དངོས་བྱུང་གློག་བརྙན་ཨ་ཇོ་རྣམ་རྒྱལ་གྱི་རྣམ་ཐར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༤ཉིན། ཨ་ཇོའི་རྣམ་ཐར་ཞེས་པའི་དངོས་བྱུང་གཞིར་བཅོལ་གྱི་གློག་བརྙན་དེ་ནི་ཕྱི་ལོ་དུས་རབས་༢༠པའི་དུས་འགོར་བྱུང་བའི་བོད་ཀྱི་རོལ་དབྱངས་པ་གྲགས་ཅན་ཨ་ཇོ་རྣམ་རྒྱལ་ལགས་ཀྱི་མི་ཚེའི་ལོ་རྒྱུས་འཁྲབ་སྟོན་ཞིག་ཡིན་འདུག་ལ། རོལ་དབྱངས་སམ་རྣམ་ཐར་གྱི་གློག་བརྙན་དེ་ནི་གློག་བརྙན་དེའི་འགན་འཛིན་སྐུ་ཞབས་བསོད་ནམས་བཀྲ་ཤིས་ལགས་ཀྱིས་དུས་ཡུན་ལོ་གཉིས་ལྷག་ཙམ་རིང་དཀའ་ལས་བརྒྱབ་ནས་བཟོ་སྐྲུན་བྱས་པ་ཞིག་རེད་འདུག

ཨ་ཇོ་རྣམ་རྒྱལ་ལགས་ནི་ཕྱི་ལོ་༡༩༢༠ནས་༡༩༣༠ཡས་མས་སུ་དབུས་གཙང་ཁུལ་དུ་ཁྱིམ་ཚང་སྐྱོ་པོ་ཞིག་གི་ནང་དུ་སྐྱེས་འདུག་ལ། ཁོ་པ་ནི་མིག་ལོང་བ་ཞིག་ཡིན་འདུག་ཀྱང་རྒྱུན་དུ་བོད་པའི་སྲོལ་རྒྱུན་གྱི་སྒྲ་སྙན་སོགས་རོལ་དབྱངས་ལ་ཧ་ཅང་མཁས་ཞིང་ཕུལ་དུ་བྱུང་བ་ཞིག་ཡིན་འདུག

དངོས་བྱུང་གི་གློག་བརྙན་དེ་ནི་བོད་གཞུང་ཟློས་གར་གྱི་ཟློས་གར་བ་ཟུར་པ་སྐུ་ཞབས་བསོད་ནམས་བཀྲ་ཤིོས་ལགས་ཀྱིས་དུས་ཡུན་རིང་པོར་ངལ་བ་ཁྱད་བསད་ཀྱིས་ཨ་རི་དང༌། སུད་སི། དེ་བཞིན་རྒྱ་གར་སོགས་ས་ཆ་གང་ས་ནས་འཁྲབ་སྟོན་བྱས་པ་ཞིག་རེད་འདུག་ལ། གློག་བརྙན་དེའི་ཡུན་ཚད་ལ་ཆུ་ཚོད་༡དང་སྐར་མ་༢༠ཙམ་ཡོད་འདུག་ལ། ཕྱི་སུ་བཞུགས་སྒར་དྷ་རམ་ས་ལར་གཟིགས་འབུལ་ཡང་ཞུ་རྒྱུ་ཡིན་པ་རེད་འདུག

གློག་བརྙན་དེའི་འཁྲབ་སྟོན་རྒྱུ་ཆ་སོགས་འདས་པའི་ལོ་ངོ་༡༥ཙམ་གྱི་ཚུན་ནས་མཁོ་བསྒྲུབས་བྱས་པ་ཞིག་རེད་འདུག་ལ། གློག་བརྙན་དེ་ནི་ལྷ་སའི་ཡུལ་སྲོལ་གོམ་གཤིས་དང་ལྷ་སའི་ཁ་སྐད་དང་མཐུན་པའི་ཐོག་ནས་བཟོས་པ་ཞིག་ཀྱང་ཡིན་འདུག

ཨ་ཇོའི་རྣམ་ཐར་ཞེས་པའི་དངོས་བྱུང་གློག་བརྙན་དེའི་བཟོ་སྐྲུན་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས། ངས་ཕྱི་ལོ་༡༩༨༠ནས་འགོ་འཛུགས་ཀྱིས་རོལ་དབྱངས་པ་དེའི་ལོ་རྒྱུས་སྒྱུར་རྩལ་པ་དང༌། གཞས་པ་སོགས་ཁོང་གི་ལོ་རྒྱུས་ལ་མཐོང་ཐོས་ཡོད་མཁན་མང་པོ་ཞིག་ལ་བཅར་འདྲི་ཞུས་པ་ཞིག་ཡིན་ལ། སྟབས་ལེགས་པ་ཞིག་ལ་ཕྱིས་སུ་ངས་རྨ་བྱ་ཚེ་དབང་འགྱུར་མེད་ལགས་དང༌། བསམ་ཕོ་རིན་པོ་ཆེ། ནོར་ནང༌། ཞོར་ཁང་བསོད་ནམ་དར་རྒྱས། དེ་བཞིན་སྐུ་ཞབས་བཀྲ་ཤིས་ཚེ་རིང་སོགས་མི་མང་པོ་ཞིག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་སོང་ལ་དེའི་ཚོའི་མདུན་ནས་བོད་པའི་སྲོལ་རྒྱུན་གྱི་གཞས་ཏེ། ནང་མ་དང་བསྟོད་གཞས་སོགས་རོལ་དབྱངས་ཀྱི་གཞས་སྣ་མང་པོ་བསྡུ་རུབ་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་འདུག

ལོ་འགའི་སྔོན་དུ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་༼རྣམ་རྒྱལ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་༽ཞེས་པའི་ཚོགས་པ་ཞིག་བཙུགས་ཡོད་འདུག་ལ། དེ་རྗེས་བྱང་ཨ་རི་སོགས་སུ་འཁྲབ་སྟོན་དུ་ཡང་བསྐྱོད་ཡོད་འདུག ཕྱོགས་བསྐྱོད་ཀྱི་འཁྲབ་སྟོན་དེ་ནི་ད་ལྟ་མི་རབས་རྗེས་མའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྔོན་མའི་དུས་ཚོད་དེ་ནི་ཅི་འདྲ་བའི་བཟང་པོ་ཞིག་ཡོད་པའི་དྲན་གསོ་ཆེད་ཡིན་འདུག

བསོད་ནམས་བཀྲ་ཤིས་ལགས་ཀྱིས་ང་ཚོ་རོལ་དབྱངས་འཁྲབ་སྟོན་བྱེད་པར་འགྲོ་སྐབས། བོད་པའི་གཞོན་སྐྱེས་མང་པོ་ཞིག་ཐུགས་བྱུང་ལ་ཁོང་ཚོས་ནང་མ་དང་བསྟོད་གཞས་དེ་ཚོར་ཧ་ཅང་གི་དགའ་པོ་བྱེད་ཀྱི་འདུག དེས་ང་ལ་མ་འོངས་པར་ལས་དོན་དེའི་ཐད་འབད་བརྩོན་དང་སྲུང་སྐྱོབས་བྱེད་དགོས་པའི་སྐུལ་སློང་ཆེན་པོ་ཐེག་བྱུང་བཅས་འགྲེལ་བརྗོད་གནང་འདུག

གློག་བརྙན་དེའི་འཁྲབ་སྟོན་པ་ནི་བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་བོད་གཞུང་ཟློས་གར་ནས་ཡིན་འདུག་པ་དང༌། གལ་སྲིད་སྐུ་ཉིད་གློག་བརྙན་དེ་དང་རོལ་དབྱངས་སྐོར་ཞིབ་ཕྲ་ཤེས་འདོད་ཡོད་ཚེ་གཤམ་དུ་དྲ་འབྲེལ་གཉིས་ཡོད་པ་དེ་གཉིས་ནས་གཟིགས་རོགས་ཞུ།        www.achonamgyal.com   www.nangmatoeshey.com

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༦༢༠༡༠༡༣༤༣
ངོ་མ་རེད



བརྗོད་གཞི་གཞན་ཁག་ལ་གཟིགས།