉིད་གསོལ་ཀྲུམ་མི་བཞེས་པར་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཧ་ལས་པ་གནང་གི་ཡོད་སྟབས། ཁོང་གི་ཉེ་འཁྲིས་སུ་སྤྱང་གུ་ཞིག་དང༌། ཁྱི་གཅིག ལུག་གཅིག་བཅས་ཡོད་པ་ལས་སྤྱང་གུ་དེ་ཡང་ཤ་མི་ཟ་མཁན་ཞིག་ཆགས་པ་དང༌། སེམས་ཅན་གསུམ་པོ་རྣམས་ཕན་ཚུན་གནོད་འཚེ་དང་ཞེད་སྣང་གང་ཡང་མེད་པར་སྤུན་ཉེ་ལྟར་མཉམ་སྡོད་བྱེད་ཀྱི་ཡོད། ཁོང་གི་ཉེ་འཁྲིས་ཀྱི་ཁོར་ཡུག་ཀྱང་ཞི་བདེའི་ཁོར་ཡུག་དེ་ལྟ་བུ་ཞིག་ཡོད། དེས་ན་སྐབས་འདིར་སུས་ཀྱང་རང་གི་རྒྱུ་དངོས་འཕྲོག་མཁན་ཞིག་བྱུང་ཡང་དེ་ལ་བསྔོས་དགོས་པ་ཡིན་ཞེས་གསུངས་པ་ཡིན།

སྡུག་བསྔལ་ལམ་དུ་འཁྱེར་བ།

བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང༌། །

སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། ། 

ཞེས་པ་ལྟར་སྔར་བཀའ་གདམས་པའི་དགེ་བཤེས་གླང་ཤར་གཉིས་ལས་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེ་མཆོག་འཆད་ཉན་གནང་བཞིན་པའི་སྐབས་གླང་རི་ཐང་པར་མི་དགའ་བའི་མི་ཞིག་གིས་ཕྲུ་གུ་དཔང་དུ་ཐོགས་པའི་བུད་མེད་ཅིག་ཁོང་གི་དྲུང་དུ་བཏང་ཞིང༌། བུད་མེད་དེས་དཔང་དུ་ཡོད་པའི་ཕྲུ་གུ་དེ་ཉིད་དགེ་བཤེས་གླང་རི་ཐང་པའི་བཞུགས་ཁྲིའི་ཐོག་ཏུ་བཞག་སྟེ། ཁྱོད་རང་གི་བུ་དེ་འདིར་ཡོད་ཅེས་བརྗོད་དུ་བཅུག་པ་ཡིན། དགེ་བཤེས་གླང་རི་ཐང་པས་ལགས་སོ་ཞེས་གསུངས་པ་ཡིན། དེ་ནས་དགེ་བཤེས་གླང་རི་ཐང་པས་ཕྲུ་གུ་དེ་ཉིད་བདག་པོ་སྐྱོན་ནས་བཞུགས་ཤིང༌། སྐབས་ཤིག་ཏུ་བུད་མེད་དེ་འགྱོད་པ་དྲག་པོ་སྐྱེས་ནས༌། ཨ་ཙི་ངས་མི་ངན་གྱི་ཁ་ལ་ཉན་ནས་ཚད་ལྡན་གྱི་དགེ་བཤེས་འདི་ལྟ་བུ་ཞིག་ལ་ངས་སྨ་ཕབ་པ་ལྟ་བུ་བྱས་ཀྱང༌། ཁོང་ལ་ཚོར་བ་གང་ཡང་མི་འདུག་སྙམ་ནས་འགྱོད་པ་སྐྱེས་ནས་ཉིན་ཞིག་བུད་མེད་དེ་དགེ་བཤེས་གླང་རི་ཐང་པའི་སྐུ་མདུན་དུ་བཅར་ནས་སྔར་ངས་དགེ་བཤེས་ཁྱོད་ལ་སྐྱོན་འཛུགས་བྱས་པ་དེར་འགྱོད་པ་སྐྱེས་སོང༌། དེ་ནི་ང་རང་གི་ཕྲུ་གུ་ཡིན། དགོངས་དག་ཅེས་བརྗོད་ནས་ཕྲུ་གུ་འཁྲིད་ནས་ཕྱིན་པ་ཡིན། ཡང་དགེ་བཤེས་གླང་རི་ཐང་པས་ལགས་སོ་ཞེས་གསུངས་པ་ལས་དེ་མིན་ཚོར་བ་གང་ཡང་མེད་པ་ཡིན།

    དེས་ན་དངོས་གནས་བློ་སྦྱངས་པའི་མི་དེ་ཚོའི་རིགས་ལ་དགྲ་ཞིག་བྱུང་ཡང་དེའི་འཕྲལ་སེལ་གྱི་སྤྱོད་ལམ་ལ་མ་གཟིགས་པར། དགྲ་བོ་དེ་ཉིད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་ཡིན་པ་དང༌། ད་དུང་དགྲ་བོ་དེ་ཞེ་སྡང་དང་ཉོན་མོངས་ཀྱི་གཞན་དབང་དུ་སོང་འདུག་དགོངས་པའི་ཐོག་ནས་སྙིང་རྗེ་སྐྱེ་གི་ཡོད། དཔེར་ན། ང་རང་ཚོས་འདི་ལྟར་བསམ་བློ་བཏང་ན་ཕན་གྱི་ཡོད།

    དཔེར་ན། སྔ་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ཡི་དོན་རྐྱེན་བྱུང་བའི་སྐབས་དེར་དངངས་སྐྲག་ཧ་ཅང་ཆེན་པོ་བྱུང༌། སྔར་ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ ཚེས་ ༡༠ ཡི་དོན་རྐྱེན་བྱུང་བའི་སྐབས་ཀྱི་ཚོར་བ་ལྟ་བུ་ཞིག་བྱུང༌། བྱེད་ཐབས་གང་ཡང་མེད་ཀྱང་དངངས་སྐྲག་གི་ཐོག་ནས་གང་དྲག་ཅི་དྲག་གཞིས་ལུས་བོད་མི་རྣམས་སྡུག་བསྔལ་མྱང་གི་རེད། རྒྱ་མིས་དྲག་གནོན་བྱེད་ཀྱི་རེད་བསམ་པའི་དངངས་སྐྲག་སྔར་ལྔ་བཅུ་ང་དགུའི་ལོར་བྱུང་བ་ལྟ་བུ་ཞིག་བྱུང༌། མི་འདྲ་བའི་ཁྱད་པར་གཅིག་ནི་ངོས་རང་གི་སྲོག་ལ་འཇིགས་སྣང་མེད་པ་དེ་ཡིན། སྔར་ལྔ་བཅུ་ང་དགུའི་ལོར་ངོས་རང་གི་སྲོག་ལའང་འཇིགས་སྣང་ཡོད་པ་ཡིན། དེ་འདྲ་ཡོང་བའི་སྐབས་སུ་རྒྱའི་དཔོན་རིགས་རྣམས་ཆེད་དུ་གསལ་བཏབ་ནས་དེ་རྣམས་ཉོན་མོངས་ཀྱི་གཞན་དབང་དུ་སོང་བ་དང༌། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་ཡང་བླང་དོར་གོ་ལོག་ཏུ་སྤྱད་པ་སོགས་ལ་བསམ་བློ་བཏང་བ་དང༌། དེ་བཞིན་གཏོང་ལེན་གྱི་དམིགས་པ་བྱས་པ་ཡིན། དེ་ལྟར་བྱེད་སྐབས་ཕན་ཐོགས་ཆེན་པོ་ཡོང་གི་འདུག ལག་ལེན་ངོ་མའི་ཐོག་ཏུ་དེས་ཕན་ཐོགས་གང་ཡང་མེད་ཀྱང༌། རང་ཉིད་ཀྱི་བསམ་བློ་མ་འཁྲུག་པར་བསམ་བློའི་ཞི་བདེར་གནས་ཐབས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ལས།

བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །

    ཅེས་གསུངས་པ་ལྟར་གཏོང་ལེན་གྱི་དམིགས་པ་དེ་ལྟར་བྱེད་སྐབས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང༌། ནམ་རྒྱུན་ང་རང་ཚོའི་ཁ་དཔེར་ཡང༌། ཚིག་པ་ཟ་ན་ཚིག་རྡོག་ལ་སོ་རྒྱོབས་ཞེས་བརྗོད་པ་ལྟར་ཡིན། ཚིག་པ་ཟ་ན་ཚིག་པ་ཟ་ས་དེར་མང་པོ་བརྗོད་པ་ལས་རང་ཉིད་ཀྱི་ཚིག་རྡོག་ལ་སོ་བརྒྱབ་ནས་བསྡད་ན་དྲག་པ་ཡོད།

མི་སྙན་པ་ལམ་དུ་འཁྱེར་བ།

འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ན་ཡང༌། །

བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །

    སྨད་པ་ལམ་དུ་འཁྱེར་བ།

འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང༌། །

དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །

༢༽ བཟོད་པར་དཀའ་བ་གཉིས་ལམ་དུ་འཁྱེར་བ།

    གཉིས་པ་བཟོད་པར་དཀའ་བ་ལམ་དུ་འཁྱེར་བ་ལ་གཉིས། དྲིན་ལན་ལོག་འཇལ་ལམ་དུ་འཁྱེར་བ་དང༌། བརྙས་ཐབས་བྱེད་པ་ལམ་དུ་འཁྱེར་བའོ། །དང་པོ་ནི། རྩ་བ་ལས།

བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང༌། །

ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །

བརྙས་ཐབས་བྱེད་པ་ལམ་དུ་འཁྱེར་བ།

    གཉིས་པ་བརྙས་ཐབས་བྱེད་པ་ལམ་དུ་འཁྱེར་བ་ནི། རྩ་བ་ལས།

རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང༌། །

བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་ནང་དུ། ང་རང་ཚོ་སྙིང་རྗེ་སྒོམ་མཁན་མཁན་གྱིས་ཞེ་སྡང་ལ་ཉེས་དམིགས་སུ་བལྟས་ནས་ཞེ་སྡང་སྡོམ་དགོས་པ་ཡིན། དེ་ཡང་ཞེ་སྡང་སྡོམ་པ་ལ་ཞེ་སྡང་སྐྱེས་ནས་སྡོམ་དགོས་པ་ལས། ཞེ་སྡང་ཡོང་ས་མེད་པ་ཞིག་ལ་ཞེ་སྡང་སྡོམ་ཞེས་པ་དེ་དགོས་པ་གང་ཡང་མེད། ཞེ་སྡང་ངམ་ཁོང་ཁྲོ་ཡོང་ས་ནི་དགྲ་ཡིས་རང་ལ་གནོད་པ་བྱེད་སྐབས་ཞེ་སྡང་སྐྱེ་གི་ཡོད། དེས་ན་བྱང་ཆུབ་སེམས་ལ་ཉམས་ལེན་བྱེད་མཁན་གྱི་མི་གཅིག་ལ་བཟོད་པའི་ཉམས་ལེན་བྱེད་པ་ལ་དགྲ་བོ་དགོས་པས། བསམ་བློ་ཡག་པོ་ཞིག་བཏང་ན་དངོས་གནས་དགྲ་བོ་དེ་ཕ་རོལ་པོའི་ངོས་ནས་རང་ལ་ཕན་འདོགས་འདོད་ཀྱི་བློ་གང་ཡང་མེད་ཀྱང༌། རང་ཉིད་ལ་ཕན་ཐོགས་མཆོག་ཏུ་གྱུར་པའི་ཡུལ་ཆགས་ཀྱི་ཡོད། དེ་ལྟར་བསམ་བློ་བཏང་ན་དགྲ་བོ་དེ་དགེ་བའི་བཤེས་གཉེན་མཆོག་ཏུ་གྱུར་པ་རེད་ཅེས་གསུང་གི་ཡོད། དེ་ནི་རང་ག་བའི་སྙན་ངག་གི་སྐད་ཆ་མིན། དངོས་གནས་ལག་ལེན་ངོ་མ་བསྐྱལ་ནས་བསམ་བློ་ཞིག་བཏང་ན། སེམས་ཀྱི་ཞི་བདེ་སྲུང་བའི་གཙོ་བོ་འདི་ཡིན། སེམས་ཀྱི་ཞི་བདེ་དཀྲུག་མཁན་ནི་དགྲ་བོས་དཀྲུགས་ཀྱི་ཡོད། ཡིད་མི་བདེ་སྐྱེ་ཞིང༌། རང་དང་རང་གི་གཉེན་ལ་གནོད་པ་བྱས་པ་དང༌། མི་སྙན་པར་བརྗོད་པ། བསྙེན་བཀུར་ལ་བར་ཆད་བྱེད་པ་སོགས་ཀྱིས་ཡིད་མི་བདེ་བ་སྐྱེ་གི་ཡོད། ཡང་རང་དང་མི་དགའ་བའི་དགྲ་དང་དགྲ་ཡི་ཕྱོགས་ལ་རྙེད་པ་བྱུང་བ་དང༌། བསྟོད་པ་དང་སྙན་གྲགས་བྱུང་བ་སོགས་ལ་མི་དགའ་བ་ཡོང་གི་ཡོད། དེ་དག་རོ་མཉམ་ནས་ཡིད་མི་བདེ་སྐྱེ་བའི་རིགས་རྣམས་རོ་མཉམ་ནས་ཡོང་སྐབས་ཞེ་སྡང་སྐྱེ་བའི་རྒྱུ་ཤུགས་ཆུང་དུ་འགྲོ་གི་ཡོད། ཞེ་སྡང་སྐྱེས་ན་དཀའ་ངལ་དེ་སེལ་ཐུབ་པ་གང་ཡང་མེད། དཔེར་ན། ང་ཚོ་བོད་པའི་གནས་ཚུལ་ལ་ཆ་བཞག་ན། རྒྱ་མིར་ཁོང་ཁྲོ་ཟས་ནས་རླུང་ནས་བསྡད་ན་རང་ཉིད་ཀྱི་གཉིད་ཀྱང་མེད་པར་ཆགས་པ་དང༌། ཁ་ལག་ལའང་བྲོ་བ་དེ་ཙམ་མེད་པར་ཆགས་ཀྱི་ཡོད། རླུང་ལངས་ནས་བསྡད་ན་བྱེད་རྒྱུ་གང་ཡང་མེད། དེས་རྒྱ་མི་གུང་ཁྲན་ལ་གནོད་ཀྱི་མེད། དེ་ལས་བློ་ལྷོད་ལྷོད་ཀྱི་ཐོག་ནས་ཐབས་ཤེས་གང་ཞིག་བྱེད་དགོས་མིན་ལ་བསམ་བློ་ཡག་པོ་ཞིག་བཏང་ན་དེ་ལེགས་པ་ཡོད། དཔེར་ན། གྲོང་པ་ཁྱིམ་མཚེས་གཅིག་གིས་ང་ལ་མི་དགའ་བ་བྱུང་ན། གྲོང་པ་ཁྱིམ་མཚེས་དེས་ང་ལ་འདི་དང་འདི་བྱས་བྱུང་བསམ་པའི་ཐོག་ནས་ཁོང་ཁྲོར་བསམ་བློ་བཏང་ནས་བསྡད་ན་རང་ཉིད་སེམས་མ་སྐྱིད་པ་དང༌། ག་དུས་ཡིན་ཡང་དབུགས་རིང་བཏང་སྟེ་ཚིག་པ་བཟས་ནས་བསྡད་ན། སུ་ལ་གནོད་ཅེ་ན། རང་ཉིད་ཀྱི་ནང་མི་རྣམས་ལ་གནོད་ཀྱི་ཡོད། ཚིག་པ་ཁྱིམ་མཚེས་ལ་བཟས་ནས་རླུང་རང་གི་ནང་མིར་བསྟན་གྱི་ཡོད། དེས་ན་རང་གི་ནང་མི་དང༌། དགའ་ཉེ་བློ་དཀར་རྣམས་ལ་གྱོང་རག་པ་ལས། གྲོང་པ་ཁྱིམ་མཚེས་གནོད་པ་བྱེད་མཁན་དེར་གནོད་རྒྱུ་གང་ཡང་མེད། རིམ་བཞིན་གནས་ཚུལ་དེ་ཁྱིམ་མཚེས་དེས་གོ་ན། ངས་གནག་བྱེད་སའི་མི་དེ་ད་ཆ་སེམས་འཁྲུགས་ནས་ཁོས་ནང་མི་ཚང་མར་རྒྱག་རེས་བརྒྱབ་ནས་སྡོད་ཀྱི་འདུག ཁོ་དབུགས་རིང་ཁོ་ན་བཏང་ནས་སྡོད་ཀྱི་འདུག ཁོ་གཉིད་ཀྱང་ཡག་པོ་མ་ཁུག་པར་ཨེམ་རྗེ་སྐད་གཏོང་གི་འདུག་ཅེས་པའི་གནས་ཚུལ་གོ་ན་དགྲ་བོ་དེ་དགའ་པོ་ཡོང་གི་ཡོད། ད་ནི་ཕན་པོ་ཡོང་བསམ་པ་དྲན་ཉེན་ཡོད། དེ་ལས་དགྲ་བོ་དེས་རང་ལ་གནོད་པ་གང་ཞིག་བྱས་ཀྱང༌། རང་ཉིད་སེམས་མ་འཁྲུག་པར་ལྷོད་ལྷོད་བྱས་ནས་བསྡད་པ་དང༌། གནག་པོ་གང་ཞིག་བྱེད་རྒྱུ་འདུག་གམ་བསམ་བློ་ཡག་པོ་ཞིག་བཏང་ནས་བཟོ་ལྟ་བཟོས་ན་དེ་ནི་མཁས་པ་ཡིན། དེ་ལྟར་བྱེད་དགོས་པ་ལས། དགྲ་བོ་དེས་ང་ལ་གནོད་ཀྱི་སྐྱེལ་གྱི་འདུག་ཅེས་རང་ཉིད་རླུང་ལངས་ནས་རང་གི་མགོ་ལ་མུར་རྫོག་ཞུས་ནས་བསྡད་ན་བྱབ་ཆུང་བ་ཡིན། ལྐུགས་པ་ཡིན། སྤྱིར་བཏང་གི་འཇིག་རྟེན་གྱི་འགྲོ་སྟངས་ལྟར་བཤད་ཀྱང་དེ་ལྟར་ཡིན།

    སྔར་ངོས་རང་ཆུང་ངུའི་སྐབས་སུ་ལྷ་སར་ཕུན་རབ་མཁན་ཆེན་ཞུ་བའི་གཞུང་ཞབས་པ་ཞིག་ཡོད། ཁོང་ནམ་རྒྱུན་རླུང་དེ་ཙམ་ལངས་རྒྱུ་མེད་ཅིང༌། རླུང་ལངས་ན་གད་མོ་བགད་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག མགོ་འཕུར་འཕུར་བྱས་ནས་ཨ་ཙི་གང་འདྲ་ཡིན་ནམ་ཞེས། པུས་མོའི་ཐོག་ཏུ་ཡང་ཅུང་ཟད་རེ་ཞུས་ནས་གད་མོ་བགད་ཀྱི་རེད། དེ་དུས་ཕུན་རབ་པ་གཏིང་ནས་རླུང་ལངས་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག

    ཡང་སྔར་ཡོངས་འཛིན་གླིང་རིན་པོ་ཆེས་བཀའ་གནང་བ་ཞིག་ལ། གླིང་རིན་པོ་ཆེ་རང་ཉིད་ཀྱིས་གསོལ་ལྕོག་བཟོས་པ་གནང་གི་ཡོད་ཅིང༌། ཕྱག་གཡོན་མས་སོག་ལེ་དང༌། འབུ་ལན་རྒྱག་པ་སོགས་གནང་གི་ཡོད། གསོལ་ལྕོག་བཟོས་ནས་ཚོན་རྩི་དེ་རྒྱ་རྩི་གཏོང་གི་ཡོད། སྐབས་དེར་ལྷ་སར་རྒྱ་རྩི་གཏོང་མཁན་གྱི་རྒྱ་མི་ཞིག་ཡོད། ཉིན་གཅིག་ཡོངས་འཛིན་གླིང་རིན་པོ་ཆེའི་ཞབས་ཕྱི་ཞིག་རྒྱ་མི་དེའི་སར་རྩི་གཏོང་རྒྱུ་ཞིག་སྐྱེལ་བར་བཏང་བ་ཡིན་ཞེས་གསུང་གི་འདུག རྒྱ་མིས་དེས་ཙོག་པུར་བསྡད་ནས་དཀར་ཡོལ་ཆག་ཧྲུག་ཅིག་ལག་ཏུ་ཉར་ནས་སེམས་འཁྲལ་ཆེན་པོ་བྱས་ནས་བསྡད་འདུག་ཅིང༌། གང་ཞིག་བྱས་པ་རེད་དམ་ཞེས་འདྲི་སྐབས། རྒྱ་མི་དེས་རླུང་ལངས་ནས་དཀར་ཡོལ་ས་ལ་བརྡབས་ཤིང༌། རླུང་ཞི་རྗེས་འགྱོད་པ་ཆེན་པོ་སྐྱེས་ནས་དཀར་ཡོལ་ཆག་ཧྲུག་དེར་ལག་པ་འཆང་ནས་བསྡད་འདུག་ཅེས་གསུང་གི་འདུག དེས་ན་རླུང་ལངས་སྐབས་རྒྱུ་མཚན་ལ་བསམ་བློ་གཏོང་རྒྱུ་གང་ཡང་མེད། སྐབས་དེར་རླུང་ལངས་ཐོག་ལ་གང་དྲན་བྱས་པ་ཞིག་ཡིན།

    ཡང་ངོས་ནས་ནམ་རྒྱུན་རྟག་ཏུ་བརྗོད་ཀྱི་ཡོད།  སྔར་ལྷ་སར་ཡོད་སྐབས་ངོས་རང་གི་མོ་གྲ་གཏོང་མཁན་གཉིས་ཡོད། གཅིག་ནི་འབའ་བུ་བཀྲ་ཤིས་ཚེ་རིང་ཡིན་ལ། རྗེས་སུ་རྒྱ་གར་དུ་སླེབས་ཡོད། བཀྲ་ཤིས་ཚེ་རིང་གི་ནང་མི་འགའ་ཞིག་ད་ལྟའང་རྒྱ་གར་ནང་ཡོད། གཅིག་ནི་ལྷམ་པ་ཞེས་པའི་མགོ་དམར་བ་ཞིག་ཡོད། རླུང་ཧ་ཅང་ལངས་པོ་ཞིག་ཡོད། ཉིན་ཞིག་མོ་གྲའི་འོག་ཏུ་སྐྱོན་ཤོར་ནས་མོ་གྲ་བཟོ་སྐབས། མོ་གྲའི་འོག་ཏུ་འཛུལ་ནས་བཤིག་སྒྲིག་གི་ལས་ཀ་བྱེད་ཡག་ཉེས་ཤིག་ལ་ཁོ་རང་གི་མགོ་དམར་པོ་དེ་མོ་གྲར་བརྡབ་ཅིང༌། སྐབས་དེར་རླུང་ལངས་ནས་ཡང་བསྐྱར་མགོ་བརྡབ་སྐྱོར་རྒྱག་གི་འདུག་ཅེས་བརྗོད་ཀྱི་འདུག ཁོ་རང་གི་སྤུ་མེད་པའི་མགོ་དམར་པོ་དེ་བརྡབ་སྐྱོར་བརྒྱབ་ན་ཁོ་རང་གྱོང་ཡིན་པ་ལས་མོ་གྲར་གང་ཡང་གནོད་རྒྱུ་མེད། དེས་ན་རླུང་ལངས་ན་དེ་ལྟར་ཡིན། མི་སྨྱོན་པ་ཆགས་ནས་རིགས་གང་ཡང་བརྩི་ས་མེད་པ་ཆགས་ཀྱི་ཡོད། རླུང་རྩ་བ་ནས་མ་ལངས་པར་ལྷོད་ལྷོད་བྱས་པ་དང༌། གལ་སྲིད་བཟོ་ལྟ་ཞིག་བཟོ་དགོས་བྱུང་ན་ཡང༌། རླུང་མེད་པའི་ཐོག་ནས་བཟོ་ལྟ་བཟོས་ན་གནས་ལ་འཁེལ་བ་ཡོང་བ་ཡིན། རླུང་ལངས་ནས་བཟོ་ལྟ་ཞིག་བཟོ་བར་ཕྱིན་ཀྱང་གནད་ལ་འཁེལ་བ་གང་ཡང་མི་ཡོང་བ་ཡིན། དཔེར་ན། རྒྱ་མིས་སྐྱོན་བཙུགས་བྱས་པ་མང་པོ་ཞིག་ཁོ་རང་ཚོ་རླུང་ལངས་ནས་གང་བྱུང་བཤད་པ་ཞིག་ཡིན་སྟབས། ཁོང་རང་ཚོ་རྫུན་ཤོད་མཁན་ཞིག་ཆགས་པ་ལས། འཛམ་གླིང་ཐོག་ཡིད་ཆེས་བྱེད་མཁན་མེད་ལ། རྒྱ་མི་ཁོ་རང་ཚོ་ཡང་ཡིད་ཆེས་ཀྱི་མེད། བར་ལམ་ང་དང་རྒྱ་མི་མང་པོ་ཞིག་ཐུག་འཕྲད་བྱེད་ཀྱི་ཡོད་པས་བློ་གཟུ་བོར་གནས་པའི་རྒྱ་མི་རྣམས་ཀྱིས་བོད་པར་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག དཔེར་ན། ཝང་ལི་གཞུང་དེ་རིང་འདིར་སླེབས་ཡོད་པ་ལྟར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་དག་ང་ཚོ་འཕྲལ་དུ་ཐུག་འཕྲད་བྱུང་སྟེ་དགའ་པོ་བྱས་པ་ཙམ་མིན། དཔེར་ན་ཝང་ལི་གཞུང་ལྟ་བུར་ཆ་མཚོན་ན། འདས་པའི་ལོ་མང་པོའི་ནང་བོད་པའི་ཐོག་ཏུ་དངོས་གནས་དྲང་བདེན་གྱི་ཐོག་ནས་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད། དེ་དང་དེས་མཚོན་པའི་རྒྱ་མི་མང་པོ་ཞིག་ཡོད། ལྷག་པར་སྔ་ལོའི་གནས་ཚུལ་བྱུང་བའི་རྗེས་སུ་རྒྱ་མིའི་མཁས་དབང་དང༌། རྩོམ་པ་པོ་མང་པོ་ཞིག་དང་ཐུག་འཕྲད་བྱུང་ཡོད། ཧ་ཅང་གི་ཡག་པོ་རེད་འདུག དཔེར་ན། ང་ཚོས་ཤེས་ཚོད་ལྟར་ན་སྔ་ལོའི་གནས་ཚུལ་བྱུང་བ་ནས་ད་ལྟ་བར་དུ་ཕལ་ཆེར་རྒྱ་མིའི་རྩོམ་པ་པོས་རྒྱ་ཡིག་ཐོག་རྩོམ་ཡིག་ལྔ་བརྒྱ་ལྷག་ཙམ་བྲིས་འདུག དེ་དག་ཚང་མ་བོད་པར་རྒྱབ་བསྐྱོར་དང་ཤ་ཚ། བོད་པའི་བདེན་རྒྱབ་བྱེད་མཁན་ཤ་སྟག་ཡིན། དེ་ནི་ང་ཚོའི་བདེན་པའི་ནུས་པ་རིམ་བཞིན་གསལ་ཡོང་གི་ཡོད་པ་ཡིན། རང་ཉིད་ཀྱིས་ལྷག་བསམ་རྣམ་དག་བྱེད་དགོས་པ་ལས་རླུང་ལངས་ནས་བསྡད་ན་ཡོང་ཐབས་རྩ་བ་ནས་མེད། ལྷག་པར་ང་ཚོས་དབུ་མའི་ལམ་ཞེས་བརྗོད་ཀྱི་ཡོད་པ་ལྟར་གཉིས་ཕན་ཞིག་བསམ་བློ་གཏོང་གི་ཡོད་པས་དེའི་འབྲས་བུ་ཞིག་སྨིན་ཡོང་གི་ཡོད། དེ་དག་ནི་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འབྲེལ་བ་ཡོད་པ་ཡིན། ངའི་ངོ་ཤེས་འགའ་ཞིག་གིས་སྤྱོད་འཇུག་གི་ཉམས་ལེན་བྱས་ན་བོད་རང་བཙན་ཐོབ་པ་མི་འདུག་ཅེས་བརྗོད་མཁན་བྱུང༌། དེ་ནི་མ་ཤེས་པའི་སྐད་ཆ་ཡིན།

    བྱང་ཆུབ་སེམས་དཔའ་རྣམས་ནི་ཧ་ལས་པ་ཤིག་ཡིན། བྱང་ཆུབ་སེམས་དཔའི་ཕྱིན་དྲུག་གི་སྤྱོད་པ་སྔགས་དང་འབྲེལ་ནས་ཡོང་ན། ཞི་སོགས་ཀྱི་ལས་རབ་འབྱམས་སྒྲུབ་པ་སོགས་གསུང་གི་ཡོད་པ་རྣམས་ནི་ཧ་ལས་པ་ཤིག་ཡིན། དེ་ཐམས་ཅད་བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་པ་དང༌། ཕན་སེམས་འབའ་ཞིག་གིས་ཀུན་ནས་བསླངས་ཏེ། གནས་སྐབས་ཀྱི་བྱེད་ཐབས་འདྲ་མིན་མང་པོ་ཞིག་གསུངས་ཡོད། དེ་ནི་བསམ་པ་གཙོ་ཆེ་བ་ཡིན། སྦྱོར་བ་བཟང་ངན་ནི་བསམ་པ་བཟང་ངན་ལ་རག་ལུས་པ་ཞིག་ཡིན། རྗེ་བདག་ཉིད་ཆེན་པོས།

བསམ་པ་བཟང་ན་ས་དང་ལམ་ཡང་བཟང༌། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །

ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ནམ་ཡང་བསམ་པ་བཟང་བར་ནན་ཏན་འཚལ། །

    ཞེས་གསུངས་པ་ལྟར་སྦྱོར་བ་བཟང་ངན་དང༌། འཚེ་བ་དང་འཚེ་བ་མེད་པ་བཅས་ཀྱི་རྩ་བ་ནི་བསམ་པ་ལ་ཐུག་ཡོད། སྙིང་རྗེས་ཀུན་ནས་བསླངས་པའི་མངོན་སྤྱོད་ཡིན་ཡང༌། དེ་ནི་དོན་གྱི་འཚེ་བ་མེད་པ་ཡིན། ཉོན་མོངས་ཀྱི་ཀུན་ནས་བསླངས་ཏེ་གཞན་ལ་བསྟོད་བསྔགས་བྱེད་པ་དང༌། གཞན་ལ་སྦྱིན་པ་བཏང་ན་ཡང༌། ཉོན་མོངས་དང་ཞེ་སྡང་གི་ཀུན་ནས་བསླངས་ཏེ་བྱས་ན་དེ་ནི་འཚེ་བ་ཡིན། དེས་ན་བྱང་ཆུབ་སེམས་དཔའི་ལམ་ནི་ཧ་ལས་པ་ཤིག་རེད་འདུག ངས་ནམ་རྒྱུན་རྟག་པར་འདི་ལྟར་ཤོད་ཀྱི་ཡོད། བྱང་ཆུབ་སེམས་དཔའ་རྣམས་ནི། ཞེ་ས་མ་ཞུས་ན་ཧ་ཅང་གི་མགོ་བདེ་པོ་ཡིན། དངོས་གནས་ཕུགས་ཀྱི་རང་དོན་སྒྲུབ་པའི་ཐབས་ཤེས་ཡག་ཤོས་དེ་བཙལ་ཏེ། དེ་ནི་གཞན་ལ་ཕན་བདེ་འབའ་ཞིག་སྒྲུབ་ན་རང་ཉིད་ཁེ་ཕན་ཆེ་ཤོས་དེ་རག་གི་འདུག་ཅེས་གནང་མཁན་དེ་ནི་དངོས་གནས་མཁས་པ་ཡིན། ང་ཚོ་བླ་མ་དཀོན་མཆོག་ཚ་དྲགས་ནས་རྒྱག་རེས་ཤོར་ན་ལམ་སང་མི་ལ་རྒྱག་རེས་བརྒྱབ་པ་དང༌། བདེ་སྐྱིད་དེ་གཞན་ལ་བརྟེན་ནས་ཡོང་གི་ཡོད་པ་གཏིང་བརྗེད་དུ་ཕྱིན་ནས། རང་གི་མགོ་ལ་རང་གིས་རྡོ་བཞུས་པ་ལྟ་བུ་ཞིག་ལས་ཡོང་རྒྱུ་གང་ཡང་མེད། དེས་ན་གོང་གི་ཚིག་བཅད་དེ་གསུངས་པ་ཡིན། དེ་ནས་ཤིན་ཏུ་བཟོད་དཀའ་བ་ནི།

༣༽ འབྱོར་རྒུད་གཉིས་ལམ་དུ་འཁྱེར་བ།

    གསུམ་པ་འབྱོར་རྒུད་གཉིས་ལམ་དུ་འཁྱེར་བ་ལ་གཉིས། རྒུད་པ་ལམ་དུ་འཁྱེར་བ་དང༌། འབྱོར་པ་ལམ་དུ་འཁྱེར་བའོ། ། དང་པོ་ནི། རྩ་བ་ལས།

འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །

འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང༌། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས། དོན་ནི། རྐྱེན་ངན་མང་པོ་ཞིག་བྱུང་ནས་ལྟོ་གོས་ཀྱིས་ཕོངས་ཤིང༌། ནད་དང་ན་ཚས་གདུངས་པ། མི་ཡིས་བརྙས་བཅོས་ཀྱང་བྱས་པ། གཞན་ཡང་གདོན་གྱིས་གནོད་པ་སོགས་ཀྱི་རྐྱེན་ཞིག་བྱུང་ན་ཡང༌། སེམས་པ་བཟང་པོ་བྱ་རྒྱུ་དེ་ལས་གལ་ཆེ་བ་ཞིག་མེད། ཧ་ཅང་ཞུམ་པའི་སྐབས་སུ་ཆོས་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་བརྗེད་པའི་ཉེན་ཁ་ཡོད་པས། དེ་ལ་གཟབ་ནན་བྱེད་དགོས་ཞེས་གསུངས་པ་ཡིན། གཉིས་པ་ནི། རྩ་བ་ལས།

སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང༌། །

སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས། དོན་ནི། ཡང་རང་ཉིད་བྱ་བ་ལམ་འགྲོ་ཆེན་པོ་ཆགས་པ་དང༌། རྒྱུ་དངོས་ཀྱང་གང་འཚམས་བྱུང༌། དཔེར་ན། ང་རང་ཚོའི་དཔེ་ཆ་བ་དག་གི་ནང་དུ་འདི་ལྟར་ཡོང་གི་ཡོད། ཕ་ཡུལ་ས་ཐག་རིང་པོ་ནས་རྒྱུག་ཁུག་འཁྱེར་ནས་གྲྭ་སར་ཡོང་སྟེ་དཔེ་ཆ་བལྟས། གྲྭ་པ་ཉམ་ཆུང་བྱས། དེ་ནས་རིམ་བཞིན་དཔེ་ཆ་ཡག་པོ་ཆགས་པ་དང༌། དགེ་ཕྲུག་ཀྱང་མང་པོ་ཞིག་ཆགས། སྦྱིན་བདག་ཀྱང་གང་འཚམས་བྱུང་སྟེ་ལྟོ་གོས་ཀྱང་དྲག་ཏུ་ཕྱིན་པའི་སྐབས་སུ་ཡང་ང་རྒྱལ་ཚ་རུ་ཕྱིན་པ་དང༌། གཞན་ལ་མཐོང་ཆུང་བྱེད་པ་ལྟ་བུ་ཡོང་གི་ཡོད།

    སྤྱིར་ཡང་ཕྲག་དོག་དང༌། ང་རྒྱལ། འགྲན་སེམས་སོགས་ནི་མི་སྐྱིད་སྡུག་ཕྲན་བུ་དྲག་པའི་ནང་དུ་མང་བ་ཡོད། སྐྱིད་སྡུག་སྐྱོ་བའི་ནང་དུ་ཕྲག་དོག་དང༌། ང་རྒྱལ། འགྲན་སེམས་སོགས་ཉུང་བ་ཡོད། དེ་ནི་ཁྱེད་རང་ཚོ་རྒན་པ་རྣམས་ཀྱིས་ཕལ་ཆེར་ཤེས་ཀྱི་ཡོད། སྔར་ཕྱི་ལོ་ ༡༩༦༠ ནང་དུ་ང་ཚོ་ཚང་མ་སྐྱོ་པོ་བྱས་ནས་བསྡད་ཡོད་སྟབས་ཕ་ཆེར་འཆམ་པ་ཡོད་པ་ལྟ་བུ་ཞིག་འདུག་གམ། སྤུ་གང་འཚམས་སྐྱེས་པ་སོགས་བྱེད་སྐབས་ཕྲག་དོག་དང་འགྲན་སེམས་ཚ་རུ་ཕྱིན་པའི་ཐོག་ནས་མགོ་བདེ་དྲན་འཕྲུལ་བྱེད་མཁན་ཡང་ཅུང་ཟད་མང་དུ་འགྲོ་གི་ཡོད་པ་ལྟ་བུ་ཞིག་ཡོང་གི་འདུག སྤྱི་ཚོགས་གང་དུ་བལྟས་ཀྱང་ཕལ་ཆེར་གཅིག་མཚུངས་ཤིག་ཡིན། དཔེར་ན། གྷ་དྷི་ཡའི་གྲོང་གསེབ་ཀྱི་ནང་དུ་སྡོད་མཁན་རྣམས་ཕལ་ཆེར་བླ་མ་དཀོན་མཆོག་ཚ་བ་དང༌། གྲོང་དང་གྲོང་ཁྱེར་གྱི་ནང་དུ་ཡོད་པ་རྣམས་མགོ་བདེ་དྲན་འཕྲུལ་ཚ་བ་ཡོད། སེམས་ཀྱི་ནང་ནས་རང་ཉིད་ཀྱིས་བསམ་བློ་གཏོང་རྒྱུ་ཞིག་དང༌། དྲན་ཤེས་བག་ཡོད་བསྟེན་ནས་བྱས་ན་ཕྱི་ཡི་རྐྱེན་ལ་མི་བལྟོས་པ་ཡིན། ནང་ནས་དྲན་ཤེས་བག་ཡོད་ཀྱི་བསམ་བློ་གཏོང་རྒྱུ་ཞིག་མ་བྱུང་ན། ཕྱི་ཡི་རྐྱེན་གྱིས་སེམས་ཀྱི་ལེགས་པའི་ཆ་རྣམས་ཤུགས་ཆུང་དུ་འགྲོ་བ་དང༌། སེམས་ཀྱི་ཉེས་པའི་ཆ་རྣམས་མངོན་དུ་གྱུར་ནས་བཙན་དབང་དང་ཐུབ་ཚོད་ཤོད་པ། མགོ་བསྐོར་གཏོང་བ། མགོ་བདེ་དྲན་འཕྲུལ་བྱེད་པ། རྫུན་ཤོད་པ་རྣམས་ཤུགས་ཆེ་རུ་ཕྱིན་ཏེ་བཟང་པོ་བྱེད་རྒྱུ་དང༌། ཕན་སེམས་བྱེད་རྒྱུ་སོགས་ཉུང་དུ་འགྲོ་བ་ཡོང་གི་ཡོད། དེས་ན་གོང་གི་ཚིགས་བཅད་པའི་ནང་གསུངས་པ་ལྟར་དེ་ལྟ་བུའི་ལམ་འགྲོ་ཆེན་པོ་ཡོད་པའི་སྐབས་སུ་གཟབ་ནན་མ་བྱས་ན། ཆོས་པ་རླུང་ལ་རིལ་བའི་ཉེན་ཁ་ཡོད་པས་གཟབ་ནན་བྱེད་དགོས་ཞེས་གསུངས་པ་ཡིན།

སྡང་ཡུལ་ལམ་དུ་འཁྱེར་བ།

    བཞི་པ་ཆགས་སྡང་གཉིས་ལམ་དུ་འཁྱེར་བ་ལ་གཉིས། སྡང་ཡུལ་ལམ་དུ་འཁྱེར་བ་དང༌། ཆགས་ཡུལ་ལམ་དུ་འཁྱེར་བའོ། །དང་པོ་ནི། རྩ་བ་ལས།

རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། །ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །

དེའི་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས། དོན་ནི། གོང་དུ་ཞུས་པ་ལྟར་དགྲ་གཅིག་བཏུལ་ན་དགྲ་གཉིས་ཡོང་བ་དང༌། དགྲ་གཉིས་བཏུལ་ན་དགྲ་བཞི་ཡོང་བ་ཡིན། དབུ་མ་བཞི་པའི་ནང་དུ་འཛམ་གླིང་འདིའི་ཐོག་དཔའ་བོ་བློ་ཁོག་ཡོད་པའི་སུ་གཅིག་གིས་ཀྱང༌། རང་ཉིད་ཀྱི་མི་དགའ་སའི་དགྲ་བོ་ཡོངས་རྫོགས་བཏུལ་ནས་ཕྱིན་ཆད་དགྲ་བོ་ལངས་རྒྱུ་མེད་པ་ཞིག་བཟོས་པ་སུ་གཅིག་ཀྱང་མེད་ཅེས་གསུངས་པ་ནི་དངོས་བདེན་ཡིན། འཛམ་གླིང་འདིའི་སྟེང་ཧི་ཏི་ལ་དང༌། སི་ཏ་ལི། ལེ་ཉིན། མའོ་ཙེ་ཏུང་སོགས་བྱུང་ཡོད། དེ་དག་གིས་རང་ཉིད་ཀྱིས་མི་དགའ་སའི་དགྲ་བོ་རྣམས་དང༌། རྒྱ་མི་དང་ཨུ་རུ་སུར་ཆ་བཞག་ན། ཞྭ་མོ་གཡོགས་པ་སོགས་བྱས་ཏེ་བཙོན་དུ་བཅུག་པ་དང༌། ཉེས་བརྡུང་བཏང༌། ལྟོགས་ཤི་བཏང༌། མུག་བསད་བཏང་བ་སོགས་ཧ་ལས་པ་ཞིག་བྱས་ཀྱང༌། དགྲ་བོར་རྫོགས་རྒྱུ་མེད་པར་མི་དགའ་བའི་མི་རྒྱུན་མ་ཆད་པར་ཡོང་གི་ཡོད། དེས་ན་རང་གི་ཞེ་སྡང་གི་དགྲ་བོ་དེ་མ་ཐུལ་ན། ཕྱི་རོལ་གྱི་དགྲ་མེད་པར་བཟོ་ཐུབ་རྒྱུ་རྩ་བ་ནས་མེད། ཐབས་ཤེས་གཅིག་རང་ཡོད་པ་ནི། བྱམས་བརྩེས་དགྲ་བོ་བཏུལ་ཐུབ་པ་ཞིག་ཡོང་བ་ཡིན། བྱམས་བརྩེས་དགྲ་བོ་འདུལ་བ་ལ། གཞན་ལ་བྱམས་བརྩེ་བྱེད་དགོས། དེ་ལྟར་བྱེད་པ་ལ་ཐོག་མར་རང་རྒྱུད་ལ་བྱམས་པ་དང་བརྩེ་བ་སྐྱེས་དགོས་པ་ཡིན། རང་རྒྱུད་ལ་བྱམས་བརྩེ་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་སྤེལ་བའི་ཐོག་ནས་གཞན་ལ་བྱམས་བརྩེའི་ལུས་ངག་གི་སྤྱོད་པ་ཐོན་པ་ཞིག་བྱེད་དགོས་པ་དེ་གསུང་གི་ཡོད། དེ་ནི་ཞེ་སྡང་གི་གཉེན་པོ་བསྟེན་ཚུལ་དེ་ཡིན།

 ཆགས་ཡུལ་ལམ་དུ་འཁྱེར་བ།

    གཉིས་པ་ནི། རྩ་བ་ལས།

འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །ཇི་ཙམ་སྤྱད་ཅིང་སྲེད་པ་འཕེལ་བར་འགྱུར། །

གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། །འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས་པ་ནི། དངོས་པོ་ལ་ཞེན་ཆགས་མ་བྱེད་ཅེས་གསུངས་པ་ཡིན།

མཉམ་གཞག་ཏུ་སྤྲོས་བྲལ་འཛིན་མེད་བསྒོམ་པ།

    གཉིས་པ་དོན་དམ་བྱང་སེམས་བསྒོམ་པ་ལ་གཉིས། མཉམ་གཞག་ཏུ་སྤྲོས་བྲལ་འཛིན་མེད་བསྒོམ་པ། རྗེས་ཐོབ་ཏུ་ཆགས་སྡང་གི་ཡུལ་ལ་བདེན་ཞེན་སྤང་པའོ། །དང་པོ་ནི། རྩ་བ་ལས།

ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །

དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པ་འདིས་མཉམ་གཞག་གི་སྐབས་སུ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང༌། ང་རང་ཚོར་ཆོས་ཐམས་ཅད་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་གི་ཡོད། དེ་ཡང་ང་ཚོར་ཆོས་ཐམས་ཅད་མིང་བརྡས་ཕར་བཏགས་པ་ཙམ་ཞིག་གཏན་ནས་མི་འཆར་བར་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་གི་ཡོད། དེ་ལྟར་སྣང་བ་ལྟར་དུ་གྲུབ་ཡོད་ན།

སྨིག་རྒྱུ་གལ་ཏེ་ཆུ་ཡིན་ན། །ཉ་པ་རྣམས་ཀྱིས་ཅིས་མི་མཐོང༌། །

    ཞེས་རིན་ཆེན་ཕྲེང་བའི་ནང་དུ་གསུངས་པ་ལྟར་ཇི་ལྟར་སྣང་བ་ནང་བཞིན་བདེན་ན་ཕར་ངོས་ནས་བཏགས་དོན་བཙལ་ན་རྙེད་དགོས་ཤིང༌། བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ཡིན། དཔེར་ན། གང་ཟག་ཅེས་པ་དེ་ཕར་ངོས་སམ་ཕུང་པོའི་ནང་ནས་གྲུབ་ཡོད་ན། རྣམ་པ་བདུན་དུ་བཙལ་ན་རྙེད་དགོས་ཤིང༌། ཕུང་པོ་དང་གཅིག་གམ། ཐ་དད་དམ། ཕུང་པོ་དང་གང་ཟག་ཕན་ཚུན་བརྟེན་པ་དང༌། ལྡན་པ། དབྱིབས་དང༌། ཚོགས་པ་སོགས་ནས་དཔྱད་ནས་བཙལ་ན། ངའམ་གང་ཟག་ཅེས་པ་དེ་ཡག་པོ་ཞིག་བསམ་བློ་བཏང་ན་རྩ་བ་ནས་རྙེད་རྒྱུ་མེད་པ་གསལ་པོ་ཡིན། དེས་ན་བཙལ་ནས་མ་རྙེད་པ་དེ་ཡུལ་སྟེང་ནས་གྲུབ་ཡོད་མེད་བཙལ་བ་ཡིན། སྣང་ཙམ་དེ་ལ་དཔྱད་པ་མིན་པར་སྣང་ཙམ་དེས་མ་འཚིམ་པར་བཙལ་བ་ཡིན། སྣང་ཙམ་དེ་གའི་ངང་ནས་བདག་དང་གཞན་དང༌། སོ་སྐྱེ་དང་འཕགས་པ། སངས་རྒྱས་དང་སེམས་ཅན། བཟང་པོ་དང་ངན་པ་བཞག་གི་ཡོད། རྐྱེན་ཚོགས་པའི་སྟེང་ནས་བཏགས་ཡོད་མིང་རྐྱང་ཙམ་གྱི་ཆོས་དེ་རྣམས་བཞག་གི་ཡོད། དོན་གྱི་ཡིན་ལུགས་སུ་གྲུབ་ཡོད་མེད་དཔྱད་ཕྱིན་ཆད་ལ་རྙེད་རྒྱུ་གཏན་ནས་མེད་པ་ཡིན། དེ་ནི་རང་ངོས་ནས་མེད་པའི་རྟགས་ཡིན་པ་ལས་མེད་པའི་རྟགས་མིན། དེས་ན་ཆོས་ཐམས་ཅད་ནང་སེམས་ལ་བརྟེན་ནས་རྟོག་པས་བཏགས་པ་ལ་བརྟེན་ནས་གྲུབ་པ་ཤ་སྟག་ཡིན། འདོགས་བྱེད་ཀྱི་རྟོག་པ་དེ་ཉིད་ཀྱང་བཙལ་ན་སྐད་ཅིག་སྔ་ཕྱིའི་རྒྱུན་གྱི་ཐོག་ནས་དཔྱད་ན་རྙེད་རྒྱུ་མེད། དེ་ལྟ་བུའི་ངང་ཚུལ་ཤེས་པའི་ཐོག་ནས་གཟུང་བ་དང་འཛིན་པའི་སྤྲོས་པའི་སྣང་བ་དེ་རྣམས་ཞི་ཙམ་དང་དགག་བྱ་ཁེགས་ཙམ་དེ་གའི་ངང་ལ་བློ་རྩེ་གཅིག་ཏུ་གནས་ནས་སྒོམ་པ་ནི། མཉམ་གཞག་ཏུ་སྟོང་ཉིད་བསྒོམས་པ་ཞེས་པ་དེ་ཡིན། དེ་ནས་རྗེས་ཐོབ་ཀྱི་གནས་སྐབས་སུ་བདེན་ཞེན་སྤང་པ་ནི།

ཆགས་ཡུལ་ལ་བདེན་ཞེན་སྤོང་བ།

    གཉིས་པ་ལ་གཉིས། ཆགས་ཡུལ་ལ་བདེན་ཞེན་སྤང་པ་དང༌། སྡང་ཡུལ་ལ་བདེན་ཞེན་སྤང་པའོ། །དང་པོ་ནི། རྩ་བ་ལས།

ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་ན། །དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ། །

མཛེས་པར་སྣང་ཡང་བདེན་པར་མི་ལྟ་ཞིང༌། །ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པ་འདིས་རྗེས་ཐོབ་ཀྱི་སྐབས་སུ་ཡུལ་བཟང་པོ་དང་འཕྲད་སྐབས་དེ་རྣམས་རྨི་ལམ་ལྟ་བུ་དང༌། སྒྱུ་མ་ལྟ་བུ་རེད་བསམ་པའི་ཐོག་ནས་ཞེན་ཆགས་མ་སྐྱེས་པ་བྱེད་དགོས་པ་དང༌། དེ་བཞིན་གཉིས་པ་ནི། རྩ་བ་ལས།

སྡང་ཡུལ་ལ་བདེན་ཞེན་སྤོང་བ།

སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར། །འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད། །

དེའི་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ། །འཁྲུལ་པར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས། དོན་ནི། རྐྱེན་ངན་བྱུང་བའི་སྐབས་སུ་ཡང་དེ་རྣམས་རྨི་ལམ་ལྟ་བུ་དང༌། སྒྱུ་མ་ལྟ་བུར་བལྟས་པའི་ཐོག་ནས་ཞེ་སྡང་མ་སྐྱེས་པ་བྱེད་དགོས་ཞེས་གསུངས་པ་ཡིན། གསུམ་པ་དེ་དག་གི་བསླབ་བྱར་བསླབ་པ་ལ་ལྔ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ། མདོ་ནས་གསུངས་པའི་ཆོས་བཞི་ལ་བསླབ་པ། ཉོན་མོངས་པ་སྤོང་ཚོལ་ལ་བསླབ་པ། དྲན་ཤེས་དང་ལྡན་པས་གཞན་དོན་སྒྲུབ་པ་ལ་བསླབ་པ། དགེ་བ་རྫོགས་བྱང་དུ་བསྔོ་བ་ལ་བསླབ་པའོ། ། དང་པོ་དྲུག་ལས། ཕྱིན་དྲུག་གི་ཉམས་ལེན་ལ་བསླབ་པ་ནི། རྩ་བ་ལས།

ཕར་ཕྱིན་དྲུག་ལ་བསླབ་པ།

བྱང་ཆུབ་འདོད་པས་ལུས་ཀྱང་བཏང་དགོས་ན། །ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས། །

དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི། །སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན། །

ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན། །གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས། །

དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི། །ཚུལ་ཁྲིམས་སྲུང་བ་རྒྱལ་སྲས་ལག་ལེན་ཡིན། །

དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས།།

དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །

རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང༌། །མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན། །

འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི། ། བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན། །

ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །

གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི། །བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་བསམ་གཏན་དང༌། གཟུགས་མེད་ཅེས་པ་དེ་རྣམས་ནི་མི་གཡོ་བའི་ལས་ཞེས་འཁོར་བར་འཁོར་བའི་རྒྱུ་ཡིན། དེ་ལས་ཡང་དག་འདས་པ་ཞེས་པ་ནི། ཐར་པ་དོན་གཉེར་གྱི་བསམ་པས། སྐབས་འདིར་རྣམ་མཁྱེན་དོན་གཉེར་གྱི་བསམ་པས་ཞི་གནས་སྒྲུབ་སྐབས་རྣམ་མཁྱེན་གྱི་རྒྱུར་འགྲོ་གི་ཡོད།

ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །རྫོགས་པའི་བྱང་ཆུབ་འཐོབ་པར་མི་ནུས་པས། །

ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི། །ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་ཐབས་དང་ལྡན་ཞིང་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས་སོགས་ནི་ཐབས་སུ་གསུངས་ཡོད། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཅེས་པ་ནི། སྦྱིན་པ་ལྟ་བུར་མཚོན་ན། སྦྱིན་པ་དང༌། སྦྱིན་བྱ། སྦྱིན་པ་པོ་བཅས་བྱ་བྱེད་ལས་གསུམ་སྟེ། རྟགས་འཇུག་གི་ནང་དུ་བྱ་བྱེད་ལས་གསུམ་ཞེས་བཤད་ཀྱི་ཡོད། དེ་ཡང་ཡུལ་དེ་ལ་བྱེད་པ་པོ་གང་གིས་བྱ་བ་དེ་བསྒྲུབས་ཞེས་བརྗོད་སྐབས། རྟགས་འཇུག་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་ཚིགས་རྐང་དེས་བྱ་བྱེད་ལས་གསུམ་བསྟན་གྱི་ཡོད། དེས་ན་འཁོར་གསུམ་མི་རྟོག་པ་ཞེས་པ་ནི། བྱེད་པ་པོ་དང༌། བྱ་བ། བྱ་བའི་ཡུལ་བཅས་གསུམ་ག་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཤེས་པར་བྱས་ཏེ། དེ་ལྟ་བུའི་སྒོ་ནས་སྦྱིན་པ་གཏོང་བ་དང༌། ཚུལ་ཁྲིམས་བསྲུང་བ། བཟོད་པ་བསྒོམ་པ་བཅས་འཇིག་རྟེན་ལས་འདས་པའི་སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ་བཅས་ཆགས་ཀྱི་ཡོད། འཇིག་རྟེན་ལས་འདས་པ་མིན་ན་ཡང་དེའི་ཕྱོགས་ལྟ་བུ་ཆགས་ཀྱི་ཡོད།

རང་གི་འཁྲུལ་པ་རང་གིས་བརྟགས་ནས་སྤོང་བ།

    རྒྱུན་གྱི་སྤྱོད་ལམ་འཁྱེར་ཕྱོགས་སྐོར་གསུངས་པ་ནི། གཉིས་པ་མདོ་ལས་གསུངས་པའི་ཆོས་བཞི་ལ་བསླབ་པ་ལ་བཞི། རང་གི་འཁྲུལ་པ་རང་གིས་བརྟགས་ནས་སྤོང་བ། བྱང་སེམས་ཀྱི་ཉེས་པ་སྨྲ་བ་སྤོང་བ། སྦྱིན་བདག་གི་ཁྱིམ་ལ་ཆགས་པ་སྤོང་བ། རྩུབ་མོའི་ཚིག་སྨྲ་བ་སྤོང་བའོ། །དང་པོ་ནི། རྩ་བ་ལས།

རང་གི་འཁྲུལ་པ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱི་ཆོས་མིན་བྱེད་སྲིད་པས། །

དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་པ་ལ། །བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། ། 

    རྒྱུན་དུ་རང་གི་སེམས་ལ་རང་གིས་བྱ་ར་བྱས་ནས། ཕྱི་ངོས་སུ་ཉེན་རྟོགས་པ་ཡོད་མེད་ཇི་ལྟར་ཡང༌། རང་གི་སེམས་ལ་རང་གིས་བརྟག་དཔྱད་བྱེད་དགོས་ཤིང༌། དོན་ངོ་མའི་སོ་སྲུང་མཁན་ནི་རང་གིས་རང་ལ་དྲན་ཤེས་བག་ཡོད་བསྟེན་ནས་བྱེད་དགོས་ཞེས་གསུངས་ཡོད།

སེམས་ཀྱི་ཉེས་པ་སྤོང་བ།

    གཉིས་པ་ནི། རྩ་བ་ལས།

ཉིན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི །ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །

ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གིས། །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །

    སྦྱིན་བདག་གི་ཁྱིམ་ལ་ཆགས་པ་སྤོང་བ།

    གསུམ་པ་ནི། རྩ་བ་ལས།

རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང༌། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། །

མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

    རྩུབ་མོའི་སྨྲ་བ་སྤོང་བ།

    བཞི་པ་ནི། རྩ་བ་ལས།

རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང༌། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས།།

དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །

ཉོན་མོངས་སྤོང་ཚུལ་ལ་བསླབ་པ།

    གསུམ་པ་ནི། རྩ་བ་ལས།

ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས།།

ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་གསུངས། དོན་ནི། ཉོན་མོངས་ཆུང་ངུ་ཞིག་སྐྱེས་པའི་སྐབས་སུ་དེ་སྐྱོན་དེ་ཙམ་མེད་སྙམ་ནས་སྣང་ཆུང་མི་བྱེད་པར་ཡིད་གཟབ་བྱེད་དགོས་པ་དང༌། སྣང་ཆུང་བྱས་ན་ཉོན་མོངས་དེ་ཧམ་པ་ཇེ་ཆེར་སོང་སྟེ་ཇེ་སྡུག་ཏུ་འགྲོ་གི་རེད། དེས་ན་ཉོན་མོངས་སྐྱེས་མ་ཐག་ནས་སྐྱོན་དུ་བལྟས་ནས་འདི་བྱེད་མི་ཉན་པ་ཞིག་ཡིན་བསམ་པའི་ཐོག་ནས་གང་ཐུབ་ཀྱིས་གཉེན་པོ་བསྟེན་དགོས་པ་དང༌། མ་མཐའ་ཡང་ཉོན་མོངས་སྐྱེ་སའི་ཡུལ་དེ་ཉིད་བརྗེད་དུ་བཅུག་ནས་བློ་གཞན་ལ་ཕྱོགས་པ་ལྟ་བུ་དང༌། དབུགས་འབྱུང་རྔུབ་ཁོ་ནར་བསམ་བློ་བཏང་བ་སོགས་བྱེད་དགོས་པར་གསུངས་ཡོད། 

དྲན་ཤེས་ལྡན་པས་གཞན་དོན་སྒྲུབ་པ་ལ་བསླབ་པ།

    བཞི་པ་ནི། རྩ་བ་ལས།

མདོར་ན་གང་དུ་སྤྱོད་ལམ་གང་བྱེད་ཀྱང༌། །རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས། །

རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པ་འདི་ཡན་གྱིས་དངོས་གཞིའི་གཞུང་གྲུབ་པ་ཡིན།

དགེ་བ་རྫོགས་བྱང་དུ་བསྔོ་བ།

    ལྔ་པ་ནི། རྩ་བ་ལས།

དེ་ལྟར་བརྩོན་པས་བསྒྲུབས་པའི་དགེ་བ་རྣམས། །མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བྱའི་ཕྱིར། །

འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས། །བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། ། 

    ཞེས་པའི་འཁོར་གསུམ་ནི་གོང་དང་འདྲ་ཞིང༌། འདི་ཡན་གྱིས་ལག་ལེན་སུམ་ཅུ་སོ་བདུན་རྣམས་གྲུབ་པ་ཡིན།

གང་གི་དོན་དུ་ཇི་ལྟར་དུ་བརྩམས་པ།

    གསུམ་པ་མཇུག་གི་དོན་ལ་ལྔ། གང་གི་དོན་དུ་ཇི་ལྟར་བརྩམས་པ། ལག་ལེན་འཁྲུལ་མེད་དུ་བསྟན་པ། ཁེངས་བསྐྱུང་ཞིང་བཟོད་པར་གསོལ་བ། བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ། ཕུན་སུམ་ཚོགས་པ་བཞི་ལྡན་གྱི་སྦྱར་བྱང་ངོ༌། ། དང་པོ་ནི། རྩ་བ་ལས།

མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས། །

རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན། །རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་བཀོད། །

ལག་ལེན་འཁྲུལ་མེད་དུ་བསྟན་པ།

    གཉིས་པ་ནི། རྩ་བ་ལས།

བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར། །མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཏེ། །

མདོ་དང་དམ་པའི་གསུང་ལ་བརྟེན་པའི་ཕྱིར། །རྒྱལ་སྲས་ལག་ལེན་འཁྲུལ་མེད་ལགས་པར་སེམས། །

ཁེངས་བསྐྱུང་ཞིང་བཟོད་པར་གསོལ་བ།

    གསུམ་པ་ནི། རྩ་བ་ལས།

འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས། །བློ་དམན་བདག་འདྲས་གཏིང་དཔག་དཀའ་བའི་ཕྱིར། །

འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས། །དམ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། །

བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ།

    བཞི་པ་ནི། རྩ་བ་ལས།

དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས། །

སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །སྤྱས་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག །

ཕུན་སུམ་ཚོགས་པ་བཞི་ལྡན་གྱི་སྦྱར་བྱང༌།

    ལྔ་པ་ནི། ཅེས་པ་འདི་ནི་རང་གཞན་ལ་ཕན་པའི་དོན་དུ་ལུང་དང་རིགས་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་རིན་ཆེན་ཕུག་ཏུ་སྦྱར་བའོ། །ཞེས་གསུངས་ཏེ། གང་བརྩམ་བྱ། གང་ཕྱིར་བརྩམས་པ། གང་གིས་རྩོམ་པ་པོ། གང་དུ་བརྩམས་པ་སྟེ། ཕུན་སུམ་ཚོགས་པ་བཞི་དང་ལྡན་པའི་སྦྱར་བྱང་སྨོན་པའོ།།   །།

མཇུག་བྱང༌།

    ད་ལན་གྱི་ཆོས་བཤད་ནི་ནང་ཆོས་ངོ་འཕྲོད་ནས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གཙོ་འདོན་བྱས་པ་འདི་ལྟར་ཡིན། དཔེ་ཆ་དེ་ཁྱེད་རང་ཚོ་སྒེར་སོ་སོའི་ལག་ཏུ་ཡོད་སྟབས་དུས་དུས་སུ་ཀློག་པ་དང༌། རང་གི་ཉིན་ཞག་ཕྲུགས་གཅིག་གི་སྤྱོད་ལམ་གོམས་པའི་སྐབས་སུ་འདི་ནས་བསླབ་བྱ་ལེན་པ་དང༌། ལྷག་པར་རྐྱེན་ངན་ཡོང་བའི་སྐབས་སུ་དཔེ་ཆ་འདི་ཀློག་པ་སོགས་བྱས་ན་གཏན་གཏན་སེམས་ཞི་དུལ་ཚ་རུ་འགྲོ་གི་རེད། སེམས་ཇི་ཙམ་གྱིས་ལྷོད་ལྷོད་ཆགས་པ་དེའི་ཚོད་ཀྱིས་སློབ་སྦྱོང་ཡག་ཏུ་འགྲོ་བ་དང༌། མི་ཚེ་སྐྱེལ་བ་ཡང་སྐྱིད་པ། གྲོགས་པོ་ཡང་མང་བ་ཡོང་བ་ཡིན། སེམས་ཚབ་ཚུབ་བྱས་པ་དང༌། རྐྱེན་ཅུང་ཟད་ཙམ་མི་བཟོད་པ་ཞིག་བྱུང་ན། མི་ཚེ་སྐྱིད་པོ་མི་ཡོང་བས་ཆོས་ཀྱི་བསླབ་བྱ་དེས་ཚེ་རབས་ཕྱི་མར་ཕན་པ་ཙམ་མ་ཟད་ཚེ་འདིར་ཡང་མི་ཚེ་སྐྱིད་པ་ཡོང་ཐུབ་པ་ཞིག་དང༌། མི་སྒེར་སོ་སོ་ཡིན་ཡང་མི་ཚེ་སྐྱིད་པ་ཞིག་དང༌། མི་བཟང་པོ་ཞིག་བྱུང་ན་ཁྱིམ་ཚང་གི་ནང་དུ་སྐྱིད་པ་ཡོང་བ་ཡིན། དངོས་གནས་བྱམས་བརྩེ་ལྡན་པའི་ཁྱིམ་ཚང་ཆོས་དང་མཐུན་པའི་མི་ཚེ་སྐྱེལ་མཁན་གཅིག་ནས་བཅུ་དང༌། བཅུ་ནས་བརྒྱ། བརྒྱ་ནས་སྟོང་བྱུང་ན་སྤྱི་ཚོགས་དེ་ཡང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐུབ་པ་ཡིན།

    ངོས་ནས་འཛམ་གླིང་འདིའི་ཐོག་འདི་ལྟར་ཤོད་ཀྱི་ཡོད། བདེ་སྐྱིད་དང་ཞི་བདེ་ནི་གནམ་ནས་བབ་རྒྱུ་མེད་པར་མི་རང་ཉིད་ཀྱི་བསམ་པ་དང་སྦྱོར་བའི་ཐོག་ནས་ཞི་བདེ་བསྒྲུབས་དགོས་ཤིང༌། ཞི་བདེ་མིས་བསྒྲུབས་ཞེས་པ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཡིག་ཆ་བཞག་པ་དང༌། དེ་བཞིན་གཞུང་སོ་སོ་ནས་ཡིག་ཆ་བཞག་སྟེ་བཟོ་རྒྱུ་མེད་པར། ཞི་བདེ་བསྒྲུབས་ཞེས་པ་ནི་ཐོག་མར་མི་སྒེར་རང་ངོས་ནས་ཞི་བདེ་བསྒྲུབས་དགོས་པ་ཡིན། སྒེར་སོ་སོའི་སེམས་ནས་ཞི་བདེ་ཡོད་པ་ཞིག་བྱེད་དགོས་ཤིང༌། བཟང་པོའི་ཡོན་ཏན་ཞིག་ཡོད་ན་ཞི་བདེ་ཡོང་ངེས་པ་ཡིན། དེ་ལ་བརྟེན་ནས་ཁྱིམ་ཚང་ནང་ལ་ཞི་བདེ་ཡོད་པ་ཞིག་བྱེད་དགོས། ལྟོ་གོས་ཡག་པོ་ཡོད་མེད་ཇི་ལྟར་ཡང་ཁྱིམ་ཚང་དེ་བྱམས་བརྩེ་ལྡན་པའི་ཁྱིམ་ཚང་ཞིག་བྱུང་ན། ཕ་མ་སྐྱིད་པ་དང༌། ཕྲུ་གུ་སྐྱིད་པ། གཉེན་ཉེ་དུ་རྣམས་ཀྱང་སྐྱིད་པ་བཅས་ཡོང་ངེས་ཡིན། དེ་ལྟ་བུའི་ཁྱིམ་བཅུ་ནས་ཉི་ཤུ་སོགས་སུ་ཕར་རྒྱ་བསྐྱེད་ཐུབ་ན་དངོས་གནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བཟོ་ཐུབ་པ་ཡིན།

    དེ་ཡང་ཡོན་ཏན་མེད་པའི་བཟང་པོ་ཁོ་ན་མིན་པར། དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང༌། ང་ཚོའི་གནའ་རབས་ཀྱི་ཤེས་ཡོན་ཡང་ཡོད་པ་ཞིག་དགོས་པ་ཡིན། དེའི་ཐོག་ཏུ་མཁས་པའི་ཡོན་ཏན་ཞེས་བརྗོད་སྐབས། དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ང་ཚོ་བོད་རང་ཉིད་ཀྱི་བོད་ཡིག་གཙོ་བོར་གྱུར་པའི་བོད་རང་ཉིད་ཀྱི་ཤེས་ཡོན་དེ་རྣམས་ཆ་ཚང་ཡོད་པ་བཅས་མཁས་པའི་ཡོན་ཏན་དང༌། བཙུན་པའི་ཡོན་ཏན་ཞེས་བརྗོད་སྐབས། བག་མེད་ཁོ་ནའི་དབང་དུ་སོང་བ་ལྟ་བུ་མིན་པར་རང་གིས་ལས་ཀ་གང་ཞིག་བྱེད་རྒྱུ་ཡོད་པ་དེ་རྣམས་ལ་ཡིད་གཟབ་བྱས་ནས་བསྒྲུབས་ཐུབ་མཁན་ཞིག་དང༌། བཟང་པོའི་ཡོན་ཏན་ཞེས་བརྗོད་སྐབས། དེ་ཐམས་ཅད་ལ་བསམ་པ་བཟང་པོའི་ཐོག་ནས་བྱེད་ཐུབ་པ་དང༌། ཞེ་སྡང་དང་ཕྲག་དོག་གིས་ཀུན་ནས་བསླངས་པ་མ་ཡིན་པར་ཕན་པའི་བསམ་པས་ཀུན་ནས་བསླངས་པའི་ཐོག་ནས་བྱས་པ་ཞིག་བྱུང་ན། མཁས་བཙུན་བཟང་གསུམ་ཞེས་པ་དེ་འཛོམས་པ་ཞིག་ཡོང་གི་ཡོད།

    མཁས་བཙུན་བཟང་གསུམ་ཞེས་པ་ནི། བླ་མ་སྐྱེས་བུ་དམ་པ་གཅིག་པུའི་ཡོན་ཏན་མིན་པར། ང་རང་ཚོའི་སྤྱི་ཚོགས་ཡོངས་རྫོགས་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་བྱེད་ཐུབ་ན། དེ་ནི་དངོས་གནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྒྲུབས་ཐུབ་པ་ཡིན། ལྷག་པར་དུ་ཁྱེད་རང་ཚོ་གཞོན་སྐྱེས་རྣམས་ནི་སྤྱི་ཚོགས་གསར་པ་བཟོ་མཁན་གྱི་མི་ཆགས་ཡོད། ནམ་རྒྱུན་རྟག་པར་འདི་ལྟར་བརྗོད་ཀྱི་ཡོད། ང་རང་གི་མི་ཐོག་འདིར་ཆ་བཞག་ན། དུས་རབས་ཉི་ཤུ་པར་གཏོགས་པའི་མི་རབས་ཤིག་ཡིན་ལ། དེའི་དུས་རབས་དེ་ཡོལ་ཟིན་པ་ཡིན། ཁྱེད་རང་ཚོ་རྣམས་དུས་རབས་ཉེར་གཅིག་པར་གཏོགས་པའི་མི་རབས་ཤིག་ཆགས་ཡོད། དུས་རབས་ཉེར་གཅིག་པ་ལོ་བརྒྱ་ཡི་ནང་ནས་ལོ་བརྒྱད་དང་ཕྱེད་ཙམ་སོང་ཟིན་ཅིང༌། ད་དུང་ལོ་དགུ་བཅུ་ལྷག་ཙམ་ཞིག་ཡོང་རྒྱུ་ཡོད། ལོ་དགུ་བཅུ་ལྷག་ཙམ་དེ་ཇི་འདྲ་ཞིག་ཡོང་མིན་དེ་དུས་རབས་ཉི་ཤུ་པ་འདིར་གཏོགས་པའི་མི་རྣམས་ཀྱི་བྱེད་པ་ལ་རག་ལུས་པ་ཡིན། མི་རབས་གསར་པ་རྣམས་ཀྱིས་སྔར་ལྟར་བྱས་ཏེ་ཆགས་སྡང་དང་གཡོ་སྒྱུའི་ཐོག་ནས་མི་ཚེ་བསྐྱལ་ན། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཡང་མི་གསོད་ཁྲག་སྦྱོར་གྱི་ངང་ནས་འགྲོ་རྒྱུ་ཡིན།

    ཆོས་ཁས་ལེན་མིན་དང༌། སྐྱེ་བ་སྔ་ཕྱི་ཁས་ལེན་མིན་ཇི་ལྟར་ཡང༌། མི་ཚེ་འདིར་བདེ་སྐྱིད་ལྡན་པའི་མིའི་སྤྱི་ཚོགས་ཤིག་བཟོ་དགོས་བྱུང་ན། ཐོག་མར་བདེ་སྐྱིད་ཀྱི་རྩ་བ་ནི་རང་རང་སོ་སོའི་རྒྱུད་ལ་སྐྱེས་པ་ཞིག་དང་རྒྱུད་ལ་ཚང་བ་ཞིག་བྱེད་དགོས། དེ་ལྟ་བུའི་ཐོག་ནས་རིམ་བཞིན་ཕར་སྤྱི་ཚོགས་ཀྱི་ནང་དུ་རྒྱ་བསྐྱེད་ཐུབ་པ་ཞིག་བྱེད་དགོས། ངོས་རང་ལུང་པ་གང་དུ་ཕྱིན་ཀྱང་འདི་ལྟར་ཤོད་ཀྱི་ཡོད། ལྷག་པར་ང་རང་ཚོ་བོད་པར་ཆ་བཞག་ན། ང་ཚོར་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད། བྱམས་པ་དང་བརྩེ་བ་ཞེས་པ་དེ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་མཐའ་མེད་པའི་བྱམས་པ་དང་བརྩེ་བ་ཞེས་པ་དེ་ནང་པའི་གཞུང་ནས་གསུང་གི་ཡོད། དེ་ནི་ཆོས་ལུགས་གཞན་དག་ལ་མེད། དེ་འདྲ་ཞིག་ང་ཚོའི་མི་རབས་ནས་མི་རབས་སུ་གོམས་ཡོད། བཟང་པོའི་ཡོན་ཏན་རང་བཞིན་གྱིས་ལམ་དང་ལུགས་སྲོལ་ལྟར་གོམས་ཆ་ཡོད་པ་དེའི་ཐོག་ལ། ཤེས་ཤིང་རྒྱུ་མཚན་མཐོང་བའི་སྒོ་ནས་བཟང་པོ་ལ་བཟང་པོར་ཤེས་ཤིང༌། བཟང་པོ་ལ་བཟང་པོར་བལྟས། ང་ཚོ་བོད་པས་ཆེད་དུ་གཉེར་ཞིང་རྩོལ་བ་ལ་བརྟེན་ནས་དེ་རྒྱུན་འཛིན་ཐུབ་པ་ཞིག་བྱུང་ན། བོད་པ་རང་ཉིད་སྐྱིད་པ་དང༌། བོད་པའི་ཁྱིམ་མཚེས་རྣམས་ཀྱང་བདེ་བ་ཞིག་ཡོང་བ་ཡིན།

    རྒྱ་ནག་ལས་ཡོང་བའི་རྒྱ་རིགས་ཐུག་འཕྲད་བྱེད་མཁན་གྱི་རིགས་འགའ་ཞིག་གིས་ངོས་ལ་བརྗོད་པ་ལ། རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་བཟང་པོའི་ཡོན་ཏན་ཡ་རབས་ཀྱི་སྤྱོད་པ་ཞེས་པ་དེ་རྩ་བ་ནས་ཡལ་ཏེ། ད་ཆ་མ་རབས་ཀྱི་ཁེངས་འདུག འདི་སེལ་ཐབས་ནི་མ་འོངས་པར་བོད་པས་རྒྱ་ནག་བསྐྱབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་འདི་ལྟར་བརྗོད་ཀྱི་འདུག དེ་དག་ཁྱད་མཚར་ཞིག་འདུག ང་ཚོ་བོད་མི་ས་ཡ་དྲུག་ལས་མེད་ཅིང༌། རྒྱ་རིགས་མི་འབོར་ས་ཡ་ཆིག་སྟོང་ལྷག་ཙམ་ཞིག་ཡོད། དེ་དག་ཡ་རབས་བཟང་སྤྱོད་ཀྱིས་ཕོངས་ནས་བསྡད་ཡོད། ཡ་རབས་ཀྱི་རྩ་བ་བྱམས་བརྩེ་ཡིན། དེ་རྣམས་བྱམས་བརྩེས་ཕོངས་ནས་བསྡད་ཡོད། སྔར་ཡང་རྒྱ་ནག་ལ་ནང་ཆོས་ཧ་ཅང་དར་ཁྱབ་བྱུང་ཡོད། དེང་སྐབས་རྒྱ་ནག་གི་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེས་ན་ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པ་དང༌། དངོས་གནས་གཞི་རྒྱ་ཆེ་ས་ཞིག་ནས་བསམ་བློ་བཏང་ན། ང་ཚོར་མདུན་ལམ་ཧ་ཅང་ཆེན་པོ་ཞིག་ཡོད། དེ་ཁྱེད་རང་ཚོའི་བློ་ལ་ངེས་པ་བྱེད་དགོས། ཚང་མས་ཧུར་ཐག་བྱེད་རོགས། ཁྱེད་རང་ཚོ་བོད་པའི་ཕྲུ་གུས་ཞབས་འདྲེན་ཞུ་གི་འདུག་ཅེས་པ་དེ་མ་བྱེད་ཨང༌། བོད་པའི་ཕྲུ་གུས་རྒྱག་རེས་རྒྱག་གི་འདུག བོད་པའི་ཕྲུ་གུས་ཁ་བསླུས་རྒྱག་གི་འདུག་ཅེས་པ་དེ་རིགས་གོ་རྒྱུ་མེད་པ་ཞིག་བྱེད་དགོས། ཤེས་སོང་ངམ། དེ་ག་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཡང་ལོ་རྗེས་མར་ཐུག་གི་རེད་ཅེས་བཀའ་སྩལ་བའོ།།     །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༡༡༢༠༡༤༡༣༥༡
གསར་འཕྲིན།
༄༅། །ཨེ་མ་ཧོ། ན་མོ་བཻརོ་ཙ་ན་ཨོྃ། འཁོར་བ་དོང་སྤྲུགས་ལྷ་ལ་ཕྱག་འཚལ་ལོ། །སྔོན་རྒྱ་གར་ཡུལ་དུ་མུ་སྟེགས་རྒྱལ་པོ་འཕྲི་ཅན་ཞེས་བྱ་བ་དེས།ཟས་སུ་ཤ་ཁྲག་དྲོན་མོ་ལ་དགའ་ཞིང༌། སེམས་ཅན་ཁྲི་ཕྲག་སྲོག་བཅད་པའི་རྣམ་སྨིན་གྱིས་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་རྡོ་རྗེ་དམྱལ་བར་སྐྱེས་ནས་སྡུག་བསྔལ་གྱི་ཚད་ནི་ལན་བརྒྱ་རེ་འཆི། བརྒྱ་རེ་སོས་པའི་གནས་སུ་ལྷུང་ནས་ཡོད་པ་ལས། ཚེ་དང་ལྡན་པ་ཀུན་དགའ་བོས་མ་དག་པའི་སེམས་ཅན་དེ་ཉིད་ཀྱི་སྡུག་བསྔལ་མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། མི་དེ་ནི་ཟས་སུ་ཤ་ཁྲག་ལ་དགའ་ཞིང་སེམས་ཅན་གྱི་སྲོག་བཅད་པའི་རྣམ་སྨིན་ཡིན་གསུངས་སོ། །དེ་ནས་ཀུན་དགའ་བོས་ཆོས་ཀྱི་རྒྱལ་པོ་ལ། འདི་ཐར་བའི་ཐབས་ཡོད་དམ་ཞེས་ཞུས་པས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས༑ མི་དེ་ངན་སོང་ནས་ཐར་བར་བྱེད་ན། འཇིག་རྟེན་གྱི་ཁམས་སུ་ཚེ་ཐར་བཏང་ན་ཐར་རོ། །ཞེས་གསུངས་པ་ལས། དེ་ནས་ཀུན་དགའ་བོས་མི་དེ་ཡི་དོན་དུ་ཚེ་ཐར་བཏང་བས། རྡོ་རྗེ་དམྱལ་བ་ལས་ཐར་རོ། །ལོ་རྒྱུས་འདི་ལྟ་བུ་ཡིན་ནོ། །ཕན་ཡོན་ནི་སེམས་ཅན་ཚེ་ཐར་བཏང་ན་དགེ་སློང་སྡོམ་ལྡན་དང་འདྲའོ། །ལུག་ཚེ་ཐར་གཅིག་གིས་ངན་སོང་ལན་གཅིག་དག་གོ༑༑ར་ཚེ་ཐར་གཅིག་གིས་ངན་སོང་ལན་བདུན་དག་གོ །འཇིག་རྟེན་གྱི་ཁམས་ན་མི་བརྒྱ་རྟ་བརྒྱ་བསད་པའི་སྡིག་པ་ཡོད་ཀྱང༌། །ཚེ་ཐར་གཅིག་བཏང་བས་སྡིག་སྒྲིབ་དག་གོ །ཚེ་ཐར་བཅུ་གསུམ་བཏང་ན་བསྐལ་པ་ཁྲི་ཕྲག་གཅིག་གི་སྡིག་སྒྲིབ་དག་གོ །སེམས་ཅན་ཚེ་ཟད་པའི་དོན་དུ་ཚེ་ཐར་བཏང་ན་ཚེ་བསྲིང་བར་འགྱུར་རོ། །ཡང་ཚེ་ཟད་པའི་མི་ཞིག་ཞག་གསུམ་འཆི་ངེས་པ་ལ་ཚེ་ཐར་བཅུ་གསུམ་བཏང་ན་མི་དེ་ལོ་གསུམ་ཚེ་བསྲིང་ངེས་པར་འགྱུར་རོ། །ཚེ་ཐར་རེ་བསད་ན་མི་བརྒྱ་སྲོག་གཅོད་པ་དང་འདྲའོ། །དེ་ལ་སོགས་པའི་ཉེས་དམིགས་དཔག་ཏུ་མེད་པ་བཅོམ་ལྡན་འདས་ཀྱི་མདོ་ལས་གསུངས་སོ། ། ། །
1 ༡༧༢༠༡༡༢༢༡༤
འདི་ལྟ་བུའི་རིན་བྲལ་གྱི་བཀའ་སློབ་ཡིག་ཐོག་ཕབ་སྟེ་ཕྱག་དེབ་དཔར་སྐྲུན་དང་། ལྷག་པར་དྲ་རྒྱའི་ཐོག་འཇུག་འགོད་ཀྱིས་དྲ་ཐོག་ནས་མཇལ་རྒྱུའི་མཐུན་རྐྱེན་བསྐྲུན་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། སླད་ཀྱང་འདི་རིགས་གང་མང་མུ་མཐུད་འཇུག་འགོད་གནང་སྐྱོང་རེ་བསྐུལ་ཞུ་རྒྱུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།