༧གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་སྐོར་ལ་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༢ ཉིན་གྱི་སྔ་དྲོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་༣༣པ་དངོས་གཞིའི་སྐབས་ཆོས་བརྒྱུད་སོ་སོའི་ཆོས་སྡེ་རྣམས་ནས་བཅོམ་ལྡན་འདས་ཀྱི་བསླབ་པ་གསུམ་གྱི་ཉམས་ལེན་མིང་དོན་མཚུངས་པ་ཞིག་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་༧གོང་ས་མཆོག་གིས་བཀའ་གནང་དོན།  དེ་རིང་འདིར་དགའ་ལྡན་ཁྲི་རིན་པོ་མཆོག་གིས་གཙོས་ཤར་པ་ཆོས་རྗེ་མཆོག་དང་གདན་ས་ཁག་གི་མཁན་པོ་ལས་ཟུར་རྣམ་པ། དགེ་བཤེས་གང་ཙམ་ཕེབས་འདུག ང་རང་ཚོའི་བོད་ཀྱི་ལོ་རྒྱུའི་ནང་སེ་འབྲས་དགའ་གསུམ་གཙོ་བོར་གྱུར་བའི་བཀྲ་ཤིས་ལྷུན་པོ་སོགས་བཤད་གྲྭ་གལ་ཆེ་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ཡོད་ཀྱང་དེའི་གནས་སྟངས་འོག་ཡག་ཐག་ཆོད་རེད། ད་དུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་ག་རེ་ཡོད་མེད་སྐོར་ཁ་སང་ཁྲི་རིན་པོ་ཆེ་མཆོག་དང་མཉམ་དུ་བཀའ་མོལ་རོབ་ཙམ་བྱུང༌། དུས་དང་ཁོར་ཡུག་གི་འགྲོ་སྟངས་འཆར་ཅན་ཐོག་འགྲིག་ཡོད་བསམས་ནས་ལྷོད་གཡེང་མ་བཏང་བར་སློབ་གཉེར་ལ་འཐུས་ཤོར་ཡོད་མེད་དང༌། འཐུས་ཤོར་ཡོད་ན་རྒྱུ་རྐྱེན་གང་ཞིག་གི་ཐོག་ནས་འགྲོ་གི་ཡོད་མེད་ཐད་འབྲེལ་ཡོད་ཚོས་དུས་ནས་དུས་སུ་གོ་བསྡུར་གནང་རྒྱུ་གལ་ཆེན་པོ་རེད།

ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༥ ལྷག་ཕྱིན་ཏེ་མི་རབས་གསར་པ་སླེབ་བཞིན་ཡོད། མི་རབས་གསར་པ་ཚོས་མི་རབས་གོང་མའི་ཤེས་ཚད་ཀྱི་རྗེས་ཟིན་ཐུབ་ཀྱི་ཡོད་མེད་གཞི་ནས་ལྟ་དགོས། ཕར་ཕྱོགས་ནས་རྣམ་གཡེང་ཡོང་རྒྱུའི་རྐྱེན་ལྟ་བུ་ནི་དེ་སྔ་མེད་པའི་གསར་པ་མང་པོ་ཞིག་བསླེབས་ཡོད་པས་དེའི་གཉེན་པོ་འམ། གང་ལྟར་གདོང་ལེན་བྱེད་རྒྱུར་བསམ་བློ་གསར་པ་བཏང་ན་མ་གཏོགས་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་མེད་པ་མ་རེད། དེར་བརྟེན།  ཁྲི་རིན་པོ་མཆོག་གིས་གཙོས་ཤར་པ་ཆོས་རྗེ་དང༌། དེ་བཞིན་མཁན་པོ་རྣམ་པ་སོགས་ནས་ཡིན་གཅིག་མིན་གཅིག་དོ་གལ་ཆེན་པོར་བརྩི་རོགས། ཞེས་ཞུ་འདོད་བྱུང༌། ལྷག་པར་དེ་རིང་འབྲི་གུང་རིན་པོ་ཆེ་དང་ས་སྐྱ་གདུང་སྲས་བཅས་ཕེབས་ཡོད་སྟབས། རང་ཁོངས་ཀྱི་ཆོས་སྡེ་ཁག་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བསླབ་པ་གསུམ་གྱི་ཉམས་ལེན་མིང་དོན་མཚུངས་པ་ཡོང་ཆེད་ལྷོད་གཡེང་མ་ཤོར་བ་གནང་དགོས། བསླབ་པ་སློབ་གཉེར་དང་དགོན་པའི་སྒྲིག་ལམ་རྣམས་ག་ལེར་ག་ལེར་ཉམས་ཆག་འགྲོ་སྐབས། མངོན་གསལ་དེ་ཙམ་ཡོང་གི་མེད། འོན་ཀྱང་ཉམས་ཆག་གང་ཙམ་ཤུགས་ཆེན་པོ་ཕྱིན་ནས་མངོན་གསལ་དོད་པོ་ཆགས་སྐབས་ལམ་སེང་བཟོ་བཅོས་གཏོང་རྒྱུ་ཧ་ཅང་ཁག་པོ་རེད། དེར་བརྟེན་ཕྲན་བུ་ཉམས་ཆག་འགྲོ་སྐབས་ནས་དོ་སྣང་གནང་སྟེ་བསྟན་པར་ཉམས་ཆག་མ་ཡོང་རྒྱུའི་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་འདུག

བོད་ནང་ལ་ཆ་བཞག་ན་གུང་ཁྲན་ཏང་མི་བསམ་བློ་གུ་དོག་པོ་དེ་ཚོས་ཤེས་བཞིན་དུ་ཆོས་ལ་དམ་བསྒྲགས་བྱེད་ཀྱི་ཡོད། ང་ཚོས་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་བརྗོད་མཁན་སོ་སོའི་ངོས་ནས་རང་དབང་ལུང་པའི་ནང་ཚགས་མ་ཚུད་པར་འཐུས་ཤོར་ཕྱིན་ན་ཧ་ཅང་ངོ་ཚ་དང་ཐབས་སྐྱོ་པོ་རེད། ཆོས་སྐྱོན་རེད་བརྗོད་མཁན་གྱིས་དམ་བསྒྲགས་བྱས་པར་དབྱིན་སྐད་ནང་ Understandable༼གོ་རྟོགས་ཐུབ་པ།༽ཞེས་བརྗོད་ཆོག་གི་རེད། འོན་ཀྱང་ཆོས་ཁས་ལེན་མཁན་སོ་སོའི་ངོས་ནས་ལྷོད་གཡེང་བཏང་སྟེ་འཐུས་ཤོར་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་རེད། ངོས་རང་ལ་ཆ་མཚོན་ན་བོད་པ་ཞིག་རེད། བོད་པ་ཞིག་གིས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱས་ཏེ་བོད་ཀྱི་སྐད་ཡིག་གལ་ཆེན་པོ་རེད་བརྗོད་པ་དེ་ཙམ་མ་རེད། དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་ཀྱི་ཆོས་སྤྱི་དང༌། ལྷག་པར་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཟབ་ཅིང་རྒྱ་ཆེ་བ་དེར་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་ཐུབ་མཁན་ནི་བོད་སྐད་རྩི་བཞིན་ཡོད། ནང་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་རུང་བོད་སྐད་ལ་དོ་སྣང་བྱེད་དགོས་ཆགས་ཀྱི་ཡོད། དཔེར་ན། ལོ་བརྒྱ་ཕྲག་མང་པོའི་རིང་སོག་པོ་ཕྱི་ནང་གཉིས་ཀྱིས་གཙོས་ཨུ་རུ་སུའི་ཁོངས་གཏོགས་སུ་ཡོད་པའི་ཁལ་མུག་སོགས་ཀྱི་ས་ཁུལ་རྣམས་བོད་ཀྱི་ཆོས་བརྒྱུད་འཛིན་མཁན་ཡིན་སྟབས། བོད་ཡིག་དང་བོད་སྐད་ཐོག་ནས་ནང་ཆོས་སློབ་སྦྱོང་བྱས་ཏེ་མཁས་པ་མང་པོ་ཐོན་ཡོད།

ངོས་རང་གི་མི་ཚེར་ཆ་བཞག་ན། ངོས་ཀྱིས་དྲན་ཐོག་ལ་སེ་འབྲས་དགའ་གསུམ་ནང་སོག་པོའི་དགེ་བཤེས་བརྒྱ་ཕྲག་ཁ་ཤས་ཡོད། ཕྱི་ལོ་ ༡༩༧༩ ལོར་ངོས་རང་སོག་ཡུལ་དུ་ཐེངས་དང་པོ་བསླེབས་པ་རེད། ལོ་ཙཱ་བ་མེད་ན་སྐད་ཤེས་ཀྱི་མི་འདུག་ཀྱང༌། ཁོང་ཚོས་དྲི་བ་དབུ་ཅན་ཐོག་བྲིས་ནས་ཡོང་གི་འདུག ངོས་ཀྱིས་དེའི་ལན་དབུ་ཅན་ནང་བྲིས་ནས་སྤྲད་ན་ཁོང་ཚོས་ཤེས་ཀྱི་འདུག སོག་པོ་ཚོས་བོད་པར་དགའ་ཞེན་བྱས་ཏེ་བོད་སྐད་སྦྱང་པ་མ་རེད། ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུར་སྐད་ཡིག་ཡག་ཤོས་བོད་ཡིག་ཡིན་སྟབས། ཁོང་ཚོས་བོད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད། བོད་རིགས་ནང་ཆ་བཞག་ནའང་ཨ་མདོ་དང། དེའི་ནང་ནས་མགོ་ལོག་གི་སྐད་ཏོག་ཙམ་མ་འདྲ་བ་ཡོད། ཁམས་རྟའུར་ཆ་བཞག་ན་ལོག་སྐད་ཡོད། ཡུལ་སྐད་ཕན་ཚུན་མི་འདྲ་ཡང་ཡི་གེ་འབྲི་སྐབས་གཅིག་གྱུར་ཡིན། ཁྱེད་རང་ཚོ་ལ་དྭགས་པ་ཚོར་ཡུལ་སྐད་ག་རེ་ཡོད་མེད་ཁྱད་པར་མེད། གང་ལྟར་བོད་ཡིག་བསླབ་རྒྱུ་གལ་ཆེན་པོ་རེད། བཀའ་བསྟན་ལ་ལྟ་མི་དགོས་ན་བོད་ཡིག་མ་བསླབ་ཀྱང་སྐྱོན་མེད། དེ་མིན་བཀའ་བསྟན་ལ་དད་པ་ཡོད་ན་བོད་ཡིག་སློབ་དགོས། ད་ལྟའི་ཆར་བཀའ་བསྟན་པོ་ཏི་སུམ་བརྒྱ་དེ་ཧི་མ་ཡའི་རི་རྒྱུད་ས་ཁུལ་གྱི་སྐད་ཡིག་ནང་ཕལ་ཆེར་བསྒྱུར་མེད། གལ་སྲིད་བསྒྱུར་རྒྱུ་འགོ་འཛུགས་བྱས་ཀྱང་མི་རབས་གཅིག་གཉིས་འགོར་མདོག་ཁ་པོ་རེད། དེ་བསྒྱུར་བར་དཀའ་ངལ་དང་འགྲོ་སོང༌། དུས་ཚོད་གཏང་བ་ལས་བོད་ཡིག་ལ་སློབ་སྦྱོང་བྱས་ན་ཡག་གི་རེད། སྔོན་མ་ངོས་ཀྱིས་བོད་ཡིག་གལ་ཆེན་པོ་རེད། བརྗོད་སྐབས་ལ་དྭགས་ཀྱི་གཞོན་ནུ་ཁ་ཤས་ཀྱིས་དེ་ནི་ལ་དྭགས་ཀྱི་ཆབ་སྲིད་རེད། བརྗོད་མཁན་བྱུང་ཡོད། ངོས་ཀྱིས་ཆབ་སྲིད་ནང་ཐེ་གཏོགས་བྱེད་ཀྱི་མེད། ཁག་མི་འདུག སོ་སོས་མི་རིགས་ཀྱི་ཞེན་ཁོག་བྱས་ཏེ། ང་ཚོ་ལ་དྭགས་ལ་ལ་དྭགས་ཀྱི་སྐད་ཡོད་པར་བོད་ཡིག་བསླབ་དགོས་དོན་མེད། མོན་པར་མོན་པའི་སྐད་ཡོད། འབྲས་ལྗོངས་ལ་འབྲས་ལྗོངས་ཀྱི་སྐད་ཡོད། སྤྱི་ཏིར་སྤྱི་ཏིའི་སྐད་ཡོད་བརྗོད་དེ་ཁྱེད་རང་ཚོས་གར་ཞྭའི་སྐད་བརྒྱབ་ནས་དགེ་བཤེས་ཆགས་པ་ཞིག་མིན་པར། བོད་སྐད་བརྒྱབ་སྟེ་དགེ་བཤེས་ཆགས་པ་རེད། སྤྱིར་བཏང་ཧི་མ་ཡའི་རི་རྒྱུད་ཀྱི་ས་ཁུལ་རྣམས་ལ་ཡུལ་སྐད་ཡོད་པ་རྣམས་སོ་སོས་བདག་པོ་རྒྱག་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།