དགོངས་ཚུལ།

ངོས་ཀྱིས་འབུལ་བ་རྩ་བ་ནས་ལེན་གྱི་མེད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འབུལ་བ་རྩ་བ་ནས་བཞེས་ཀྱི་མེད་ལུགས་བཀའ་ཕེབས་གནང་འདུག ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་ཆིབས་སྒྱུར་བསྐྱངས་ཏེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྒྲུབ་ཞག་གྲུབ་མཚམས་དུས་འཁོར་དབང་ཆེན་ཐེངས་ ༣༣ པར་ཆེད་བཅར་དད་ལྡན་ཆོས་ཞུ་བ་མི་མང་ཆིག་འབུམ་བཞི་ཁྲི་བརྒལ་བར་མ་ཎི་ཡིག་དྲུག་སོགས་བཟླས་ལུང་ཁག་ཅིག་གི་ལྗགས་ལུང་སྩལ་བ་མ་ཟད།  དུས་འཁོར་དབང་ཆེན་གྱི་མཇུག་ཏུ་གེ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་འབྲེལ་བཀའ་སློབ་ཕེབས་དོན།

དེ་རིང་འདི་གར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བྱེད་བཞིན་ཡོད། འདི་གར་དངོས་སུ་འདུས་པའི་སེར་སྐྱ་ཕོ་མོ་ཙམ་དུ་མ་ཟད། གཙོ་བོ་བོད་གངས་ཅན་ལྗོངས་སུ་ལྷག་བསམ་གཡོ་མེད་ཐོག་སྡོད་མཁན་མང་དག་ཅིག་ཡོད། དེའི་ཁྲོད་ནས་དཀའ་ངལ་འོག་ནད་གཅོང་ཆགས་པ་མང་པོ་ཞིག་ཡོད། དེ་བཞིན་རྒྱ་ནག་ནང་ལ་ཆ་བཞག་ན། ཧ་ལམ་ནང་པ་ས་ཡ་བཞི་བརྒྱ་ལྔ་བརྒྱ་ཙམ་ཞིག་ཡོད། དེང་སྐབས་འཛམ་གླིང་འདིའི་ཐོག་ནང་པའི་གྲངས་ཀ་མང་ཤོས་རྒྱ་ནག་ཆགས་ཡོད། དེ་དག་གཙོ་བོར་གྱུར་བའི་འཛམ་གླིང་གི་ས་གནས་གང་དང་གང་དུ་ལྷག་བསམ་རྣམ་དག་བྱས་ནས་གནས་མཁན་ཚང་མ་ཚེ་རིང་བ་དང་བསོད་ནམས་འཕེལ་བའི་ཆེད་དུ་དམིགས་ཏེ་དེ་རིང་ཚེ་དབང་བྱེད་བཞིན་ཡོད། གང་ལྟར་ད་ལྟ་ང་ཚོ་འདི་གར་བདེ་བཞིན་བག་ཕེབས་ཐོག་སྡོད་མུས་དང༌།   འཛམ་གླིང་གི་ས་ཁུལ་འདྲ་མིན་ནང་མི་གསོད་ཁྲག་སྦྱོར་བློ་ཡུལ་ལས་འདས་པ་ཞིག་ཡོང་དང་ཡོང་བཞིན་པ་རེད། དེ་དག་ནི་རང་ཕྱོགས་ལ་ཆགས་ཏེ་གཞན་ཕྱོགས་ལ་སྡང་ནས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་གདུག་རྩུབ་ཀྱི་འོག་ཏུ་གནས་པ་རྣམས་ལ་ཕྲན་བུ་ཞི་འཇམ་ཡོང་རྒྱུར་ཚང་མས་སྨོན་ལམ་རྒྱག་དགོས། ཞེས་སོགས་བཀའ་སློབ་དང་ཚེ་དབང་སྩལ་གྲུབ་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་དུ་དབུ་བཞུགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་བཞེད་འབད་མེད་ལྷུན་འགྲུབ་ཡོང་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་ཁག་དང༌། མཁན་བླ་སྤྲུལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ  མངའ་སྡེའི་གྲོང་ཁྱེར་ཡར་རྒྱས་ཚན་པའི་བློན་ཆེན་འཇོ་ར་ངག་དབང་རིག་འཛིན།  ལ་དྭགས་མི་མང་གི་སྤྱི་འཐུས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་སོགས་ཆེད་ཕེབས་གནང་ཡོད་པ་མ་ཟད། འཇའ་མོ་ཀ་ཤི་མི་རིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་དྷུ་ལ་(Omar Abdullah) སོགས་ལྷན་བཞུགས་གནང་ཡོད་པ་དང༌།   ཚེ་དབང་དང་བརྟན་བཞུགས་མཇུག་ལེགས་པར་གྲུབ་རྗེས་འཇའ་མོ་ཀ་ཤི་མི་རིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་དྷུ་ལགས་ཀྱིས་ྋགོང་ས་མཆོག་མཇལ་ཁ་ཞུས་རྗེས་སླར་ཡང་༧གོང་ས་མཆོག་གིས་དུས་དབང་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་གནང་བར་ལ་དྭགས་མི་མང་གིས་གཙོས་མངའ་སྡེའི་མི་མང་ཡོངས་ལ་ཧ་ཅང་དགའ་བ་སྐྱེས་དགོས་པའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད་པས་ངས་ྋགོང་ས་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། ཕྱི་ལོ་ ༢༠༡༠ ལོར་ས་གནས་འདི་གར་ཆུ་སྤྲིན་གས་འཐོར་གྱིས་གོད་ཆག་བྱུང་ནས་དཀའ་ངལ་འཕྲད་པ་ནས་དེ་རིང་གི་དུས་སྐབས་འདིར་མང་ཚོགས་རྣམས་ལ་ྋགོང་ས་མཆོག་གི་སྐུ་མདུན་ནས་རྩ་ཆེན་དུས་འཁོར་དབང་ཆེན་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད། དུས་ཚོད་འདི་ལས་བཟང་བ་ཞིག་ཡོང་ཐབས་མེད།  ྋགོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་ང་ཚོའི་མངའ་སྡེ་ཡོངས་ལ་མུ་མཐུད་ཁྱབ་ཐུབ་པ་དང༌། གནས་འདིར་ཞི་བདེ་བསྐྱར་གསོ་ཡོང་རྒྱུར་དོགས་པ་རྣམ་རྟོག་ཅི་ཡང་མེད། ང་རང་གི་ལས་འགན་འཁུར་བཞིན་པའི་དུས་ཡུན་དེའི་ནང་མི་མང་གི་ཞབས་ཕྱི་བསྒྲུབ་རྒྱུ་དེ་ནི་འདོད་པ་ཚིམ་ཤོས་ཤིག་དང༌། ལྷག་པར་འདས་པའི་ལོ་ལྔའི་རིང་ལོ་རེར་འདི་གའི་ས་གནས་འདྲ་མིན་ནང་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་དག་ཀྱང་ང་རང་སྒེར་ལ་འདོད་པ་ཚིམ་ཤོས་ཤིག་ཆགས་ཀྱི་ཡོད། ངའི་པ་ལགས་དང་སྤོ་ལགས། དེ་བཞིན་ང་རང་ཐེ་བས་མངའ་སྡེའི་སྤྱི་ཁྱབ་ཀྱི་ལས་ཐོག་བཅས་མི་རབས་སྐབས་སོ་སོར་དུས་འཁོར་དབང་ཆེན་ཐེངས་གསུམ་གོ་སྒྲིག་ཞུས་ཐུབ་པ་བྱུང་བ་དེ་ནི་ང་རང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིག་ལ་གོ་སྐབས་བླ་ན་མེད་པ་ཞིག་ཆགས་ཀྱི་ཡོད་སྐོར་སོགས་གསུང་བཤད་གནང༌། དེ་བཞིན་མངའ་སྡེའི་གྲོང་ཁྱེར་ཡར་རྒྱས་ཚན་པའི་བློན་ཆེན་འཇོ་ར་ངག་དབང་རིག་འཛིན་ལགས་དང༌། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ལ་དྭགས་མི་མང་གི་འཐུས་མི་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་ཀྱིས་དབུས་ས་གནས་ཀྱི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་གིས་མགྲིན་དབྱངས་གཅིག་གྱུར་ཐོག་ྋགོང་ས་མཆོག་གིས་འདི་གར་ཐེངས་འདིའི་དུས་འཁོར་དབང་ཆེན་བཀའ་དྲིན་སྩལ་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་དང་མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་དང་ཕྱིན་ཆད་ལ་དྭགས་མང་ཚོགས་ལ་ཐུགས་རྗེའི་རྗེས་འཛིན་ཡོང་བའི་གསོལ་འདེབས་སོགས་ཞུས

སྐབས་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་དབང་ཆེན་དུ་ཐོག་མཐའ་བར་གསུམ་དུ་བཀྲ་ཤིས་པ་ཧ་ཅང་ཡག་པོ་བྱུང་སོང༌། དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  བདུན་ཕྲག་གཅིག་རིང་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་བསྒྲུབས་གནང་བའི་སྒྲོལ་དཀར་གྱི་ཚེ་སྒྲུབ་དང༌། དེ་རྗེས་དེ་རིང་སྒྲོལ་དཀར་གྱི་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ངོས་རང་གི་ངོས་ནས་རིང་དུ་འཚོ་རྒྱུའི་སྨོན་ལམ་རྒྱག་གི་ཡིན། དེ་རིང་བརྟན་བཞུགས་སྐབས་གཟུགས་ཅན་མིའི་ཐོག་གཟུགས་མེད་དྲེགས་པ་ཕོ་རྒྱུད་མོ་རྒྱུད་རྗེས་འབྲངས་དང་བཅས་པ་འདིར་འདུན་པ་གཅིག་སྒྲིལ་གྱི་ཐོག་གནས་སོང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ང་རང་ཚོའི་སངས་རྒྱས་པའི་གཞུང་ནས་སྲིད་པ་གསུམ་ཡོད། དེ་བཞིན་འདོད་ཁམས་ནང་ཆ་བཞག་ན་མིའི་འགྲོ་བ་དང་དུད་འགྲོའི་འགྲོ་བ་ཙམ་མ་ཟད། འདོད་ལྷ་རིགས་དྲུག་བརྗོད་རྒྱུ་ལྟ་བུ། དེ་མིན་གཟུགས་མེད་དང་གཟུགས་ཅན།  ཕུང་པོ་རགས་པ་མེད་མཁན་གང་ལྟར་འགྲོ་བ་མང་པོ་ཞིག་ཡོད།

ངོས་ཀྱི་ངོ་ཤེས་མཁས་དབང་ཞིག་ཡོད། ཁོང་གིས་ངོས་ལ་ཉིན་གཅིག་དྲི་བ་ཞིག་འདྲི་རྒྱུ་ཡོད་ཅེས་བརྗོད་བྱུང༌། ྋརྒྱལ་བ་རིན་པོ་ཆེའི་བསམ་བློ་གཏོང་སྟངས་དེ་ཚན་རིག་པའི་བསམ་བློ་གཏོང་སྟངས་རེད། འོན་ཀྱང༌།  ལྷ་འདྲ་མིན་དེ་དག་ལ་ངོས་འཛིན་བྱེད་རྒྱུ་དེ་གང་འདྲ་རེད་ཅེས་དྲིས་བྱུང༌།  ང་ཚོའི་སེམས་ཅན་གྱི་ལུས་ཕྲ་རགས་འདྲ་མིན་ཡོད་པ་དངོས་ཡོད་གནས་ཚུལ་ཞིག་རེད་མ་གཏོགས་རྣམ་རྟོག་གི་སྒྲོ་བཏགས་པ་ཞིག་མིན། ཞེས་བརྗོད་རྒྱུ་བྱུང༌། དེ་རིང་ཁྱེད་རང་ཚོ་མང་པོ་ཞིག་ལྟད་མོ་ཆེན་པོ་བྱུང་ཡོད། གཟུགས་མེད་གྲོགས་པོ་ཚོར་ཆ་བཞག་ན། མིར་ཕན་པ་བསྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷ་དང༌། ཀླུ། བཙན། རྒྱལ་པོ་ལ་སོགས་ཀྱིས་མིར་གནོད་སྐྱེལ་རྒྱུ་མེད།  མིས་ཕན་པ་དང་དགེ་བ་བསྒྲུབས།  གནོད་པ་མི་བྱེད་པ་བྱེད་དགོས་པ་བཞྀན། ཁྱེད་རང་ཚོ་གཟུགས་མེད་ཚོར་ཆ་བཞག་ནའང་གཞན་ལ་ཕན་པ་བསྒྲུབས་པ་ལས་གནོད་པ་སྐྱེལ་རྒྱུ་མེད།

དེ་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདིར་ཕེབས་ཡོད། ཁོང་ཆ་བཞག་ན་མི་རབས་གསུམ་པ་དེ་རེད། དང་པོ་ཤེ་ཁ་ཨབ་དྷུ་ལ་(Sheikh Abdullah) པན་ཊི་ཏ་ནེ་རུའི་དུས་ཚོད་ནས་ངོས་ཀྱི་ངོ་ཤེས་མི་སྣ་ཧ་ཅང་ཡག་པོ་ཞིག་ཡོད། ཁོང་གིས་བོད་དོན་ཐོག་ཧ་ཅང་ཤ་ཚ་གནང་གི་རེད། དེ་རྗེས་ཕ་རུ་ཁེས་ཨབ་དྷུ་ལ་(Farooq Abdullah) འང་ངོས་ཀྱི་གྲོགས་པོ་ཧ་ཅང་ཡག་པོ་ཞིག་ཡིན། དེ་ནས་ཨོ་མར་ཨབ་དྷུ་ལ་རེད། དེ་བཞིན་འཐུས་མི་ཐུབ་བསྟན་ཚེ་དབང་ལགས་དང་འཇོ་ར་རིག་འཛིན་ཁྱེད་རང་ཚོ་ཡང་ང་ཚོ་ལོ་མང་ནས་ངོ་ཤེས་ཡིན་པ་མ་ཟད། ངོ་ཤེས་ཙམ་མིན་པར་བསམ་བློའི་ནང་ནས་དངོས་གནས་དྲང་གནས་ངོ་ཤེས་ཡོད་པ་ང་རང་ཚོ་བོད་པའི་ཚིག་ལ་གྲོགས་པོ་བློས་ཐུབ་ཅེས་པ་འདི་རེད། དེ་རིང་ཁྱེད་རང་ཚོས་ངོས་ལ་དགའ་བསུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོར་ཡིད་ཆེས་དང་རེ་བ་བྱེད་མཁན་རྒྱ་ཆེའི་མི་མང་ལ་ཕན་ཐོགས་དང་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་རྒྱུར་ངོས་ཀྱི་སྨོན་ལམ་ཡོད། དེ་བཞིན་འདི་གའི་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་དང་དགོན་པའི་ཚོགས་པའི་གཙོ་འཛིན་ཁྱེད་རང་གཉིས་ཀྱི་ངོས་ནས་དགའ་བསུ་དང་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངུལ་གྱི་འགྲོ་གྲོན་སྐོར་གྱི་རྩིས་ཁྲ་ཧ་ཅང་ཁ་གསལ་གསུངས་པར་དགའ་པོ་བྱུང༌། ཐུགས་རྗེ་ཆེ།

ངོས་ཀྱིས་འབུལ་བ་རྩ་བ་ནས་ལེན་གྱི་མེད། འབུལ་བ་བླངས་ན་ཆོས་བཙོང་པ་དང་གཅིག་པ་རེད། སྔར་བོད་ཀྱི་རྫོགས་ཆེན་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་ནང་ཁོང་གི་དམ་བཅའ་གཅིག་ལ་ཆོས་བཤད་ནས་འབུལ་བ་ལེན་གྱི་མིན་ཞེས་དམ་བཅའ་བཞག་ཡོད། ངོས་རང་དེར་ཧ་ཅང་གི་ཡིད་འཕྲོག་སོང༌། དངོས་གནས་དྲང་གནས་ཆོས་བཤད་ནས་འབུལ་བར་ཨང་ཉན་བརྒྱབ་ན། བོད་ཀྱི་བླ་མ་ཞིག་གིས་གསུངས་ཡོད། །དབང་བསྐུར་ཆོས་བཤད་བྱེད་དུས། །རྣམ་དཔྱོད་འདྲ་ཞིང་འདུག་སྟེ། །འབུལ་བ་ཨང་ཉན་བྱེད་དུས། །སེམས་པ་གཏིང་ནས་སྐྱོ་བྱུང༌། ཞེས་པ་འདི་ཆགས་ན་རྩ་བ་ནས་ཡག་པོ་མེད། དེར་བརྟེན་ངོས་ནས་འབུལ་བ་ལེན་གྱི་མེད། ཚང་མ་རང་ལོག་ཕུལ་གྱི་ཡོད།

ད་ལྟ་ཇོ་ནང་མཁན་པོ་ཁྱེད་རང་ཚོས་མཎྜལ་ཧ་ཅང་ཆེན་པོ་བཟོས་འདུག ངོས་ཀྱིས་ད་གིན་ཞུས་པ་བཞིན་ཁྱེད་རང་ཚོ་སིམ་ལའི་དགོན་པར་དྲན་རྟེན་ཆེད་སྒྲིག་འཇོག་བྱོས། དྲན་རྟེན་བྱེད་སྐབས་ག་རེ་དྲན་དགོས་རེད་ཅེ་ན། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་ལག་ལེན་དམར་ཁྲིད་རྒྱུན་མ་ཆད་པ་ཞིག་ཁྱེད་རང་ཚོ་ཇོ་ནང་པ་ཚོར་ཡོད། རང་སྟོང་དང་གཞན་སྟོང༌། དོན་དམ་བདེན་པ། རྟག་པ་རང་དབང་པ་སོགས་ལ་ང་ཚོ་རྩོད་པ་ཡོད་པ་རེད། གང་ལྟར་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་སྐོར་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པའི་ནང་ནས་སྦྱོར་བ་ཡན་ལག་དྲུག་གི་ལག་ལེན་རྒྱུན་མ་ཆད་པར་ཡོད་པ་དེ་ཇོ་ནང་པ་རེད། བོད་ནང་དུ་ཆ་བཞག་ན། ཛམ་ཐང་ཁུལ་དུ་ཧ་ཅང་དར་སོ་ཆེན་པོ་ཡོད་པ་ཡག་པོ་འདུག གཞན་ཞུ་རྒྱུ་གང་ཡང་མི་འདུག ཁྱེད་རང་ཚོ་ཆང་མས་བློ་ཆོས་སུ་སོང་བ་དང༌། བློ་དུལ་བའི་ཁས་ལེན་དམ་བཅའ་གནང་སོང་ལ། ཧུར་ཐག་གནང་ཤོག ངོས་ལ་ཆ་བཞག་ན་ལོ་ ༧༩ བསླེབས་ཡོད། ད་བར་ཧུར་ཐག་བྱས་པ་ཡིན། ད་དུང་ཡིན་ནའང་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲང་དགེ་སློང་ཞིག་གིས་སྟོན་པའི་ཞབས་འདེགས་བསྒྲུབ་མ་ཐུབ་ནའང་ཞབས་མ་འདྲེན་པ་ཞིག་བྱེད་དགོས་བསམ་པ་རྟག་ཏུ་དྲན་བཞིན་ཡོད། ཁྱེད་རང་ཚོས་ཀྱང་ཧུར་ཐག་བྱོས།

འདི་གར་ཕྱི་རྒྱལ་གྱི་མི་རིགས་མང་པོ་ཞིག་བསླེབས་འདུག མ་གཞི་གོང་དུ་བརྗོད་པ་ཡིན། སངས་རྒྱས་ཀྱི་ཆོས་དང༌། ལྷག་པར་དཔལ་ནལེནྡྲའི་ཆོས་བརྒྱུད་ལུང་ལ་སྐྱབས་སུ་མི་འཛིན་པར། རིག་པ་ཁོ་ན་ལ་བརྟེན་ནས་བསམ་བློར་འགྱུར་བ་གཏོང་རྒྱུ་ནི། དེང་སྐབས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་སྐབས་གཅིག་ཕན་གཅིག་གྲོགས་བྱེད་ཐུབ་ཀྱི་འདུག འདི་ནི་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་རིག་པར་བརྟེན་ནས་རྣམ་རྟོག་འགྱུར་བ་གཏོང་རྒྱུ་འདི་ཡིན་པ་ཧ་ཅང་གསལ་པོ་རེད་འདུག བོད་གངས་ཅན་གྱི་ལྗོངས་ལ་ལོ་སྟོང་ཕྲག་རིང་ཉར་ཚགས་བྱས་ཡོད་པའི་ན་ལེནྡྲའི་ཆོས་བརྒྱུད་ཀྱི་རིང་ལུགས་ཐོག་ཁྱེད་རང་ཚོས་ཐུགས་སྣང་གནང་བ་རེད། ཁྱེད་རང་ཚོས་ལ་དྭགས་ལ་ཕྱིན་པ་ཡིན། དུས་འཁོར་དབང་ཆེན་ཐོབ་སོང་ཞེས་པའི་སྐད་ཆ་ཙམ་མིན་པར་སྔ་རྗེས་འབོད་སྐུལ་ཞུས་པ་ནང་བཞིན། སྐད་ཡིག་ཀྱི་ཐོག་ནས་དཀའ་ངལ་ཡོད་ཀྱང་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཤེས་སོང་ངམ། ཁྱེད་རང་ཚོ་ལ་དྭགས་སུ་ཡོང་བ་རེད། ཁྱེད་རང་ཚོ་རྒྱ་མཚོའི་མཐའ་རུ་ཕྱིན་ཏེ་གདོང་ནག་པོ་བཟོ་མ་དགོས་པར་འདི་ག་ལ་དྭགས་སུ་རང་བཞིན་གྱིས་གདོང་ནག་པོ་ཆགས་ཡོད། གདོང་ནག་པོ་ཆགས་ཏེ་འགྱུར་བ་ཕྱིན་པ་ལྟར་ནང་བསམ་བློར་ཡང་འགྱུར་བ་གཏོང་དགོས། མཇུག་ལ་ངོས་ནས་ཤིས་བརྗོད་ཀྱི་ཚིག་གཅིག་སྙིང་རྗེ་བོ་ཞིག་ཡོད་པ་རེད།  དེ་ཅིག་སྐྱོར་གི་ཡིན།  དཔོན་སློབ་མི་འབྲལ་ལྷན་གཅིག་འགྲོ། སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན།། ཤ་ཆང་ཞབས་བྲོ་རྒྱུན་མི་ཆད།། སྐྱིད་ལ་ཞེས་བཀའ་སློབ་སྩལ་ཏེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་ཐུགས་གྲ་ལེགས་གྲུབ་ཀྱི་མཇུག་སྒྲིལ་མཛད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།