བླ་མ་ཞེས་པ་མཚན་ཉིད་ཚང་བ་ཞིག་དགོས་ཀྱི་ཡོད་པ་རེད།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༡ཚེས་༢༨ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཨུ་རུ་སུའི་ཆོས་ཞུ་བ་རྣམས་ཀྱི་དྲི་བར་བཀའ་ལན་དང་བཀའ་སློབ་གནང་བ་ཞིག་རེད། དེ་ཡང་གང་ཉིད་ཀྱིས་ཁང་པ་འདིའི་ནང་ལ་ཨུ་རུ་སུའི་སྐད་ཐོག་ནས་ཤེས་རབ་སྙིང་པོ་དང་རྟེན་འབྲེལ་བསྟོད་པ་གཏོན་པ་ཐེངས་དང་པོ་རེད། ཨུ་རུ་སུའི་ནང་ལ་ནང་པའི་ཆོས་དེ་གཞུང་འབྲེལ་ངོས་ལེན་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ངས་ནམ་རྒྱུན་རྟག་པར་བཤད་བསྡད་བཞིན་ཡོད། ང་ཚོ་ནང་པ་ཚོས་དུས་རབས་ཉེ་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་ཁ་གསལ་པོ་བྱས་ནས་ལབ་པ་ཡིན། སློབ་སྦྱོང་ཡག་པོ་བྱེད་ནས་ནང་ཆོས་ཡག་པོ་ཤེས་པའི་ཐོག་ནས་ནང་ཆོས་ལ་དད་པ་བྱས་པ་ཡིན་ན་ཡག་པོ་ཡོད་པ་རེད། གཞན་ནང་ཆོས་ཟེར་བ་དེ་ཆོ་ག་དང་ཕྱག་ལེན་ལྟ་བུ་དང་སྨོན་ལམ་རྒྱག་པ་ཙམ་བྱས་ནས་ཕྱིན་པ་ཡིན་ན་གཏིང་ཟབ་པོ་ཞིག་ཡོང་གི་མ་རེད་ཅེས་གསུངས་སོང༌། དེ་རྗེས་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་གང་ཉིད་ལ་བཀའ་འདྲི་ཞུ་དོན།

དྲི་བ། འདོན་པ་འདོན་ཡ་དེ་སོ་སོའི་སྐད་ནང་བྱས་ན་ཡག་གི་རེད་དམ། བོད་སྐད་ཀྱི་ཐོག་ནས་འདོན་ན་ཡག་གི་རེད།

བཀའ་ལན། སོ་སོའི་སྐད་ནང་བྱས་ན་ཡག་གི་རེད། སྔགས་ཀྱི་རིགས་ཡིན་ན་བོད་པ་ཚོས་ཀྱང་ལེགས་སྦྱར་གྱི་སྐད་ཐོག་ནས་འདོན་དགོས་ཀྱི་ཡོད་པ་རེད།

དྲི་བ། ཤ་མཆོད་ཆོག་གི་རེད་དམ་མ་རེད།

བཀའ་ལན། འདུལ་བའི་གཞུང་ནང་ལ་ཤ་བཀག་ཡོད་པ་མ་རེད། ཤ་བྱེ་བྲག་པ་དེ་འདྲ་བཀག་ཡོད་པ་རེད། ནང་པ་ཚང་མས་སོ་སོའི་ཆེད་དུ་དམིགས་ནས་སེམས་ཅན་བསད་པ་མཐོང་བ་དང་ཐོས་པ་དོགས་པ་ཙམ་བྱུང་ན་ཡང་དེ་འདྲའི་ཤ་ཟ་ཆོག་གི་ཡོད་པ་མ་རེད། གཞན་འདུལ་བའི་ནང་ལ་ཤ་བཀག་ཡོད་པ་མ་རེད། ལང་ཀ་བཤེགས་པའི་མདོ་ནང་ལ་ཤ་གཏན་དུ་བཀག་ཡོད་པ་རེད། དབུ་མ་སྙིང་པོའི་ནང་ལ་ཤ་བཀག་ཡོད་པ་མ་རེད། དོན་དག་སྙིང་པོ་དེ་སོ་སོས་ཤ་སྤོང་ཐུབ་པ་བྱུང་ན་ཡག་ཤོས་རེད། ཡང་སོ་སོའི་གོམས་གཤིས་དང་མཐུན་རྐྱེན་དེ་འདྲའི་ཐོག་ནས་གཏན་དུ་སྤོང་མ་ཐུབ་ན་ཡང་ག་ཚོད་ཐུབ་ཐུབ་ཀྱིས་དཀར་ཟས་མང་དུ་སྤྱོད་ན་ཡག་པོ་རེད། གདན་ས་ཁག་གི་སྤྱི་ཐབ་དེ་ཚོས་ཕར་ཆེར་ལོ་བཅོ་ལྔ་ཙམ་ཕྱིན་པ་རེད་དཀར་ཟས་ཁོ་ན་སྤྱོད་བཞིན་ཡོད་པ་རེད། དགོན་པ་དང་ལྷ་ཁང་དེ་ཚོའི་ནང་དུས་ཆེན་སོགས་བྱེད་དུས་ངེས་པར་དུ་དཀར་ཟས་བྱེད་ན་ཡག་པོ་རེད། ང་སྔ་མོ་བོད་དུ་ཡོད་དུས་ངོས་ལོ་ན་ཕར་ཆེར་བཅུ་གསུམ་བཅུ་བཞི་ཙམ་ཡིན་དུས་བོད་གཞུང་གིས་ནམ་རྒྱུན་སྟོན་མོ་སོགས་ཀྱི་སྐབས་སུ་སྔ་མོ་དམར་སྐྱོང་རེད་རྗེས་སུ་ངས་དཀར་སྐྱོང་བཟོས་པ་ཡིན།

དྲི་བ། ཁོང་ཚོ་ཁ་ཤས་ལ་ནང་པ་སངས་རྒྱས་པའི་ཆོས་ལ་རྟོགས་པ་དེ་ཙམ་མེད་ཀྱང་དུས་རྒྱུན་དུ་སྔགས་ཀྱི་དབང་སོགས་ཞུ་བཞིན་ཡོད་པ་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་པ་ཡིན་ནམ།

བཀའ་ལན། སྔགས་དབང་ཉམས་ལེན་བྱེད་པ་ལ་བྱམས་ཆུབ་ཀྱི་སེམས་མེད་ན་ཡོང་གི་མ་རེད། དེ་བཞིན་སྟོང་ཉིད་ཀྱི་ལྟ་བ་མེད་ན་ཡང་ཡོང་གི་མ་རེད། ཁྱོད་རང་ཚོས་ནང་པའི་ཆོས་དེ་ཙམ་མ་ཤེས་ན་ཡང་དབང་དེ་འདྲ་ཐོབ་ཟིན་པ་ཡིན་ན། ནང་ཆོས་ལ་དོ་སྣང་མུ་མཐུད་ནས་ཡོད་པ་ཡིན་ན། ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་རེད་ལ། ནང་ཆོས་ནས་གསུངས་ཡོད་པ་དེ་ཚོ་ག་ཚོད་ཐུབ་ཐུབ་ཉམས་ལེན་བྱེད་དགོས་པ་རེད།

དྲི་བ། ད་ལྟ་བོད་ནང་དུ་གནས་ཚུལ་སྐྱོ་པོ་ཞིག་ཆགས་བསྡད་ཡོད་པ་རེད། དེར་ང་ཚོ་ཨུ་རུ་སུའི་ནང་པ་སངས་རྒྱས་པ་དང་སོག་པོའི་ནང་པ་སངས་རྒྱས་པ་དེ་ཚོ་ཚང་མས་མཐུན་མོང་ནས་བོད་ལ་རོགས་རམ་ཞུ་བ་ལ་ག་རེ་བྱེད་དགོས་པ་རེད།

བཀའ་ལན། ངས་དུས་རྒྱུན་དུ་ཨ་རི་དང༌། ཡོ་རོབ། རྒྱ་གར། ཉི་ཧོང་དེ་ཚོ་ག་ས་ག་ལ་བཤད་བཞིན་ཡོད། ཁྱོད་རང་ཚོ་སྔོན་ལ་བོད་ནང་དུ་ལྟ་སྐོར་འགྲོ་རོགས་བྱོས། བོད་ནང་དངོས་ཡོད་གནས་ཚུལ་གང་འདྲ་འདུག་ཁྱོད་རང་ཚོས་ཞིབ་འཇུག་ཡག་པོ་ཞིག་གྱིས། ཡག་པོ་ཞིག་གོ་ཚུད་པ་བྱོས། དེར་དངོས་ཡོད་གནས་ཚུལ་གང་འདྲ་འདུག སོ་སོ་ཕར་ལོག་དུས་སོ་སོའི་འབྲེལ་བ་ཡོད་པའི་མི་དེ་ཚོར་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་པ་དེ་འགྲེལ་བཤད་རྒྱོབས། ད་ལྟའི་དུས་ཚོད་དེ་དངོས་ཡོད་གནས་ཚུལ་གསལ་པོ་ཤེས་པ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་འདུག ངས་ཁོང་ཚོར་བོད་ལ་འགྲོ་རྒྱུ་དེ་འགྲོ་སོང་ཆེན་པོ་ཞིག་ཡོད་པ་རེད། དངོས་གཡར་ནས་སོང༌། བོད་ལ་སླེབས་ཚར་སོང་ན། བོད་ནས་ལྕག་ལག་རྙིང་པ་དེ་འདྲ་གཏན་གཏན་རག་གི་རེད། དེ་ཚོ་གོང་ཆེ་ཙམ་བྱེད་ན་གཙོང་དགོས་པ་རེད་ཅེས་ངས་བཤད་བཞིན་ཡོད།

དྲི་བ། མི་གཅིག་གིས་ཆོས་བརྒྱུད་མི་འདྲ་བ་དེ་ཚོ་ཚང་མའི་དབང་ཞུས་པ་ཡིན་ན་འགྲིག་གི་རེད་དམ།

བཀའ་ལན། དེ་ལ་གནད་འགག་གང་ཡང་ཡོད་པ་མ་རེད། ཁྱད་པ་གང་ཡང་ཡོད་པ་མ་རེད། དགེ་ལུགས་པའི་དབང་ཞུ་དགོས་པ་རེད། རྙིང་མའི་དབང་ཞུ་དགོས་པ་རེད། ས་སྐྱའི་དབང་ཞུ་དགོས་པ་རེད། བཀའ་བརྒྱུད་པའི་དབང་ཞུ་དགོས་པ་རེད། དཔེར་ན་ང་ལ་ཆགས་བཞག་པ་ཡིན་ན་ཚང་མའི་དབང་ཞུ་བཞིན་ཡོད། གང་ལྟར་རྙིང་མ་དང༌། ས་སྐྱ། བཀའ་བརྒྱུད། དགེ་ལྡན་པ་བཅས་ཚང་མ་པན་གྲུབ་བཅུ་བདུན་གྱི་དགེ་ཕྲུག་ཁོ་ན་རེད། ཤུགས་ལྡན་བརྟེན་མཁན་དེ་ཚོས་འདི་འདྲ་ཟེར་གྱི་འདུག དགེ་ལུགས་པ་ཞིག་ཤུགས་ལྡན་བརྟེན་མཁན་ཡིན་ན། རྙིང་མའི་དཔེ་ཆ་ཞིག་བཞག་པ་ཡིན་ནའང་མ་འགྲིག་པ་རེད་ཅེས་ཟེར་གྱི་འདུག སྐད་ཆ་དེ་ནོར་བ་རེད། དུས་རབས་ཉི་ཤུ་པའི་ནང་བོད་ལ་ཤུགས་ལྡན་གྱིས་རྐྱེན་བྱས་ནས་གྲུབ་མཐའི་ཕྱོགས་ལྷུང་ཧ་ཅང་ཆེན་པོ་འཕེལ་ཡོད་པ་རེད། དེ་ནོར་བ་རེད། གང་ལྟར་རྒྱལ་པོ་ཤུགས་ལྡན་ཟེར་བ་དེ་༧གོང་ས་ལྔ་པ་ཆེན་པོར་རྒྱུས་ཆེ་ཤོས་རེད། བྱས་ཙང་༧གོང་ས་ལྔ་པ་ཆེན་པོས་ཤུགས་ལྡན་ཟེར་བ་དེ་གང་འདྲ་ཞིག་རེད་ཅེས་གསུངས་ཡོད་པ་རེད་ཟེར་ན། ༼སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་༽ཞེས་གསུངས་ཡོད་པ་རེད། སོག་པོ་ནང་ལ་དེ་རིང་ཁ་སང་ཤུགས་ལྡན་བརྟེན་མཁན་དེ་འདྲ་ཁ་ཤས་ཡོང་གི་འདུག་ཨ། ཁྱོད་རང་ཚོས་བརྟག་དཔྱད་ཡག་པོ་བྱེད་དགོས་པ་རེད། དེང་སང་དེའི་སྐོར་ཡིག་ཆ་མང་པོ་ཐོན་ཡོད་པ་རེད། དེ་ཚོའི་རིགས་ལ་བརྟག་དཔྱད་ཡག་པོ་ཞིག་བྱེད་དགོས་པ་རེད། གང་ལྟར་གྲུབ་མཐའ་རིས་མེད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གྲུབ་མཐའ་བསྲེ་རྒྱུ་ཡོད་པ་མ་རེད་ཅེས་པའི་སྐད་ཆ་ཞིག་ཡོད་པ་རེད། དེ་ག་རེ་རེད་ཟེར་ལབ་པ་ཡིན་ན། མཁས་གྲུབ་རིན་པོ་ཆེས་གསུངས་ཡོད་པ་རེད། ཆོས་བརྒྱུད་སོ་སོའི་གཞུང་འཆད་པའི་སྐབས་ཆོས་བརྒྱུད་སོ་སོའི་ཆོས་སྐད་དེ་རྒྱག་དགོས་པ་ལས་ཆོས་སྐད་གཞན་དག་དང་མ་བསྲེ་གསུངས་ཡོད་པ་རེད། གང་ཟག་གཅིག་གིས་རྙིང་མ་དང་དགེ་ལུགས་བཀའ་བརྒྱུད་ས་སྐྱ་བྱས་པ་དེ་ཆོས་ལུགས་བསྲེ་བའི་སྐད་ཆ་དེ་མ་རེད།

དྲི་བ། ཆོས་གཞན་བྱེད་མཁན་ཞིག་གིས་དབང་དེ་འདྲ་ཞུ་ན་འགྲིག་གི་རེད་དམ།

བཀའ་ལན། ཆོས་ལུགས་སོ་སོར་ཁམས་དང་མོས་པ་ལ་སྟུན་ནས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། སོ་སོར་ཕ་མེས་ནས་ཡོད་པའི་ཆོས་ལུགས་དེ་བྱེད་དགོས་པ་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ཡོ་རོབ་དང་ཨ་རི། ཨོ་སི་ཊོ་ལི་ཡ་དེ་ཚོར་ངས་ནམ་རྒྱུན་ནང་ཆོས་འགྲེལ་བཤད་རྒྱག་པའི་སྐབས། ཨ་རི་བ་དང་ཡོ་རོབ་པ་ཁྱོད་ཚོར་རྗེའུ་དང་ཡེ་ཤུའི་ཆོས་ལུགས་བག་ཆགས་ཡོད་པ་རེད། རྗེའུའི་ཆོས་དང་ཡེ་ཤུའི་ཆོས་ལུགས་དེ་ཚོ་ཁྱོད་རང་ཚོའི་རིག་གཞུང་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱོད་རང་ཚོས་སོ་སོའི་སྲོལ་རྒྱུན་གྱི་ཆོས་ལུགས་དེ་ཉམས་ལེན་བྱེད་ན་ཡག་གི་རེད། ཆོས་ལུགས་སྒྱུར་རྒྱུ་དེ་རྙོག་དྲ་ཚ་པོ་ཡོད་པ་རེད་ཅེས་བཤད་མྱོངས་ཡོད། ནང་པ་ཞིག་ཡིན་ན་ཕ་མེས་ནས་ནང་པ་ཡིན་དུས། ནང་པ་རང་བྱེད་པ་ཡིན་ན་བརྟན་པ་ཡོད་རེད། ཆོས་ལུགས་ག་རེ་ཡག་པ་ཡོད་པ་རེད་དམ་ཟེར་ན། འདི་ཡག་བ་ཡོད་པ་རེད་ཅེས་བཤད་ཐུབ་རྒྱུ་ཁག་པོ་རེད། སོ་སོའི་ཁམས་དང་མོས་པ་ལ་སྟུན་ནས་འགྲོ་རྒྱུ་རེད། སོ་སོའི་ཁམས་དང་མོས་པ་དང་འཚམ་པ་ཞིག་བྱུང་ན། ཁམས་དང་མོས་པ་དེ་འདྲ་ཡོད་པའི་མི་དེ་ལ། སོ་སོར་མོས་པའི་ཆོས་དེ་ཡག་ཤོས་ཆགས་བསྡད་ཡོད་པ་རེད། འོན་ཀྱང་དེང་སང་ནུབ་ཕྱོགས་པ་སྲོལ་རྒྱུན་གྱི་ཆོས་ལུགས་རྗེའུ་དང་ཡེ་ཤུ་ཡིན་མཁན་དེ་ཚོའི་ལུང་པ་ནང་ལ་ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་འདྲ་མང་པོ་ཡོང་གི་འདུག དེ་འདྲ་ཡོང་གི་ཡོད་དུས་ཆོས་ལུགས་སོ་སོར་དད་པ་རང་མོས་རེད། དེ་འདྲའི་མི་དེར་ནང་པའི་ཆོས་ཐོག་ནས་སོ་སོ་ལ་འཚམ་པ་ཞིག་དང་ཕན་ཐོག་ཆེ་བ་ཞིག་ཡོད་པ་མཐོང་ན་བསམ་བློ་ཡག་པོ་ཞིག་གཏོང་རོགས་གྱིས། མུ་མཐུད་ནས་བསམ་བློ་བཏང་ནས་དེ་གའི་ཐག་ཆོད་པ་ཞིག་འདུག་ན་ནང་པའི་ཆོས་བྱེད་ཀྱང་ཆོག་གི་རེད། ཆོས་སྡེ་རང་མོས་རེད་ཅེས་བཤད་བཞིན་ཡོད། ཡིན་ན་ཡང་སོ་སོའི་ཕ་མེས་ཀྱི་ཆོས་དེ་ལ་སྐུར་བ་འདེབས་ཡ་དེ་འདྲ་རྩ་བ་ནས་བྱེད་རྒྱུ་ཡོད་པ་མ་རེད། ངེས་པར་དུ་གུས་ཞབས་ཆེན་པོ་བྱེད་དགོས་པ་རེད་ཅེས་ངས་རྒྱུན་དུ་བཤད་བཞིན་ཡོད།

དྲི་བ། མི་ཤི་ཁའི་དུས་དེར་བླ་མ་དང་༧རྒྱལ་བ་རིན་པོ་ཆེར་གསོལ་བ་འདེབས་དུས་སོ་སོ་རང་སྐད་ཐོག་ནས་ཡག་གི་རེད་དམ་བོད་སྐད་ཐོག་ནས་བྱེད་ན་ཡག་གི་རེད།

བཀའ་ལན། སོ་སོ་རང་སྐད་ནས་འདོན་ན་ཡག་གི་རེད།

དྲི་བ། དེ་སང་ཨུ་རུ་སུའི་ནང་དཔལ་སྤྲུལ་རིན་པོ་ཆེ་རྙིང་མ་པའི་བླ་མ་རྩ་ཆེན་པོ་ཞིག་རེད། མི་ཁ་ཤས་ཀྱིས་བླ་མ་ཁ་ཤས་ལ་སྐྱབས་མགོན་རིན་པོ་ཆེའི་བྱིན་རླབས་ཡོད་པ་མ་རེད་ཟེར། བྱིན་རླབས་མེད་པ་སོང་ཙང་ཁོང་ཚོའི་མདུན་དུ་གསུང་ཆོས་ཞུ་བ་འགྲོ་བཞིན་ཡོད་པ་མ་རེད། དེའི་སྐོར་ལ་བཀའ་སློབ་ཤིག་གནང་རོགས། གལ་སྲིད་བླ་མ་གང་རུང་ཞིག་ལ་སྐྱབས་མགོན་རིན་པོ་ཆེའི་བྱིན་རླབས་མེད་པ་ཡིན་ན། ཁོང་གི་རྩ་ལ་གསུང་ཆོས་ཞུ་བར་འགྲོ་ཆོག་གི་རེད་དམ་མ་རེད།

བཀའ་ལན། ང་ལ་བྱིན་རླབས་ཡོད་མེད་ཟེར་བ་ང་ལ་བྱིན་རླབས་གང་ཡང་ཡོད་པ་མ་རེད་ལ། ངས་བྱིན་རླབས་ཤིག་སྤྲད་རྒྱུ་དེ་འདྲ་གང་ཡང་ཡོད་པ་མ་རེད། དེར་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། ཚད་ལྡན་རེད་འདུག་གམ་མི་འདུག་དེ་ཞིབ་འཇུག་བྱེད་དགོས་པ་རེད། སྔ་མོ་ཁམས་ལ་རྫ་དཔལ་སྤྲུལ་རིན་པོ་ཆེ། རྫ་དཔལ་སྤྲུལ་སྐུ་གོང་མ་སྐད་གྲགས་ཆེན་པོ་དེ། བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་རེད། བྱམས་ཆུབ་སེམས་དཔའ་འཁྲུལ་མེད་རེད། ཁོང་ནི་པགས་ཚག་ཤིག་གྱོན་མཁན་གནས་སྐོར་བ་འདྲ་པོ་ཞིག་ཡོད་པ་རེད། རྒྱུན་དུ་བླ་མའི་རྩར་སྦྱིན་བདག་དེ་འདྲ་མང་པོ་ཞིག་ཡོང་གི་ཡོད་དུས། བླ་མ་བསུན་ནས་ལུང་པ་དེ་ལས་ཐོན་ནས་ལུང་པ་གཞན་ཞིག་ལ་ཕེབས་པ་རེད། གནས་ཚང་ཞིག་ལ་ཉི་མ་ཁ་ཤས་བཞུགས་པ་རེད། ཁོང་ནི་འགྲུལ་པ་པགས་ཚག་གྱོན་མཁན་ཕོར་པ་གཅིག་མ་གཏོགས་གང་ཡང་མེད་མཁན་ཞིག་ཡོད་པ་རེད། ཨ་མ་དེས་གནས་སྐོར་བ་ཁྱེད་རང་ངའི་ནང་ལ་བསྡད་ན་འགྲིག་གི་རེད། དེའི་ཞོར་དུ་ལས་ཀ་ཏོག་ཙམ་བྱོས་ཞེས་ལབ་ནས་ལས་ཀ་ཏོག་ཙམ་བཀོལ་ནས་བཞགས་པ་རེད། ཉིན་ཞིག་ཞོགས་པར་རྫ་དཔལ་སྤྲུལ་རིན་པོ་ཆེའི་སློབ་མ་ཞིག་དཔལ་སྤྲུལ་རིན་པོ་ཆེ་གང་དུ་ཕེབས་ཡོད་མེད་བརྩད་གཅོད་བྱེད་པར་ཡོང་ནས་མི་ཚང་དེར་སླེབས་པ་རེད། ཨ་མ་དེར་ང་ཚོའི་བླ་མ་རྫ་དཔལ་སྤྲུལ་རིན་པོ་ཆེ་ཕེབས་སོང་ངམ་ཞེས་སྐད་ཆ་དྲིས་དུས། ཨ་མ་དེས་དེ་འདྲ་རྩ་བ་ནས་ཡོད་པ་མ་རེད་བླ་མ་གང་འདྲ་ཞིག་ཡོད་པ་རེད་ཅེས་སྐད་ཆ་དྲིས་པ་རེད། དགེ་ཕྲུག་དེས་ང་ཚོའི་བླ་མ་པགས་ཚག་བཞེས་མཁན་ཞིག་དང་ཞལ་རས་འདི་འདྲ་ཞིག་ཡོད་པ་རེད་ཅེས་ལན་བརྒྱབ་པ་རེད། ཨ་མ་དེས་རྫ་དཔལ་སྤྲུལ་རིན་པོ་ཆེ་གནས་ཚང་གཡར་ནས་རིན་པོ་ཆེའི་བཟོ་ལྟ་ལ་བལྟས་ནས་ཨ་མ་ཁོང་རང་གི་ཆབ་གཅིན་ཡང་བཤོལ་བཅུག་པ་རེད། བྱས་ཙང་ཨ་མ་ངོ་ཚ་ནས་བྲོས་ཕྱིན་པ་རེད། དངོས་གནས་བྱས་ན་རྫ་དཔལ་སྤྲུལ་རིན་པོ་ཆེ་ཁོང་ཚོའི་རྩའི་བླ་མ་རྩ་ཆེ་ཤོས་དེ་ཆགས་ཡོད་པ་རེད། བྱས་ཙང་བླ་མ་ཟེར་བ་དེ་འདྲ་རེད། བླ་མ་ཟེར་བ་དེ་དངོས་གནས་དྲང་གནས་ཀྱི་ཡོན་ཏན་ཡོད་པ་ཉམས་ལེན་ཡོད་པ། མི་ཕལ་པ་ཕལ་རྐྱང་བྱེད་ནས་བཞུགས་མཁན་ཞིག་ཡོད་པ་རེད། དེ་ལོ་རྒྱུས་ཅིག་བྱས།

ཡང་ལོ་རྒྱུས་ཅིག་བཤད་ན། འབྲོང་སྟོན་པ་རྒྱལ་བའི་འབྱུང་གནས་ཟེར་བ་དེ་ཨ་པོ་ཧོར་ཡང་པགས་ཚག་བཞེས་མཁན་ཞིག་ཡོད་པ་རེད། བསམ་གྱིས་མི་ཁྱབ་པའི་བྱམས་ཆུབ་སེམས་པ་འཁྲུལ་མེད་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་ཡང་སྲས་རེད་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡང་ཐེ་ཚོམ་ཡོད་པ་མ་རེད། ཉིན་ཞིག་ཁོང་ལྷ་སའི་ཕྱོགས་སུ་ལ་ཞིག་བརྒྱབ་བཞིན་པའི་སྐབས། དེའི་སྐབས་སུ་གྲྭ་ཆས་གྱོན་མཁན་མཆོད་གནས་ཤིག་དང་ལམ་ཁ་མཉམ་དུ་ཁེལ་བ་རེད། གང་ཙམ་ཕྱིན་རྗེས་མཆོད་གནས་དེ་ཐང་ཆད་ནས་ཁོང་རང་གི་ལྷམ་གོག་དེ་མར་ཕུད་ནས་ཨ་པོ་ཧོར་དེར་བསྐུར་བ་རེད། འབྲོང་སྟོན་པས་མཆོད་གནས་ལགས་ཀྱི་ལྷམ་གོག་ཚུར་སྤྲད་པ་དེ་ཁོང་རང་གི་མཇིང་པར་བཀོན་ནས་ཧུར་ཐག་ཏུ་ཕྱིན་པ་རེད། དེ་ནས་ཕན་པོ་རུ་བཀའ་གདམ་པའི་དགོན་པ་ཞིག་ལ་ཐོན་གྲབས་ཡོད་དུས། དགོས་པའི་གྲྭ་པ་ཚོས་སེར་ཕྲེང་བསྒྲིགས་ནས་སྒུག་ཡོད་པ་རེད། མཆོད་གནས་དེའི་བསམས་པར་ང་ནི་དགོན་པ་དེར་འབྲེལ་བ་རྩ་བ་ནས་མེད་སེར་ཕྲེང་དེ་ང་ལ་ནི་སྒྲིག་གི་ཡོད་པ་མ་རེད། ཁེ་མཚར་སེར་ཕྲེང་དེ་སུ་ལ་སྒྲིག་པ་ཡིན་ནམ་དྲན་ནས་ཨ་པོ་ཧོར་དེར་དེ་རིང་སེར་ཕྲེང་སྒྲིག་བཞིན་འདུག་པས་ག་རེད་ཡིན་ནམ་ཞེས་སྐད་ཆ་དྲིས་དུས། འབྲོང་སྟོན་པས་ང་དགོན་པ་དེར་འགྲོ་བཞིན་ཡོད་ཅེས་གསུངས་དུས། མཆོད་གནས་དེ་ངོ་ཚ་ཐག་ཆོད་ནས་ལྷམ་ཡང་བློས་བཏང་ནས་བྲོས་ཕྱིན་པ་རེད།

བླ་མ་ང་མཁས་པ་ཡིན། ང་ལ་མངོན་ཤེས་ཡོད། ང་ལ་རྫུལ་འཕྲུལ་ཡོད་ཟེར་མཁན་དེ་ཚོའི་གྲས་དེར་གཟབ་གཟབ་མ་བྱས་ན། ཆབ་སྲིད་པ་བཟོ་འདྲ་པོ་རེད། ཆབ་སྲིད་པ་དེ་ཚོས་ང་འཇོན་པོ་ཡོད། ངས་དེ་ཐུབ་ཀྱི་ཡོད་ཅེས་བཤད་དགོས་ཀྱི་འདུག་ཨ། ཆོས་ཕྱོགས་ཀྱི་བསླབ་པ་ཟེར་བ་དེ་འདྲ་ཞིག་མ་རེད། དོན་དག་སྙིང་པོ་དེ་བླ་མའི་མཚན་ཉིད་བཅུ་ཚང་དགོས་པ་རེད། དེ་ཚོའི་གྲས་ལ་མཚན་ཉིད་ཚང་མ་ཚང་ཡག་པོ་བརྟག་དཔྱད་བྱེད་དགོས་པ་རེད། ལང་སེང་ཧོབ་རྒྱུག་བྱེད་ན་ཡག་པོ་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེ་ངོ་ཤེས་དང་མ་ཤེས་ཟེར་བ་དེ་སྐད་ཆ་གང་ཡང་མ་རེད།

དྲི་བ། སྐྱབས་མགོན་རིན་པོ་ཆེ་ང་ཚོ་ཨུ་རུ་སུའི་ནང་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་འཆར་གཞི་དེ་འདྲ་ཡོད་པ་ཡིན་ནམ། སྐྱབས་མགོན་རིན་པོ་ཆེ་ཆིབས་བསྒྱུར་དེ་འདྲ་གནང་ཐུབ་པར་ང་ཚོའི་ངོས་ནས་གང་རེ་བྱེད་དགོས་ཀྱི་ཡོད་པ་རེད།

བཀའ་ལན། ང་སྔོན་མ་ནས་ཚར་ཁ་ཤས་སླེབས་པ་རེད། བར་སྐབས་ཤིག་ལ་ཨུ་རུ་སུའི་གཞུང་གིས་ཆོག་མཆན་གནང་གི་མི་འདུག

དྲི་བ། ཕ་མའི་ལས་ཀྱི་འབྲས་བུ་དེ་ང་ཚོ་ལ་སྨིན་རྒྱུ་ཡོད་པ་རེད་དམ།

བཀའ་ལན། སྤྱིར་ལས་མ་བྱས་པ་དང་མི་འཕྲད། བྱས་པ་དེ་ཆུད་མི་ཟག་ཟེར་སྲོལ་ཡོད་པ་རེད། སོ་སོས་བསགས་པའི་ལས་ཀྱི་འབྲས་བུ་དེ་སོ་སོས་མྱངས་དགོས་པ་རེད་མ་ཏོགས། མི་གཞན་དང་འབྲེལ་བ་ཡོང་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་དགེ་བཤེས་པོ་ཏོ་བས། ཆོས་ཀྱི་འབྲེལ་བ་རིགས་རུས་ཀྱི་འབྲེལ་བ་ལོངས་སྤྱོད་ཀྱི་འབྲེལ་བ་ཞེས་འབྲེལ་བ་གསུམ་གསུངས་ཡོད་པ་རེད། དཔེར་ན་ཕ་མའི་དོན་དུ་བུ་ཕྲུག་གིས་དགེ་རྩ་སྒྲུབ་པ་ཡིན་ན། ཕ་མ་ལ་ཕན་ཐོག་ཕྲན་བུ་ཡོད་པ་ཞིག དེ་བཞིན་ཕྲུག་གུའི་དོན་དུ་ཕ་མས་དགེ་རྩ་སྒྲུབ་ན་ཕྲུ་གུ་ལ་ཕན་ཐོག་ཕྲན་བུ་ཡོད་པ་ཞིག་དེ་ནི་རིགས་རུས་ཀྱི་འབྲེལ་བ་ཟེར་བ་དེ་རེད། དེ་བཞིན་སྤུན་སྤུན་མཆེད་དེ་ཚོས་གཅིག་གི་ཆེད་དུ་གཅིག་གིས་དགེ་བ་སྒྲུབ་ན་ཕན་ཐོག་ཡོད་པ་ཞིག་རེད།

དྲི་བ། སྐྱབས་མགོན་རིན་པོ་ཆེ་ཨུ་རུ་སུའི་ནང་ཆིབས་བསྒྱུར་གནང་རྒྱུའི་ཐད་ང་ཚོའི་ངོས་ནས་བྱ་དགོས་པ་དང་བྱེད་ཐུབ་པ་དེ་འདྲ་ཨེ་ཡོད་ན། གལ་སྲིད་དེ་འདྲ་ཡོད་པ་ཡིན་ན། ང་ཚོས་དེ་གང་འདྲ་བྱེད་ནས་སྒྲུབ་དགོས་ཀྱི་འདུག

བཀའ་ལན། དེ་ངས་ཤེས་ཀྱི་མེད།

དྲི་བ། ད་ལྟ་ང་ཚོར་བརྒྱུད་སྟོད་ནང་བཞུགས་ཡོད་པའི་ཀརྨ་པ་ཞིག་དང་ཡང་ཀརྨ་པ་གཞན་པ་ཞིག་ཡོད་པ་དེའི་སྐོར་བཀའ་སློབ་ཞིག་གནང་རོགས།

བཀའ་ལན། ཀརྨ་པའི་ཡང་སྲིད་ཀྱི་ནང་ནས་ང་ཚོ་གཞུང་འབྲེལ་གྱིས་ངོས་འཛིན་བྱས་པའི་ཡང་སྲིད་ད་ལྟ་བརྒྱུད་སྟོད་ནང་བཞུགས་ཡོད་པ་དེ་རེད། ཞལ་དམར་རིན་པོ་ཆེས་ཀརྨ་པ་ཞིག་ངོས་འཛིན་གནང་ཡོད་པ་རེད། ངས་རྩ་བ་ནས་མཇལ་མྱོངས་མེད། དེའི་ནང་ལ་བླ་མར་ཆབ་སྲིད་ཏོག་ཙམ་ཡོད་པའི་ཟོལ་འདྲ་པོ་ཞིག་ཡོད་པ་རེད། དེ་གཟབ་གཟབ་བྱོས།

དྲི་བ། ད་ལྟ་སྐྱབས་མགོན་རིན་པོ་ཆེས་སྔོན་ནས་གསུངས་པ་ནང་བཞིན། འདོན་པ་འདོན་དུས་སོ་སོའི་སྐད་ནང་ཡག་གི་རེད་ཅེས་གསུངས་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་དཔེ་ཆ་བོད་ཡིག་ནས་ཨུ་རུ་སུའི་སྐད་དང་སོག་པོའི་སྐད་ནང་སྒྱུར་དགོས་ཀྱི་རེད་དམ།

བཀའ་ལན། སྒྱུར་དགོས་པ་རེད། སྒྱུར་ན་ཡག་གི་རེད། མང་ཙམ་སྒྱུར་ཐུབ་ན་ཡག་པོ་རེད། ཅེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༡༩༢༠༡༠༡༡༡༦
ཡང་ཅིག་བསམ་ན་ཉིད་ནི་ངོས་བཟུང་གི་དོན་ལ་འཇུག་པས། བླ་མ་བྱ་བ་མཚན་ཉིད་ཚང་བ་ཞིག་གམ་ཚད་དང་ལྡན་པ་ཞིག་དགོས་ཞེས་པའི་དོན་རེད་པས། ང་རང་གིས་གོ་བ་མ་ལོན་་པ་རེད། རྩོམ་སྒྲིག་པར་དགོངས་དག
གུས་པར་འོས་པའི་རྩོམ་སྒྲིག་པ་ལགས། ཚད་ཉིད་ཚང་བ་ཞེས་པའི་ཚད་ཉིད་ཅེས་པ་མཚན་ཉིད་དུ་བཅོས་དགོས་པ་འདྲ།
2 ༢༡༢༠༠༩༢༢༠༨
བླ་མ་ཆེ་ཆུང་གང་ཡིན་ཡང་རང་དམན་སར་འཛིན་ཐུབ་མཁན་ཞིག་དགོས་པ་དེ་གལ་ཤིན་ཏུ། ཆེ་བླ་མ་འགའ་ཤས་ལ་སྤྱོད་པ་དང་ཡོན་ཏན་གང་ཡང་མེད་ཀྱང་ཡོད་འདོག་དང་འཇོན་འདོག ད་དུང་དངུལ་གྱི་ཆེད་བྱ་བ་གང་ཡིན་བྱེད་ཐུབ་མཁན་མང་བས་སེམས་སྐྱོ་དགོས་པ་ཞིག་འདུག འགའ་ཞིག་གྲྭ་བ་ལོག་ཡོད་ན་ཡང་ད་དུང་གྲྭ་གཟིགས་བྱས་ནས་འདུག་ཐུབ་པ་དེ་ཚོ་མཐོང་ཡོངས་དུས་ངོ་མ་ཅན་གི་སེམས་སྐྱོ་གི།
1 ༢༡༢༠༠༩༢༡༥༨
བླ་མ་ཞེས་པ་འདི་སྤྱི་ཚོགས་དང་བསྟུན་ཤེས་པ། ང་རྒྱལ་ཆུང་བ་ཕྲག་དོག་མེད་པ་ཞིག་ཡིན་དགོས། ད་དུང་སྤྱོད་པ་བཟང་པོ་ཞིག་བྱམས་སྙིང་རྗེ་ཤུགས་ཆེན་པོ་ཞིག་ངེས་པ་དུ་ཡོད་དགོས།



བརྗོད་གཞི་གཞན་ཁག་ལ་གཟིགས།