དགོངས་ཚུལ།

༢༠༡༡ལོར་ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་གསུང་འཕྲིན།

༄༅། ། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོར་འབོད་པའི་གཏམ།
གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བཟློ་བ། དེ་ཡང་གངས་ལྗོངས་ཆོས་ཀྱི་ཞིང་སར་སྔོན་བྱོན་རྒྱལ་བློན་པཎ་གྲུབ་རྣམས་ཀྱི་བཀའ་དྲིན་ལས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཡོངས་སུ་རྫོགས་པའི་ྋརྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང༌། དེ་འབྲེལ་གྱི་རིག་པའི་གནས་མཐའ་དག་དར་ཁྱབ་གཏིང་ཟབ་བྱུང་སྟེ་འཇིག་རྟེན་སྤྱི་དང༌།

 ཁྱད་པར་ཤར་གླིང་འདིར་ནང་བསྟན་གཙོ་བོར་གྱུར་པའི་རིག་པའི་གནས་ཡོངས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཏེ་རྒྱ་བོད་ཧོར་གསུམ་གྱིས་མཚོན་པའི་གྲངས་ལས་འདས་པའི་སྐྱེ་འགྲོ་མང་པོའི་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ལག་རྗེས་རླབས་ཆེན་དོན་སྙིང་ལྡན་པ་བྱུང༌། དེ་ལྟའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱུང་རབས་ཀྱི་འཕེལ་རིམ་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོའི་ཡང་སྲིད་ངོས་འཛིན་བྱེད་པའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་དར་བ་དེས་བསྟན་འགྲོ་སྤྱི་དང༌། དགེ་འདུན་འདུས་སྡེ་སོགས་ལ་ཕན་རླབས་ཚད་མེད་བྱུང་ཡོད། ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་དུ་ངེས་རྙེད་ངོས་འཛིན་བྱུང་སྟེ་དགའ་ལྡན་ཕོ་བྲང་གི་བླ་བྲང་ཚུགས་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྤྲུལ་ངོས་འཛིན་ཞུ་རྒྱུའི་སྲོལ་ཚུགས་ཏེ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མའི་མཚན་གནས་དང༌། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་བ་སོགས་ད་ལྟའི་བར་ལོ་གྲངས་དྲུག་བརྒྱ་བརྒལ་བའི་རིང་རྒྱལ་དབང་སྐུ་ཕྲེང་ན་རིམ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ལམ་ནས་བྱུང་ཡོད།

ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ཏེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་མི་ལོ་༣༦༩ཙམ་སོང་བ་དེ་ངོས་ནས་འཛམ་གླིང་ཀུན་ལ་དར་ཁྱབ་འགྲོ་དང་འགྲོ་བཞིན་པའི་མང་གཙོའི་ལམ་ཆེན་ཐོག་དགའ་སྤོབས་ངང་ནས་བསྐྱོད་འདུན་གྱིས་མཇུག་བསྒྲིལ་བྱས་ཟིན་ཞིང༌། འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན། འོན་ཀྱང་གནད་དོན་འདིའི་སྐོར་ད་དུང་ལམ་སྟོན་ཁ་གསལ་ཞིག་མ་བྱུང་ན་དད་ལྡན་མང་ཚོགས་ཀྱིས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་ངོས་འཛིན་བྱེད་རྒྱུའི་མངོན་འདོད་ཤུགས་ཆེ་ཡོང་སྲིད་པའི་ཁར། སྲིད་དབང་འཛིན་མཁན་རྣམས་ཀྱིས་སྲིད་དོན་གྱི་དགོས་མཁོར་བསྟུན་ཏེ་ཡང་སྲིད་ངོས་འཛིན་བྱེད་ཐབས་ལོག་པ་སྤྱད་རྒྱུའི་ཉེན་ཁའང་དངོས་མཐོང་ལ་བརྟེན། རྒྱལ་དབང་སྐུ་ཕྲེང་རྗེས་མའི་སྐོར་དོགས་གཞི་དང་འཁྱོག་བཤད་བྱ་ཡུལ་མེད་པའི་ཚིག་ཐག་ཆོད་པོའི་ལམ་སྟོན་གསལ་པོ་ཞིག་ངོས་རང་ལུས་སེམས་གཉིས་ཀ་ཧ་ཅང་བདེ་ཐང་ཡོད་པའི་སྐབས་འདིར་ངེས་པར་དུ་བྱེད་དགོས་པར་མཐོང་ཞིང༌། ལམ་སྟོན་འདིའི་གནད་དོན་ཆ་ཚང་ཞིབ་གསལ་ཞིག་གོ་རྟོགས་ཐུབ་པའི་ཆ་རྐྱེན་དུ། ཡང་སྲིད་ངོས་འཛིན་གྱི་གནས་ལུགས་དང༌། དེའི་གཞི་རྩའི་ལྟ་གྲུབ་རྣམས་ཚུལ་བཞིན་ཤེས་དགོས་རྒྱུ་མེད་དུ་མི་རུང་བས་དེ་དག་མདོ་ཙམ་བརྗོད་ན། སྐྱེ་བ་སྔ་ཕྱི། ཡང་སྲིད་དམ་སྤྲུལ་སྐུའི་གནས་ལུགས་ཁས་ལེན་པ་ལ་སྐྱེ་བ་སྔ་ཕྱི་ཁས་བླང་བ་ཞིག་ ངེས་པར་དུ་དགོས། སེམས་ལྡན་གྱི་སྲོག་ཆགས་རྣམས་སྐྱེ་བ་སྔ་མ་ནས་འདིར་སྐྱེ་བ་དང༌། ཚེ་འདིའི་ལུས་རྟེན་ཞིག་པའི་རྗེས་སྐྱེ་བ་ཕྱི་མར་འགྲོ་བས་སྐྱེ་བ་སྔ་ཕྱི་རྒྱུན་མི་ཆད་པར་ཡོད་པ་ནི་རྒྱ་གར་དུ་གནའ་དུས་སུ་བྱུང་བའི་ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་རྒྱང་འཕེན་པ་མ་གཏོགས་ཚང་མས་འདོད་ཅིང༌། དེང་རབས་ཀྱི་རྟོག་དཔྱོད་ཅན་ཁག་ཅིག་མ་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྐྱེ་བ་སྔ་ཕྱི་མེད་པར་སྨྲ་ཡང༌། གཟུ་བོའི་བློ་ཅན་གྱི་ཚན་རིག་པ་འགས་མ་མཐོང་བ་ཙམ་ལས་མེད་པའི་ཁ་ཚོན་མི་གཅོད། ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་མང་པོས་སྐྱེ་བ་སྔ་ཕྱི་འདོད་པ་མཚུངས་ཀྱང༌། སྐྱེ་བ་ལེན་པ་པོའི་སྐྱེས་བུ་དང༌། སྐྱེ་བ་ལེན་ཚུལ། སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་ཚུལ་སོགས་ཀྱི་རྣམ་གཞག་མི་མཐུན་པ་མང་ཞིང༌། སྐྱེ་བ་ཕྱི་མ་ལས་སྔ་མ་མེད་པར་འདོད་མཁན་གྱི་ཆོས་ལུགས་ཀྱང་ཡོད།

ནང་པ་སངས་རྒྱས་པ་རྣམས་ཀྱིས་སྤྱི་མཐུན་དུ་སྐྱེ་བ་ཐོག་མ་མེད་པ་དང༌། ལས་ཉོན་སྤངས་ཏེ་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་ན་ལས་ཉོན་དབང་གིས་སླར་མི་སྐྱེ་བས་ལས་ཉོན་གྱི་སྐྱེ་བ་མཐའ་མ་ཡོད་ཀྱང་རིག་པ་རྒྱུན་མི་ཆད་པ་ཕལ་ཆེ་བས་འདོད། སྐྱེ་བ་སྔ་ཕྱི་མེད་པར་འདོད་ན་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀུན་ཤེས་རྒྱུད་དུལ་མ་དུལ་ནས་བཞག་དགོས་པ་དང་འགལ་བར་འགྱུར་ཞིང༌། རིགས་པས་དཔྱད་ནའང་སྣོད་བཅུད་རྣམས་རྒྱུ་མེད་རྐྱེན་མེད་ལས་འབྱུང་བར་ཁས་བླང་ དགོས་པར་འགྱུར་བས། ནང་པ་ཞིག་ཡིན་ཕྱིན་སྐྱེ་བ་སྔ་ཕྱི་ངེས་པར་དུ་ཁས་བླང་དགོས། སྐྱེ་བ་སྔ་མ་དྲན་ལམ་དུ་ཡོད་པ་རྣམས་ལ་སྐྱེ་བ་སྔ་ཕྱི་ལྐོག་གྱུར་མིན་ཡང༌། སོ་སྐྱེ་ཕལ་པ་མང་ཆེ་བ་འཆི་སྲིད་དང༌། བར་སྲིད། སྐྱེ་སྲིད་བཅས་ཀྱི་བརྒྱུད་རིམ་དུ་སྔོན་གྱི་གནས་ཐམས་ཅད་བརྗེད་པ་དེ་དག་ལ་སྐྱེ་བ་སྔ་ཕྱི་དངོས་སྟོབས་ཀྱི་རིགས་པས་བསྒྲུབ་དགོས་པས་ཅུང་ཟད་ལྐོག་གྱུར་ཡིན། བཀའ་བསྟན་རྣམས་སུ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་དུ་མ་ཞིག་གསུངས་ཡོད་པ་རྣམས་ཆེ་ལོང་ཙམ་བསྡུ་ན། རིགས་འདྲ་སྔོན་སོང་དང༌། ཉེར་ལེན་སྔོན་སོང༌། གོམས་པ་སྔོན་སོང༌། མྱོང་བ་སྔོན་སོང་གི་རིགས་པ་བཅས་སུ་འདུ་ཞིང༌། དེ་དག་གི་དགོངས་དོན་མཐར་ཐུག་གསལ་རིག་གི་སེམས་རང་གི་ཉེར་ལེན་གསལ་རིག་ཅིག་མེད་ན་བེམ་ཆོས་གསལ་རིག་གི་ཉེར་ལེན་དུ་མི་རུང་བའི་གནད་དེར་ཐུག་ཡོད། འདི་ནི་ཤིན་ཏུ་གསལ་བའི་དངོས་དོན་ཞིག་སྟེ། རིགས་པའི་ལམ་ནས་བློས་དཔྱད་པའམ། རྫས་སྦྱོར་གྱི་ཚོད་བལྟ་གང་གི་སྒོ་ནས་གསལ་རིག་གི་རྒྱུན་གསར་པ་ཞིག་རྒྱུ་མེད་དམ་མི་མཐུན་པའི་རྒྱུ་ལས་གྲུབ་པ་མེད་པ་དང༌། ཕྲ་བའི་གསལ་རིག་རྒྱུན་ཆད་པའི་རྒྱུ་རྐྱེན་ཡང་མེད་པ་དཔོག་ནུས། དེང་རབས་ཀྱི་སེམས་ཁམས་རིག་པ་བ་དང༌། དངོས་ཁམས་རིག་པ་བ། ཀླད་ཁམས་རིག་པ་བ་སུས་ཀྱང་རྒྱུ་མེད་ལས་སམ། ཡང་ན་བེམ་རྫས་ཀྱིས་གསལ་རིག་སྐྲུན་ཐབས་དངོས་མཐོང་དང་ཚོད་དཔག་གང་ཡང་བྱས་ཐུབ་མེད།

ལྷག་པར་ཚེ་རབས་མང་པོའམ་འདས་མ་ཐག་པའི་སྐྱེ་བ་སྔོན་མ་དྲན་ཏེ་དེའི་གནས་ལུས་ལོངས་སྤྱོད་ཉེ་དུ་སོགས་འཁྲུལ་མེད་ངོས་འཛིན་ཐུབ་མཁན་གནའ་དུས་ཙམ་མ་ཟད། དེང་དུས་ཀྱང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་ཧ་ཅང་མང་པོ་བྱུང་དང་ཡོང་བཞིན་པ་འདི་དག་གི་མྱོང་དྲན་ལ་སྙོན་ཐབས་བྱེད་པ་ནི་གཟུ་བོའི་དཔྱོད་ཚུལ་དྲང་པོ་ཞིག་མ་ཡིན་ པར་མངོན་སུམ་ལ་བསྙོན་པ་ཡིན། བོད་ལུགས་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཡང་སྔོན་གནས་རྗེས་དྲན་གྱི་མྱོང་བ་ལ་ བརྟེན་པའི་དཔྱོད་ཚུལ་ཚད་ཐུབ་ཅིག་ཡིན། སྐྱེ་བ་ལེན་ཚུལ། རྣམ་ཤེས་རྒྱུན་ཆད་མེད་པར་ཚེ་འདིའི་ལུས་རྟེན་དོར་རྗེས་ཕྱི་མའི་ལུས་རྟེན་ལ་ཉིང་མཚམས་སྦྱར་ཏེ་སྐྱེ་བ་བླངས་པ་དེ་ལའང༌། ལས་ཉོན་གྱི་དབང་གིས་སྐྱེ་བ་དང༌། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་གཉིས་ཡོད་ཅིང༌། དང་པོ་ནི་མ་རིག་པའི་དབང་གིས་དགེ་སྡིག་གི་ལས་བསགས་པ་རྣམས་ཀྱི་བག་ཆགས་རྣམ་ཤེས་ཀྱི་སྟེང་དུ་བཞག་པ། འཆི་དུས་སུ་སྲེད་ལེན་སྲིད་པས་གང་གསོས་བཏབ་པ་དེས་སྐྱེ་བ་ཕྱི་མ་འཕངས་ཏེ་བདེ་འགྲོ་དང་ངན་འགྲོ་ཅི་རིགས་པའི་ལུས་སུ་དབང་མེད་ཀྱིས་སྐྱེ་བ་ལེན་པ་རྣམས་ཏེ། སོ་སྐྱེ་རྣམས་ནི་ཟོ་ཆུན་གྱི་འཁྱུད་མོ་ལྟར་རང་དབང་མེད་པར་སྐྱེ་འཆིའི་འཁོར་ལོ་བར་མེད་དུ་འཁོར་བ་ཡིན། དེ་ལྟའི་གནས་སྐབས་སུའང་རྒྱུན་དུ་དགེ་བར་འགྲུས་པ་དང༌། འདུན་པ་དང་གོམས་པའི་དབང་གིས་འཆི་ཁར་དགེ་བའི་ལས་ལ་གསོས་བཏབ་སྟེ། བདེ་འགྲོར་སྐྱེ་བའི་ཐབས་སོ་སྐྱེས་ཀྱང་བསྒྲུབ་ཏུ་ཡོད། འཕགས་ལམ་ཐོབ་པའི་བྱང་སེམས་རྣམས་ལས་ཉོན་གྱི་དབང་གིས་སླར་མི་སྐྱེ་ཡང༌། འགྲོ་བ་ལ་དམིགས་པའི་སྙིང་རྗེའི་དབང་གིས་གཞན་ཕན་སྒྲུབ་པའི་སྨོན་ལམ་ལ་བརྟེན་ནས་ཡུལ་དུས་ཕ་མ་སོགས་རང་དབང་གིས་བདམས་ཏེ་གཞན་དོན་འབའ་ཞིག་གི་ཕྱིར་སྐྱེ་བ་ལེན་པ་དེ་དག་ནི་སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་ཡིན། སྤྲུལ་སྐུའི་མཚན་དོན། བོད་སྲོལ་ངོས་འཛིན་བྱེད་པའི་ཡང་སྲིད་རྣམས་ལ་སྤྲུལ་སྐུ་ཞེས་པའི་ཐ་སྙད་རྒྱུན་འཇགས་སུ་སོང་བ་ནི་དད་ལྡན་རྣམས་ཀྱི་བཀུར་ཚིག་ངག་རྒྱུན་དུ་འཇགས་པར་སྣང༌། སྤྱིར་སྤྲུལ་སྐུ་ཞེས་པ་ཕར་ཕྱིན་ཐེག་པའི་གཞུང་ལས་སངས་རྒྱས་ཀྱི་སྐུའི་རྣམ་གྲངས་གསུམ་མམ་བཞི་བཤད་པའི་སྐབས་ཀྱི་སྐུ་བྱེ་བྲག་པ་ཞིག་གི་དངོས་མིང་ཡིན་པ་དང༌། དེ་ཡང་འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་ཞིག་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་སེམས་སྟེང་གི་དྲི་མ་གློ་བུར་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་ཏེ་དྲི་མ་དང་བྲལ་བའི་སེམས་དེས་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དེ་ལ་ཡེ་ཤེས་ཆོས་སྐུ་དང༌། དེ་འདྲའི་སེམས་ཀྱི་ཆོས་ཉིད་དེར་ངོ་བོ་ཉིད་སྐུར་འབོད་ཅིང༌། དེ་ནི་རང་དོན་མཐར་ཕྱིན་པའི་མཐར་ཐུག་གི་སྐུའམ་ཆོས་ཀྱི་སྐུ་ཡིན།

འོན་ཀྱང་སྐུ་དེ་ནི་སངས་རྒྱས་ནང་ཕན་ཚུན་ཙམ་ལས་གཞན་ལ་སྣང་དུ་མི་རུང་བས་གཞན་དོན་སྒྲུབ་པའི་ཆ་རྐྱེན་དུ་གཞན་ལ་སྣང་རུང་གི་གཟུགས་སྐུ་མེད་དུ་མི་རུང་བས། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་དུ་རུང་ཞིང༌། འོག་མིན་གྱི་གནས་སུ་བཞུགས་པ་སོགས་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེས་སྤྲུལ་པའི་སོ་སྐྱེ་རང་ག་བར་ཡང་སྣང་དུ་རུང་བའི་ལྷ་དང་མི་སོགས་ལུས་རྟེན་ཅི་རིགས་པར་སྤྲུལ་སྒྱུར་མཛད་པ་ལ་སྤྲུལ་སྐུ་སྟེ་སྐུ་འདི་གཉིས་ལ་གཞན་དོན་གཟུགས་སྐུའི་ཐ་སྙད་བྱས། སྤྲུལ་སྐུ་ལའང་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང༌། ཡུལ་དུས་ཁྱད་པར་བར་སྐྱེ་བ་མངོན་པར་སྐྱེ་བ་སོགས་མཛད་པ་བཅུ་སྟོན་མཁན་གྱི་མཆོག་གི་སྤྲུལ་སྐུ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་དང༌། བཟོ་ཡི་གནས་ཀྱིས་འགྲོ་དོན་མཛད་པའི་བཟོ་བོའི་སྤྲུལ་སྐུ། ལྷ་མི་དུད་འགྲོ  ཆུ་དང་ཟམ་པ།  སྨན་དང་ལྗོན་ཤིང་སོགས་ཅི་རིགས་པའི་སྤྲུལ་པས་འགྲོ་དོན་མཛད་པའི་སྐྱེ་བ་སྤྲུལ་ སྐུ་གསུམ་དུ་ཡོད་པ་ལས་བོད་དུ་ཡང་སྲིད་དུ་ངོས་འཛིན་བྱས་པའི་དམ་པ་རྣམས་ལ་སྤྲུལ་སྐུའི་མིང་གིས་བསྙད་པ་ནི་སྐྱེ་བ་སྤྲུལ་སྐུའི་ཁོངས་སུ་འདུ་དགོས་ཤིང༌། སངས་རྒྱས་ཀྱི་སྐྱེ་བ་སྤྲུལ་སྐུ་མཚན་ཉིད་པ་ཡིན་པའི་བླ་སྤྲུལ་མང་པོ་ཡོད་ངེས་ཀྱང༌། ཀུན་ལ་མ་ཁྱབ་པས་བོད་ཀྱི་སྤྲུལ་སྐུའི་ཁྱུ་ཚོགས་ནང་སློབ་པ་འཕགས་པ་དང༌། སོ་སྐྱེ་ཚོགས་སྦྱོར་བ་དང་ལམ་མ་ཞུགས་ཅི་རིགས་ཡོད་པ་སྨོས་མ་དགོས་ཤིང༌། དེ་དག་ལ་འདྲ་འབྲེལ་རྒྱུ་མཚན་གྱིས་སྤྲུལ་སྐུ་ཞེས་བཏགས་པར་མངོན། འཇམ་དབྱངས་མཁྱེན་བརྩེ་དབང་པོས། སྐུ་ཡི་བཀོད་པ་སྔ་མ་བསྡུས་ནས་ཕྱི་མ་བཟུང་བར་སྐྱེ་བ་དང། སྤྲུལ་གཞི་མ་བསྡུས་པར་སྤྲུལ་པ་གཞན་དག་སྟོན་པ་སྤྲུལ་པ་ཞེས་བཞེད། ཅེས་གསུངས།

ཡང་སྲིད་ངོས་འཛིན། སྐྱེ་བོ་བྱེ་བྲག་པའི་སྐྱེ་བ་སྔོན་མ་ངོས་བཟུང་སྟེ་སུ་ཞིག་སུའི་སྐྱེ་བ་ཡིན་པ་གསལ་བར་སྟོན་པའི་ཚུལ་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་བྱུང་སྟེ། དེ་བཞིན་གཤེགས་པས་ལས་འབྲས་ཀྱི་རྣམ་གཞག་བསྟན་པའི་སྐབས་སྐྱེ་བ་གང་དུ་ལས་ཅི་ཞིག་བསགས་པས་ད་ལྟ་འབྲས་བུ་འདི་མྱོང་བའི་ཚུལ་རྒྱ་ཆེར་བསྟན་པ་འདུལ་བ་ལུང་སྡེ་བཞི་དང༌། སྐྱེས་རབས། མདོ་མཛངས་བླུན། མདོ་སྡེ་ལས་བརྒྱ་པ་སོགས་ཀྱིས་མཚོན་མདོ་རྒྱུད་ཕལ་མོ་ཆེའི་ནང་གྲངས་ལས་འདས་པ་ཞིག་བཞུགས་ཤིང༌། སྟོན་པ་འདས་པའི་རྗེས་སུ་རིམ་པར་བྱོན་པའི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་རྣམ་ ཐར་དུའང་སྐུ་ཕྲེང་སྔོན་མ་རྣམས་སུ་གང་དུ་གང་གི་སྐུ་སྐྱེ་བཞེས་པའི་ཚུལ་ཧ་ཅང་མང་པོ་མཇལ་དུ་ཡོད་ཀྱང༌། བོད་སྲོལ་ལྟར་ཡང་སྲིད་ངོས་འཛིན་གྱིས་སྐུ་ཕྲེང་གྲངས་ཀ་བརྩི་བའི་ལམ་ནི་མ་བྱུང་ངོ༌།། བོད་དུ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། བོད་དུ་ནང་ཆོས་མ་དར་གོང་གི་བོན་ལུགས་སུའང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་དང༌། ནང་ཆོས་དར་རྗེས་བོད་མི་ཤེས་ལྡན་ཚང་མས་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་བྱེད་ཅིང༌། བསྟན་འཛིན་གྱི་སྐྱེས་ཆེན་མང་པོའི་སྐུ་ཕྲེང་སྔོན་མ་གང་དང་གང་དུ་སྐྱེ་བ་བཞེས་ཏེ་འགྲོ་དོན་མཛད་པའི་ཚུལ་ལ་རྟོག་ཞིབ་དང༌། དད་འདུན་གསོལ་འདེབས་བྱེད་པའི་གོམས་གཤིས་ཡོངས་ཁྱབ་ཏུ་གྱུར། མ་ཎི་བཀའ་འབུམ་དང༌། བཀའ་ཐང་སྡེ་ལྔ་སོགས་ཆེས་སྔ་བའི་བོད་གཞུང་རྣམས་དང༌། ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་དཔལ་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་བཞུགས་ སྐབས་གསུངས་པའི་ཞུ་ལན་ནོར་བུའི་ཕྲེང་བ་དང༌། བཀའ་གདམས་བུ་ཆོས་སོགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐྱེས་རབས་ཀྱི་ཕྲེང་བ་སྟོན་པའི་ཚད་ལྡན་གྱི་གཞུང་མང་པོ་བྱུང༌། འོན་ཀྱང་ད་ལྟའི་ཡོངས་གྲགས་ཀྱི་ཆེད་གཉེར་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདིའི་ཐོག་མ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་སྟོད་དུ་ཀརྨ་པཀྵིའི་སློབ་མ་རྣམས་ཀྱིས་ཁོང་ཀརྨ་པ་དུས་གསུམ་མཁྱེན་པའི་ལུང་མཐུན་ཡང་སྤྲུལ་དུ་ངོས་འཛིན་གྱིས་དད་མོས་བྱས་པ་ནས་བྱུང་བར་གྲགས་ཤིང༌། དེ་ནས་བཟུང་ད་ལྟའི་བར་ལོ་བརྒྱད་བརྒྱ་བརྒལ་བའི་རིང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་ བྱུང་ཟིན་པ་དང༌། ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་མཁའ་འགྲོ་ཆོས་ཀྱི་སྒྲོན་མེའི་ཡང་སྲིད་ཀུན་དགའ་བཟང་མོ་ངོས་འཛིན་གྱིས་ད་བར་བསམ་སྡིང་རྡོ་རྗེ་ཕག་མོའི་སྐུ་ཕྲེང་བཅུ་ཕྲག་བརྒལ་བ་བྱུང་ཟིན། བོད་དུ་ཡང་སྲིད་ངོས་འཛིན་བྱས་པའི་སྤྲུལ་སྐུ་རབ་བྱུང་དང༌། སྔགས་འཆང༌། སྐྱེས་པ་དང་བུད་མེད་ཅི་རིགས་བྱུང༌། ལམ་སྲོལ་འདི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་དང་ཆོས་ལུགས་གཞན་དུའང་དར་ཁྱབ་ཀྱིས་ད་ཆ་ས་དགེ་བཀའ་རྙིང་ཇོ་ནང་བོ་དོང་བོན་དང་བཅས་པའི་ནང་ཡང་སྤྲུལ་ངོས་འཛིན་བྱས་པའི་བླ་སྤྲུལ་བསྟན་པའི་ཞབས་འདེགས་སྒྲུབ་མཁན་དང་སྐབས་རེ་ཞབས་འདྲེན་ཞུ་མཁན་ཡང་ཡོང་བ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་འདི་ཡིན། རྗེ་ཙོང་ཁ་པའི་དངོས་སློབ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གཙང་བཀྲིས་ལྷུན་པོའི་གདན་ས་བཏབ་ཅིང༌། སློབ་ཚོགས་བསྐྱངས་ཏེ་ཕྱི་ལོ་ ༡༤༧༤ ལོར་དགུང་གྲངས་གྱ་བཞིའི་ཐོག་དགོངས་པ་གཞན་དོན་དུ་གཤེགས། དང་ཐོག་དེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རྩོལ་བ་བྱེད་མཁན་མ་བྱུང་ཡང༌། ཕྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཏུ་འཁྲུངས་པའི་ཁྱེའུ་སངས་རྒྱས་ཆོས་འཕེལ་གྱིས་སྔོན་གནས་རྗེས་དྲན་གྱི་གསུང་འཁྲུལ་མེད་ངོ་མཚར་ཅན་དུ་མ་བྱོན་པ་ལ་བརྟེན་ནས་ངོས་འཛིན་མ་ཞུས་ཐབས་མེད་དུ་གྱུར།

དེ་ནས་བཟུང་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་ན་རིམ་དགའ་ལྡན་ཕོ་བྲང་བླ་བྲང་དང༌། དགའ་ལྡན་ཕོ་བྲང་གཞུང་གིས་རྩད་གཅོད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་སོ།། ཡང་སྲིད་ངོས་འཛིན་གྱི་ཐབས་ལམ། ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་རྗེས་དེའི་ཐབས་ལམ་ཡང་རིམ་བཞིན་གོང་འཕེལ་གྱིས་སྲོལ་རྒྱུན་དུ་འཇགས་པ་རྣམས་ཀྱི་ནང་ནས་གཙོ་ཆེ་ཤོས་གོང་མའི་འདའ་ཁའི་ཞལ་གདམས་དང༌། ལམ་སྟོན་ནམ་བརྡ་མཚོན་བསྟན་པ། ཡང་སྲིད་སོ་སོས་ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་གཏམ་ཚད་འཛིན་འཕེར་བ་བཤད་ པ་དང༌། གོང་མའི་ཅ་དངོས་དང་ཉེ་འཁོར་ངོས་འཛིན་བྱས་པ་གཉིས་གཙོར་བཟུང་ཐོག ཚད་ལྡན་གྱི་སྐྱེས་བུ་དམ་པར་ཐུགས་དམ་བརྟགས་ཞུས། འཇིག་རྟེན་པའི་ལྷ་སྲུང་སྐུ་ཁོག་ཏུ་བརླམས་པ་རྣམས་ལ་ལུང་ཞུས། ལྷ་མོ་བླ་མཚོ་སོགས་སྲུང་མའི་བླ་མཚོ་ཁག་ཏུ་མཚོ་མཇལ་བཅས་ཐབས་ལམ་འདྲ་མིན་ཧ་ཅང་ མང་པོ་ཡོད་པ་དང༌། འོས་སྤྲུལ་གཅིག་ལས་མང་བ་བྱུང་སྟེ་འཁྲུན་ཐག་གཅོད་དཀའ་བར་གྱུར་ཚེ་རྟེན་གྱི་སྤྱན་སྔར་བདེན་པ་བདར་ཏེ་ཟན་རིལ་བསྒྲིལ་ནས་ཐག་གཅོད་བྱེད་སྲོལ་ཡང་བྱུང༌། མ་འདས་སྤྲུལ་སྐུ། སྤྱིར་ཡང་སྲིད་ཅེས་པ་གོང་མ་འདས་པའི་རྗེས་སུ་དེ་ཉིད་སླར་མིའི་ལུས་སུ་སྐྱེ་བ་ ཞིག་དགོས་པས་སོ་སྐྱེ་ཞིག་ལ་མ་འདས་སྤྲུལ་སྐུ་ཡོང་ཐབས་མེད་ཀྱང༌། སར་གནས་ཀྱི་འཕགས་པ་དུས་གཅིག་ཏུ་ལུས་བརྒྱ་སྟོང་དུ་མར་སྤྲུལ་བསྒྱུར་ནུས་པ་ རྣམས་ལ་མ་འདས་སྤྲུལ་སྐུ་ངེས་པར་ཡོང་ཆོག འོན་ཀྱང་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་དུ། རྒྱུད་གཅིག་པའི་སྤྲུལ་སྐུ་དང༌། ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུ། བཀའ་བབས་པའམ་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་སོགས་ཅི་རིགས་ཡོད་པ་དང༌། སྤྲུལ་སྐུ་ཕེབས་པའི་དགོས་དོན་གཙོ་བོ་གོང་མའི་སྐུ་ཚེའི་རིང་བསྟན་འགྲོའི་བྱ་བ་འཕྲོ་ཅན་དུ་ལུས་པ་རྣམས་མཇུག་སྐྱོང་བྱ་རྒྱུའི་ཆེད་ཡིན་ལ། བླ་མ་སོ་སྐྱེ་ཞིག་ཡིན་ན་རྒྱུད་གཅིག་པའི་ཡང་སྲིད་ཀྱི་ཚབ་ཏུ་རང་དང་ལས་སྨོན་ གྱིས་འབྲེལ་བའི་ལས་དག་གི་སྐྱེ་བོ་གཞན་སྤྲུལ་སྐུར་ངོས་འཛིན་བྱེད་པ་དང༌། ཡང་ན་རང་གི་བུ་སློབ་བམ་གཞོན་སྐྱེས་གཞན་ལ་ཆོས་བརྒྱུད་ཀྱི་བཀའ་ཕབ་སྟེ་སྤྲུལ་སྐུར་ངོས་འཛིན་བྱེད་པ་ཅི་རིགས་ཡོང་སྲིད་པས་སོ་སྐྱེ་ལའང་རྒྱུད་གཅིག་མིན་པའི་ཡང་སྲིད་མ་འདས་སྤྲུལ་སྐུ་ཡོང་ཆོག་པ་དང༌། ཡང་གོང་མ་གཅིག་ལ་སྐུ་གསུང་ཐུགས་སྤྲུལ་སོགས་ཡང་སྲིད་མང་པོ་དུས་གཅིག་ཏུ་ཕེབས་པའང་ཡོད། ཉེ་བའི་མི་རབས་ནང་ཡོངས་གྲགས་ཀྱི་མ་འདས་སྤྲུལ་སྐུ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང༌། བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་སོགས་དུ་མ་ཡོད། གསེར་བུམ་དཀྲུགས་འདོན། སྙིགས་མའི་རྒུད་ཚོགས་བདོ་བ་དང་མཉམ་དུ་ཡང་སྲིད་ངོས་འཛིན་བྱས་པའི་བླ་ཆེན་ཇེ་མང་དུ་གྱུར་ཐོག འགའ་ཤས་སྲིད་དོན་དང་འབྲེལ་ཞིང༌། ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས་བོད་གཞུང་གིས་མན་ཇུའི་དམག་རོགས་གཉེར་དགོས་བྱུང་བ་དང༌། གོར་དམག་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ཉེར་དགུ་ཡོད་པ་ཞིག་ བཏོན་པའི་ནང་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོ་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་འདུན་གྲོས་བཏོན་ཡོད།

དེར་བརྟེན་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རེ་ཟུང༌། བླ་ཆེན་གཞན་གང་འཚམས་བཅས་གསེར་བུམ་དཀྲུགས་འདོན་བྱས་པ་མ་ཟད། གསེར་བུམ་དཀྲུགས་འདོན་གྱི་ཆོ་ག་ཡང་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོས་ལྗགས་རྩོམ་མཛད། དེ་འདྲའི་ལམ་སྲོལ་གཏོད་པའི་རྗེས་སུའང་རྒྱལ་དབང་སྐུ་ཕྲེང་དགུ་པ་དང༌། བཅུ་གསུམ་པ། ངོས་རང་བཅུ་བཞི་པ་བཅས་གསེར་བུམ་དཀྲུགས་འདོན་བྱས་མེད་ཅིང༌། རྒྱལ་དབང་སྐུ་ཕྲེང་བཅུ་པའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད་ཀྱང༌། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ལས་བྱུང་མེད་ཁར། བཅུ་གཉིས་པའང་གསེར་བུམ་མ་དཀྲུག་གོང་གཏན་འཁེལ་ཟིན་པས་གསེར་བུམ་གྱི་ལམ་ནས་ངོས་འཛིན་བྱས་པ་གཅིག་ལས་མ་བྱུང༌། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་བརྒྱད་པ་དང་དགུ་པ་གཉིས་ལས་གསེར་བུམ་དཀྲུགས་འདོན་བྱས་པ་བྱུང་མེད། ལམ་སྲོལ་འདི་མན་ཇུའི་བཙན་ཤུགས་ཙམ་ལས་བོད་མིས་ཡིད་ཆེས་བྱ་ཡུལ་དང་ཆོས་ལུགས་ ཀྱི་བྱེད་ཐབས་ཤིག་མིན་ཡང༌། དྲང་བདེན་གྱིས་ལག་བསྟར་བྱས་ན་ཟན་རིལ་བསྒྲིལ་བའི་ཐབས་ལམ་དང་མཚུངས་པ་ལྟ་བུར་བརྩིས་ཆོག་པར་སྣང༌། ཕྱི་ལོ་ ༡༨༨༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་སྐབས་བོད་ དང་མན་ཇུའི་མཆོད་ཡོན་གྱི་འབྲེལ་བ་མ་ཆད་ཅིང༌། མན་ཇུའི་གནོན་ཤུགས་ཕྲན་བུ་ཡོད་སྐབས་ཡིན་ཡང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང༌། གནས་ཆུང་དང་བསམ་ཡས་ཆོས་སྐྱོང་བཅས་ཀྱི་ལུང་བསྟན། ལྷ་མོའི་བླ་མཚོའི་མཚོ་མཇལ་བཅས་སྒོ་གང་ས་ནས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱུང་སྟབས་གསེར་བུམ་དཀྲུགས་འདོན་མ་དགོས་པར་ངོས་འཛིན་བྱུང་སྐོར་ྋགོང་ས་མཆོག་རང་གིས་ཆུ་སྤྲེལ་ཞལ་གདམས་སུ། ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུགས་འདོན་མ་དགོས་པར་ལུང་བརྟག་དོན་གསལ་སྲིད་ཞིའི་འདྲེན་མཆོག་རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱིས་གདན་ཁྲིར་འཁོད་ནས་བཟུང༌། ཞེས་གསུངས་པ་ལས་གསལ་བར་རྟོགས་ནུས།

ཕྱི་ལོ་ ༡༩༣༩ ལོར་ངོས་རང་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་བྱེད་སྐབས་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ཆད་ཟིན་པས། གསེར་བུམ་དཀྲུགས་འདོན་དགོས་མིན་གླེང་གཞི་བྱུང་མེད་ཅིང༌། ལྷ་བླའི་ལུང་དོན་དང༌། ལྷ་མོའི་བླ་མཚོའི་མཚོ་གཟིགས་སོགས་རྩེ་མཐུན་གྱིས་ངོས་འཛིན་བྱ་སྒོ་རྣམས་བོད་ཀྱི་རྒྱལ་ཚབ་དང༌། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་བཅས་ནས་ཐག་གཅོད་བྱས་པ་ལས་རྒྱ་ཕྱོགས་ནས་ཐེ་བྱུས་གང་ཡང་བྱས་མེད་པ་ཡོངས་གྲགས་ཀྱང༌། རྗེས་སུ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགས་བསམ་བཏང་དྲན་སྐྱེས་ཀྱིས་གསེར་བུམ་དཀྲུགས་མི་དགོས་པའི་བཀའ་འཁྲོལ་སྤྲད་ཚུལ་དང༌། ཨུའུ་ཀྲུང་ཞིང་གིས་ངོས་ཀྱི་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་བྱེད་ཚུལ་སོགས་རྫུན་གཏམ་གསར་ཤོག་ཐོག་སྤེལ་བ་དེ་དག་བདེན་པ་མིན་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རླབས་ཆེན་ཡར་ཐོན་ཅན་དུ་བརྩིས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་ཚོགས་གཞོན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༣༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་མི་དམངས་འཐུས་མི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡིག་ཆའི་བདེན་དཔང་གི་ལུང་འདྲེན་དང་བཅས་ཏེ་ཞིབ་ཕྲ་འགྲེལ་བརྗོད་བྱས་མཐར། “གོང་མིན་ཏང་གིས་སྐྱག་རྫུན་བཤད་པ་དེ་ལྟར་ང་ཚོ་གུང་ཁྲན་ཏང་གིས་དེའི་རྗེས་སུ་ རྒྱུགས་ནས་མུ་མཐུད་སྐྱག་རྫུན་བཤད་དགོས་དོན་ག་རེ་ཡོད་དམ། ཞེས་ནན་བཤད་བྱས་འདུག་པ་ལས་གསལ་པོ་ར་འཕྲོད་ཐུབ། ངན་གཡོའི་རེ་སྟོང༌། བར་སྐབས་བླ་བྲང་འབྱོར་ལྡན་ཁག་གི་ཕྱག་གཉེར་ཆོས་ཀྱིས་རྒྱུད་མ་དུལ་ཞིང༌། འདི་སྣང་ཆགས་སྡང་གིས་མྱོས་པ་འགའ་རེས་ཆོས་མིན་གྱི་ལམ་ནས་ཡང་སྲིད་ངོས་འཛིན་ བྱེད་མཁན་བྱུང་བས་བསྟན་པ་དང༌། དགེ་འདུན། སྤྱི་ཚོགས་བཅས་ལ་གནོད་ཚབས་བྱུང་བའི་ཁར། མན་ཇུའི་སྐབས་ནས་བཟུང་རྒྱ་ནག་གི་སྲིད་དོན་དབང་འཛིན་པ་ན་རིམ་གྱིས་བོད་སོག་ཐོག་ཐེ་བྱུས་སླད་ཆོས་དང་བླ་སྤྲུལ་སྲིད་དོན་གྱི་ལག་ཆར་བཟུང་སྟེ་གཡོ་ཐབས་རིམ་སྤེལ་བྱས་པ་དང༌། དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་སྡུད་དབང་འཛིན་པ་རྣམས་ཀྱང་རང་ཉིད་ཆོས་མེད་དམར་པོའི་ལྟ་གྲུབ་འཛིན་མཁན་ཡིན་པར་ཁས་འཆེ་བཞིན་དུ་ཆོས་ ལུགས་ལ་ཐེ་བྱུས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་བཀའ་དང༌། ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་ དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་སྤེལ་བ་ནི་ངོ་ཚ་བྲལ་བའི་མ་རབས་ཀྱི་སྤྱོད་ཚུལ་བཞད་གད་ཀྱི་གནས་སུ་གྱུར་པ་ཞིག་ཡིན་ནའང༌། བོད་མིའི་ཐུན་མིན་ལེགས་བྱང་གི་ལམ་སྲོལ་འདི་དག་རྩ་མེད་གཏོང་ཐབས་ཀྱི་ངན་བྱུས་འོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་མི་འོས་པའི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་བོད་རིགས་ཡོངས་ཀྱི་སྙིང་ལ་གསོས་དཀའི་རྨ་ཁ་ཞིག་བཟོས་དང་བཟོ་བཞིན་པ་མ་ཟད། ངོས་ནམ་ཤི་ལ་བསྒུགས་ཏེ་ྋརྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ ལྟར་ངོས་འཛིན་གྱིས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མཚོན་རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་པ་བར་སྐབས་ཀྱི་ཁྲིམས་སྒྲིག་ཁག་དང༌། བསྒྲགས་གཏམ་རིམ་པ་ནས་ཧ་ཅང་གསལ་པོར་གྱུར་ཟིན་པར་བརྟེན། བསྟན་འགྲོ་སྤྱིའི་འཕྲལ་ཡུན་གྱི་ལེགས་ཚོགས་ལ་དམིགས་ཏེ་དེ་འདྲའི་བྱུས་ངན་ལམ་ལྷོང་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་ངོས་ཀྱི་གཡོལ་དུ་མེད་པའི་ཁུར་འགན་ཞིག་ཡིན་པར་ངོས་འཛིན་གྱིས་བསྒྲགས་གཏམ་འདི་སྤེལ་རྒྱུ་ཡིན།

རྒྱལ་དབང་སྐུ་ཕྲེང་རྗེས་མ། ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་ བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་ རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་ དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། དྷ་རམ་ས་ལ་ནས་བོད་རྒྱལ་ལོ་ ༢༡༣༨ རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཟླ་ ༧ ཚེས་ ༢༧ ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ལ་བྲིས་པ་དགེ་བར་གྱུར་ཅིག། །།

ཡོང་ཁུངས། རྒྱལ་བ་རིན་པོ་ཆེ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།