དགོངས་ཚུལ།

སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།

༄༅། །སྦྱིར་བཏང་བླ་མའི་ཡང་སྲིད་སྐོར་གྱི་གནད་དོན་འདི་ནི་ཆོས་ལུགས་དང་ཐད་ཀར་འབྲེལ་བ་ཡོད་བ་ཞིག་ཡིན་པས། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཕྱིན་ཡང་སྲིད་སྐོར་ལ་འབྲེལ་བ་མེད་ལ། འདི་སྐོར་གླེང་བའི་འོས་བབ་ཀྱང་མེད།

ཡང་སྲིད་ཅེས་པ་འདི་ནི་ལས་བྱེད་བསྐོ་གཞག་བྱེད་པའམ། ཡང་ན་འཐུས་མི་འོས་འདེམས་བྱེད་པ་ལྟ་བུ་མིན། བླ་མའི་ཡང་སྲིད་ནི་བསམ་བཞིན་དུ་འགྲོ་བའི་དོན་ལ་བྱོན་པ་ཞིག་ཡིན་པས་བྱོན་པའི་ཡུལ་དང༌།  ཡབ་ཡུམ། རིགས་རུས་སོགས་ལ་གཟིགས་ནས་བྱོན་དགོས་པ་འདི་ནི་ནང་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་ཡིན། ཡང༌། གདུང་བརྒྱུད་ཀྱི་སྒོ་ནས་རྗེས་འཛིན་གནང་བའི་བླ་མ་ཡང་ཡོད།
    ང་རང་བཙན་བྱོལ་ལ་སྡོད་རིང་ངའི་ཚེ་ལ་འགྱུར་བ་ཡོང་གི་རེད་བསམ་གྱི་མི་འདུག འོན་ཀྱང་གལ་སྲིད་ང་ཚོ་བཙན་བྱོལ་ལ་སྡོད་རིང་ངའི་ཚེ་མ་བརྟན་པའི་དབང་དུ་བཏང་ཡང༌། བོད་རྒྱ་ཆེའི་མི་མང་ལ་ངའི་ཡང་སྲིད་མུ་མཐུད་དགོས་པ་ཡོད་པ་དང༌། ཁོང་ཚོས་དགོས་འདུན་བྱས་པ་ཡིན་ན། ངའི་ཡང་སྲིད་དེ་རྒྱ་མིའི་འོག་ཏུ་མིན་པར། འཛམ་གླིང་རང་དབང་ལུང་པ་ཞིག་གི་ནང་ཡོང་རྒྱུ་ཡིན་ཞེས་ངས་ད་ལྟ་ནས་ཚིག་ཐག་བཅད་དེ་གསལ་པོ་ཤོད་རྒྱུ་ཡིན།  གང་ཡིན་ཟེར་ན། ཡང་སྲིད་ཡོང་དགོས་པའི་དོན་སྙིང་པོ་ནི། སྐྱེ་བ་སྔོན་མས་འགོ་བཙུགས་པའི་ལས་དོན་གྲུབ་འབྲས་སོན་རྒྱུར་ལུས་པ་དེའི་མཇུག་སྐྱེལ་བར་ཡོང་བ་ཞིག་ཡིན་པར་བརྟེན། སྐྱེ་བ་སྔོན་མས་འགོ་བཙུགས་པའི་ལས་དོན་ལ་གཏོར་བཤིག་གཏོང་མཁན་ཞིག་ནམ་ཡང་ཡོང་ཤེས་ཀྱི་མ་རེད།  ལས་དོན་མཇུག་སྐྱེལ་བྱེད་མི་ཐུབ་པའི་ལུང་པ་ཞིག་ནང་སྐྱེས་ན། ཡང་སྲིད་ཡོང་བའི་དགོས་པ་མ་ཚང་བ་རེད།  གང་ལྟར་ངའི་ཡང་སྲིད་དགོས་དང་མི་དགོས་ཀྱི་ཐག་གཅོད་བྱེད་པའི་དབང་ཆ་དང་ཐོབ་ཐང་ཆ་ཚང་བོད་རྒྱ་ཆེའི་མི་མང་ལ་ཡོད།    

    དེ་སྔ་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འོག་བོད་དང་སོག་པོའི་བར་འབྲེལ་བ་ཡོད་པ་དང༌། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་དང་ཡང་འབྲེལ་བ་ཕྲན་བུ་ཡོད་པ་བཅས་འདི་ཙམ་ཡིན། བར་ལམ་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་སོང་བ་དང༌། ངའི་བསམ་ཚུལ་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་སྟབས། འགྱུར་བ་གསར་པ་འདིའི་འོག་ཏཱ་ལའི་བླ་མའི་སྒྲིག་འཛུགས་ལ་ད་ཆ་འཛམ་གླིང་ནང་ཡོངས་གྲགས་ངོས་འཛིན་ཆ་འཇོག་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ཁོང་ཚོའི་ངོས་ནས་ཀྱང་ངའི་འདོད་ཚུལ་ལ་མོས་མཐུན་གྱི་བསམ་ཞིག་བྱེད་ཀྱི་རེད་བསམས་པའི་ང་ལ་ཡིད་ཆེས་ཡོད།  

                                                      ---<<བཀའ་སློབ་སྙིང་གི་ནོར་བུ།>>ལས་བཤུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།