ནང་ཆོས་དང་དུས་རབས་ཉེར་གཅིག་པའི་ནང་པ།

ནང་ཆོས་དང་དུས་རབས་ཉེར་གཅིག་པའི་ནང་པ།

___༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག
" སངས་རྒྱས་པའི་ཆོས་ཟེར་བ་ནི་གཙོ་བོ་ལྟ་གྲུབ་ཇི་འདྲ་ཡིན་མིན་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དུས་རབས་ཉེར་གཅིག་པའི་ནང་པ་ཟེར་དུས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཡག་པོ་ཤེས་པའི་ཐོག་ནས་དད་པ་སླེབས་དགོས་པ་རེད། སངས་རྒྱས་བཅོམ་ལྡན་འདས་རང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླངས་བར་བྱ་ཡི་གུས་ཕྱིར་མིན།།ཞེས་གསུངས་ཡོད། བཅོམ་ལྡན་འདས་ཀྱི་ཆོས་ལུགས་ནི་བརྟག་དཔྱད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་ཀྱིས་གསུངས་ཡོད་པ་རེད་ཅེས་རྩ་ཆེན་པོ་བརྩིས་ནས་ཡིད་ཆེས་བྱེད་པ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། མགོན་པོ་ཀླུ་སྒྲུབ་ལྟ་བུར་མཚོན་ན་བཅོམ་ལྡན་འདས་ཀྱི་བཀའ་ལ་བརྟག་དཔྱད་བཏང་ནས་རིག་པས་རྩད་གཅོད་བྱས་ཏེ་བཀའ་གང་ཞིག་སྒྲ་ཇི་བཞིན་པར་ཁས་བླངས་རུང་གི་རེད། བཀའ་གང་ཞིག་སྒྲ་ཇི་བཞིན་པར་ཁས་བླངས་རུང་གི་མ་རེད། གང་ཡིན་ཟེར་ན་རིག་པས་སྒྲུབ་བྱེད་མེད་པར་རིག་པས་གནོད་ཀྱི་འདུག་ཅེས་སྒྲ་ཇི་བཞིིན་པ་ཡིན་མིན་དྲང་ངེས་ཕྱེས་ཡོང་གི་ཡོད་པ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ནི་ཆོས་ལེགས་པར་རྣམ་འབྱེད་ཀྱི་ཐོག་ནས་བརྟག་དཔྱད་བྱས་ནས་སེམས་ལ་ངེས་པ་ཐོབ་དགོས་ཀྱི་ཡོད་པ་རེད། དེས་དྲངས་པའི་དད་པ་དང་སྙིང་རྗེ་ཧ་ཅང་གལ་ཆེན་པོ་རེད། འཛམ་བུ་གླིང་འདིའི་སྟེང་ལྟ་གྲུབ་ཡོད་པའི་ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་ཡོད་པ་རེད། བྱམས་པ་དང་བཟོད་པ། བརྩེ་བ། ཆོག་ཤེས་བཅས་ཚང་མས་གསུངས་ཀྱིན་འདུག མི་ལ་ཕན་གྱི་ཡོད་པས་ཧ་ཅང་ཡག་པོ་རེད། སངས་རྒྱས་པའི་ཆོས་ལ་གཙོ་བོ་ཤེས་རབ་ལ་ནན་ཏན་གནང་གི་ཡོད་པ་རེད། "

རས་པས་བསྡུ་བསྒྲིགས་བྱས།

2014-4-9 ཉི་ཧོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།