ས་མཐའ་དང་ཨ་མ།
མཐའ་མའི་བསྐྱར་བཅོས། (༡༩༢༠༠༩༡༦༠༩) འབྲི་མཁན། གླུ་ཚིག དུས་ཀྱི་ཕོ་ཉ་ནས། ༡༩༢༠༠༩༡༤༥༩
ཡུལ་ས་མཐའི་ལོ་ཟླའི་འཁོར་འགྲོས་བར་ནས།།
དྲིན་ཕ་མ་མ་མཇལ་ལོ་ལྔ་འགོར་སོང༌།།
གྲོགས་སྤུན་ཟླར་མ་ཐུག་ཡུན་རིང་འགྲོ་སོང༌།།
ཡུལ་འབྲོག་སྡེ་མ་མཐོང་ལོ་མང་འགོར་སོང༌།།
མདང་རྨི་ལམ་ནང་གི་ཨ་མའི་ཞལ་གཟུགས།།
དུས་དེ་རིང་མཐོང་རྒྱུ་ཡོད་ན་བསམ་བྱུང༌།།
གྲོགས་སྤུན་མཆེད་འཛོམ་རྒྱུ་ཡོད་ན་བསམ་བྱུང༌།།
སེམས་བསམ་པའི་སྙིང་གཏམ་གླེང་ན་བསམ་བྱུང༌།།
ཡུལ་ས་མཐའ་འགྲིམ་ཡང་སེམས་པ་དྲོད་ཡིན།།
ངའི་བླ་མ་བསྟན་འཛིན་མཆོག་གི་གམ་ཡིན།།
ཆོས་ཤེས་རིག་དར་བའི་ཞི་བདེ་གླིང་ཡིན།།
སེམས་བསམ་པའི་གཏིང་གི་དྲོད་ཁོལ་དེ་ཡིན།།
ཨ་མ་མེད་པའི་ལོ་ངོ་འདི་དག
ཕ་མ་མེད་པའི་ལོ་ངོ་འདི་དག་ཆར་ཀློང་ཁྲོད་ཀྱི་གནམ་ཟླ་འདྲ།།
སྤུན་གྲོགས་མེད་པའི་ལོ་ཟླ་འདི་དག་རླུང་འཚུབ་ཁྲོད་ཀྱི་མར་མེ་འདྲ།།
ཕ་ཡུལ་མེད་པའི་ལོ་ངོ་འདི་དག་ཁུ་བྱུག་མེད་པའི་རི་ལུང་འདྲ།།
ཨ་མ་མེད་པའི་ལོ་ངོ་འདི་དག་དྭ་ཕྲུག་ཅིག་གི་རང་གཟུགས་ཡིན།།
ཨ་མའི་རང་གཟུགས་མཐོང་བར་དབེན་པས་མིག་ཆུས་སེམས་པ་ཐེངས་མང་བརླན།།
ཨ་ཕའི་སློབ་གསོ་གོ་རྒྱུ་མེད་པས་ལམ་ཀ་ཞིག་གི་མགོ་མཇུག་ནོར།།
གྲོགས་དང་སྤུན་ཟླ་འཛོམ་རྒྱུ་མེད་པས་རྨི་ལམ་གྲོང་ལ་ལས་བདའ་བྱས།།
དེ་ནི་མིག་ཆུས་སེམས་པ་བཀྲུས་པའི་སྐྱོ་གར་ཞིག་གི་རང་ཁྱིམ་ཡིན།།
མིག་ཆུའི་ནང་གི་ཁྱོད།
ང་ཚོ་ལྷན་འཛོམ་རེ་བའི་འདུན་པ་ཟབ་ཡང༌།།
ཁྱེད་རང་འདས་སྐད་ཁ་པར་ལམ་ནས་ཐོས་པས།།
ཨ་མའི་མིག་ཆུའི་གདོང་པ་སེམས་ལ་འཁོར་སོང༌།།
སྡུག་གི་མིག་ཆུས་སེམས་པ་ཆུ་ལ་བསྐུར་སོང༌།།
གར་འགྲོ་འདུར་འདུག་མེད་པའི་ཁྱེད་ཀྱི་རྣམ་ཤེས།།
མར་མེ་ལྷབ་ལྷུབ་འབར་བའི་འོག་ན་འཚོས་ཡོད།།
མ་ནི་འུར་འདོན་བྱས་པའི་ཁྲོད་ན་བལྟས་ཡོད།།
ཡིད་བཞིན་ཁོང་ལ་མིག་ཆུས་ནན་གྱིས་བཅོལ་ཡོད།།
ཁྱེད་རང་མེད་པས་ཨ་མ་སུ་ཡིས་གཉོར་རམ།།
དྭ་ཕྲུག་བུ་མོ་དེ་གཉིས་སུ་ཡིས་སྐྱོང་ངམ།།
ནམ་མཁའ་མགོ་ལ་རྡིབ་པའི་ད་ལྟའི་ང་ལ།།
ཁ་ཏ་སློབ་གསོ་བྱེད་ཉན་སུ་ཞིག་ཡིན་ནམ།།