༧གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཆར་ཁག་ཕྱིར་འཐེན་གནང་ཡོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྨན་པས་བདུན་ཕྲག་ཁ་ཤས་སྐུ་ངལ་གསོས་དགོས་པའི་ཞབས་སྐུལ་ཞུས་པ་བཞིན། ༧གོང་ས་མཆོག་གི་ཕྱི་ཟླ་བཅུ་པའི་ནང་གི་ཨ་རིའི་མཛད་འཆར་ཁག་ཕྱིར་འཐེན་གནང་ཡོད་འདུག རྩ་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་ལ་སྙུང་གཞིའི་རིགས་གང་ཡང་མེད་ཀྱང་ འཆར་ཅན་སྐུའི་འཕྲོད་བསྟེན་བརྟག་དཔྱད་ཆེད་ཨ་རིའི་མན་ནི་སོ་ཌའི་མེ་ཡོའོ་སྨན་ཁང་དུ་ཕེབས་ཡོད་པ་དང་། སྨན་པས་ཞབས་སྐུལ་ཞུས་པ་བཞིན་སྐུ་ངལ་གསོས་ཆེད་ཟླ་བ་རྗེས་མའི་ཨ་རིའི་ནང་གི་མཛད་འཆར་ཁག་ཕྱིར་འཐེན་གནང་བ་ཞིག་ཡིན་འདུག ཁ་ས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་ཤིག་གནང་བའི་ནང་། ༧གོང་ས་མཆོག་གི་ཨ་རིའི་ནང་གི་ཕྱི་ཟླ་བཅུ་པའི་མཛད་འཆར་ཁག་ཕྱིར་འཐེན་གནང་དགོས་ཆགས་ཡོད་པ་དང་། དེས་རྐྱེན་པས་མཛད་འཆར་གོ་སྒྲིག་ཞུ་མཁན་དང་། མི་མང་མང་པོ་ཞིག་ལ་སྟབས་མི་བདེ་བ་བྱུང་ཡོད་པ་དེར་བློ་ཕམ་ཡོད་ཅེས་གསུངས་བཞག ཡང་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་པི་གསར་འགྱུར་ལས་ཁང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་བརྟག་དཔྱད་ལེགས་པར་གྲུབ་སྟེ་སྐུ་ཁམས་གསལ་ཐང་ཡིན་པ་ནན་བརྗོད་གནང་ཡོད་འདུག

འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "༧གོང་ས་མཆོག་གིས་གསུངས་འཕྲིན་ཞིག་གནང་འདུག"བརྗོད་གཞི་གཞན་ཁག་ལ་གཟིགས།