༸གོང་ས་མཆོག་གིས་ཨ་རིའི་ནང་མཛད་འཕྲིན་བསྐྱངས་གྲུབ་པ།

༢༠༡༦།༠༧།༠༧ཉིན་སྤེལ། འདི་ལོའི་ཟླ་བ་དྲུག་པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་རེ་ཞིག་མཛད་འཕྲིན་ལེགས་པར་གྲུབ་པ་གཤམ་གསལ།

དེ་ཡང་༧རྒྱལ་བ་རིན་པོ་ཆེ་ཡི་དྲ་རྒྱའི་སྟེང་གནད་ཚུལ་འཁོད་དོན་ལྟར་ན། ཕྱི་ཟླ་༦པའི་ཚེས་༢༡ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཡུ་ཊ་མངའ་སྡེའི་སོལ་ཊི་ལེཀ་ Salt Lake City གྲོང་ཁྱེར་དུ་ཡོད་པའི་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་གི་ Huntsman Cancer Institute ཞེས་པའི་སྨན་ཁང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོ་ཌེ་ཝིད་པར་ཤིང་ David Pershing ལགས་དང་། སྨན་ཁང་དེའི་ངེས་སྟོན་པ་ཌོག་ཊར་མེ་རི་བྷེག་ཀར་ལེ་ Dr Mary Beckerle ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་།  དེ་ནས་༸གོང་ས་མཆོག་གིས་སྨན་ཁང་དེའི་སྨན་པ་དང་། སྨན་ཞབས་པ། ནད་པ་དྲག་སྐྱེད་བྱུང་བ་ཁག་གཅིག་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ན་ཚ་ནི་ང་ཚོའི་མི་ཚེའི་ཆ་ཤས་ལྟ་བུ་ཆགས་ཡོད། སྨན་ཁང་ནང་ནད་གསོ་བའི་ཆེད་དུ་ཡོང་གི་ཡོད། གཞན་ལ་བྱམས་སྐྱོང་བྱེད་རྒྱུ་ནི་བྱང་ཆུབ་སེམས་དཔའི་ཉམས་ལེན་ཡིན་པས་དེ་ལྟར་གནང་མཁན་ཚོར་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད།

སྐྲན་ནད་ནི་ནད་གཞི་ཉེན་ཚབས་ཆེ་བ་ཞིག་ཆགས་ཡོད་ཀྱང་རྣམ་པ་ཚོས་ནད་གཞི་དེ་བཅོས་ཐབས་གནང་བཞིན་པ་ནི་ཧ་ཅང་ཡག་པོ་རེད། རྩ་བའི་ནད་གཞི་དྲག་སྐྱེད་ཡོང་བར་རེ་བ་མ་བརླག་པའི་ཐོག་ནས་གནས་ཐུབ་པ་བྱེད་རྒྱུ་དེ་ཡིན། དེའི་ཐོག་སྨན་པའི་ཀུན་སློང་གིས་ཁྱད་པར་བཟོ་བཞིན་ཡོད། དུས་རྒྱུན་བོད་པ་ཚོས། སྨན་པ་མཁས་ཀྱང་ཀུན་སློང་བཟང་པོ་མེད་ན། ཁོས་སྤྲད་པའི་སྨན་དེས་དེ་ཙམ་ཕན་ཐོགས་མེད། གལ་ཏེ་སྨན་པ་དེ་ཙམ་མི་མཁས་ཀྱང་ཀུང་སློང་བཟང་པོ་ཡོད་ན། ཁོའི་སྨན་དེ་ཧ་ཅང་ཕན་ཐོགས་ཡོད། ཅེས་བརྗོད་སྲོལ་ཡོད། གལ་ཏེ་སྨན་པ་དང་སྨན་ཞབས་པ་ཚོས་ནད་པར་སྨན་བཅོས་བྱེད་སྐབས་ངོ་ནག་པོ་དང་བྱམས་བརྩེ་འདུ་ཤེས་མེད་པའི་རྣམ་འགྱུར་མཐོང་དུས་ནད་པར་ལྷོད་ལྷོད་ཡོང་རྒྱུའི་ཚབ་ལ་དངངས་སྐྲག་སྐྱེས་ཀྱི་ཡོད་པ་ངོས་རང་ལ་དངོས་སུ་ཉམས་མྱོང་བྱུང་། ཞེས་སོགས་བཀའ་སློབ་སྩལ་རྗེས་སྨན་ཁང་དེར་སྨན་བཅོས་བྱེད་བཞིན་པའི་ནད་པ་ཁག་གཅིག་ལ་མཇལ་ཁ་དང་སེམས་གསོ་མཛད།

དེ་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཡུ་ཊ་མངའ་སྡེའི་སྲིད་སྐྱོང་གྷེ་རི་ཧར་བྷར་ཊི་ Gary Herbert མཆོག་སྟེང་ཞལ་རྣམ་གཉིས་ཀྱིས་གཙོས་སྐུ་མགྲོན་ ༢༥༠ ཙམ་དང་ལྷན་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་གྲུབ་མཚམས། མངའ་སྡེའི་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ནི་འཛམ་གླིང་ནང་འཚོ་བཞིན་བཞུགས་པའི་མཐུན་འབྲེལ་གྱི་དཔེ་མཚོན་ཡིན་ཞེས་ངོ་སྤྲོད་མཛད་པ་དང་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཕེབས་རྒྱུར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་ནམ་བྱུང་ལ་དེར་འདུས་མང་ཚོགས་ལ་སྤུན་ཟླ་ཕོ་མོ་ཞེས་འབོད་ཀྱི་ཡོད། ང་ཚོས་འཛམ་གླིང་འདིའི་སྟེང་གི་མི་ཐེར་འབུམ་བདུན་ཚང་མ་སོ་སོའི་སྤུན་མཆེད་ཡིན་བསམས་ན་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་གི་རེད། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུགས་ཆགས་ཡོད། ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་འདོད་ཡོད་པ་བཞིན། དེ་ལྟར་འདོད་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། ཅེས་སོགས་སྐུའི་ཁུར་འཁྱེར་གྱི་འགན་ཁུར་ཆེན་པོ་གསུམ་གྱི་སྐོར་ལ་བཀའ་སློབ་སྩལ་གཟབ་རྒྱས་སྩལ།

ཉིན་རྒྱབ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདི་བཟང་ཕྱོགས་སུ་འགྱུར་རྒྱུའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་མཚོན་ཆེད་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོ་ཌེ་ཝིད་པར་ཤིང་ལགས་ཀྱིས་དབུ་ཁྲིད་ཀྱི་གཟེངས་རྟགས་(President’s Medal)ཞེས་པ་འབུལ་ལམ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༢༠༠༠ ཙམ་ལ་བཀའ་སློབ་སྩལ་དོན། ང་ཚོ་བོད་རིགས་ཕལ་ཆེར་འདས་པའི་ལོ་རྒྱུས་ལོ་སྟོང་ཕྲག་གཉིས་ཙམ་བཤད་ཆོག་གི་རེད། ད་ལྟའི་དུས་ཚོད་འདི་མི་རིགས་རིག་གཞུང་དང་བཅས་པ་ཆགས་འཇིག་གི་མཚམས་སུ་སླེབས་པའི་དུས་ཚོད་ཞིག་ཆགས་པ་རེད།  མི་རབས་འདི་ནི་དངོས་གནས་དཀའ་ངལ་ཆེན་པོ་དང་གཉན་འཕྲང་ཅན་གྱི་དུས་ཚོད་ལ་སྐྱེས་པའི་མི་རབས་ཤིག་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོས་མི་རིགས་ཀྱི་སྙིང་སྟོབས་དང་རྣམ་དཔྱོད་སྟོན་རྒྱུའི་གོ་སྐབས་བྱུང་བ་རེད། དེ་སྔ་བོད་ལ་རྩ་བའི་སྙིང་སྟོབས་དང་རྣམ་དཔྱོད་ཡོད་ཀྱང་ཆུང་ཙག་ལ་མགོ་འཁོར་ནས་ནང་ཁུལ་དུ་གཅིག་གིས་གཅིག་ལ་ནང་རྡུང་ཏོག་ཙམ་བཏང་ནས་སྡོད་བཞིན་ཡོད།

དེ་བཞིན་ཆོས་ལུགས་ཐོག་ནས་ཀྱང་གཅིག་གིས་གཅིག་ལ་ནང་རྡུང་ཕྲན་བུ་གཏོང་བཞིན་ཡོད། ཆེ་ས་ནས་བསམ་བློ་དེ་ཙམ་མེད་པར་ཆུང་ས་ནས་སོ་སོའི་དགོན་པ་དང་བླ་བྲང་ནས་མཚོན་ཆ་བེད་སྤྱོད་བྱེད་ཀྱི་མེད་ནའང་གཅིག་གིས་གཅིག་ལ་མཐུ་བསྐྱོན་རེས་བྱས་ཏེ་བསྡད་པ་རེད།  ང་ཚོ་གཉན་འཕྲང་གི་དུས་ཚོད་འདིར་བོད་རྒྱ་ཆེའི་མི་མང་ཕལ་ཆེར་གཉིད་ལས་སད་པའི་བཟོ་འདྲ་བོ་ཆགས་སོང་། འཛམ་གླིང་ལ་ཧ་ཅང་འགྱུར་བ་འགྲོ་བཞིན་པའི་སྐབས་འདིར་ངོས་ཀྱིས་བསྟན་བཤིག་བསླངས་ནས་བཤད་ཀྱི་ཡོད། དེ་སྔ་བོད་པ་ཚོས་མགོ་བཏུམ་ནས་གཡས་གཡོན་དུ་གང་ཡོང་གི་ཡོད་མེད་དོ་སྣང་ཁྱོན་ནས་མེད་པར་སྡོད་ཀྱི་ཡོད། ད་ཆ་ང་ཚོ་གནས་ཚུལ་ཧ་ཅང་ཐབས་སྡུག་འོག་འཛམ་གླིང་ཕྱི་ལ་ཐོན་པ་རེད། དེར་བརྟེན་གནས་ཚུལ་མང་པོ་ཞིག་མཐོང་གི་ཡོད། འདིས་ང་ཚོའི་རྣམ་དཔྱོད་དང་སྙིང་སྟོབས་སྟོན་རྒྱུ་དང་། སྙིང་སྟོབས་འདི་དངོས་སུ་ལག་ལེན་འགེལ་རྒྱུའི་དུས་ཚོད་ལ་སླེབས་ཡོད་པར་བརྟེན། ང་ཚོའི་མི་རབས་འདི་ཕྱོགས་གཅིག་ནས་བསམ་བློ་བཏང་ན། དངོས་གནས་ལས་ངན་བསགས་པའི་མི་རབས་ལྟ་བུ་རེད་དེ། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དོན་དམ་པའི་སྲུང་སྐྱོབ་བྱེད་རྒྱུ་དང་། སྲུང་སྐྱོབ་ཙམ་མ་ཟད་སླར་གསོ་དང་། སླར་གསོ་དེའང་བོད་པ་གཅིག་པུར་མ་ཡིན་པ། འཛམ་གླིང་འདིར་གང་འཚམ་ཕན་ཐོགས་བྱེད་ཐུབ་རྒྱུའི་དུས་ཚོད་སྟེང་སླེབས་ཡོད། ཅེས་སོགས་གཞིས་བཞུགས་རྒྱ་ཆེའི་མི་མང་དཀའ་ངལ་ཆེན་པོའི་འོག་ལྷག་བསམ་དང་སྙིང་སྟོབས་འགྱུར་མེད་ངང་མི་རབས་གསུམ་པ་དང་བཞི་པར་སླེབ་བཞིན་ཡོད་པ་དང་། སངས་རྒྱས་པའི་གཞུང་ནས་གསུངས་པའི་ལྟ་གྲུབ་ནི་ང་ཚོ་བོད་པས་བླ་སྲོག་ཡིན་པར་བརྗོད་ཐུབ་ཀྱི་འདུག་པས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། དེ་ལ་བརྟེན་ནས་འཛམ་གླིང་སྤྱི་ལ་ཡིན་ནའང་ཕན་ཐོགས་བྱེད་ཐུབ་རྒྱུའི་གོ་སྐབས་ཡོད་པས་དེའི་རྩ་བ་ལྟ་བུ་བོད་ཡིག་ལ་དོ་སྣང་བྱེད་དགོས་ཞེས་སོགས་བཀའ་སློབ་སྩལ།

ཚེས་ ༢༢ ཉིན་ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པའི་ནང་བཀའ་སློབ་སྩལ་དོན། དེ་རིང་ས་གནས་འདིར་བོད་པ་མི་ཉུང་བ་ཞིག་འཛོམས་འདུག སྤྱིར་ངོས་ཀྱིས་བསམ་ཚུལ་རོབ་ཙམ་ཁ་སང་བོད་པ་ཚོར་ཞུས་ཟིན་པ་རེད། ངོས་ཀྱི་བསམ་བློའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་ང་ཚོའི་བླ་སྲོག་ལྟ་བུ་ཆགས་ཀྱི་ཡོད། གང་ལྟར་ཆབ་སྲིད་ཀྱི་འཕོ་འགྱུར་འདྲ་མིན་གང་བྱུང་ཡོད་ནའང་། བོད་མི་རིགས་ཀྱི་རིག་གཞུང་དང་། ཡི་གེ་དེ་ལོ་སྟོང་ཕྲག་ལྷག་གནས་ཡོད། བོད་ཀྱི་རིག་གཞུང་ཟེར་དུས་མང་པོ་ཞིག་གིས་གཞས་གཏོང་རྒྱུ་དང་། འཆམ་བརྒྱག་རྒྱུ་ལྟ་བུར་གོ་བ་ལེན་གྱི་འདུག  དེ་ཚོ་རིག་གཞུང་གི་ཆ་ཤས་རེད། འདི་ང་ཚོ་བོད་པ་ནང་ཁུལ་ལ་མ་གཏོགས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་གང་ཡང་མི་འདུག ངོས་ཀྱིས་བོད་པ་ཚོར་འདི་ལྟར་བཤད་ཀྱི་ཡོད། བཀྲ་ཤིས་ཞོལ་པ་འཁྲབ་རྒྱུ་འདི་བོད་ནང་རྟ་བཞོན་པའི་སྐབས་སུ་རྟ་དཀྲོགས་མཁན་འདྲ་བོ་ཞིག་ཡོད། འདི་གར་མོ་ཊའི་ནང་འགྲོ་གི་ཡོད་སྟབས་ཁྱད་པར་གང་ཡང་མི་འདུག  

ད་གིན་ངོས་ཀྱིས་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཞིག་སྤྲད་པ་ཡིན། ནམ་རྒྱུན་ངོས་ནས་ཆོས་ཚོགས་སོགས་གལ་ཆེ་ཁག་ལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་སྤྲོད་ཀྱི་ཡོད། དེ་གང་ཡིན་ཞེ་ན། ང་རང་ཚོ་བོད་པའི་རིག་གཞུང་དང་། སངས་རྒྱས་ཀྱི་ལྟ་གྲུབ། སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་། སངས་རྒྱས་ཀྱི་ཆོས་ཞེས་བརྗོད་དུས་ཤུགས་ཆེ་བ་དེ་ལྟ་གྲུབ་རེད་འདུག དེར་བརྟེན་དེ་རིང་འདིར་ཁྱེད་རང་ཚོ་ཐུག་སྟབས། ཆོས་འབྲེལ་བྱས་ན་དྲན་བྱུང་། མཁྱེན་སོང་ངམ། ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཟེར་དུས་གོང་དུ་བརྗོད་པ་དེ་རེད། གཙོ་བོ་ལྟ་གྲུབ་དང་འབྲེལ་བ་ཞིག་རེད་འདུག རྩ་བའི་འཛམ་གླིང་འདིའི་སྟེང་ཡོད་པའི་ཆོས་བརྒྱུད་ཚང་མ་བྱམས་པ་དང་སྙིང་རྗེ་ཉམས་ལེན་གྱི་མཐིལ་ལ་བཟུང་ནས་མི་ལ་བསླབ་བྱ་རྒྱག་མཁན་ཞིག་རེད། ཧ་ཅང་ཕན་ཐོགས་ཡོད། སྔར་ཡིན་ནའང་ལོ་སྟོང་ཕྲག་ཁ་ཤས་རིང་ཆོས་བརྒྱུད་དེ་དག་གིས་མི་ལ་ཕན་ཐོགས་བྱས་ཡོད། ད་ལྟ་ཡིན་ནའང་ཕན་ཐོགས་ཡོང་དང་ཡོང་བཞིན་པ་རེད། མ་འོངས་པར་ཡིན་ནའང་ཕན་ཐོགས་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད། ཕལ་ཆེར་ཁ་ཆེའི་ཆོས་ལུགས་བྱེད་མཁན་དུང་ཕྱུར་བཅུ་གྲངས་དང་། ཡི་ཤུའི་ཆོས་ལུགས་བྱེད་མཁན་དུང་ཕྱུར་བཅུ་གྲངས་ཙམ། ཧིན་དུ་ཕལ་ཆེར་ས་ཡ་དྲུག་བརྒྱ་ཙམ། དེང་སྐབས་རྒྱ་ནག་ཏུ་ནང་པའི་གྲངས་འབོར་ཧ་ཅང་ཕོན་ཆེན་པོ་འཕར་ཡོང་གི་ཡོད། འཛམ་གླིང་འདིའི་སྟེང་ནང་པ་ཕལ་ཆེར་དུང་ཕྱུར་བདུན་བརྒྱད་ཙམ་ཡོད། དེར་བརྟེན་ཆོས་བརྒྱུད་དེ་དག་གིས་དེ་སྔ་ཡིན་ནའང་མི་ས་ཡ་བྱེ་བ་མང་པོར་ཕན་ཐོགས་བྱུང་ཡོད་ལ་མ་འོངས་པར་ཡིན་ནའང་ཕན་ཐོགས་འབྱུང་བ་རེད།

ལྷག་པར་དེང་སྐབས་ཆོས་བརྒྱུད་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱགས་པ་དང་། མཐའ་ན་སྡུག་ས་ནས་གསོད་རེ་ཡོང་བཞིན་འདུག དེ་འདྲའི་དུས་ཚོད་འདིར་ཆོས་ལུགས་ཚང་མས་གཅིག་གིས་གཅིག་ལ་གུས་བརྩི་དང་། བཀའ་དྲིན་རྗེས་དྲན་གྱི་ཐོག་ནས་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་གི་ཆོས་བརྒྱུད་གཙོ་ཆེ་བ་དག་གིས་བྱམས་པ་དང་། སྙིང་རྗེ། བཟོད་པ། ཆོག་ཤེས་ཉམས་ལེན་བྱེད་རྒྱུ་གཅིག་མཚུངས་ཡིན་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད། ལྟ་གྲུབ་ཐོག་ནས་མི་འདྲ་བའི་གཞི་རྩ་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་བཅས་ཡོད། ཅེས་སོགས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་ཆོས་བརྒྱུད་ཀྱི་ཁྱད་པར་བཀའ་གནང་བ་དང་། དེ་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་ཚད་མའི་ལམ་ནས་སློབ་སྦྱོང་བྱེད་རྒྱུ་དེ་ལྟ་བུ་གཞན་ལས་ཐུན་མོང་མ་ཡིན་པ་ཡིན་པའི་སྐོར་དང་། དེ་བཞིན་སྔར་གྱི་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་སོགས་བོད་ཡིག་ལ་བསྒྱུར་བ་ཚད་ལྡན་དང་བཀའ་དྲིན་ཆེན་པོ་ཡིན་པ་སོགས་བཀའ་སློབ་སྩལ།

ཚེས་ ༢༤ ཉིན་ཀོ་ལོ་ར་ཊོ་དང་ནེའུ་མེཀ་སི་ཀོ་ཁུལ་གནས་སྡོད་བོད་རིགས་ ༦༥༠ ཙམ་ལ་བཀའ་སློབ་སྩལ། དེ་ཡང་༧གོང་ས་མཆོག་གིས་བཀའ་གནང་དོན། ང་ཚོ་བོད་མི་རིགས་ནི་སྤྱིར་མི་བརྒྱུད་ཀྱི་ཐོག་ནས་མི་རིགས་རྙིང་པ་ཞིག་ཆགས་ཀྱི་ཡོད། མི་རིགས་རྙིང་པ་ཡིན་པ་ཙམ་མ་ཟད། སྣོད་ཀྱི་བཀོད་པའང་འཛམ་གླིང་ཡང་ཐོག་ཅེས་ནམ་རྒྱུན་ཡོངས་གྲགས་བཤད་ཀྱི་ཡོད་པ་ནང་བཞིན་ས་ཆ་ཁོ་རང་ས་མཐོ་སྒང་འདྲ་ཞིག་ཡོད། ལོ་རྒྱུས་ཁ་ཤས་ནང་ཐོན་མི་སམ་བྷོ་ཊས་བོད་ཡིག་ལེགས་བཅོས་གནང་བ་མ་གཏོགས་དེའི་གོང་བོད་ཡིག་ཡོད། ཞང་ཞུང་སྨར་ཡིག་ཡོད་པ་གསུངས་མཁན་འདུག གང་ལྟར་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་དང་བལ་བཟའ་མཉམ་འཁྲུངས་ས་བསྐྱོན་ནས་རྒྱ་བཟའ་དང་བལ་བཟའ་གཉིས་ཀྱི་རྟེན་སྐལ་ལྟ་བུར་ཐུབ་དབང་གི་སྐུ་རེ་རེ་བསྣམས་ནས་ར་མོ་ཆེ་དང་། གཙུག་ལག་ཁང་སོ་སོར་བཞུགས་པས་ཐོག་མར་སངས་རྒྱས་པའི་ཆོས་ལ་དོ་སྣང་སླེབས་སྟངས་འདི་ལྟར་བྱུང་བ་རེད། ཅེས་སོགས་ནང་པའི་ཆོས་བོད་ལ་ཇི་ལྟར་དར་བའི་སྐོར་བཀའ་སྩལ་བ་དང་།

གཞན་ཡང་། ང་ཚོ་བོད་པ་སོ་སོའི་ཡི་གེ་ཡོད། དུས་རབས་གསར་པའི་ནང་ང་ཚོས་གསར་བ་བཟོས་པ་མ་རེད། ང་ཚོར་ལོ་སྟོང་ཕྲག་མང་པོའི་སྔོན་ནས་སོ་སོའི་ཡི་གེ་ཡོད། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བཤད་དགོས་བྱུང་ན། བོད་ཡིག་ཡག་ཤོས་རེད་མ་གཏོགས་རྒྱ་ནག་ལ་དེ་ཙམ་མི་འདུག ལུང་པ་གཞན་ཁག་ལའང་མེད། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དེ་དག་གིས་དང་པོ་ནས་པཱ་ལིའི་ཆོས་བརྒྱུད་མ་གཏོགས་ལེགས་སྦྱར་ཆོས་བརྒྱུད་ལ་ཐུགས་སྣང་གནང་མེད། བོད་ཀྱི་ཆོས་བརྒྱུད་འདི་ལ་ཕལ་ཆེར་འཛམ་གླིང་འདིའི་སྟེང་གི་སངས་རྒྱས་པའི་ཆོས་ཆ་ཚང་བ་ཡོད། དེར་བརྟེན་འདི་ང་ཚོ་བོད་མི་རིགས་སྤོབས་པ་སྐྱེ་གཞི་ཞིག་ཆགས་ཡོད། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། སྐུ་མདུན་སྐུ་གོང་མ་རྒྱ་ནག་དང་དེ་ནས་རྒྱ་གར་དུ་ཕེབས་ཏེ་འཛམ་གླིང་ཕྱི་ལོགས་གཟིགས་ཡོད་སྟབས། དེང་དུས་ཀྱི་ཤེས་ཡོན་དགོས་གལ་གཟིགས་ཏེ་ཕལ་ཆེར་ཕྱི་ལོ་ ༡༩༡༣།༡༩༡༤ ལོར་དབྱིན་ལན་ལ་སློབ་ཕྲུག་བཏང་ཡོད་སྐོར་སོགས་བཀའ་སློབ་སྩལ།

ཚེས་ ༢༥ ཉིན་ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ཨིན་ཌི་ཡ་ན་པོ་ལི་སིར་ Indianapolis ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་དབུ་བཞུགས་མཛད་པ་དང་།  དེ་ཡང་སྔ་དྲོ་༸གོང་ས་མཆོག་དབུ་བཞུགས་ཐོག་ (Emory-Tibet Partnership) ཞེས་པའི་ཚོགས་པས་མཁས་དབང་ཁག་གཅིག་ཆེད་དུ་གདན་ཞུས་ཀྱིས་ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད (Secular Ethics in Education) ཅེས་པའི་བརྗོད་གཞིའི་ཐོག་རགས་ཟིན་གཏན་འབེབས་གནང་བའི་གནད་དོན་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། བགྲོ་གླེང་ལྷན་ཚོགས་སྟེང་༸གོང་ས་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་དཔལ་འབྱོར་གྱི་དཀའ་ངལ་དེ་དག་སེལ་བར་རྒྱལ་མཚམས་བཅད་ནས་ཁེར་སྡོད་བྱ་ཐབས་བྲལ་བ་ཡིན། དེར་བརྟེན་ང་ཚོ་ཚང་མ་ཕན་ཚུན་ལྟོས་གྲུབ་ཐོག་གནས་ཡོད་པ་གསལ་པོ་ཆགས་ཡོད། དེ་བཞིན་ང་ཚོས་དེང་དུས་ཤེས་ཡོན་གྱི་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་བཟང་སྤྱོད་གོང་སྤེལ་གཏོང་རྒྱུའི་ཐབས་ལམ་དེ་ཡང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་གཞི་མ་བཅོལ་བར་རིས་མེད་ཀྱི་ངོ་བོའི་ཐོག་ནས་བཟང་སྤྱོད་སྤེལ་དགོས་ཞེས་སོགས་ལམ་སྟོན་གནང་།

ཕྱེད་ཡོལ་༸གོང་ས་མཆོག་གིས་བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་གཞི་རྟེན་ལྟ་བུ་ཡིན་(Compassion as a pillar of World Peace) ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ ༦༥༠༠ ཙམ་ལ་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་སུ་སན་བྷུ་རུཀ་ Susan Brooks ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་གྲུབ་བསྟུན་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།


བརྩེ་བའི་སྤུན་ཟླ་ཕོ་མོ་རྣམ་པ། ངོས་རང་འདིར་ཡོང་སྟེ་ཁྱེད་རང་ཚོ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་དེ་རིང་ཆོས་ལུགས་འདྲ་མིན་གྱི་མང་ཚོགས་འདུ་འཛོམས་ཆེན་པོ་འདིའི་ཐོག་གཏམ་བཤད་བྱེད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་སྤོབས་བྱུང་། འདས་པའི་ལོ་ངོ་ ༥༧ ལྷག་རིང་ནས་ངོས་རང་རྒྱ་གར་ནང་གནས་སྡོད་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གར་ནི་ངོས་ཀྱི་ཁྱིམ་གཉིས་པ་དེ་ཆགས་ཡོད། རྒྱ་གར་ནང་ཕ་མེས་ནས་ཡོད་པའི་ཆོས་ལུགས་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་དང་། དེ་བཞིན་ཕྱི་ནས་དར་བའི་ཆོས་ལུགས། ཛོ་ར་ཛོ་དིན་དང་ཡེ་ཤུ། ཁ་ཆེ་ལ་སོགས་ཆོས་ལུགས་དེ་དག་གིས་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ངང་འཚོ་ཐུབ་ཡོད་པ་འཛམ་གླིང་ལ་མིག་དཔེ་ཞིག་ཆགས་ཡོད། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་སྲན། ཆོག་ཤེས་སོགས་ཉམས་ལེན་བྱེད་དགོས་པའི་བཟང་པོའི་བསླབ་བྱ་སྤེལ་བཞིན་ཡོད། རང་ཁྲིམས་སྲུང་རྒྱུ་ནི་བསླབ་བྱ་དེའི་ཆ་ཤས་ཤིག་ཆགས་ཡོད། ཆོས་ལུགས་ཕན་ཚུན་དབར་ལྟ་གྲུབ་ཐོག་ཁྱད་པར་ཡོད་ཀྱང་། བྱམས་བརྩེ་ཉམས་ལེན་གོང་སྤེལ་གཏོང་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཆགས་ཡོད།  ཅེས་དེང་གི་དུས་སུ་མི་ཚང་མས་ཁྱིམ་ཚང་གཅིག་གི་མིང་སྲིང་ལྟ་བུའི་འདུ་ཤེས་འཛིན་རྒྱུ་གལ་ཆེན་ཡིན་པ་དང་། འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་ཐུབ་པ་ཡིན་ན་གསོད་རེས་དང་། དབུལ་ཕྱུག་གི་བར་ཁྱད། ཁ་མདོག་དང་རིགས་རུས། གོ་གནས་སོགས་ཀྱི་ཐོག་ནས་དབྱེ་འབྱེད་བྱེད་རྒྱུའི་གཞི་རྩ་ཡོང་མི་སྲིད་པ་ཞིག་ཡིན་པ་དང་།  མི་རེ་ཟུང་གིས་ཆོས་ལུགས་ཁ་ལ་འཁྱེར་ནས་ཕན་ཚུན་གསོད་རེས་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པའི་སྐོར་བཀའ་སྩལ་བ་དང་།

གཞན་ཡང་། ངོས་ཀྱིས་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པ་དང་ནང་པའི་འཇིགས་སྐུལ་དྲག་སྤྱོད་པ་ཞེས་ཐ་སྙད་བེད་སྤྱོད་བྱེད་རྒྱུ་དེ་འགྲིག་གི་མི་འདུག་བསམ་བཞིན་ཡོད། མི་སུ་ཞིག་གིས་དྲག་སྤྱོད་ཀྱི་ལས་སྤེལ་ཚེ་མི་དེ་ཁ་ཆེ་དང་ནང་པ་ཡང་དག་པ་ཞིག་ཆགས་ཀྱི་མེད། ངོས་ཀྱིས་འབར་མའི་ནང་པ་ཚོར་ཁོང་ཚོས་ཁ་ཆེའི་ཆོས་པར་སྡང་ཟུག་བྱེད་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་སྒོམས་རོགས་ཞེས་བརྗོད་ཀྱི་ཡོད། གལ་ཏེ་བཅོམ་ལྡན་འདས་ཞལ་བཞུགས་ཡོད་ན། རྡུང་རྡེག་མྱོང་མཁན་གྱི་ཉམ་ཐག་པ་ཚོར་རྒྱབ་སྐྱོར་གནང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ།

ཚེས་ ༢༦ ཉིན་ཨ་རིའི་ཨིན་ཌ་ཡ་ན་མངའ་སྡེ་རྒྱལ་ས་ཨིན་ཌ་ཡ་ན་པོ་ལི་སི་ (Indianapolis) ནང་ཨ་རིའི་ཁུལ་གྱི་གྲོང་སྡེའི་སྤྱི་ཁྱབ་པའི་ལྷན་ཚོགས་ཐེངས་ ༨༤ ཐོག་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་གསུང་བཤད་གནང་།

དེ་ཡང་ལྷན་ཚོགས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་གཞས་མ་གྲགས་ཅན་ལེ་ཌི་གྷ་གྷ་ Lady Gaga ལགས་དང་། ཨ་རིའི་གནད་ཡོད་མི་སྣ་ཁག་གཅིག ཨ་རིའི་གྲོང་སྡེའི་སྤྱི་ཁྱབ་པ་ཉིས་བརྒྱ་ལྷག་ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་དང་། ལྷན་ཚོགས་དབུ་འཛུགས་མ་གནང་གོང་ཨ་རིའི་གཞས་མ་གྲགས་ཅན་ལེ་ཌི་གྷ་གྷ་ལགས་ཀྱིས་༸གོང་ས་མཆོག་ལ་བཅར་འདྲི་ཁག་གཅིག་ཞུས་ཏེ་ངོ་དེབ་ཐོག་ཐད་ཀར་རྒྱང་སྲིང་གི་ལས་རིམ་གོ་སྒྲིག་བྱས་པ་དང་། སྐབས་དེར་ལེ་ཌི་གྷ་གྷ་ལགས་ཀྱིས་༸གོང་ས་མཆོག་ལ་དེང་སྐབས་ན་གཞོན་རྣམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པའི་ཁྲོད་རང་ཉིད་སོ་སོར་གདེང་ཚོད་མེད་པར་སེམས་ཞུམ་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་རང་ཉིད་ཀྱིས་གནོད་འཚེ་བྱས་པ་དེ་དག་ཡོང་རྐྱེན་ཅི་ཡིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་བཀའ་ལན་སྩལ་དོན། སྤྱིར་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་ཞིག་ཡིན་ནའང་། དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་གཙོ་བོ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། དུས་རྟག་ཏུ་དཀའ་ངལ་ཞིག་འཕྲད་དང་འཕྲད་བཞིན་ཡོད། གལ་སྲིད་རང་ཉིད་ཀྱི་སེམས་ཁམས་ཞི་བདེ་བག་ཕེབས་ཤིག་ཡོད་ན་དཀའ་ངལ་དེ་འདྲ་འཕྲད་མི་སྲིད། ང་ཚོ་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པ་དང། ང་ཚོའི་མ་འོངས་པ་དེ་ཡང་འགྲོ་བ་མིའི་སྤྱི་ཚོགས་གཞན་རྣམས་ལ་བརྟེན་ནས་འཚོ་གནས་བྱ་དགོས་སྟབས། ནང་སེམས་ཀྱི་རིན་ཐང་ཡོད་པའི་སྙིང་རྗེ་དང་བྱམས་བརྩེར་དོ་སྣང་མང་ཙམ་བྱ་དགོས། ཞེས་བཀའ་ལན་སྩལ།

དེ་རྗེས་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ལས་གང་ཞིག་འབྲས་བུ་བཟང་བ་ཡོད་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ངོས་རང་དུས་རྒྱུན་དཔྱད་སྒོམ་ལ་མོས་པ་ཆེ་བ་ཡོད་པ་མ་ཟད། དཔྱད་སྒོམ་དེ་ནུས་པའང་ཆེ་བ་འདུག་ཅེས་བཀའ་སྩལ་བ་དང་། དེ་ནས་འཚེ་བའི་འཛམ་གླིང་འདི་བཞིན་ཞི་བདེ་ལྡན་པ་ཞིག་གང་འདྲ་བྱས་ནས་བཟོ་ཐུབ་བམ་ཞེས་ཞུས་པར། ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་རེ་བ་བྱ་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོང་ངེས། གང་ལྟར་རེ་བ་དང་གདེང་ཚོད་ནི་དགོས་ངེས་ཅན་ཞིག་ཆགས་ཡོད། ཅེས་སོགས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་གྲུབ་མཚམས་གསར་འགོད་པ་གྲགས་ཅན་ལྕམ་སྐུ་ཨེན་ཀ་རི་ Ann Curry ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་ཀྱི་སྡིངས་ཆའི་སྟེང་གདན་ཞུ་ཞུས།

དེ་ནས་ལྕམ་སྐུ་ཨེན་ཀ་རི་ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་མདོར་བསྡུས་ཤིག་སྙན་སྒྲོན་ཞུས་གྲུབ་མཚམས། ཨ་རིའི་ལའོ་སེ་ཝི་ལེ་ Louisville གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་གྷེ་རི་ཕི་ཤར་ Gary Fischer ལགས་དང་ཀེན་ཊུ་ཀེ་ Kentucky ལགས་རྣམས་གཉིས་ཀྱིས་མཉམ་རུབ་ཐོག་ལའོ་སེ་ཝི་ལེ་ Louisville གྲོང་སྡེ་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་མིང་བཏགས་པ་དང་། དེ་བཞིན་ཨ་ན་ཧ་འིམ་དང་ཁེ་ལི་ཕོར་ནི་ཡའི་གྲོང་སྡེའི་སྤྱི་ཁྱབ་པ་ཊོམ་ཊེཊ་Tom Taitལགས་ཀྱིས་ཨ་ན་ཧ་འིམ་གྲོང་སྡེ་ལ་སྙིང་རྗེའི་གྲོང་ཁྱེར་ཞེས་བཏགས་པའི་ལས་གཞི་དེ་དག་གི་སྐོར་བཟོ་སྐྲུན་གནང་བའི་བརྙན་ཐུང་ཞིག་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་དང་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་གསན་གཟིགས་མཛད་གྲུབ་མཚམས་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངོས་རང་དངོས་སུ་འདིར་བཅར་ཏེ་སྙན་གྲགས་ཆེ་བའི་རྒྱལ་ཁབ་འདིའི་གྲོང་སྡེའི་སྤྱི་ཁྱབ་པ་མང་པོ་ཞིག་མཇལ་རྒྱུ་བྱུང་བར་ཧ་ཅང་གི་ཆེ་མཐོང་ཆེན་པོ་ཞིག་ཐོབ་བྱུང་། ངོས་ནས་དུས་རྟག་ཏུ་ཨ་རི་རྒྱལ་ཁབ་འདི་བཞིན་འཛམ་གླིང་རྒྱལ་ཁབ་ཀུན་གྱི་རང་དབང་སྣེ་ཁྲིད་ཀྱི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། རྒྱལ་ཁབ་འདི་བཞིན་འཕྲུལ་ཆས་གསར་གཏོད་ཅན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་འདིས་རང་དབང་དང་མང་གཙོ། གུ་ཡངས་དང་བྱམས་བརྩེ་བཅས་གལ་ཆེར་འཛིན་པའི་ཁྱད་ཆོས་བཟང་པོ་དེ་དག་ནི་བྱམས་བརྩེ་དང་མི་གཞན་ལ་གུས་བརྩི། དེ་བཞིན་འགྲོ་བ་མི་ལ་ཕན་བདེ་བསྒྲུབ་རྒྱུའི་སེམས་ཁུར་བཅས་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན། དེ་དག་ནི་ཁ་ནས་འདོན་པའི་འབོད་ཚིག་ཙམ་མིན་པར་ནང་སེམས་ཀྱི་སྤྱོད་ཚུལ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། དེར་བརྟེན་རྒྱལ་ཁབ་འདིས་མ་འོངས་པར་འཛམ་གླིང་འདི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཏུ་སྣེ་ཁྲིད་ཐུབ་རྒྱུར་ངོས་ནས་ཡིད་ཆེས་ཞུ་གི་ཡོད།

ང་ཚོ་སའི་གོ་ལ་སྔོན་པོ་འདིའི་སྟེང་གནམ་གཤིས་འགྱུར་ལྡོག་དང་། མི་འབོར་འཕེལ་རྒྱས། རང་འབྱུང་གཏེར་ཁ་ཁག་ཇེ་ཉུང་དུ་འགྲོ་བའི་ཁར་དཀའ་ངལ་གཞན་ཁག་གཅིག་འཕྲད་བཞིན་ཡོད། དཀའ་ངལ་ཕལ་ཆེ་བ་ང་རང་ཚོ་མིས་བཟོས་པ་ཤ་སྟག་ཆགས་ཡོད། སྤྱིར་ང་ཚོ་སུ་ཞིག་དཀའ་ངལ་མི་འདོད་ཀྱང་གཞན་གྱི་ཆེད་དུ་སེམས་ཁུར་མེད་པར་རང་ཉིད་གཅེས་འཛིན་གྱི་བློ་ཤུགས་ཆེ་དྲགས་པས་ཁྱོད་དང་ང་ཞེས་དབྱེ་བ་ཕྱེས་པའི་རྙོག་དྲས་རྐྱེན་བྱས་ཏེ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། འདས་པའི་དུས་རབས་ཉི་ཤུ་པ་དེ་བཞིན་འཚེ་བའི་དུས་རབས་ཤིག་གི་ཐོག་ནས་ཕྱིན་ཡོད། སྐབས་དེར་ལོ་རྒྱུས་ནང་མི་གྲངས་ས་ཡ་ཉིས་བརྒྱ་ཙམ་དྲག་པོའི་ལམ་ནས་བསད་པ་རེད། འཚེ་བའི་དུས་རབས་དེས་རྐྱེན་བྱས་ནས་ད་ལྟའི་དུས་རབས་འདིའི་ནང་ཁོང་ཁྲོ་དང་ཕྲག་དོག་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། ང་ཚོས་དེ་དག་ཞི་ཆེད་བྱམས་སྙིང་རྗེའི་རིན་ཐང་སོ་སོའི་རྒྱུད་ལ་འཇག་ཐབས་བྱ་དགོས། ཞེས་དང་། དེ་བཞིན་ང་ཚོ་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་ཐོག་མ་སོ་སོ་རང་ཉིད་ཀྱི་ཨ་མ་ནས་འབྱུང་བ་ཞིག་ཡིན་པ་དང་། ཕྱིའི་གཟུགས་བྱད་ལས་ནང་གི་ཡོན་ཏན་གལ་ཆེ་བ་ཡིན་པ། སེམས་ཇི་ཙམ་གྱི་མི་སྐྱིད་པ་དེ་ཚོད་ཀྱིས་ལུས་པོའི་ཟུངས་བཅུད་ཉམས་པ་དེའི་ཐོག་ནས་སེམས་ཀྱི་ཞི་བདེ་དང་ལུས་པོའི་འཕྲོད་བསྟེན་དབར་འབྲེལ་བ་ཤུགས་ཆེ་ཡོད་པ། འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་སྤེལ་གཏོང་ཐབས་ཐོག་ནས་ཨ་རིའི་ནང་བྱམས་བརྩེ་དང་སྙིང་རྗེའི་གྲོང་ཁྱེར་ཞེས་ལས་གཞི་དེ་འདྲ་ཞིག་བརྩམས་པ་དེར་བསྔགས་བརྗོད་མཛད་པ་དང་སྦྲགས།  མ་འོངས་པར་ང་ཚོས་བྱམས་བརྩེ་དང་སྙིང་རྗེ་ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་དངོས་སུ་བསྟར་ཆེད་ལས་གཞི་དེ་མུ་མཐུད་ནས་འཛམ་གླིང་རྒྱལ་ཁབ་གཞན་ཚོས་ཀྱང་མིག་དཔེ་བལྟ་ཡུལ་ཞིག་ཆགས་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས་གཞས་མ་གྲགས་ཅན་ལེ་ཊིས་གྷ་གྷ་ལགས་ཀྱིས་༧གོང་ས་མཆོག་གིས་སྩལ་བའི་བྱམས་བརྩེ་དང་སྙིང་རྗེའི་སྐོར་གྱི་བཀའ་སློབ་དེ་དག་ལ་རྗེས་སུ་ཡི་རང་ཞུས་པ་དང་སྦྲགས་ལས་རིམ་མཇུག་སྒྲིལ་དང་། ཨ་རིའི་མཛད་འཕྲིན་ཁག་རེ་ཞིག་མཇུག་ལེགས་པར་གྲུབ་སྟེ་ཚེས་ ༢༨ ཉིན་དགོང་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༧ཞབས་སོར་བདེ་བོར་འཁོད་ཡོད་པ་བཅས།།

གསར་འགོད་པ། ཟླ་བ་ཕུར་བུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།