ྋགོང་ས་མཆོག་གིས་སུད་སི་རུ་སྩལ་བའི་བཀའ་སློབ།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༨པའི་ཚེས་༡༡ཉིན་སྤེལ། ༄༅། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༤ ཉིན་སུད་སིའི་གྲོང་ཁྱེར་ལའོ་སང་གི་པ་ར་ལི་ཚོགས་ཁང་དུ་ྋགོང་ས་མཆོག་གིས་དབུས་སྟོན་འཁོར་རྣམས་ཆིབས་སྒྱུར་སྐྱོང་སྐབས་མགྲོན་བདག་ནམ་མཁའ་རིན་པོ་ཆེ་མཆོག་གིས་སྤོས་སྣེས་སྔོན་བསུས་དང་དགེ་འདུན་རྣམས་ནས་དུང་རྒྱ་སྤོས་སྣེ།

དེ་བཞིན་སུད་སི་བོད་རིགས་ཟློས་གར་ཚོགས་པས་བཀྲིས་ཞོལ་པ་འཁྲབ་སྟེ་ཕེབས་བསུ་གཟབ་རྒྱས་ཀྱིས་གདན་ཞུས་དང་སྦྲགས་བཞུགས་ཁྲིར་འཁོད་མཚམས་ནམ་མཁའ་རིན་པོ་ཆེ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ྋགོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་དབུ་འཛུགས་ཀྱིས་ཐོག་མར་འཛམ་གླིང་ཤར་ནུབ་ནས་སླེབས་པའི་ཆོས་ཞུ་བ་མི་གྲངས་ ༧༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། ནང་ཆོས་ངོ་སྤྲོད་བྱེད་རྒྱུར་སྔོན་ལ་འཛམ་བུ་གླིང་འདིའི་སྟེང་གི་ཆོས་བརྒྱུད་གཙོ་ཆེ་བ་མི་འདྲ་བ་དེ་ཚོའི་ཁྱད་པར་ཤེས་པ་ཡིན་ན་ཕན་ཐོགས་ཡོད་པ་ཞིག་མཐོང་གི་འདུག

དེར་བརྟེན་འཛམ་བུ་གླིང་འདིའི་སྟེང་ཆོས་བརྒྱུད་གཙོ་ཆེ་བ་དེ་དག་གི་ཁྱད་པར་བསྡོམས་བརྒྱབ་ནས་བཤད་པ་ཡིན་ན། དྲི་བ་གསུམ་ཞིག་ཡོད། དྲི་བ་དང་པོ་དེར་བདག་གམ་ང་འམ་གང་ཟག་ཟེར་བ་དེ་གང་རེད་དམ། ཞེས་པ་དང༌། དྲི་བ་གཉིས་པ་ནི་དེ་ལྟ་བུའི་གང་ཟག་གམ་སྐྱེ་བུ་དེ་ལ་ཐོག་མ་ཡོད་དམ་མེད། ཅེས་པ་ དྲི་བ་གསུམ་པ་དེར་དེ་ལྟ་བུའི་གང་ཟག་གམ་སྐྱེ་བུ་དེར་མཐའ་མ་ཡོད་དམ་མེད། དང་པོ་ནི་བདག་ཅེས་པ་དེ་གང་རེད་དམ་ཟེར་ན། སངས་རྒྱས་པའི་ཆོས་ཀྱི་བདག་ཟེར་རྒྱུ་དེ་ལ་ཞིབ་ཕྲ་མང་པོ་ཞིག་དབྱེ་བ་ཕྱེ་སྟེ། སྤྱིར་བདག་གཏན་ནས་མེད་ཟེར་ཡོད་པ་མ་རེད། ད་ལྟ་དྲི་བ་འདོན་རྒྱུའི་བདག་ཟེར་བ་དེ་གང་རེད་དམ་ཟེར་དུས། བདག་འདི་མེད་གསུངས་ཀྱི་ཡོད་པ་མ་རེད། ཡིན་ནའང་བདག་ཟེར་བ་དེ་བཅོམ་ལྡན་འདས་ཀྱིས་མདོའི་ནང། བདག་ཅེས་བྱ་བ་བསྡུས་ཀྱི་སེམས། དེ་ནི་ལྟ་བར་སྒྱུར་བ་ཡིན། འདུ་བྱེད་ཕུང་པོ་འདི་སྟོང་སྟེ། དེ་ལ་བདག་ནི་ཡོད་མ་ཡིན། ཞེས་བྱས་ནས། བདག་ཡོད་ཀྱང་ང་རང་ཚོའི་བློ་ལ་ཐོག་མ་མེད་པ་ནས་བདག་ཟེར་བ་དེ་བློ་ལ་ཤར་ཡོང་སྐབས། དེ་ལུས་སེམས་གཉིས་ལ་དབང་བསྒྱུར་མཁན་གྱི་རྗེ་བོ་ལྟ་བུ་རང་བཙན་པ་དང་རང་སྐྱ་བ་ཞིག་བློ་ལ་ཤར་བསྡད་ཀྱི་ཡོད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་བ་དང༌། དེ་བཞིན་ནུབ་ཕྱོགས་ཡུལ་གྲུ་དེ་དག་གཙོ་བོ་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་དར་ཁྱབ་དང་དད་མོས་བྱེད་སའི་ལུང་པ་ཡིན་དུས། ལུང་པ་དེ་དག་གི་ནང་ནང་པའི་ཆོས་པ་ཚོས། ཆོས་ལུགས་གཞན་ཚོར་གུས་བརྩི་བྱེད་དགོས་པའི་ལམ་སྟོན་གནང་བ་དང་ཆབས་ཅིག སྐྱེས་པའི་སྐབས་དང་གཞོན་པའི་སྐབས་དར་མའི་སྐབས་ང་ཚོ་རྒས་པའི་སྐབས་ཀྱི་སེམས་འགྲོ་སྟངས་དང༌། དེ་བཞིན་བདག་འདོད་པ་དང་བདག་མི་འདོད་པའི་ཆོས་ལུགས་བར་གྱི་དབྱེ་བ་མི་འདྲ་བ་ངོ་སྤྲོད་མཛད་ཡོད། དེ་ཡང་ཐེངས་འདིའི་མགྲོན་བདག་མཆོག་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་སུ་སིར་གནམ་གྲུ་ཁག་གསུམ་ཡོད་པའི་ནང་ནས་མཐའ་མ་དེར་གདན་ཞུས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུ་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོས་མཇུག་སྡོམ་གནང་བ་བཅས་སོ།། བོད་གཞུང་དྲ་གནས་སུ་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།