དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གལ་ཆེའི་གསལ་བསྒྲགས།

ཕྱི་ལོ་ ༢༠༡༠ ཟླ་བ་ ༠༡ ཚེས་ ༥ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་སྒོས་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དུ་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་ལམ་སྒྲོན་སོགས་གསུང་ཆོས་བཀྲིན་བསྐྱང་གཏན་འཁེལ་བ་དང་སྟབས་བསྟུན། བསྟན་སྲིད་སྤྱི་དང༌། སྔར་ལོའི་མཚོན་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་འདས་གྲོངས་སུ་གྱུར་བ་དང༌། དཀའ་སྡུག་ཚད་མེད་མྱོངས་དང་མྱོང་བཞིན་པ་སོགས་ལ་དམིགས་ཆོ་འཕྲུལ་སྨོན་ལམ་འཕར་མ་ཞིག་འཚོག་གཏན་འཁེལ་བ་དང་ཆབས་ཅིག །དུས་གསུམ་གཤེགས་པའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་གཅིག་ཏུ་བསྡུས་ཤིང་བསྟན་འགྲོ་སྤྱི་དང་ཁྱད་པར་རང་ཅག་བོད་མི་ཡོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །འཛམ་གླིང་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་རྗེས་དྲན་དང་འབྲེལ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་ཕྱི་ལོ་ ༢༠༡༠ ཟླ་བ་ ༠༡ ཚེས་ ༠༩ ཉིན་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པ་དང༌། གསུང་ཆོས་སྦྱིན་བདག་ཐུན་མོང་ནས་སྐྱེ་འགྲོ་སྤྱི་དང༌། གཞིས་བྱེས་བོད་མི་སེར་སྐྱ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་དང༌། དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་གནང་གཏན་འཁེལ་བས་བརྟན་བཞུགས་ཀྱི་སྔོན་འགྲོའི་ཞབས་རིམ་དུ་སྨོན་ལམ་མ་འཚོག་སྔོན་ཕྱི་ལོ་སར་བཞད་ཚེས་ ༠༡ ཉིན་དུས་འཁོར་ལྷ་ཁང་གི་གསུང་རྭའི་ནང་སྒྲོལ་མ་དང་ྋརྒྱལ་བའི་ཞབས་བརྟན། མཚན་སྔགས་སོགས་གནད་སྨིན་འབད་བསྒྲུབ་དང༌། ཕྱི་དྲོ་ཕྱག་ཚོད་ ༤ པར་སེར་སྐྱ་མི་མང་ནས་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་སྒྲོལ་འདོན་དང༌། གསུང་ཆོས་མ་གྲུབ་བར་མཆོད་རྟེན་རིན་པོ་ཆེའི་གླིང་སྐོར་དུ་སྣང་གསལ་མཆོད་གློག་འབུམ་མཆོད་འབུལ་རྒྱུ་མ་ཟད། བརྟན་བཞུགས་ཉིན་འབུམ་ཚོགས་འབུལ་གཏན་འཁེལ་བ་ལགས་ན། འཛམ་གླིང་ཡུལ་གྲུ་ཀུན་གྱི་དད་ལྡན་སྤྱི་དང༌། ཁྱད་པར་རང་ཅག་གཞིས་བྱེས་བོད་མི་ཡོངས་ནས་རྣམ་དཀར་དགེ་ཚོགས་ལ་འབད་འབུངས་དང་འབྲེལ་ལྷ་རབ་ཇི་སྲིད་ནམ་འཚོའི་བར་དང༌། དེ་མིན་གསུང་ཆོས་མ་གྲུབ་བར་དམར་ཟས་སྤངས་ནས་བརྟན་བཞུགས་ཀྱི་སྐལ་བཟང་ཉིན་མོར་མགོན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གདུང་ཤུགས་གཅིག་ཏུ་སྒྲིལ་གལ་ཆེ་བའི་དགེ་བསྐུལ་དུ།

དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པ་དང༌། གསུང་ཆོས་སྦྱིན་བདག་ཐུན་མོང་ནས་ཟླ་ ༡༢ ཚེས་ ༢༥ བཟང་པོར་སྲིང༌། འབྲེལ་གཏུག་ཞུ་ཡུལ་ཞལ་བར་ཨང༌། ༩༧༧༡༩༠༩༠༡༢

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༣༡༢༠༡༠༡༦༤༢
སྤྱིར་ཡག་པོ་འདུག ཡིན་ཡང་ནམ་རྒྱུན་དགེ་ལུག་སྨོན་ལམ་༧གོང་ས་མཆོག་གི་གསུང་ཆོས་དང་བསྒྲགས་ན་ཡག་པོ་མི་འདུག ཆོས་བརྒྱུད་གཞན་དང་གཞན་གྱི་མཐོང་ཚུལ་ལ་ཡག་པོ་མ་རེད། བསམ་ཚུལ་ཡང་མང་པོ་ཞིག་ཡོང་གི་ཡོད་པ་རེད།
དཔེར་ན་སྤྱི་ལོ་གཉིས་སྟོང་གཉིས་དང་གསུམ་ལོར་གཞིན་ནུ་དང་གླེང་སློང་ཡོང་བ་སོགས་དེ་འདྲེས་རིག་མང་པོ་ཡོང་བ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།