༸སྐུའི་གྱ་སྟོན་འདི་སྔ་སྣུར་བྱེད་དགོས་ཆགས་འདུག

༢༠༡༣།༡༢།༩ཉིན་སྤེལ། ཉེ་ཆར་དགའ་ལྡན་ཕོ་བྲང་གིས་༢༠༡༣ལོ་མཇུག་ནས་༢༠༡༥བར་དུ། ༧རྒྱལ་དབང་མཆོག་གི་མཛད་འཆར་མང་པོ་ཞིག་འགྱུར་བ་གཏོང་དགོས་སོང་བས། ༸སྐུའི་གྱ་སྟོན་འདི་སྔ་སྣུར་བྱེད་དགོས་པ་ཆགས་ཡོད་པའི་སྐོར་གསུངས་སོང་།

ད་རེས་ཚེས་༩ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༣༠ཐོག མདོ་སྨད་དབུས་རྒྱུན་ལས་ཁུངས་སུ་བོད་མི་མང་སྤྱི་འཐུས་དང་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་མཁྱེན་རབ་རྒྱ་མཚོ་དང་། མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དང་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བསྟན་པའི་དངོས་གྲུབ་ལགས་གཉིས་ཀྱིས་སྐུའི་འཁྲུངས་སྐར་སྐོར་གྱི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཐེངས་གཉིས་པ་ཞིག་སྤེལ་སོང་བ་དང་གསར་འགོད་པ་འགའ་ཤས་བཅས་ཡོད་སོང་།


༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་གསུངས་དོན། དེ་རིང་འདིར་གསར་འགོད་པ་དག་ཕེབས་རོགས་གནང་བར་ཞུ་དགོས་དོན་གཙོ་བོ་ནི། ༢༠༡༥ལོར་མདོ་སྨད་ངོས་ནས་༧རྒྱལ་དབང་མཆོག་ལ་སྐུའི་གྱ་སྟོན་གོ་སྒྲིག་ཅིག་ཞུ་གི་ཡོད་པའི་སྐོར་ནས། སྔོན་མ་༢༠༡༣།༤།༢༩ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། ཡིན་ཡང་། ཉེ་ཆར་དགའ་ལྡན་ཕོ་བྲང་གིས་༢༠༡༣ལོ་མཇུག་ནས་༢༠༡༥བར་དུ། ༧རྒྱལ་དབང་མཆོག་གི་མཛད་འཆར་མང་པོ་ཞིག་འགྱུར་བ་གཏོང་དགོས་སོང་བས། ༸སྐུའི་གྱ་སྟོན་འདི་སྔ་སྣུར་ཞུ་དགོས་པ་ཆགས་ཡོད་པ་རེད། ༢༠༡༣།༦།༢༡ནས་༢༣བར་ཡིན་པ་དང་། འདི་ནི་ད་རེས་ནས་གསལ་བསྒྲགས་མ་བྱས་པ་ཡིན་ན། ཕྱི་ལོག་དང་བོད་ནང་ནས་ཡོང་བ་དག་གིས་སྔ་མོ་ནས་ཧ་གོ་བ་གནད་འགག་ཞིག་ཆགས་ཡོད་ཕྱིར་གསལ་བསྒྲགས་ཞིག་གནང་ཡིན་སྐོར་གསུངས་གནང་སོང་།

ཡོངས་ཁྱབ་གསར་འགོད་གསལ་བསྒྲགས།

རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། རང་ཅག་བོད་མི་ཡོངས་ཀྱི་མགོན་སྐྱབས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༥།༦།༧ བཅས་ཉིན་གསུམ་རིང་མདོ་སྨད་ཆོལ་ཁས་༸སྐུའི་གྱ་སྟོན་གོ་སྒྲིག་ཞུ་རྒྱུའི་སྐོར་༸གོང་ས་མཆོག་ལ་སྙན་སེང་བཀའ་ཁྲོལ་ཞུས་བསྩལ་བྱུང་དོན་ལྟར་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༩ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་ཡང་། ཉེ་ཆར་༸མགོན་པོ་མཆོག་གི་མ་འོངས་མཛད་རིམ་ཁག་ལ་འགྱུར་བ་ཕྲན་བུ་མཛད་གནང་ཁོངས་མདོ་སྨད་ཀྱི་༸སྐུའི་གྱ་སྟོན་དེ་ཡང་བོད་ཟླའི་འཁྲུངས་ལྷ་ཡར་གསོའི་དུས་ཚེས་ལ་གྲ་སྒྲིག་ཡོང་བའི་བཀའ་བཟང་སྤྱི་ཕེབས་ལྟར། ཕྱི་ལོ་༢༠༡༥ བོད་ཟླ་༥ ཚེས་༥ ནི་ཕྱི་ལོ་༢༠༡༥ ཕྱི་ཟླ་༦ ཚེས་༢༡ ཉིན་འཁེལ་འདུག་པས། ཚེས་༢༡ ཉིན་༸སྐུའི་གྱ་སྟོན་བརྟན་བཞུགས་དང་། མཛད་ཐང་སྤྱན་འབུལ། མཛད་སྒོ་བཅས་དང་། ཚེས་༢༢ ཉིན་འགྲེམ་སྟོན་དང་བགྲོ་གླེང་། ཚེས་༢༣ ཉིན་མདོ་སྨད་ནང་ཁུལ་ལྷན་འཛོམས་བཅས་ཞུ་གཏན་འཁེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།

མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༩ ལ། 

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།