ྋགོང་ས་མཆོག་གིས་ཤེས་རབ་དང་སྙིང་རྗེའི་སྐོར་ལ་བཀའ་སློབ།

༢༠༡༤ ཟླ་ ༡ ཚེས་ ༡༧ རེས་གཟའ་པ་སངས། ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆ་ཏི་སི་གྷར་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༥ ཉིན་རྒྱལ་ས་རཡི་པུར་དུ་༸ཞབས་སོར་འཁོད་རྗེས། སྔ་དྲོ་ཐོག་མར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཕེབས་བསུ་དང་སྦྲགས། རྒྱ་གར་གྱི་སྲིད་བློན་ཟུར་པ་ར་ཇིབ་གྷན་ངྷི་མཆོག་གི་དྲན་རྟེན་སྐྱེད་མོས་ཚལ་དུ་ཆིབས་སྒྱུར་བསྐྱངས། དེ་རྗེས་སྐྱེད་མོས་ཚལ་དེར་༸གོང་ས་མཆོག་མཇལ་བཅར་ཆེད་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཕེབས་ཡོད་པར་མཇལ་ཁ་སྩལ།
ཕྱེད་ཡོལ་མངའ་སྡེའི་རྒྱལ་ས་རཡི་པུར་དུ་རྟེན་གཞི་བྱས་པའི་པཎ་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་གི་ (Pt Ravishankar Shukla University) དགེ་ལས་སློབ་ཕྲུག་དང་མང་ཚོགས་རྣམས་ལ་༸གོང་ས་མཆོག་གིས་ཤེས་རབ་དང་སྙིང་རྗེའི་སྐོར་བཀའ་སློབ་སྩལ་དོན།
དེ་རིང་ངོས་རང་འདི་ག་གཙུག་ལག་སློབ་གཉེར་ཁང་དུ་ཡོང་ནས་ཁྱེད་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྤྱིར་བཏང་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་འཚོ་སྡོད་བྱེད་བཞིན་ཡོད་ཁོངས་ནས་ཆོས་དད་ཡོད་མེད་སྣ་ཚོགས་ཤིག་ཡོང་གི་ཡོད་ནའང་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་བསམ་པའི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

ང་ཚོས་ཕྱི་ལུས་ཀྱི་འཕྲོད་བསྟེན་ཐོག་དོ་སྣང་བྱས་པ་བཞིན་ནང་བསམ་བློ་ཡར་རྒྱས་གཏོང་ཐུབ་རྒྱུར་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སྔོན་འགྲོའི་སློབ་གྲྭ་ནས་བཟུང་གཙུག་ལག་སློབ་གྲྭའི་བར་ནང་གི་བསམ་བློ་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་སློབ་ཚན་ཞིག་ཤེས་ཡོན་ལམ་ལུགས་ནང་དུ་འཇོག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་མང་ཚོགས་ལ་གཏམ་བཤད་ནམ་བྱེད་སྐབས་ཐོག་མར་མཛའ་བརྩེ་ལྡན་པའི་གཅེན་པོ་དང་གཅེན་མོ། ཞེས་བརྗོད་ནས་འགོ་བཙུགས་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། དེ་ལྟར་བྱས་ཚེ་ང་ཚོའི་དབར་དབུལ་ཕྱུག་དང་། ཆོས་ལུགས། སྐད་ཡིག་སོགས་ལ་བརྟེན་ནས་མི་འདྲ་བའི་བར་ཐག་ཡོད་པ་ཐམས་ཅད་རང་བཞིན་གྱིས་མེད་པར་འགྱུར་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཡིན་བསམ་པའི་བསམ་བློ་ཡོང་བཞིན་འདུག འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་ཁག་འདྲ་མིན་ནང་ཡོད་པའི་མི་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྒྲུབ་རྒྱུའི་ཐོབ་ཐང་ཡོད། སྤྱིར་བཏང་ང་ཚོ་ཚང་མའི་རྒྱུད་ལ་བསམ་བློ་བཟང་ངན་སྣ་ཚོགས་ཡོང་བཞིན་ཡོད་པ་ནི་ཆོས་ཉིད་ཡིན།

དེར་བརྟེན་དུས་རབས་ ༢༡ པའི་ནང་སྟོབས་ཤུགས་དང་དངུལ་མང་པོ་ཐོབ་ཆེད་རང་གཞན་གཉིས་ཕུང་གི་འཚེ་བའི་བྱ་སྤྱོད་སྣ་ཚོགས་སྤེལ་གྱི་ཡོད་པ་མ་ཟད། དེང་སྐབས་སུའང་རྒྱལ་ཁབ་ཀྱི་འགོ་ཁྲིད་མང་ཆེ་བས་གོ་ལ་སྤྱིའི་ཁེ་ཕན་ལས་རྒྱལ་ཁབ་སྒེར་སོ་སོའི་ཁེ་ཕན་གཙིགས་ཆེར་འཛིན་ཏེ་ལས་དོན་སྤེལ་བཞིན་པ་ནི་བློ་ཕམ་རང་བཞིན་ཞིག་ཆགས་ཡོད། འདི་ནི་གཙོ་བོ་བྱམས་བརྩེའི་བསམ་བློ་མ་འདང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པས་བྱེད་སྟངས་དེས་དེང་སྐབས་ཁོར་ཡུག་དང་སྣོད་བཅུད་ཀྱི་རྟེན་འབྲེལ་ལ་གསབ་ཏུ་མེད་པའི་དོ་ཕོག་གཏོང་བཞིན་ཡོད། གལ་ཏེ་མི་ཚང་མས་རང་ལས་གཞན་གཅེས་པའི་བསམ་བློ་མང་ཙམ་གཏོང་ཐུབ་ཚེ་དཀའ་ངལ་འདིའི་རིགས་མི་ཡོང་བ་དང་། འཛམ་གླིང་ནང་རྙོག་གྲ་བྱུང་རྒྱུའི་རྒྱུ་རྐྱེན་གཙོ་བོ་ནི་བྱམས་བརྩེས་ཕོངས་པར་བརྟེན་ནས་ཡིན།

མའི་བྱམས་བརྩེ་ནི་ཕྲུ་གུའི་འཚར་ལོངས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མི་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཇི་ཙམ་མངོན་ཡང་ཚང་མ་རང་གི་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་གཅིག་མཚུངས་ཆགས་ཡོད། མའི་བྱམས་བརྩེས་ཕོངས་པའི་མི་དེ་འཚོ་བ་ཡག་ཐག་ཆོད་ཡོད་ཀྱང་སེམས་ནང་དངངས་སྐྲག་དང་། ཞེ་སྣང་། ཁོང་ཁྲོའི་ཚོར་བ་ཤུགས་ཆེ་བ་ཡོད། ཅེས་དང་། དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ཐོག་བཀའ་སློབ་སྩལ་དོན། ད་ལྟའི་རྒྱ་གར་གི་ཤེས་ཡོན་ལམ་ལུགས་དེ་དབྱིན་ཇིས་འགོ་འཛུགས་བྱས་པའི་ལམ་ལུགས་ཤིག་ཡིན་པར་བརྟེན། རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་སྐོར་དེའི་ནང་ཚུད་མེད། སློབ་ཕྲུག་རྣམས་བཟང་སྤྱོད་ལྡན་པ་ཞིག་གསོ་སྐྱོང་ཆེད་ཤེས་ཡོན་སློབ་གསོའི་ལས་རིམ་ནང་ཆོས་ལུགས་རིས་མེད་དང་། བཟང་སྤྱོད། བྱམས་བརྩེའི་སློབ་གསོ་སྤྲོད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་དེང་དུས་ཀྱི་སློབ་སྦྱོང་བྱེད་མི་དགོས། ཞེས་བརྗོད་ཀྱི་མེད།

འོན་ཀྱང་ཁྱེད་རང་ཚོའི་ཕྲུ་གུ་ཚོར་སྙིང་རྗེ་དང་བྱམས་བརྩེ། དེ་བཞིན་འགྲོ་བ་མིའི་མི་ཚེའི་དགོས་དམིགས་གང་ཡིན་མིན་སྐོར་སློབ་གསོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་དང་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ། སྐབས་དེར་མངའ་སྡེའི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་གྱི་བློན་ཆེན་སོགས་གནད་ཡོད་མི་སྣ་ཁག་གཅིག་ཆེད་ཕེབས་གནང་འདུག ཕྱི་ཚེས་ ༡༦ ཉིན་མགོན་པོ་གང་ཉིད་མཆོག་ཁུལ་དེ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།