༢༠༠༧ལོའི་བརྟན་བཞུགས་བསྟར་འབུལ་སྐབས་སུ་སྩལ་བའི་བཀའ་སློབ།

༈ བོད་རྒྱལ་ལོ་ ༢༡༣༤ མེ་ཕག་ཟླ་ ༡ ཚེས་ ༢༧ དང༌། ཕྱི་ལོ་ ༢༠༠༧ ཟླ་ ༣ ཚེས་ ༢༧ རེས་གཟའ་པ་སངས་ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང༌། དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང༌། སེར་བྱེས་གྲྭ་ཚང༌། མདོ་སྨད་གཞིས་བྱེས་སེར་སྐྱ་མི་མང་བཅས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་སུ་སྩལ་བའི་བཀའ་སློབ།

དེ་རིང་འདིར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་དང༌། དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང༌། སེར་བྱེས་གྲྭ་ཚང༌། གཙོ་ཆེ་བ་མདོ་སྨད་སེར་སྐྱ་མི་མང་སྤྱི་མགྲིན་གྱི་ཐོག་ནས་གཞིས་བྱེས་ཨ་མདོ་བ་ཡོངས་ཀྱི་ཚབ་བྱས་ཏེ་བརྟན་བཞུགས་གནང་བ་དེར་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན། ལྷག་པར་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་དམ་ཚིག་དང་འདུན་པ་ཆིག་བསྒྲིལ་གྱིས་འདི་ཕྱོགས་སུ་བློ་ཁ་ཕྱོགས་ཏེ་གནས་ཡོད་པར་ཐུགས་རྗེ་ཆེ་ཞུ་གི་ཡིན།

ངོས་ལ་བསམ་ཚུལ་ཡོད་པ་ཁག་དུས་རྟག་ཏུ་བཤད་ཀྱི་ཡོད། དེ་དག་ཁྱེད་རང་ཚོ་ཕལ་མོ་ཆེས་གོ་ཐོས་དང་ཤེས་རྟོགས་ཡོད་པ་རེད། གཙོ་ཆེ་བ་ཁྱེད་རང་ཚོ་ཚང་མས་ཡོན་ཏན་ལ་སྦྱང་བརྩོན་བྱེད་རྒྱུ་གལ་འགངས་ཆེན་པོ་མཐོང་གི་འདུག ལྷག་པར་གཞིས་སུ་ཡོད་པའི་རྒྱ་ཆེའི་མི་མང་འབྲོག་ཁུལ་གྱིས་མཚོན་ས་ཁུལ་གང་དུ་ཡིན་ཡང་ཡོན་ཏན་ལ་དང་དོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་ཡང་གཙོ་བོ་དེང་དུས་ཀྱི་ཤེས་ཡོན་ལ་དང་དོད་བྱེད་རྒྱུ་དང༌། དེ་དང་ཆབས་ཅིག་རང་ཅག་བོད་རང་ཉིད་ལ་ཡོད་པའི་ཕ་མེས་ཀྱི་རིག་གཞུང་གཙོ་བོ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ལྟ་གྲུབ་རྒྱ་ཆེན་པོ་ཞིག་ཡོད་པ་དེ་དག་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དོ་བདག་རང་ཉིད་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་མིན་ལ་མ་བལྟོས་པར་སངས་རྒྱས་ཀྱི་ལྟ་གྲུབ་ཤེས་ན། གཅིག་ནས་མི་ཚེ་སྐྱེལ་སྟངས་ཐོག་ཕན་ཐོགས་ཏན་ཏན་ཡོད་ལ། གཉིས་ནས་བོད་མི་རིགས་ཀྱི་རིག་གཞུང་གཏིང་ཟབ་ཡོད་པའི་རྣམ་པ་ཁག་ཀྱང་ཐོན་ཐུབ། དེ་དང་འབྲེལ་ནས་བོད་ཡིག་ལའང་ཆེ་མཐོང་སླེབས་ཐུབ་པ་ཡིན།

དེ་རིང་ངོས་ནས་དམིགས་བསལ་བརྗོད་རྒྱུ་མེད་ཀྱང་གཞིས་སུ་ཡོད་པའི་རྒྱ་ཆེའི་མི་མང་ཚོས་ཡོན་ཏན་ལ་སློབ་སྦྱོང་བྱེད་རྒྱུར་དོ་སྣང་བྱེད་རོགས་ཞེས་བརྗོད་འདོད་བྱུང༌།

དེ་རིང་ཁྱེད་རང་ཚོས་མདུད་རྒྱ་ལྷོད་མེད་ཐོག་ནས་བརྟན་བཞུགས་གནང་ཡོད། ངོས་རང་ཨ་མདོ་བ་ཡིན་པ་དང༌། རང་རེ་མདོ་སྨད་པ་རྣམས་ནི་ཨ་མདོ་གཅིག་གྱུར་ཡིན། རང་ཅག་ཚང་མས་ཧུར་བསྐྱེད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་བཀའ་སྩལ་ཏོ།།    །།


ཡིག་འབེབ་ཞུ་བ་པོ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།

 

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་

ཤེས་ཡོན་ལྷན་ཚོགས་ནས་དཔར་འགྲེམས་ཞུས།

 

 རྗེས་བརྩེའི་ལམ་སྟོན་བཀའ་སློབ།

 

སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་

ཚང་གི་ཤེས་ཡོན་ལྷན་ཚོགས་ནས་དཔར་བསྐྲུན་དང་

འགྲེམས་སྤེལ་ཞུས་པ་དགེ་ལེགས་སུ་གྱུར་ཅིག

 

བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠ ལོར་

པར་ཐེངས་དང་པོར་དེབ་གྲངས་ ༡༠༠༠ དཔར།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།