༸གོང་ས་མཆོག་གི་བཀའ་སློབ་ཐུང་གྲོས་འགའ།

——༢༠༡༤/༠༡/༡༠——

 

སྨར་ཁམས་པ་གཞིས་བྱེས་ཐུན་མོང་ནས་སྔར་གྱི་ལོ་རྒྱུས་རྣམས་དྲངས་ཏེ་རྒྱལ་བ་ལྔ་པའི་སྐབས་ནས་བཟུང་སྟེ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཡིན་ཞེས་བཀོད་འདུག ཁྱེད་ཚོས་རྒྱབ་མདུན་ངོ་ལྐོག་མེད་པར་བྱེད་ཀྱི་ཡིན་བཀོད་འདུག་པས་ཧ་ཅང་ཡག་པོ་བྱུང་འདུག  བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

………………………

མ་གཞིའི་འཆར་ལོ་གསར་པ་དེ་བདེ་སྐྱིད་ལྡན་པ་ཞིག་ཡོང་མི་ཡོང་སོ་སོའི་ལག་ཏུ་ཡོད།

………………………

དེ་རིང་སྤྱི་ལོ་གསར་པ་འདིའི་ནང་སྨར་ཁམས་པས་གཞིས་བྱེས་གཉིས་ནས་བརྟན་བཞུགས་གྲ་བསྒྲིགས་བྱས་པ་དེ་གཞིན་དུ་དེ་རིང་འདིར་འཛོམས་པ་ཚང་མས་ཐུགས་སྨོན་མཉམ་དུ་གནང་ཐུབ་ན་འདུས་པ་རྒྱ་མཚོ་ཡོད་པ་ཡིན་ཙང་ཧ་ཅང་ཡག་པོ་ཡོང་གིན་རེད།  ད་དེ་རིང་འདིར་བཞུགས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པ་དང་། གཞན་ཡང་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་སྤྲུལ་སྐུ་ཞེས་མིང་ཡོད་མེད་ལ་མ་ལྟོས་པར་མཁན་པོ་དགེ་བའི་བཤེས་གཉེན།  ལྷག་པར་བཤད་གྲྭ་དང་གདན་ས་ཁག་གི་དཔེ་ཁྲིད་རྒན་ཁ་ཡོད་ལག་ཡོད་བསྟན་པ་ལ་ཞབས་འདེབས་ཞུ་མཁན་རྣམ་པ་སྐུ་ཚེ་བརྟན་པ་དང་།     གཞན་ཡང་དེ་རིང་སྤྱི་ལོའི་ལོ་གསར་ལ་འཛམ་གླིང་སྟེང་གི་སྤྱི་དོན་མཛད་མཁན་དང་གཞན་དོན་དངོས་སུ་སྒྲུབ་མཁན་ཚང་མ་སྐུ་ཚེ་རིང་དུ་བརྟེན་པའི་སྨོན་ལམ་རྒྱག་དགོས།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

དེ་ནས་བོད་གངས་ཅན་ལྗོངས་ལ་ཞེད་སྣང་དང་དངངས་སྐྲག་ཐོག་ནས་ཡོད་པའི་སྐྱེ་འགྲོ་རྣམས་དང་གཞན་ཡང་བཙོན་ནང་ཉེས་རྡུང་ཚད་ལས་རྒལ་བ་མྱོང་བཞིན་པ་དེ་ཚོ་དང་།  ད་ལྟ་རང་རྒྱ་ནག་གི་བཙོན་ཁང་ནང་མནར་གཅོད་མང་པོ་མྱངས་ཡོད་པའི་ཁམས་པ་ཞིག་དང་ཐུག་སོང་། དངོས་གནས་དྲང་གནས་ཉེས་རྡུང་ཞེ་དྲག་བྱས་འདུག དེ་དང་དེས་མཚོན་པའི་བཙོན་དུ་སྡུག་བསྔལ་ཚད་མེད་མྱོང་མཁན་ཚོ་ལ་སྨོན་ལམ་རྒྱག་དགོས།  སྙིང་སྟོབས་ཅན་རང་ལུས་མེ་བསྲེགས་གནང་མཁན་ཚོར་རྗེས་དྲན་བྱེད་དགོས།  དེ་ཚོས་རང་ཉིད་ཀྱི་ལུས་སྲོག་བློས་བཏང་ཐུབ་ཀྱི་ཡོད་ན་རོག་པ་ཁ་ཤས་ཁྲིད་ཐུབ་པ་གསལ་པོ་རེད་མོད།  ཡིན་ན་ཡང་བོད་མི་རིགས་ལ་བྱམས་བརྩེ་ཟེར་བ་འདི་ཕ་མེས་ནས་བརྒྱུད་པའི་གོམས་གཤིས་ཡག་པོ་ཞིག་ཡོད་པ་ཡིན་ཙང་། རང་ཉིད་གཅིག་པུའི་ལུས་སྲོག་བློས་བཏང་ནས་གཞན་སུ་ལ་ཡང་གནོད་པ་བྱས་མེད།  དེ་ཚོ་ལ་ཡང་སྨཽན་ལམ་རྒྱག་དགོས།

.............................

དེ་ནས་རྒྱ་ནག་གམ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ད་ཆ་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་དེ་ཆགས་ཡོད། ནང་པ་ས་ཡ་བཞི་བརྒྱ་ལྷག་ཡོད་པ་བཤད་ཀྱི་འདུག  འོན་ཀྱང་རྒྱལ་ཁབ་འདིའི་ནང་རང་དབང་ཐོབ་ཐང་མེད་པའི་གནས་ཚུལ་རྣམས་དམིགས་འོག་ཏུ་ཆུད་པར་བྱས་ནས་ཐུགས་སྨོན་གནང་དགོས།

……………………

སྟོན་པ་མ་བྱུང་སྔོན་ནས་ཆོས་ལུགས་གང་མང་བྱུང་ཡོད། དེ་ཚོ་ཚང་མས་བྱམས་པ་དང་བརྩེ་བ་ཚུལ་ཁྲིམས་སོགས་གསུངས་ཡོད། བདག་ཅག་སྟོན་པས་དེ་དག་དང་མ་འདྲ་བར་སྟོན་པ་གཞན་གྱིས་བདག་བདག་གསུང་པ་དེ་ལས་ལྡོག་སྟེ་བདག་མེད་པར་གསུངས་ཡོད། དེ་ནས་ད་བར་སྟོན་པ་སུ་ཡིས་ཀྱང་བློ་ལ་མ་འཆར་བ་དེ་གསུངས་ཡོད་འདི་ནི་ཐུན་མོང་མ་ཡིན་པ་ཞིག་རེད།

…………………

དགེ་ལུགས་པ་ཞིག་ཡིན་ན་རྗེ་རིན་པོ་ཆེའི་རྩ་འཇུག་རྣམ་བཤད་གཉིས། ལྷག་མཐོང་ཆེ་ཆུང་གཉིས། དྲང་ངེས་ལེགས་བཤད་སྙིང་པོ་བཅས་གཞུང་ལྔ་པོ་དེ་ངེས་པར་ལྟ་དགོས།  ཏྲེ་ཧོར་སྐྱོར་དཔོན་གྱིས་གཞུང་ལྔ་པོ་དེ་རྒྱུས་ཡོད་པ་བྱས་ན་ལྟ་བ་མ་རྟོགས་པ་ཐབས་མེད་ཅེས་གསུངས་མྱོང་།

ང་རང་སྟོན་པ་ལ་ཤེས་ནས་དད་པ་ཐོབ་པ་དེ་རྗེ་རིན་པོ་ཆེའི་གསུང་དེ་ཚོ་ལ་བལྟས་དེའི་རྒྱབ་བརྟེན་རྒྱ་གཞུང་དེ་ཚོ་ལ་ཡང་ཡང་ལྟ་བ་དེས་བྱུང་སོང་།

………………

རྟེན་འབྱུང་ཞེས་པ་འདི་ནི་འཛམ་གླིང་འདིའི་སྟེང་གི་ཆབ་སྲིད་དཔལ་འབྱོར་སོགས་གང་ལའང་ཕན་ཐོགས་ཡོད། འཛིན་པ་ཨ་འཐས་ཏེ་ངོ་གདོང་གཅིག་པོ་དེ་རང་འཛིན་པ་མིན་པར་ཕྱོགས་ཡོངས་ཀྱི་གནས་ཚུལ་དེ་མཐོང་ཐུབ་པས་ཧ་ཅང་ཕན་ཐོགས་ཡོད།

…………………

བསྟན་པ་སྤྱིའི་གོ་བ་མ་ཆགས་པར་གསང་བ་འདུས་པ་ཉམས་ལེན་བྱེད་རུང་དེ་འདྲ་ཙམ་རེད།

དེར་བརྟེན་ངས་ཆོས་ཚོགས་ཁག་གི་དགེ་རྒན་ཚོ་ལ་གྲུབ་མཐའ་ཁྲིད་དགོས་ཟེར་ནས་ཡང་ཡང་བཤད་ཡོད། གྲུབ་མཐའ་གོང་འོག་གི་མི་འདྲ་ས་དེའང་ལྟ་བ་ལ་ཐུག་ཡོད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།