རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་༣༣པ་སྲུང་བརྩི།

ཕྱི་ལོ་༢༠༡༤ཟླ་༡༡ཚེས་༡༥ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་དུས་དྲན་ཉིན་མོ་ཡིན་སྟབས། རྒྱ་གཞུང་གིས་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་རྩོམ་འབྲི་དང་གཏམ་བརྗོད་རང་དབང་བཙན་འཕྲོག་བྱས་ཏེ། རྩོམ་ཡིག་གི་ལམ་ན་ནས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་འདོན་གནང་མཁན་བོད་རིགས་རྩོམ་པ་པོ་རྣམས་འཇུ་བཟུང་དང༌། བཀག་ཉར། བཙོན་འཇུག་བྱེད་བཞིན་པའི་གནས་སྟངས་ཐད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་གནང་སྟེ་རྒྱ་གཞུང་གི་བྱ་སྤྱོད་དེར་གནོན་ཤུགས་ཡོང་ཆེད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་མཉམ་འབྲེལ་སྒོས། སྔ་དྲོ་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་རྡ་ས་ཀིརྟི་དགེ་རྩ་ཚོགས་པའི་ཞིབ་དེ་ཚོགས་ཁང་དུ། རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་ ༣༣ པ་སྲུང་བརྩི་བྱས་ཏེ། བཙོན་འོག་ཏུ་དཀའ་སྡུག་དང་མནར་གཅོད་མྱོང་བཞིན་བའི་རྩོམ་པ་པོ་རྣམས་ལ་རྗེས་དྲན་དང་འབྲེལ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་དང་རྒྱལ་སྤྱིའི་སྒང་བོད་དོན་འཁྱོག་བརྗོད་བྱེད་བཞིན་པའི་གནས་སྟངས། བོད་མང་གི་བོད་མིའི་མངོན་འདོད་བཅས་གསལ་འདོན་བྱས་ཡོད་པའི་རྩོམ་ཡིག་ཁག་ཅིག་རྒྱ་བསྒྱུར་གྱིས་རྩོམ་སྒྲིག་བྱས་པའི་༼དོན་གྱིས་སུ་ཞིག་ཁ་བྲལ་བ་རེད༽ ཞེས་པའི་དེབ་དང༌། བོད་ནང་འབྲོག་སྡེ་གྲོལ་རྡལ་དུ་གནས་སྤོར་སྐོར་གྱི་ཉམས་ཞིབ་དེབ་གཅིག་བཅས་དབུ་འབྱེད་པར་འགྲེམས་དང༌། དེ་བཞིན། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་ཀྱང༌། བླ་བྲང་འཇིགས་མེད་རྒྱ་མཚོས་བརྩམས་པའི་<<དཀའ་སྡུག་གི་ཟིན་ཐོ་>>ཞེས་པ་དང༌། བྱ་མདོ་རིན་བཟང་གིས་བརྩམས་པའི་<<མི་རིགས་ཀྱི་དཀའ་སྡུག་>>ཅེས་པ་གཉིས་པར་འགྲེམས་དབུ་འབྱེད་བཅས་ཞུ་རྒྱུ་ཡིན་ལ། དུས་དྲན་མཛད་སྒོའི་སྐུ་མགྲོན་དུ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་མ་ཟད། རྒྱ་རིགས་གསར་འགོད་པ་དང་རྩོམ་པོ་ཁྲང་ཕིན་ཡང་ཐེངས་འདིའི་མཛད་སྒོར་ཆེད་དུ་མགྲོན་འབོད་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གོ་སྒྲིག་ཞུས་ཡོད་པས།  དྷ་སར་གནས་བཞུགས་བོད་རིགས་གསར་འགོད་པ་རྣམས་དུས་ཐོག་ཆེད་ཕེབས་ཡོང་བའི་གསལ་བསྒྲགས་སུ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།  ཕྱི་ལོ་༢༠༡༤ཟླ་༡༡ཚེས་༡༤ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།