ཡོངས་ཁྱབ་གསལ་བསྒྲགས།

༢༠༡༤ ཟླ་ ༢ ཚེས་ ༧ རེས་གཟའ་པ་སངས། ༄༅། །རྒྱ་གར་དུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ནས་ཕྱི་བསྐྱོད་ལག་དེབ་སེར་པོ་བཟོ་ཞུའི་སྐབས་བཀའ་ཤག་ནས་བཀའ་འཁྲོལ་ངོས་སྦྱོར་ཞིག་ཞུ་ལེན་བྱ་དགོས་ཡོད་པར། ད་ཕན་སྙན་ཞུ་དང་དགོས་ངེས་རྒྱབ་ལྗོངས་ཡིག་ཆ་ཁག་འབྱོར་བསྟུན་ཞིབ་འཇུག་གིས་བཀའ་འཁྲོལ་ངོས་སྦྱོར་རྣམས་མི་ངོ་ཆེད་བཅར་རིགས་ལ་ལག་སྤྲོད་དང༌།

དེ་བྱིངས་སྦྲགས་ཡིག་དཀྱུས་མའི་ལམ་ནས་གཏོང་བཞིན་ཡོད་ཀྱང༌། བར་སྐབས་ཤིག་ནས་ངོས་སྦྱོར་ཡིག་ཆ་ཁུངས་འཕྲོད་མ་བྱུང་བའི་གནས་ཚུལ་གང་འཚམས་འབྱུང་བཞིན་ཡོད་འདུག་པ་མ་ཟད། རང་རིགས་བློ་ཆུང་རེ་ཟུང་ནས་ཡིག་ཆ་ཁུངས་འཕྲོད་མ་བྱུང་བའི་འགན་ཁག་ཡོངས་རྫོགས་བཀའ་དྲུང་ཡིག་ཚང་གིས་འཁུར་དགོས་པའི་ཀླན་ཀ་འཚོལ་མཁན་ཡང་བྱུང་འདུག་པའི་ཐད་ལ། དཔལ་ལྡན་བཀའ་ཤག་ནས་ལམ་སྟོན་སྩལ་ཕེབས་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༤ཚེས་ ༡ ནས་བཟུང་གོང་གསལ་ངོ་སྦྱོར་ཡིག་ཆ་སྦྲག་ཟམ་བརྒྱུད་གཏོང་ཕྱོགས་གཤམ་གསལ་ལྟར་བྱ་རྒྱུར་གཏན་འཁེལ་བྱུང་སོང་ན། འབྲེལ་ཡོད་ཚང་མས་དེ་རྩིས་ཐུགས་སྣང་གིས་གནང་ཕྱོགས་ངེས་པར་དགོས་རྒྱུ།

༡༽དོ་དག་སོ་སོའི་སྙན་ཞུ་དང་རྒྱབ་ལྗོངས་ཡིག་ཆ་ཁག་བཀའ་དྲུང་ཡིག་ཚང་དུ་གཏོང་འབུལ་བྱེད་སྐབས། དེ་དག་དང་ལྷན་དུ། རང་ཉིད་ཀྱི་ཁ་བྱང་ཨིན་ཡིག་ཐོག་ཚང་ལ་མ་ནོར་བ་བཀོད་པའི་ཡིག་སྐོགས་ཆ་ཚད་དཀྱུས་འཕྲེད་གཉིས་ལ་ཨིན་ཅི་ ༩ དང་ ༤ ཙམ་བྱས་པ་ (Self-addressed envelope) རེ་ངེས་པར་མཉམ་བཅུག་དགོས་པ་དང༌། ཡིག་སྐོགས་དེའི་མདུན་ངོས་སུ་རང་སྐབས་ཀྱི་མགྱོགས་སྦྲག་(speed post) ཞེས་པའི་ཉུང་མཐའི་གླ་ཡོན་ཇི་ཡིན་གྱི་ཀྲི་སི་(postal stamps)ཉོས་ཏེ་སྦྱར་དགོས།

༢༽བཀའ་དྲུང་ཡིག་ཚང་ནས་གོང་སྨྲོས་ཡིག་སྐོགས་དེའི་ནང་བཀའ་འཁྲོལ་ངོས་སྦྱོར་བཅུག་སྟེ་སྦྲག་ཁང་དུ་བསྐྱེལ་རྒྱུ་དང༌། མགྱོགས་སྦྲག་གི་ངོ་བོར་དེབ་འགོད་བྱས་ཏེ་འཚོལ་འདེད་ཨང་རྟགས་(tracking number) དང་འབྱོར་འཛིན་ལེན་ཉར་བྱ་རྒྱུ་བཅས་ཀྱི་ཞབས་ཞུ་རིན་མེད་ཐོག་བསྒྲུབ་རྒྱུ།

༣༽ ཁྲལ་ལས་སླ་ཆོས་དང་ཁྲིམས་འགལ་བྱས་ཏེ་ཡིག་སྐོགས་ནང་ཀྲི་སིའི་རིན་དོད་དངུལ་དམར་བཅུག་པ་སོགས་གཏན་ནས་མི་ཆོག་ཅིང༌། ཁྲིམས་འགལ་བྱ་སྤྱོད་འགོག་སྡོམ་མཚོན་སླད་ཡིག་སྐོགས་ནང་དངུལ་དམར་བཅུག་མཁན་རྣམས་ཀྱི་ངོས་སྦྱོར་ཞུ་སྙན་བཀག་བསྐྱིལ་བྱ་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚན་ནས། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ ལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།