རྗེས་བརྩེའི་ལམ་སྟོན་བཀའ་སློབ།

༈ བོད་རྒྱལ་ལོ་༢༡༣༧ལྕགས་སྟག་བོད་ཟླ་༥ཚེས༌༢༦དང༌། ཕྱི་ལོ་༢༠༡༠ཟླ་བ་༧ཚེས་༨ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་འདུས་སྤྱི་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མཐའ་ཀླས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་སླད་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས་སུ་སྩལ་བའི་ལམ་སྟོན་བཀའ་སློབ།


ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་ནས་དེ་རིང་བརྟན་བཞུགས་བསྟར་འབུལ་གནང་བར་ཧ་ཅང་དགའ་པོ་བྱུང༌། ལོ་རྒྱུས་ཀྱི་ཐོག་ནས་བརྗོད་ན་ྋརྒྱལ་བ་དགེ་འདུན་རྒྱ་མཚོ་དང༌། ལྷག་པར་ྋརྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་དུས་ནས་བཟུང་ཕན་བདེ་ལེགས་བཤད་གླིང་ཞེས་པའི་འདུས་སྡེ་འདི་གསར་དུ་ཚུགས་ཤིང༌། དུས་ཕྱིས་རྩེ་ཕོ་བྲང་པོ་ཏ་ལར་གཏན་སྡོད་བྱེད་མཁན་ཞིག་ཡིན་པར་མ་ཟད། ལྷག་པར་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་ཆོས་ཕྱོགས་ཀྱི་ཐོག་ནས་ཞབས་འདེགས་ཞུ་རྒྱུ་དང༌། ྋརྒྱལ་དབང་སྐུ་སྒེར་གྱི་ཞབས་ཕྱི་ཞུ་མཁན་གཙོ་བོ་དེ་ཡང་གྲྭ་ཚང་གི་སྐུ་ཞབས་རྣམས་ཆགས་ཡོད། དཔེར་ན། གཏེར་བདག་གླིང་པ་སོགས་ཀྱི་གསུང་རྒྱུན་འཁོད་པའི་ྋརྒྱལ་དབང་ལྔ་པ་ཆེན་པོའི་རྣམ་ཐར་བྲིས་མའི་ནང༌། ྋརྒྱལ་དབང་ལྔ་པ་ཆེན་པོ་ཞལ་ཤོབ་ཧ་ཅང་ཚ་པོ་ཡོད་པ་འཁོད་འདུག རྣམ་ཐར་དེའི་ནང་དུས་དུས་སུ་ྋརྒྱལ་དབང་ལྔ་པ་ཆེན་པོའི་ན་བཟའ་འཁྲུ་བར་གྲྭ་ཚང་གི་སྐུ་ཞབས་དེ་འདྲ་གཏོང་གནང་མཛད་ཅིང༌། དེ་རིང་གྱོན་གོས་འཁྲུ་མི་གྲྭ་པ་འདི་དང་འདི་ཡོད་ཅེས་གྲྭ་པ་རེ་རེ་བཞིན་མིང་ནས་གསུངས་ཏེ་ཁོང་ཚོའི་ཉིན་གུང་གི་ཇ་བསྐོལ་རྒྱུའི་སྐམ་ཇ་ཡང་ྋརྒྱལ་དབང་རང་ཉིད་ནས་སྦར་མོ་བསྐྱོན་ནས་གསོལ་སྩལ་གནང་བ་དང༌། ཡང་སྐབས་རེ་དེ་རིང་གྲྭ་པ་འདི་དང་འདི་མེད་ཅེས་གསོལ་ཇ་གནང་གྲུབ་པ་དེ་ཡང་ཚུར་བཞེས་པ་གནང་གི་ཡོད་ཚུལ་སོགས་གྲྭ་ཚང་གི་སྐུ་ཞབས་རྣམས་གཟིམ་ཆུང་གི་ཞབས་ཕྱི་ཞུ་མཁན་ཆགས་ཡོད་པ་ལྟར་ཧ་ཅང་ཐུགས་ཉེ་པོ་གནང་གི་ཡོད་ཚུལ་ྋརྒྱལ་དབང་ལྔ་པ་ཆེན་པོའི་རྣམ་ཐར་ནང་དུ་གསལ་ཡོད།

སྤྱིར་ྋརྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ནི་ཁམས་གསུམ་ཟིལ་གྱིས་གནོན་པའི་དབང་ཐང་ཧ་ཅང་ཆེན་པོ་ཞིག་ཆགས་ཡོད། འོན་ཀྱང་ཞབས་ཕྱི་ཞུ་མཁན་རྣམས་ལ་ཧ་ཅང་ནང་ཚགས་གནང་གི་ཡོད། དེ་ཡང་ྋརྒྱལ་དབང་མཆོག་རྩེ་ཕོ་བྲང་གི་མཚན་གཟིམ་དུ་བཞུགས་འཇགས་གནང་ཞིང༌། ཞབས་ཕྱི་ཞུ་མཁན་གྲྭ་ཚང་གི་སྐུ་ཞབས་རྣམས་ཉི་འོད་ཀྱི་ནང་དུ་སྡོད་ཀྱི་ཡོད། ྋརྒྱལ་དབང་མཆོག་ནས་ཞབས་ཞུ་བ་རྣམས་ཀྱི་མིང་ནས་འབོད་དེ་སྐད་གཏོང་གནང་སྐབས་བརྡ་ལན་མི་བྱེད་པར་སྡོད་པ་དང༌། ྋརྒྱལ་དབང་མཆོག་ནས་ལན་གཉིས་པ་དང་ལན་གསུམ་པ་འབོད་པ་གནང་སྐབས་གཞི་ནས། ལགས། ཞེས་ཞུ་ཡི་ཡོད་པ་དང༌། སྐུ་ཆས་འདི་དང་འདི་ཞེས་བྱ་བ་གང་དུ་ཡོད་ཅེས་བཀའ་འདྲི་གནང་སྐབས། ཁ་སང་ཁྱེད་རང་གིས་གནས་འདི་འདྲ་ཞིག་ཏུ་འཇོག་གནང་མཛད་སོང་ངོ་ཞེས་ཧ་ཅང་ནང་ཚགས་ཀྱིས་ཞུ་གི་རེད་ཅེས་དེ་ཡང་རྣམ་ཐར་བྲིས་མའི་ནང་དུ་གསལ་འདུག

ྋརྒྱལ་མཆོག་སྐུ་གོང་མའི་སྐབས་སུ་ཡང་དེ་བཞིན་ཡིན་ལ། གཙོ་བོ་སྐབས་དེར་གསོལ་གཟིམ་མཆོད་གསུམ་ཞེས་ཡོད་ཀྱང༌། གཟིམ་གཡོག་དང་མཆོད་གཡོག་སོགས་ལ་མཚོན་ན། རྒྱ་དམག་ལྷ་སར་འབྱོར་ནས་སྐུ་མདུན་སྐུ་གོང་མ་རྒྱ་གར་དུ་ཉེན་གཡོལ་ལ་ཆིབས་སྒྱུར་གནང་སྐབས་གྲྭ་ཚང་ལ་སྤྲུལ་པ་རྒན་གཞོན་གཉིས་ཡོད་པ་ལས་སྤྲུལ་པ་རྒན་པ་སྐབས་དེར་སྐུ་གོང་མའི་གཟིམ་གཡོག་ཡིན་ཞིང༌། ང་ཆུང་ཆུང་གི་སྐབས་སུ་སྤྲུལ་པ་རྒན་པ་བཞུགས་ཡོད་ཅིང༌། སྐབས་དེར་ཁོང་གྲྭ་ཚང་གི་མཚན་ཐོ་དང་པོ་རེད། ཁོང་ནི་གདོང་གི་ཤ་མདོག་ཧ་ཅང་ནག་ལ༑ མིག་ལ་སྔོ་རིས་ཡོད་པ་ཞིག་ཡོད། ྋགོང་ས་སྐུ་གོང་མར་ཕྱག་དངུལ་ཊམ་དཀར་སྲང་ལྔ་བཅུ་ཙམ་ཡོད་པའི་དངུལ་ཁུག་ཅིག་ཡོད་པ་དེ་གཟིམ་གཡོག་གི་ཨམ་ཕྲག་ནང་དུ་འཁྱེར་ཏེ་ནོར་གླིང་ནས་བྲོས་བྱོལ་དུ་ཕེབས་སྐབས་ཨམ་ཕྲག་ནས་དངུལ་ཁུག་དེ་ལམ་བར་བོར་བརླག་ཏུ་སོང་བ་ཤེས་འཕྲལ་ཕྱིར་ལོག་ཏུ་འཚོལ་བར་ཕེབས་ཏེ་སྟབས་འཁེལ་ནས་དངུལ་ཁུག་དེ་རྙེད་པ་སོགས་ཧ་ཅང་ནང་ཚགས་ཡིན་པའི་གནས་ཚུལ་དེ་འདྲ་ཡོད།

ཡང་ྋགོང་ས་སྐུ་གོང་མ་ཞལ་འདོན་གནང་སྐབས་མི་གཞན་གྱིས་མ་མཁྱེན་པའི་ཐོག་ནས་ཕུར་པ་གསུང་གི་ཡོད་པ་སྔར་དགོན་པ་གསར་སྐུ་གོང་མས་གསུང་གི་འདུག་ཅེས་དངོས་གྲུབ་མཆོག་བརྙེས་ཀྱིས་ང་ལ་གསུངས་བྱུང༌། སྤྱིར་བཏང་ཡོངས་གྲགས་སུ་འཇིགས་བྱེད་དཔའ་གཅིག་དང༌། ཡོངས་གྲགས་མངོན་གསལ་མེད་པར་གཙོ་བོ་ཕུར་པ་ཞལ་འདོན་གནང་གི་ཡོད། དེ་ཡང་སྤྱན་གསལ་གླིང་གའི་དཀོན་གཉེར་ཡིན་པ་གྲྭ་ཚང་གི་སྐུ་ཞབས་བྱམས་པ་འབྱུང་གནས་ཀྱིས་ཞལ་འདོན་གྱི་ཞབས་ཕྱི་ཞུས་ཏེ་བདག་བསྐྱེད་སྐྱོར་དགོས་ཀྱི་ཡོད། བྱམས་པ་འབྱུང་གནས་ང་གཉིས་རྩེད་མོ་རྩེས་ནས་ངོ་ཤེས་ཧ་ཅང་འདྲིས་པོ་ཞིག་ཡིན། བྱམས་པ་འབྱུང་གནས་ཀྱིས་སྐད་ཆ་ཤོད་སྐབས་ཁ་ནས་མཆིལ་མ་མང་པོ་འཐོར་ཞིང་གདོང་པའང་འབར་ཚགས་ཤིག་ཡོད། སྙིང་རྗེ་མི་ཧ་ཅང་ཡག་པོ་ཡོད། བྱམས་པ་འབྱུང་གནས་འཁྲིས་སུ་བསྡད་ནས་ཞལ་འདོན་སྐྱོར་གྱི་ཡོད། སྐུ་གོང་མ་རང་ཉིད་ཕྱག་རྩོམ་མཛད་པ་དང༌། བཀའ་ཡིག་སྩལ་གནང་བ། ལྷག་པར་བསྔོ་རྟེན་ཕུལ་འབྱོར་སོགས་ཀྱི་བྱུང་འཛིན་ཚང་མ་ཕྱག་བྲིས་ཕྱག་བསྟར་མ་འཕྲལ་འཕྲལ་དུ་གནང་གི་ཡོད་པས་རྩ་བ་ཕྱག་བྲིས་གནང་ནས་བཞུགས་བཞིན་དུ་བྱམས་པ་འབྱུང་གནས་ཀྱིས་བདག་བསྐྱེད་སྐྱོར་བ་དང༌། སྐབས་མཚམས་སོ་སོའི་དབུ་བསྐུལ་རྣམས་སྐུ་གོང་མ་རང་ཉིད་ནས་བསྐྱོན་པ་གནང་གི་ཡོད་ལ། ཞལ་འདོན་གྱི་དབུ་བསྐུལ་སྐྱོན་རྒྱུ་དང་ཌ་དྲིལ་དཀྲོལ་རྒྱུ་སོགས་གཏན་ནས་ནོར་གྱི་མ་རེད་ཅེས་གསུང་གི་འདུག དེ་ལྟར་སྐུ་གོང་མ་དང་གྲྭ་ཚང་གི་སྐུ་ཞབས་རྣམས་ཧ་ཅང་འདྲིས་པོ་རེད་འདུག

ཡང་སྐབས་དེའི་གྲྭ་ཚང་གི་དབུ་མཛད་འཕྲིན་ལས་ལགས་སུ་ནོར་གླིང་སྤྱན་གཟིགས་ཁང་གི་ཤྭ་བས་བརྡུངས་རྗེས་རང་སྐད་ཡག་པོ་ཞིག་མི་ཐོན་པར་གྱུར་པས་དབུ་མཛད་འཕྲིན་ལས་ལགས་ནས་སྐུ་མདུན་སྐུ་གོང་མར་ད་ཆ་རང་སྐད་ཡག་པོ་ཞིག་ཡོང་གི་མི་འདུག་པས་དབུ་མཛད་དགོངས་པ་གནང་རོགས་ཞེས་ཞུས་པར། སྐུ་གོང་མས་ང་ལ་ཁྱོད་རང་གི་སྐད་དེས་འགྲིགས་ཀྱི་འདུག་པས་ཁྱད་པར་གང་ཡང་མེད། དབུ་མཛད་ཀྱི་དགོངས་པ་ཡོང་གི་མ་རེད་ཅེས་གསུངས་འདུག དེ་ལྟར་གྲྭ་ཚང་གི་སྐུ་ཞབས་དང་ཧ་ཅང་གི་ཉེ་པོ་རེད་འདུག

དེ་རྗེས་ྋརྒྱལ་མཆོག་སྐུ་གོང་མ་རྒྱ་ནག་ཏུ་ཕེབས་ཤིང༌། མཆོད་ཟུར་ལགས་ཀྱིས་ངོས་ལ་གསུངས་པར། སྐུ་གོང་མ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་གནང་སྐབས་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་ལག་རྟགས་སྤྲོད་རྒྱུ་ཞིག་མེད་ན་འགྲིགས་ཀྱི་མ་རེད་ཅེས་ཙན་དན་གྱི་ཕྲེང་བ་ཆེད་དུ་སྤུས་གཟིགས་གནང་སྟེ་ལྷ་སར་ཕེབས་མ་ཐག་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་ཕྱག་ཕྲེང་གི་སྐུ་འགྱེད་ཕུལ་ཡོད། སྐབས་དེའི་ཕྱག་ཕྲེང་ནི་སྐུ་ཞབས་བགྲེས་པ་རྣམས་ཀྱིས་བསྣམས་ཕེབས་པའི་ཙན་དན་གྱི་ཕྱག་ཕྲེང་དེ་ཡིན། དེ་ལྟར་སྐུ་གོང་མ་དང་གྲྭ་ཚང་གི་སྐུ་ཞབས་རྣམས་ཧ་ཅང་ཐུགས་ཉེ་པོ་རེད་འདུག

དེ་ནས་ངོས་རང་གི་མི་ཚེའི་ནང་ཆ་བཞག་ནའང༌། ངོས་རང་ཕ་ཡུལ་ནས་དབུས་ཕྱོགས་སུ་ཡོང་སྐབས་ནག་ཆུའི་ཁུལ་དུ་འབྱོར་སྐབས་དཔོན་པོའམ་གསོལ་དཔོན་མཁན་པོ་མཉམ་དུ་ཡོད། དེ་ནས་བཟུང་སྟེ་ངོས་རང་ལོ་ན་གང་འཚམས་མ་སླེབས་བར་དཔོན་པོས་ང་ལ་སྤགས་སྤྲད་ཡོད། སྐབས་དེར་གྲྭ་ཚང་གི་སྐུ་ཞབས་མཆོད་དཔོན་མཁན་པོ་ཡང་ཡོད་ལ། ཁོང་སྐུ་ན་ཧ་ཅང་བགྲེས་སོང་རེད། དེ་མིན་གཟིམ་གཡོག་བསམ་གྲུབ་ནོར་བུ་ཡང་ཡོད། སློབ་ཟུར་ཐུབ་བསྟན་མཆོག་ལྡན་ལགས་ྋརྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་ཀྱི་མི་ཡིན་སྟབས་རྒན་པ་ཁྱེད་རང་ཚོས་ཤེས་གསལ་རེད། གཟིམ་གཡོག་བསམ་གྲུབ་ནོར་བུ་དཔོན་པོ་དང་མཉམ་དུ་ཡོད། དེ་ཡང་འདོད་རྒུ་ཐང་དུ་མཛད་སྒོ་ཚོགས་པའི་སྐབས་སུ་དཔོན་པོ་དང་མཉམ་དུ་གཟིམ་གཡོག་བསམ་གྲུབ་ཡོད་པ་ངས་དྲན་གྱི་འདུག ཁོང་སྤགས་འཕྱིད་ཀྱིས་མི་དང་སྲོག་ཆགས་ཀྱི་རིགས་བཟོ་རྒྱུ་སོགས་ལག་རྩལ་ཧ་ཅང་མཁས་པོ་ཡོད། ད་ལྟའང་སེམས་ལ་གསལ་པོར་དྲན་པ་ཞིག་ལ། གཟིམ་གཡོག་བསམ་གྲུབ་ནོར་བུས་སྤགས་འཕྱིད་ཀྱིས་མཛུབ་མོའི་རྩེར་མིའི་གདོང་གི་འབག་བཟོས་ཏེ་སྲིང་བལ་གྱི་རྒྱ་བསྒར་བ་དང༌། དེ་ལ་ཞྭ་མོ་རྩེ་ཞྭ་ཞིག་ཀྱང་གཡོགས་ཤིང༌། མཐེ་བོང་དང་གུང་མོ་གཉིས་ལ་སྦུབ་ཡ་རེ་བཟོས། གཟན་གྱིས་རྒྱབ་ནས་གྱོན་གོས་ལྟར་གཡོགས་ཏེ་མཐེ་བོང་དང་གུང་མོ་གཉིས་ཀྱིས་སྦུབ་དཀྲོལ་བའི་ཚུལ་གྱིས་ཁ་ནས་སྦུག་ཆལ་གྱི་སྒྲ་གདངས་བཏོན་ནས་རྩེད་མོ་རྩེས་ཀྱི་ཡོད། དེ་ལྟར་ང་གཉིས་རྩེད་མོ་མང་པོ་རྩེས་པ་དང་ཧ་ཅང་འདྲིས་པོ་ཡོད། ཁོང་རང་སྤགས་འཕྱིད་ཀྱི་ལག་རྩལ་མཁས་པོ་ཡོད་པས་རྩེད་མོ་རྩེས་པ་དང་མཉམ་དུ་ངས་མིའི་གདོང་དང༌། སེམས་ཅན། བྱ་བྱིའུ་སོགས་སྲོག་ཆགས་རིགས་འདྲ་མིན་མང་པོ་ཞིག་བཟོ་གི་ཡོད། དེ་དག་གཟིམ་གཡོག་བསམ་གྲུབ་ནོར་བུའི་འཁྲིས་ནས་ངས་བསླབས་པ་ཡིན།

རྒྱ་གར་དུ་འབྱོར་རྗེས་ཀྱི་གཟིམ་གཡོག་ཐུབ་བསྟན་ཐབས་མཁས་ལགས་ང་གཉིས་རྩེད་མོ་ཧ་ཅང་མང་པོ་རྩེས་པ་རེད། ངའི་རྩེད་ཆས་ཞྭ་མོ་འདྲ་མིན་སོགས་དེ་ཚོ་གཟིམ་གཡོག་ལགས་ནས་འཚེམ་པ་དང་བཟོས་པ་སོགས་གནང་སྟེ་ཧ་ཅང་ཡག་པོ་ཡིན། ང་ཆུང་ངུའི་སྐབས་ཀྱི་མཆོད་དཔོན་མཁན་པོ་དེ་སྐུ་ན་ཧ་ཅང་བགྲེས་སོང་རེད་ལ། ཁོང་གིས་རྩེད་མོ་དེ་ཙམ་རྩེས་གནང་གི་མ་རེད། དེའི་རྗེས་ཀྱི་མཆོད་དཔོན་མཁན་པོ་བློ་བཟང་བསམ་གཏན་ང་གཉིས་རྩེད་མོ་མང་པོ་རྩེས་པ་དང༌། མཚམས་རེ་ང་གཉིས་རྒྱག་རེས་ཀྱང་ཕྲན་བུ་རེ་ཤོར་གྱི་ཡོད། ཁོང་ལ་སྒྲུང་འདྲ་མིན་ཧ་ཅང་མང་པོ་ཤོད་རྒྱུ་ཡོད། སྐབས་དེར་དཔོན་པོ་ཡོད་ཀྱང་དཔོན་པོས་རྩེད་མོ་རྩེས་པ་གནང་གི་མ་རེད་ལ། རྩེས་ཀྱང་ཤེས་ཀྱི་མ་རེད། འོན་ཀྱང་ང་ལ་སྤགས་སྤྲོད་མཁན་དེ་དཔོན་པོ་ཡིན་སྟབས་དཔོན་པོ་ལ་ཧ་ཅང་བརྩེ་པོ་ཡོད། དཔོན་པོ་མགོ་དམར་པོ་རྒྱའུ་ཞིག་ཡོད་ལ། དཔོན་པོས་བོད་ཡིག་དང་ཕྱག་དཔེ་སོགས་གང་ཡང་མཁྱེན་གྱི་མ་རེད། ཁོང་སྐུ་གོང་མའི་སྐབས་ནས་གསོལ་ཐབ་ཁོ་ན་བྱས་ནས་ཡོང་བ་ཞིག་རེད། དཔོན་པོས་ང་ལ་ཧ་ཅང་བརྩེ་པོ་བྱེད་ཀྱི་ཡོད་སྟབས། ངས་དཔོན་པོའི་པུས་མོའི་ཐོག་ཏུ་བསྡད་ནས་དཔོན་པོའི་འགྲམ་པའི་ཐོག་ཏུ་སྨེ་བ་ཞིག་ཡོད་པ་དེ་འཇིབ་ཀྱི་ཡོད། སྐབས་དེར་ང་ཆུང་ཆུང་ཡིན་སྟབས་དཔོན་པོས་འཆར་ཅན་ང་ལ་སྤགས་སྤྲོད་ཀྱི་ཡོད། སྙིང་རྗེ་ཁོང་རྒྱ་གར་བར་དུ་སླེབས་པ་རེད།

དེས་ན་མིའི་རིགས་རྣམས་རྩ་བ་སེམས་ཅན་སྤྱི་མཚུངས་ལྟར་ཡིན་སྟབས། ལྟོ་ཆས་སྤྲོད་མཁན་དེ་ཧ་ཅང་རྩ་ཆེན་པོ་ཆགས་ཀྱི་ཡོད་པ་འདྲ་འདུག དེ་མིན་དཔོན་པོས་སྒྲུང་ཤོད་མི་ཤེས་ལ། དཔོན་པོས་རྩེད་མོ་ཡང་རྩེས་མི་ཤེས་ཤིང༌། དཔོན་པོ་ལ་སྔ་རྒྱུས་ད་རྒྱུས་དེ་བས་ཤོད་རྒྱུ་མེད། འོན་ཀྱང་དཔོན་པོས་འཆར་ཅན་ང་ལ་སྤགས་སྤྲད་པ་དེས་དཔོན་པོ་ལ་སེམས་ཐག་ཧ་ཅང་ཉེ་པོ་ཡོད། དེ་ལྟར་འདྲིས་གཤིབ་བྱས་ནས་བསྡད་པ་རེད། གང་ལྟར་ངོས་རང་ལོ་ལྔ་ཙམ་ནས་གྲྭ་ཚང་གི་སྐུ་ཞབས་གཟིམ་གཡོག་བསམ་གྲུབ་ནོར་བུ་དང༌། མཆོད་དཔོན་མཁན་པོ་སོགས་རིམ་པར་འདྲིས་གཤིབ་བྱས་ནས་བསྡད་པ་རེད།

དེ་རྗེས་རྒྱ་གར་དུ་སླེབས་ནས་སྔར་གྱི་གསོལ་གཟིམ་མཆོད་གསུམ་གྱི་ཡོང་ཁུངས་ཐད། གཟིམ་དཔོན་མཁན་པོ་གཞུང་ཞབས་རྩེ་དྲུང་གི་ནང་ནས་ཡོང་གི་ཡོད་ཀྱང༌། དེ་ནི་རྒྱ་གར་དུ་སླེབས་རྗེས་མེད་པ་ཆགས་པ་རེད། གསོལ་དཔོན་མཁན་པོ་གསོལ་ཐབ་རྒན་གཞོན་བཞིན་ཡོང་གི་ཡོད། དེ་ཡང་ད་ལྟ་མེད་པ་ཆགས་ཟིན་པ་རེད། མཆོད་དཔོན་མཁན་པོ་དང་མཆོད་གཡོག་གི་ཡོང་ཁུངས་སྔར་གྲྭ་ཚང་ནས་ཡོང་གི་ཡོད་པ་ད་ལྟའང་འདི་ལྟར་དུ་གནས་ཡོད་ལ། མ་འོངས་པར་ཡང་གྲྭ་ཚང་ནས་ཡོང་བ་ཞིག་ཆགས་ཡོད། དེས་ན་ནམ་རྒྱུན་གྲྭ་ཚང་གི་མིང་ལ་སྐུ་བཅར་ཞེས་བརྗོད་པ་དེ་རྒྱུ་མཚན་དེ་ལྟར་ཡིན།

སྐུ་བཅར་ཕན་བདེ་ལེགས་བཤད་གླིང་ཞེས་པའི་ཕན་བདེ་ཞེས་པ་ནི། བོད་གཞུང་གི་ཞབས་བརྟན་མང་པོ་ཞིག་གྲྭ་ཚང་ནས་སྒྲུབ་དགོས་ཀྱི་ཡོད་པས། བོད་ཀྱི་བསྟན་སྲིད་སྤྱིའི་ཕན་པ་དང་བདེ་བའི་ཞབས་རིམ་བསྒྲུབ་རྒྱུ་དང༌། དེ་མིན་ྋརྒྱལ་དབང་སྐུ་སྒེར་གྱི་ཞབས་བརྟན་བསྒྲུབ་རྒྱུ་དེ་ལས་འགན་གཙོ་བོ་ཆགས་ཡོད་པས་ཕན་བདེ་ཞེས་པའི་མིང་ཐོགས་པ་ཡིན།

དུས་འཁོར་ནི་གྲྭ་ཚང་གི་ཐུན་མོང་མ་ཡིན་པ་ཆགས་ཡོད། དུས་འཁོར་སྦྱོར་དྲུག་གི་འཁྲིད་རྒྱུན་དགེ་ལུགས་པའི་དགོན་སྡེའི་ནང་དུ་མེད་པས་ཇོ་ནང་ལ་སྐྱབས་སུ་འཛིན་རྒྱུ་ལས་ལྷག་མེད། དེ་བཞིན་ཞྭ་ལུ་ལའང་མེད་པ་ཆགས་ཟིན་པ་རེད། སྔགས་རིམ་ཆེན་མོའི་ནང་དུ་དུམ་བུ་གཅིག་ཙམ་ལས་མེད། སྔར་རྗེ་རིན་པོ་ཆེའི་གསུང་ནང་གི་རྒྱས་སྟེང་པས་མཛད་པའི་དུས་འཁོར་སྦྱོར་དྲུག་གི་ཟིན་བྲིས་ཤིག་ཡོད་པ་དེ་ཚོའི་ཁྲིད་རྒྱུན་ཞིག་སྔར་ཡོད་འདུག་ཀྱང་ད་ལྟ་ཆད་ཟིན་པ་རེད། ད་ལྟ་མཐོང་བ་བརྒྱུད་པའི་ཕྱག་རྒྱུན་གྱི་ཁྲིད་རྒྱུན་ཡོད་པ་ནི་ཇོ་ནང་གི་སྦྱོར་དྲུག་ཁོ་ན་རེད་འདུག དེས་ན་དུས་འཁོར་ནི་གྲྭ་ཚང་གི་ཐུན་མོང་མ་ཡིན་པ་ཆགས་ཡོད་ལ། ཆོ་ག་གྲྭ་ཚང་ལ་ཧ་ཅང་སྤུས་དག་ཅིག་ཡོད་པ་རེད། དེ་མིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཕྱག་བཞེས་དགེ་ལུགས་པས་ཡི་དམ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བ་ཞེས་གསུངས་པ་ལྟར་དཔལ་གསང་བ་འདུས་པ་དང༌། འཇིགས་བྱེད། བདེ་མཆོག་ལཱུ་ཨི་པ་བཅས་གྲྭ་ཚང་དུ་མཐོང་རྒྱུད་ཡོད་པ་འདི་དག་སྤུས་དག་ཅིག་དགོས་རྒྱུ་གལ་འགངས་ཆེན་པོ་རེད་འདུག ཐོག་མར་ནམ་རྒྱུན་ནས་ལག་ལེན་དུ་བསྟར་བཞིན་པ་དང༌། ལག་བསྟར་བྱེད་ཐུབ་པ་གཅིག་ནི་བསྙེན་པ་གཏོང་རྒྱུ་གལ་ཆེན་པོ་ཞིག་རེད་འདུག ཕུར་པ་ནི་སྐུ་གོང་མའི་དུས་སྐབས་ནས་གཏེར་སྟོན་བསོད་རྒྱལ་གྱིས་ཕུར་པ་བཙུགས་པ་གནང་སྟེ་རྒྱུན་དུ་གྲྭ་ཚང་དུ་ལག་ལེན་ཡོད་མུས་འདི་ཉིད་ཡིན། དེ་ལྟར་དུས་འཁོར་དང༌། གསང་བདེ་འཇིགས་གསུམ། ཕུར་པ་དང་བཅས་པ་སྐུ་ཞབས་ཚང་མ་བསྙེན་སོང་ཞིག་དགོས་པ་ཡིན།

དེ་ལྟ་བུའི་བསྟན་སྲིད་སྤྱིའི་སྐུ་རིམ་སྒྲུབ་པ་ལ་ཚིག་སྐམ་པོ་ཞིག་བཏོན་ནས་སྐུ་རིམ་སྒྲུབ་རྒྱུ་གང་ཡང་མེད། ཚིག་སྐམ་པོས་སྐུ་རིམ་སྒྲུབ་ནས་འགྲིགས་ཀྱི་ཡོད་ན། མཆོད་པ་བསྒྲིགས་རྗེས་སྒྲ་ཕབ་འཁོར་ལོ་བཏང་ན་འགྲིགས་མོད་དེ་ལྟར་མིན། དཔེར་ན། འཇིགས་བྱེད་ཀྱི་བདག་བསྐྱེད་དབུ་ནས་འདོན་སྐབས། ལྷ་མཆོག་འཇམ་དཔལ་རྡོ་རྗེ་གཤིན་རྗེའི་གཤེད། །ཅེས་གསུངས་པ་ལྟར་ལྷ་མཆོག་ཏུ་གྱུར་པ་ཡིན་པའི་ཡིན་ལུགས་རྣམས་ཤེས་དགོས་པ་དང༌། ཡང་ན། ཁྱབ་བདག་འཇམ་དཔལ་རྡོ་རྗེ་གཤིན་རྗེའི་གཤེད། །ཅེས་ཁ་ནས་བཏོན་པ་ལྟར། ཀུན་ལ་ཁྱབ་པ་དང་ཀུན་གྱི་རིགས་ཀྱི་བདག་པོ་ཡིན་ཚུལ་སོགས་ཁྱབ་བདག་ཅེས་པའི་དོན་དག་རྣམས་ཤེས་པ་ཞིག་བྱེད་དགོས་པ་ཡིན། དེ་བཞིན་བསྐང་གསོ་ཞིག་འདོན་ན་ཡང་ལྷ་མོའི་བསྐང་གསོའི་སྐབས། གང་ཤར་བདེ་སྟོང་མཆོག་གི་རོལ་པ་ནི། །ཞེས་པའི་གང་ཤར་བདེ་སྟོང་མཆོག་གི་རོལ་པའི་ཉམས་མྱོང་མེད་ཀྱང༌། ཡིད་དཔྱོད་ཙམ་གྱི་གོ་བའི་སྟེང་ནས་བདེ་བ་དང་སྟོང་པའི་གོ་དོན་འཆར་བ་ཞིག་དང༌། དེའི་གཟུགས་རྣམ་ལྷ་རྫས་སུ་ཤར་བ་ཞིག་དགོས་པ་ཡིན། དེ་ལྟར་ཡོང་བ་ལ་སྒྲུབ་པ་ཉམས་ལེན་གང་འཚམས་བྱས་པའི་ཐོག་ནས་ལྷ་ཡི་རྣལ་འབྱོར་ལ་རྒྱུས་མངའ་ཡོད་པ་ཞིག་དང༌། གསང་སྔགས་ཀྱི་ཟབ་གསལ་གཉིས་མེད་དང༌། བདེ་སྟོང་དབྱེར་མེད་སོགས་ལ་རྒྱུས་ཡོད་པ་ཞིག་དགོས་པ་ལས་ཚིག་ཙམ་བཏོན་པས་ཕན་གྱི་མེད།

དེས་ན་ཕན་བདེ་ཞེས་པ་མིང་དོན་མཚུངས་པ་དང༌། ནུས་པ་ཐོན་པ་ཞིག་ཡོང་བའི་དོན་དུ་བར་སྐབས་ནས་གཞུང་ཆེན་མཚན་ཉིད་སློབ་གཉེར་བྱ་རྒྱུའི་སྲོལ་བཙུགས་པ་རེད། དེ་བཞིན་རྒྱུད་གྲྭ་སྨད་སྟོད་ཀྱི་བསྐྱེད་རིམ་པ་རྣམས་ནས་དེ་སྔ་མཚན་ཉིད་ཀྱི་གཞུང་ཆེན་ལྟ་གི་མེད་ཀྱང་རྒྱ་གར་དུ་འབྱོར་རྗེས་འབོད་སྐུལ་བྱས་ཏེ་མཚན་ཉིད་ལྟ་རྒྱུ་འགོ་ཚུགས་པ་རེད། གྲྭ་ཚང་ལའང་མཚན་ཉིད་སློབ་གཉེར་བྱ་རྒྱུ་བཙུགས་པ་དང༌། སྐབས་དེར་གྲྭ་ཚང་གི་མཁན་པོ་རྒྱའུ་ལགས་ནས་ཧུར་ཐག་འབད་ཐག་གིས་སྐུ་ལས་ཤུགས་ཆེ་བསྐྱོན་པ་རེད། སྐབས་དེའི་མི་ཐོག་གི་གཞོན་གྲས་རྣམས་ད་ཆ་ལོ་གང་འཚམས་སླེབས་ཡོད་ལ། ད་ལྟའི་རྒན་གྲས་རྣམས་ལ་སྐབས་དེར་མཁན་པོ་རྒྱའུས་བསུན་ཐག་ཆོད་བཟོས་ནས་གཤེ་གཤེ་བཏང་བ་དང༌། སྐབས་རེ་ཉེས་རྡུང་བཏང་བ་སོགས་འཇམ་རྩུབ་གཉིས་ཀྱི་ཐོག་ནས་མཚན་ཉིད་འགོ་བཙུགས་པ་རེད། དུས་དེ་ནས་ད་ལྟ་བར་དུ་མཚན་ཉིད་ལྟ་གི་ཡོད་ལ། མཚན་ཉིད་བལྟས་པ་དེས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། དེས་ན་ཐོག་མར་གཞུང་ཆེན་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱ་རྒྱུ་ནི་མཚན་ཉིད་ཁོ་ནར་སློབ་སྦྱོང་བྱེད་མཁན་དང༌། དེ་ཡང་ལོ་མང་སློབ་གཉེར་བྱེད་མཁན་གྱི་རིགས་རྣམས་ཡིན། གྲྭ་ཚང་ལ་གཞུང་དེ་ལྟར་ལྟ་རྒྱུ་རྒྱས་དྲགས་པ་ཡིན་སྟབས། གྲྭ་ཚང་ལ་ལྕང་སྐྱའི་གྲུབ་མཐའ་དང༌། དྲང་ངེས་ལེགས་བཤད་སྙིང་པོ། སྔགས་དང་ཕར་ཕྱིན་ས་ལམ་བཅས་འཁྲིད་ན་དེ་དག་ནང་ཚང་མ་བསྡུས་ཡོད། དེ་ཡང་མངོན་རྟོགས་རྒྱན་ལྟ་བུར་མཚོན་ན་མགོ་རྒྱ་གར་སྐད་དུ་ཞེས་པ་ནས་འཁྲིད་པ་ལྟ་བུ་མིན་པར་དེ་དག་གི་དོན་ཚང་མ་ཚུར་བསྡུས་པ་ལྟ་བུ་ཞིག་ཡོད། དེ་མིན་དབུ་མའི་སྐོར་ལ་རྩ་འཇུག་གཞི་གསུམ་སོགས་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་པས་དེའི་དོད་དུ་རྗེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་དང༌། གཞན་ཡང་སྔགས་ཀྱི་སྐོར་ལ་སྔགས་རིམ་ཆེན་མོ་དང༌། གསང་བ་འདུས་པའི་སྐོར་གྱི་མཐའ་དྲུག་ཚུལ་བཞིའི་གོ་བ་ལེགས་པོ་ཞིག་ཆགས་པའི་དོན་དུ་རྗེ་རིན་པོ་ཆེའི་གསུང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྣམ་བཤད་བཅས་འཁྲིད་ན་མདོ་སྔགས་གཉིས་ཀྱི་གཞུང་གཙོ་ཆེ་བ་རྣམས་ཀྱི་སྙིང་པོ་ཚང་བ་ཞིག་ཡོང་གི་འདུག་པས་གཞུང་དེ་དག་བལྟས་ན་ཞེས་ཐོག་མའི་བསམ་ཚུལ་དང་རེ་བ་དེ་ལྟར་བྱས་པ་དེ་དག་སློབ་ཁྲིད་བྱ་རྒྱུའི་གཞི་རྩ་ཚུགས་ནས་ཕན་ཐོགས་གང་འཚམས་བྱུང་ཡོད་ལ། ད་དུང་དེ་དག་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག

དེས་ན་ལེགས་བཤད་གླིང་ཞེས་པའི་དོན་ནི་གཞུང་དེ་དག་ལ་སློབ་སྦྱོང་བྱས་ནས་གཞུང་དོན་ཤེས་པ་ཞིག་བྱེད་དགོས་པ་ཡིན། ང་ཚོའི་གཞུང་ཆེན་སློབ་སྦྱོང་བྱ་རྒྱུ་དེ་དག་བོད་ཡིག་གི་ཐོག་ཏུ་ཡོད་ལ། བོད་ཡིག་ནི་བོད་མི་རིགས་ཀྱི་ཆ་ནས་བཤད་ན། ང་ཚོས་རྒྱ་གར་ལ་རེ་དགོས་མེད་ལ། རྒྱ་ནག་ལའང་རེ་དགོས་མེད། དེ་མིན་སུ་གཅིག་ལའང་རེ་དགོས་མེད་པར་བོད་མི་རིགས་ལ་འབུར་དོད་ཀྱི་ཡི་གེ་ཞིག་ཡོད། དེང་སྐབས་འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང༌། ལྷག་པར་དཔལ་ནཱ་ལེདྲནའི་ཆོས་བརྒྱུད་ཆ་ཚང་བ་ཞིག་འགྲེལ་བཤད་བྱ་དགོས་བྱུང་ན་བོད་ཡིག་ལས་ལྷག་པ་ཞིག་རྩ་བ་ནས་མེད། དེ་ནི་ཐག་ཆོད་པའི་གནས་ཚུལ་ཞིག་ཡིན། བཀའ་འགྱུར་བོད་ཡིག་ལས་རྒྱ་ཡིག་གི་ནང་དུ་མང་བ་མེད་ཀྱང་ཉུང་བ་མེད། འོན་ཀྱང་བསྟན་འགྱུར་བོད་ཡིག་གི་ནང་དུ་གང་འཚམས་ཀྱི་མང་བ་ཡོད། ངོས་ནས་མངོན་གསལ་དོད་པོར་ཤེས་པ་ཞིག་ནི། དབུ་མ་ཚིག་གསལ་རྒྱ་ཡིག་ཏུ་བསྒྱུར་མི་འདུག་ལ། ཡོངས་གྲགས་སྤྱོད་འཇུག་ལ་ཆ་བཞག་ཀྱང་རྒྱ་ཡིག་ཏུ་བསྒྱུར་མེད། དེ་དག་ལས་གལ་འགངས་ཆེ་ཤོས་ཤིག་ནི་དབུ་མ་ཚིག་གསལ་ཡིན་ཞིང༌། ཚིག་གསལ་རྒྱ་ཡིག་ཏུ་བསྒྱུར་མེད་སྟབས་རྒྱ་མི་དང༌། ཉི་ཧོང༌། ཀོ་རི་ཡ་སོགས་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་གཅིག་པ་ཡིན་ཀྱང༌། དབུ་མ་ཐལ་རང་གཉིས་ཀྱི་ཁྱད་པར་རྩ་བ་ནས་ཤེས་ཀྱི་མེད། དེ་ནི་ཚིག་གསལ་གྱི་གཞུང་མ་ཤེས་པས་ཁྱད་པར་དེ་དག་མ་ཤེས་པ་ཆགས་པ་ཡིན། རྩ་བའི་ཚིག་གསལ་སོགས་ཀྱི་གཞུང་དེ་ཉིད་མེད་སྟབས་སློབ་ཁྲིད་བྱ་རྒྱུ་མེད་པར་འགྱུར་བ་ཡིན། མདོར་ན་དབུ་སེམས་གཉིས་ཀྱི་ཁྱད་པར་ཤེས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། དབུ་མའི་ནང་ནས་ཀྱང་ཐལ་རང་གི་ཁྱད་པར་ཤེས་མཁན་མེད། དེ་དག་ཤེས་མཁན་བོད་པ་གཅིག་པུ་ཡིན།

དེས་ན་བོད་ཡིག་ནི་དངོས་གནས་མི་རིགས་ཀྱི་ཆ་ནས་བཤད་ཀྱང་ཧ་ཅང་རླབས་ཆེན་ཞིག་རེད། བོད་ཡིག་གི་ཐོག་ནས་སྙན་ངག་སོགས་ཤེས་ན་ལྷ་རབ་ཡིན་ཞིང༌། གཙོ་བོ་བོད་ཡིག་གི་སུམ་རྟགས་སོགས་ལ་སློབ་གཉེར་ཤུགས་ཏོག་ཙམ་བརྒྱབ་དགོས་པ་རེད་འདུག དེ་ལྟར་བོད་ཡིག་ཡག་པོ་ཞིག་ཤེས་པའི་ཐོག་གཞུང་ཆེན་གྱི་སློབ་གཉེར་ཡག་པོ་ཞིག་ཡོད་ན། གྲྭ་ཚང་རང་དུ་མི་ཚེ་མཐའ་འཁྱོངས་པ་ཞིག་བྱས་ཏེ༑ སློབ་སྦྱོང་གྲྭ་ཚང་དུ་བྱས་ནས་བསྡད་པ་ཡིན་སྟབས། སློབ་སྦྱོང་བྱས་པའི་འབྲས་བུ་སྨིན་ས་དེ་ཡང་གྲྭ་ཚང་དུ་སྨིན་པ་ཞིག་བྱེད་དགོས། ས་བོན་བཏབ་ས་དེར་འབྲས་བུ་སྨིན་པ་ཞིག་དགོས་ཞེས་ངོས་ནས་རྟག་ཏུ་གྲྭ་ཚང་གི་སློབ་གཉེར་ཐོན་མཁན་རྣམས་ལ་ཤོད་ཀྱི་ཡོད། དེས་ན་རབ་ལ་ཚེ་སྟོད་གྲྭ་ཚང་དུ་བསྡད་ནས་སློབ་གཉེར་བྱས་པའི་འབྲས་བུར་མི་ཚེ་ཡོངས་རྫོགས་གྲྭ་ཚང་དུ་བསྡད་ནས་བསྟན་སྲིད་སྤྱིའི་ཞབས་འདེགས་སྒྲུབ་རྒྱུ་དང༌། ྋརྒྱལ་བ་རིན་པོ་ཆེའི་ཞབས་འདེགས་སྒྲུབ་རྒྱུ་སོགས་གང་ལྟར་རང་ཉིད་ཀྱི་མི་ཚེ་མཐའ་འཁྱོངས་པ་ཞིག་བྱེད་བསམ་པའི་ཐོག་ནས་བསྡད་ཐུབ་པ་ཞིག་བྱུང་ན་ལྷ་རབ་རེད། གལ་ཏེ་དེ་ལྟར་མ་བྱུང་བར་ཕྱོགས་དང་མཚམས་སུ་འགྲོ་མཁན་ཞིག་ཡིན་ཡང་བོད་ཡིག་ཡག་པོ་ཞིག་ཤེས་པ་དང༌། མདོ་སྔགས་གཉིས་ཀའི་གཞུང་གི་གནད་འགག་ཡག་པོ་ཤེས་པ་ཞིག་བྱུང་ན། ཕྱོགས་མཚམས་གང་དུ་ཕྱིན་ཀྱང་དེས་ཕན་ཐོགས་གང་འཚམས་ཤིག་བྱེད་ཐུབ་པ་ཡོང་བ་ཡིན། ཐ་ན་བསླབ་སྐྱོན་བྱུང་སྟེ་ཁྱིམ་སོ་བཟུང་བ་ཞིག་ཡིན་ནའང༌། སློབ་སྦྱོང་བྱས་པ་དེ་དག་གི་ཐོག་ནས་གང་འཚམས་ཀྱིས་ཕན་ཐོགས་བྱེད་ཐུབ་ཀྱི་རེད། དེས་ན་གཞུང་ཆེན་མཚན་ཉིད་ཀྱི་སློབ་གཉེར་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག་ལ། དེ་མཚུངས་བོད་ཡིག་གི་སློབ་གཉེར་ལ་ཡང་ཡིད་གཟབ་བྱས་ནས་ཏོག་ཙམ་ཤུགས་བརྒྱབ་དགོས་པ་ཡིན། དེ་གཉིས་གལ་ཆེན་པོ་མིན་ནམ་བསམ་པ་དྲན་བྱུང༌།

དེ་ལྟར་ཡིན་སྟབས་ཕྱོགས་གཅིག་ནས་སྔགས་ཆོག་བློ་འཛིན་བྱ་རྒྱུ་ཧ་ཅང་མང་པོ་ཞིག་ཡོད་པ་རྣམས་སྔར་ནས་རྒྱས་བསྡུས་ཕྲན་བུ་བྱས་པ་རེད། ད་དུང་ཡང་མདོ་སྔགས་ཀྱི་གཞུང་དང༌། སུམ་རྟགས་དག་ཡིག་སོགས་བོད་ཡིག་སློབ་སྦྱོང་བྱ་རྒྱུ་དེ་དག་གལ་ཆེན་པོ་ཞིག་དང༌། ཛ་དྲག་གི་གནས་སྟངས་ཆགས་ཡོང་གི་ཡོད་སྟབས། དཔེ་ཆ་བློ་འཛིན་བྱ་རྒྱུ་མང་དྲགས་པ་དེས་གཞུང་ཆེན་དང་བོད་ཡིག་སློབ་སྦྱོང་བྱེད་པ་ལ་འཐུས་ཤོར་གྱི་རྐྱེན་དུ་འགྲོ་གི་ཡོད་ན། དེ་གཉིས་གང་ཞིག་གདམ་ག་བྱེད་དགོས་སམ་ཞེ་ན། དཔེ་ཆ་བལྟ་རྒྱུ་དེ་གལ་འགངས་ཆེ་བ་ཡོད། དེའི་ཐོག་ལ་ཁྱེད་རང་ཚོས་གོ་བསྡུར་བྱས་ནས་བློ་འཛིན་ཐུབ་ཀྱང་ལྷ་རབ་དང༌། བློ་འཛིན་མ་ཐུབ་ཀྱང་བློ་འཛིན་བྱ་རྒྱུ་གལ་འགངས་ཆེ་བར་བརྩིས་ནས་གཞུང་ཆེན་དང་བོད་ཡིག་སློབ་སྦྱོང་བྱེད་རྒྱུར་འཐུས་ཤོར་འགྲོ་གི་ཡོད་ན། བློ་འཛིན་བྱ་རྒྱུ་དེ་ཉུང་དུ་གཏོང་དགོས་པ་ཡིན།

ལོ་རྒྱུས་ཀྱི་ནང་དུ་དགེ་བཤེས་མཁས་དབང་རྣམས་ཀྱི་ཁྲོད་ངོས་ནས་ངོ་ཤེས་པའི་རྒན་ཉི་མ་ལྟ་བུར་མཚོན་ན། བློ་འཛིན་གནང་རྒྱུ་ཧ་ཅང་སྐྱོ་པོ་རེད་འདུག ཡོངས་འཛིན་རིན་པོ་ཆེས་ལོ་རྒྱུས་ཤིག་གསུངས་པ་ལ། སྔར་ཡོངས་འཛིན་རིན་པོ་ཆེ་ཐོག་མར་འབྲས་སྤུངས་བློ་གསལ་གླིང་དུ་ཕེབས་སྐབས། བློ་གསལ་གླིང་གི་མཁན་པོ་ཉག་རེ་ཏྲེ་ཧོར་བཀྲ་ཤིས་ཞེས་ཧ་ཅང་མཁས་པ་ཞིག་ཡོད་འདུག ཁོང་ཕྱག་དཔེ་ཧ་ཅང་ཡག་པོ་ཡོད་ཀྱང་བློ་འཛིན་རྩ་བ་ནས་གནང་ཐུབ་ཀྱི་མེད། དེར་བརྟེན་རྩི་བཞག་གི་སྐབས་སུ་གཞུང་ཚིག་གཏན་ནས་འགྲོ་གི་མེད། འོན་ཀྱང་སྤྱི་དོན་དང་མཐའ་དཔྱོད་གང་ཞིག་ཡིན་ནང༌། ནང་དོན་ཆ་ཚང་མ་ཆད་པར་ཁ་ཅིག་ཇི་ཙམ་ཡོད་པ་ཡན་ཆད་ཐུགས་སུ་ངེས་ཤིང་ནང་དོན་གཏན་ནས་མ་ནོར་བ་ཞིག་གི་རྩི་བཞག་གསུང་གི་ཡོད། བློ་འཛིན་བྱས་ཟིན་པ་ཞིག་གིས་ཉན་ན་ཚིག་ཏག་ཏག་མི་འགྲོ་མཁན་ཞིག་ཡོད་ལུགས་གསུངས་མྱོང་ཡོད།

དེས་ན་དོན་དག་ཤེས་པ་བྱ་རྒྱུ་གལ་ཆེ་བ་ལས་བློ་འཛིན་དེ་ཙམ་གལ་མི་ཆེ་ཞིང༌། བློ་འཛིན་ཐུབ་ན་ཡག་པོ་དང་མ་ཐུབ་ཀྱང་སྐྱོན་ཆེ་བ་མེད། གུང་ཐང་བསྟན་པའི་སྒྲོན་མེས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང༌། །ཞེས་གསུངས་པ་ལྟར་བློ་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན་ན་ཡང༌། གཞུང་ཆེན་མཚན་ཉིད་དང༌། བོད་ཡིག་སུམ་རྟགས་དག་གསུམ་ལ་སློབ་སྦྱོང་བྱ་རྒྱུ་དེ་དག་དང་བསྡུར་སྐབས། བློ་འཛིན་བྱ་རྒྱུ་དེ་ལའང་གལ་ཆེ་གལ་ཆུང་ལྟ་དགོས་ཤིང༌། སྔར་ངོས་ནས་གྲུབ་མཐའ་ཆེན་མོའི་རྩ་བ་བློ་འཛིན་བྱ་དགོས་ཞེས་ཐེངས་གཅིག་བརྗོད་པ་ལྟར་ཁྱེད་རང་ཚོས་བློ་འཛིན་བྱས་ཡོད། གྲུབ་མཐའ་རྩ་བ་དེ་བྱིན་རླབས་ཆེན་པོ་རེད་ལ། རྩ་བ་བློ་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག གཙོ་བོ་གོང་དུ་བརྗོད་པ་ལྟར་དོན་དག་བློ་ལ་ངེས་པ་ཞིག་དགོས་པ་ཡིན།

བསྐང་གསོར་མཚོན་ན། ཐོག་མར་བསྐང་རྫས་བྱིན་རླབས་ནས་བཟུང་སྟེ་བསམ་བློ་ཅུང་ཟད་རེ་བཏང་བའི་ཐོག་ནས་བསྐང་གསོ་བཏོན་ན་ནུས་པ་ཆེ་བ་ཡོད། ཚིག་འཁོན་ཐོགས་མེད་པར་འགྲོ་གི་ཡོད་ཀྱང་དོན་དག་ལ་བསམ་བློ་གཏོང་རྒྱུ་མེད་ན་སྙིང་པོ་གང་ཡང་མེད། བསྐང་རྫས་རེ་རེ་ནས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བཀུག དབང་བསྐུར་རྒྱས་བཏབ་བྱས་ནས་བཤགས་པ་དང༌། བསྐང་བ། འཕྲིན་ལས་བཅོལ་བ་སོགས་རིམ་པར་ལྟར་འགྲོ་དགོས། དེས་ན་ཐོག་མར་དམ་ཚིག་པ་བསྐྱེད་པ་ལ་ཨོཾ་སྭ་བྷཱ་ཝ་ཤདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ། ཞེས་པའི་སྐབས་ནས་སྟོང་ཉིད་ཀྱི་ལྟ་བ་དང༌། སྣང་སྟོང་སྒྱུ་མ་ལྟ་བུའི་གོ་བ་ཞིག་ཤར་བའི་ཐོག་ནས་བསམ་བློ་བཏང་ན་ཕན་ཐོགས་ཡོང་བ་ལས། དེ་མིན་ཕན་ཐོགས་ཡོང་རྒྱུ་ཁག་པོ་ཡིན།

གཞན་ཡང་འཇིག་རྟེན་པའི་ལྷ་འདྲེ་སོགས་ལ་ནི། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་བརྗོད་ན་ཕན་གྱི་ཡོད་ན་ལས། འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་ནི་དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་དྲངས་ཞེས་བརྗོད་སྐབས། བདེ་སྟོང་གཉིས་སུ་མེད་པའི་རྣམ་རོལ་ལས། །ཞེས་གསུངས་པ་ལྟར་བདེ་སྟོང་གཉིས་སུ་མེད་པའི་རྣམ་རོལ་བློ་ལ་ཤར་བ་ཞིག་བསམ་བློ་གཏོང་དགོས་པ་ལས་དེ་མིན་གྱིས་ཡོང་ཐབས་མེད། དེ་ལྟར་བསམ་བློ་འཁོར་བའི་ཐོག་ནས་ཆོ་ག་དཔེ་ཐོག་ནས་བཏང་ཡང་སྐྱོན་ཆེ་བ་ཨེ་ཡོད་སྙམ།

དེ་བཞིན་གསང་བདེ་འཇིགས་གསུམ་དུས་འཁོར་དང་བཅས་པའི་བདག་བསྐྱེད་བློ་ཐོག་ཏུ་ཡོད་ན། བསྙེན་པ་གཏོང་སྐབས་ཕན་ཐོགས་ཆེན་པོ་ཡོད་ལ། རྒྱུན་དུ་ཁ་འདོན་ཆག་མེད་བྱེད་མཁན་ཞིག་ཡིན་ན་དེས་ཕན་ཐོགས་ཆེན་པོ་ཡོང་བ་ཡིན།  དེར་བརྟེན་བདག་བསྐྱེད་བློ་འཛིན་བྱེད་དགོས། བདེ་གསང་འཇིགས་གསུམ་དང་དུས་འཁོར་སོགས་ལ་མཆོད་ཕྲེང་དང༌། བདག་འཇུག་སོགས་དུས་དུས་སུ་མ་གཏོགས་དགོས་ཀྱི་མེད་སྟབས། དེ་དག་གི་སྐབས་སུ་དཔེ་ཐོག་ནས་བཏང་ན་སྐྱོན་ཆེ་བ་ཨེ་ཡོད་བསམ་པ་དྲན་བྱུང༌། འོན་ཀྱང་ཁྱེད་རང་ཚོ་ཕན་ཚུན་གོ་བསྡུར་བྱས་ཏེ་སློབ་གཉེར་བྱ་རྒྱུའི་ཐོག་ལ་འཐུས་ཤོར་ཕྱིན་ན་ནམ་ཡང་འགྲིགས་ཐབས་མེད་པ་ཞིག་རེད། སློབ་གཉེར་བྱ་རྒྱུ་གཙོ་བོར་བརྩིས་ནས་དེ་ཡག་པོ་ཞིག་ཡོང་སླད་བློ་འཛིན་བྱ་རྒྱུ་ཉུང་དུ་གཏོང་དགོས་པའི་རིགས་འདུག་ན་ཉུང་དུ་གཏོང་རྐྱང་བྱེད་དགོས། ཉུང་དུ་གཏོང་སྟངས་གོང་དུ་བརྗོད་པ་ལྟར་བསྐང་གསོ་ལྟ་བུ་ནི་གནད་འགག་ཆེ་བ་གང་ཡང་མེད། བདེ་གསང་འཇིགས་གསུམ་གྱི་བདག་བསྐྱེད་བློ་འཛིན་བྱས་ཐོག་གཞན་རྣམས་དཔེ་ཐོག་ནས་བཏང་ན་སྐྱོན་ཆེ་བ་རང་ཨེ་ཡོད་བསམ་བྱུང༌། བདག་བསྐྱེད་བློ་ཐོག་ཏུ་ཡོད་ན་རྒྱུན་དུ་ཁ་འདོན་བྱེད་རྒྱུ་སོགས་ལ་ཕན་ཁྱད་ཆེན་པོ་ཡོང་གི་རེད། ངོས་ནས་དེ་ལྟར་དྲན་བྱུང་བས་དེའི་ཐོག་ལ་ཁྱེད་རང་ཚོས་བསམ་བློ་གཏོང་དགོས།

གཞན་ཡང་ད་ཆ་མཁན་པོ་གསར་པ་ཕེབས་ཡོད་ལ། མཁན་རིན་པོ་ཆེ་ཕྱི་རྒྱལ་དུ་ལོ་ཡུན་གང་མཚམས་བསྡད་ནས་རྒྱུས་ཡོད་དང་ཉམས་མྱོང་གང་མཚམས་ཡོད་པ་དང༌། དེ་བཞིན་བོད་ནང་གི་གནས་ཚུལ་ཡང་རིན་པོ་ཆེར་རྒྱུས་མངའ་ཡག་པོ་ཡོད། དེར་བརྟེན་བོད་ཕྱི་ནང་དང༌། འཛམ་གླིང་སྤྱིའི་གནས་སྟངས་སོགས་ཚང་མའི་ཐོག་ནས་འདི་གར་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་ཞེས་ལོ་རྒྱུས་ཅན་གྱི་གྲྭ་ཚང་ཞིག་དང༌། ལྷག་པར་ྋརྒྱལ་དབང་ན་རིམ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་གྲྭ་ཚང་འདི་ཉིད་ཀྱི་ཕྱིན་ཆད་ཆོས་སྲིད་གང་གི་ཐོག་ནས་ཞབས་འདེགས་བསྒྲུབ་རྒྱུར་འདི་དང་འདི་ལྟ་བུ་བྱས་ན་ཡག་པོ་ཡོང་བ་འདུག་བསམ་པ་དེ་འདྲ་ཁྱེད་རང་ཚོས་བསམ་བློ་བཏང༌། རིན་པོ་ཆེའི་ངོས་ནས་ཀྱང་བསམ་འཆར་ལྟ་བུ་ཡོང་མདོག་ཁ་པོ་རེད། ཁྱེད་རང་ཚོ་ཕན་ཚུན་གོ་བསྡུར་བྱས། རྡོ་དོན་ཡང་སྙིང་ལོ་རྒྱུས་དང་ལྡན་པ༑ ྋརྒྱལ་དབང་རང་ཉིད་ཀྱི་སྐུ་བཅར་གྲྭ་ཚང་ཞིག་ཡོད་པ་འདི་ཉིད་ཆོས་སྲིད་གང་གི་ཐོག་ནས་ཀྱང་དངོས་གནས་ཞབས་འདེགས་ངོ་སོ་ཐོན་པ་བསྒྲུབ་ཐུབ་པ་ཞིག་ཡོང་བ་ལ་ཁྱེད་རང་ཚོས་བསམ་བློ་གཏོང་དགོས་པ་ཡིན། དེ་ལྟར་དགོངས་པར་བཅངས། ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ཧ་ཅང་ཡག་པོ་རེད།

ཁྱེད་རང་ཚོ་རྒན་གྲས་ཁ་ཤས་དང་ང་ཚོ་ཐོག་མར་ཌལ་ཧོར་དུ་ཡོད་པའི་སྐབས་ཧ་ཅང་སྐྱོ་པོ་རེད། གར་དཔོན་ལགས་དང༌། ངག་དབང་བཀྲ་ཤིས། ཐུབ་བསྟན་ཆོས་འཕེལ་ཁྱེད་རང་ཚོ་སྐབས་དེར་ཌལ་ཧོར་དུ་ཡོད་པ་རེད། ཁྱེད་རང་ཚོ་ཧ་ཅང་སྐྱོ་པོ་རེད། སློབ་ཟུར་ཐུབ་བསྟན་མཆོག་ལྡན་ལགས་ང་ཚོ་རྒྱ་གར་དུ་གྲྭ་ཚང་ཧྲ་ཏག་ཏག་ཆག་ཚར་བའི་རྗེས་སུ་གཞི་ནས་སྐུ་མགྲོན་དུ་ཡོང་བ་རེད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་དང་དྲུག་ཅུའི་ནང་ང་ཚོ་ཧ་ཅང་སྐྱོ་པོ་ཡིན་དུས་ཁྱེད་རང་འདི་ཕྱོགས་སུ་མེད་པ་རེད། ཁྱེད་རང་ཡང་རྒྱའི་བཙོན་ཁང་ནང་དེ་ལས་སྐྱོ་བའི་གནས་སྟངས་ཀྱི་འོག་ཏུ་སྡོད་དགོས་བྱུང་བ་དང༌། རྒྱའི་བཙོན་ཁང་དུ་བསྡད་པའི་ཐུགས་རྗེ་བཀའ་དྲིན་གྱིས་སྟོད་སྒུར་བ་ཆགས་ཡོད། ངོས་ནས་རྟག་ཏུ་རྩེད་མོ་རྩེད་ནས་ཁབ་རྙེད་བྱུང་ངམ་ཞེས་བརྙས་བསྐོ་གི་ཡོད། ཁབ་འཚོལ་བར་འགྲོ་གི་ཡོད་པ་ལྟར་སྒུར་སྒུར་བྱས་ནས་འགྲོ་གི་ཡོད། གུང་ཐང་རིན་པོ་ཆེས། རྒྱ་ཁབ་བོར་ནས་འཚོལ་བ་མིན། །ཞེས་གསུངས་པ་ལྟར་རེད། དེ་ལྟར་ང་ཚོ་ཐོག་མར་ཧ་ཅང་སྐྱོ་པོ་རེད། འོན་ཀྱང་ཚང་མས་སེམས་ཤུགས་བསྐྱེད་ནས་ཧུར་ཐག་འབད་ཐག་བྱས་པ་རེད། དེའི་འབྲས་བུར་སྤྱི་ཡོངས་ཀྱི་ཆ་ནས་རྩ་བ་ཚུགས་པ་དང༌། ཡར་རྒྱས་ཧ་ཅང་ཡག་པོ་ཕྱིན་ཡོད། ཡར་རྒྱས་ལ་མཐའ་མེད་སྟབས་ད་དུང་ཡང་སེམས་ཤུགས་བསྐྱེད་དགོས་པ་ཡིན། ལྷག་པར་ཆོས་ཕྱོགས་ལ་སློབ་སྦྱོང་བྱ་རྒྱུ་དང༌། སློབ་གཉེར་གཞིར་བཟུང་གིས་རྒྱུད་ཐོག་ཏུ་སྦྱར་ནས་ཉམས་ལེན་བྱ་རྒྱུར་མཐའ་མེད། དེར་བརྟེན་ཚང་མས་གང་ཐུབ་ཀྱིས་བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་ཞིག་བྱེད་དགོས། དེ་ཁྱེད་རང་ཚོ་ཚང་མས་སེམས་ལ་བཞག་ནས་ཧུར་ཐག་བྱེད་རོགས། དེ་ག་ཡིན། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སྩལ་ཏོ།།    །།


ཡིག་འབེབ་ཞུ་བ་པོ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།

 

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་

ཤེས་ཡོན་ལྷན་ཚོགས་ནས་དཔར་འགྲེམས་ཞུས།

 

 

རྗེས་བརྩེའི་ལམ་སྟོན་བཀའ་སློབ།

 

 

སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་

ཚང་གི་ཤེས་ཡོན་ལྷན་ཚོགས་ནས་དཔར་བསྐྲུན་དང་

འགྲེམས་སྤེལ་ཞུས་པ་དགེ་ལེགས་སུ་གྱུར་ཅིག

 

 

བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠ ལོར་

པར་ཐེངས་དང་པོར་དེབ་གྲངས་ ༡༠༠༠ དཔར།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དེབ་དེ་ཉོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།