༸གོང་ས་མཆོག་གི་བཀའ་དགོངས་དང་མི་མཐུན་པའི་བྱ་བ།

བོད་གཞིས་བྱེས་གཉིས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་ཆེན་པོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རི་ཡུལ་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་བཞིན་པ་མ་ཟད་དཔལ་རྒྱལ་བ་ཀརྨ་པ་ཡང་བཀའ་དབང་ཞུ་ཆེད་དུ་ཡུལ་དེར་ཕེབས་ཐུབ་པ་བཅས་ཀྱི་སྐལ་བཟང་དུས་བཟང་གི་སྐབས་དེར། དབུས་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་སོགས་མི་སྣ་འགའ་ཤས་ནས་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་ཤིག་བཙོང་བ་དེར། དུས་དབང་གོ་སྒྲིག་གི་ཚོགས་གཙོ་ནས་བཀག་འགོག་བྱས་ཡོད་པ་རེད། དེའི་སྐོར་བོད་ཀྱི་བང་ཆེན་དྲ་རྒྱའི་ཐོག་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཀག་འགོག་ཅེས་པའི་མགོ་བརྗོད་འོག་གཞོན་ལྷན་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བཙན་བྱོལ་ནང་སྐལ་ལྡན་བློ་གྲོས་ལྟ་བུས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་བསྡོམས་རྩ་མེད་གཏོང་ཐབས་བྱས་པ་ཞེས་ཁོང་ལ་སྐྱོན་འཛུགས་ཤིག་བྱས་འདུག དེ་ནི་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་པ་ཤིས་ལས་བདེན་གཏམ་ཞིག་ག་ན་ཡིན། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་བཀག་བསྡོམས་བྱེད་མཁན་ཞུ་ནའང་འདྲ་བསྒྱུར་བཅོས་བཏང་པ་དེ་ལམ་ལུགས་བཞིན་བསྒྱུར་བཅོས་སམ་ལེགས་བཅོས་བཏང་པ་མ་གཏོགས་སྐལ་ལྡན་ལགས་ཀྱིས་བཀག་བསྡོམས་བྱེད་ཐུབ་པ་ཞིག་མིན་པ་ཀུན་གྱིས་མཁྱེན་གསལ་རེད། ད་ལན་གཞོན་ལྷན་གྱི་ལས་ཀ་འདི་ཡག་པོ་ཞིག་བྱུང་མི་འདུག་ཅེས་ཞུ་བ་འདོད། རྒྱུ་མཚན་ནི་མཚན་བྱང་བསྒྱུར་བཅོས་གཏོང་དགོས་པའི་ལམ་སྟོན་༸གོང་ས་མཆོག་ནས་གནང་བ་དང་དེ་ནས་ལམ་ལུགས་བཞིན་བསྒྱུར་བཅོས་བཏང་བ་རེད། ༸གོང་ས་མཆོག་གིས་དགོངས་གཞི་དགོས་པ་ཆེན་པོ་ཞིག་ལ་བཟིགས་ནས་ལམ་སྟོན་གནང་བ་དེར་གྲོས་ཚོགས་ནས་བསྒྱུར་བཅོས་བཏང་བ་དེར་འགྲིགས་མི་འདུག་མདོག་མདོག་གི་རྣམ་པ་ལྟ་བུ་ཆགས་འདུག་པས་ཡག་པོ་མ་རེད་ཞུ་རྒྱུ་ཡིན། མདོར་ན་༸གོང་ས་མཆོག་གི་བཀའ་དགོངས་དང་མི་མཐུན་པའི་ལས་ཀ་འདི་རིགས་ཡུལ་དུས་ཁྱད་པར་ཅན་འདི་འདྲ་ཞིག་ལ་གཞོན་ལྷན་གྱི་བྱེད་ཕོད་པ་དེ་ཧ་སང་དགོས་པ་ཞིག་རེད། མ་འོང་པ་༸གོང་ས་མཆོག་གི་བཀའ་དགོངས་དང་མི་མཐུན་པའི་བྱ་བ་འདི་རིགས་ཡུལ་དུས་ཁྱད་པར་ཅན་འདི་འདྲའི་སྐབས་ཚོགས་སྡེ་ཁག་ནས་ནམ་ཡང་མ་སྤེལ་རོགས་ཞེས་ཞུ་བ་འདོད།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་པ། "



བརྗོད་གཞི་གཞན་ཁག་ལ་གཟིགས།