ཐོག་མའི་གླེང་བརྗོད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། ༄༅། །ཆོས་འབྱུང་ལེགས་བཤད་སྙིང་བསྡུས་བློ་གསར་དགའ་བསྐྱེད་ཅེས་བྱ་བ་བཞུགས་སོ།།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
ཐོག་མའི་གླེང་བརྗོད།    ༄༅། །དེ་ཡང་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྐྱབས་གཅིག་མཐོང་བ་དོན་ལྡན་དོན་གྱི་སླད་དུ་མཚན་ནས་སྨོས་ན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཐབས་མཁས་ཐུགས་རྗེའི་རླབས་ཆེན་གྱི་བཀའ་དྲིན་ཉག་གཅིག་ལས། དེང་ཟླུམ་གཟུགས་གོ་ལའི་ཁྱོན་འདིར་ཐོག་མཐའ་བར་གསུམ་དུ་དགེ་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེར་དད་མོས་ཞུ་མཁན་ཆར་རྗེས་ཀྱི་མྱུ་གུ་ལྟར་འཕེལ་བཞིན་པའི་ཁར། ཡངས་པའི་ཡུལ་གྲུ་ཀུན་ཏུ་རང་རང་གི་བློ་ནུས་དང་བསྟུན་ནས་ནང་ཆོས་ལ་སློབ་གཉེར་མཛད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་ནི་དགའ་འོས་པའི་གནས་ཤིག་ཡིན།

འོན་ཀྱང་དེང་རང་རིགས་ན་གཞོན་རྣམས་ཀྱི་ཁྲོད་བོད་མི་རིགས་ཀྱི་རླབས་ཆེན་མེས་པོ་གོང་མ་ཚོས་བརྒྱུད་སྤྲོད་གནང་བའི་བོད་གངས་ཅན་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང༌། ཡུལ་གོམས་གཤིས་ལུགས། ཡ་རབས་བཟང་སྤྱོད་ཀྱིས་མཚོན་པའི་བོད་པའི་དྲི་བཟང་རིམ་བཞིན་ཉམས་ཞན་དུ་འགྲོ་བཞིན་པའི་གཉན་འཕྲང་ཛ་དྲག་གི་དུས་འདིར། ཆོས་ལུགས་གྲུབ་མཐའ་སྤྱི་དང་ལྷག་པར་ཕན་བདེའི་འབྱུང་གནས་ལུང་རྟོགས་ཀྱི་བསྟན་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་འདིར་ཐོག་མར་སྲོལ་བཟང་གཏོད་པ་པོའི་མཛད་རྣམ་དང༌། གསར་གཏོད་མཛད་དགོས་པའི་རྒྱུ་རྐྱེན། དེའི་གོ་རིམ། སློབ་བརྒྱུད་རིམ་བྱུང་གི་རྣམ་ཐར་དང༌། བསྟན་པ་ལ་བྱ་བ་མཛད་ཚུལ། བཀའ་བསྟན་གྱི་གསུང་རབ་གང་དང་གང་ཞིག་བཞུགས་པ། རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་དང་ཉམས་རྒུད་བྱུང་ཚུལ། རྗེས་འབྲངས་མཁས་གྲུབ་ལོ་པཎ་དང་རྒྱལ་བློན་བྱང་སེམས་སོ་སོའི་ལོ་རྒྱུས་དང་གསུང་རྩོམ་གང་དང་གང་ཡོད་པ་སོགས་མདོར་ན་ཆོས་ལུགས་གྲུབ་མཐའ་སོ་སོ་ཐོག་མར་བྱུང་ཚུལ་དང༌། བར་དུ་གནས་པ།  ཐ་མ་དར་གུད་འཕེལ་གསུམ་གྱི་རིམ་པ་སོགས་ཆོས་འབྱུང་རྣམས་ཟེར་འགྲོས་ཙམ་མིན་པར་ཇི་བཞིན་མཁྱེན་རྟོགས་དགོས་རྒྱུ་གལ་གནད་ཤིན་ཏུ་ཆེ་བར་མཐོང༌།

                དེས་ན་བོད་ཕྲུག་ན་གཞོན་སློབ་གཉེར་བ་རྣམས་ཀྱི་སློབ་སྦྱོང་གི་མཐུན་རྐྱེན་དང༌། སློབ་འཁྲིད་གནང་མཁན་གྱི་དགེ་རྒན་རྣམས་ལ་ཡང་ཕན་གྲོགས་ཀྱིས་ཐུགས་ཕན་གསོས་པའི་རེ་སྨོན་སྙིང་དབུས་སུ་བཅངས་ཏེ་བོད་གངས་ཅན་ལྗོངས་ཀྱི་རིག་པའི་གནས་ཀུན་ཉམས་པ་སོར་ཆུད་དང༌།  མི་ཉམས་གོང་སྤེལ་གྱིས་གཙུག་ལག་རིག་པའི་གཞུང་ལུགས་རྣམས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གོང་འཕེལ། ལྷག་པར་རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་གྱུར་པ་ནང་དོན་རིག་པའི་སྡེ་སྣོད་དང༌། རྒྱལ་བསྟན་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་ལ་ཐོས་བསམ་སློབ་གཉེར་མཛད་འདོད་ཡོད་མཁན་རྣམས་ལ་བལྟ་ཀློག་བདེ་སླད་སོགས་ད་ལྟ་དང་མ་འོངས་པའི་རང་རིགས་སློབ་གཉེར་བ་རྣམས་གཞན་གྱི་རིག་གཞུང་ལ་འགྲམ་ཆུ་ལྡང་མི་དགོས་པར་བོད་མི་རིགས་ཀྱི་ངོམས་སུ་ཆོག་པའི་ཁྱད་ནོར་རྣམས་ངོས་འཛིན་ཐུབ་སྟེ། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རྣམས་ལ་སྙིང་ནས་ཐོས་བསམ་སློབ་གཉེར་མཛད་དེ་དོན་དངོས་ལག་ལེན་གྱི་ཐོག་ནས་བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་གིས་གཙོས་རིག་གཞུང་རྣམས་གཙང་མར་འཛིན་པའི་རང་རིགས་ཤུལ་འཛིན་པ་ཇི་སྲིད་ནམ་གནས་བར་རྒྱུན་གནས་ཡོང་བ་དང༌། བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་ལ་སྤྱོད་པའི་མི་རབས་རྗེས་མའི་བློ་ལྡན་མི་སྣ་གསོ་སྐྱོང་བྱེད་པར་སྨན་ཆེད་དང༌། སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་རྗེས་དྲན། ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གཙོ་གྱུར་གྱི་རང་གི་རིག་གཞུང་མཐའ་དག་མི་ཉམས་དར་རྒྱས་གོང་འཕེལ་གྱི་རྒྱུར་འགྱུར་བ་སོགས་དགོས་པ་རྒྱུ་རྐྱེན་དུ་མའི་ཆེད་དུ་དམིགས།

                ཆོས་འབྱུང་གི་གཞུང་ལུགས་རྙིང་པ་དག་གི་བདེན་པའི་གཞི་རྩ་མ་ཡལ་བ་གཙོ་བོར་བཟུང་ཐོག་གཞུང་ལུགས་རྒྱས་པ་དང༌། དཔེ་རྒྱུན་དཀོན་པའི་རིགས་རྣམས་བལྟ་ཀློག་མི་ནུས་པའི་སློབ་གཉེར་བ་རྣམས་སློབ་སྦྱོང་གནང་བདེའི་དགེ་ཕན་ཡོང་རེ་དང༌། ཡང་སྒོས་འདི་ག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་རིག་གནས་འཛིན་རིམ་ལྔ་པའི་སློབ་གཉེར་བ་རྣམས་ཀྱི་ཆོས་འབྱུང་སློབ་དེབ་ཀྱི་དཀའ་ངལ་སེལ་སླད་སོགས་ཀྱི་དགོས་པ་མང་པོར་དམིགས་ཏེ་ཤེས་ཡོན་གནས་ཚད་དང་གདེང་ཚོད་ཀྱི་སྤོབ་མ་མཆིས་ཀྱང་གྲྭ་ཚང་རིན་པོ་ཆེ་ནས་བོང་བ་གསེར་གཟིགས་ཀྱིས་གུས་རང་བོད་དྲུང་དང་བོད་དགེར་བསྐོ་གཞག་སྩལ་བའི་མིང་རྒྱབ་འཁུར་གྱི་ལས་འགན་བཅས་ཀྱིས་ལྷག་བསམ་དངས་བླངས་ཐོག་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱྀས་མཛད་པའི་ཆོས་འབྱུང་རྒྱས་འབྲིང་བསྡུས་གསུམ་དག་ལས་བསྡུ་བསྒྲིགས་ཀྱིས་ཆོས་འབྱུང་ལེགས་བཤད་སྙིང་བསྡུས་བློ་གསར་དགའ་བསྐྱེད་ཅེས་པ་འདི་ཉིད་རྩོམ་འབྲི་དང་ཕྱོགས་བསྒྲིགས་བགྱིས་ཁུལ་ཡང་ལས་སློབ་དང་ཆོས་དང་ཆོས་མིན་གྱི་སྣ་མང་བྱ་བ་ཆུ་གཉེར་ལྟར་གཅིག་ཐོག་གཉིས་བབས་དང༌། དེ་ཡང་དུས་ཐུང་ནང་མགྱོགས་རྩོམ་བགྱིས་པ་སོགས་འགལ་རྐྱེན་སྣ་ཚོགས་ཀྱི་དབང་ལས་རྒྱ་ཆེའི་ཀློག་པ་པོ་དང༌། སློབ་གཉེར་བ་སོགས་ཀྱི་ཐུགས་འདུན་བསྐོང་ཞིང་རང་བློ་ཁེངས་པ་ཞིག་བྱུང་མེད་སྙམ། ལྷག་པར་རྒྱ་བོད་མཁས་པའི་གཞུང་ལུགས་ལ་མཐོང་རྒྱ་ཆུང་ཞིང༌། ལེགས་བཤད་སྐྱེས་ཀྱིས་ཕོངས་པར་གྱུར་ལ། སྐྱེས་སྟོབས་ཀྱི་ཤེས་རབ་དམན་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་ཞན་པ། གང་ཅིའི་ཐད་ནས་ཤེས་ཚད་དང་མྱོང་གོམས་དམན་སྟབས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་པར་གདོན་མི་ཟ་བས་མཁས་དབང་རྣམས་ཀྱི་མདུན་སར་བཟོད་གསོལ་ཞུ་རྒྱུ་དང༌། ཆོས་སྤྱན་མཆོག་ཏུ་ཡངས་པའི་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་སྐྱོན་བརྗོད་དང༌། སླད་ལེགས་བཅོས་ལ་སྨན་པའི་སློབ་སྟོན་ཐད་ཀར་གནང་ཚེ་དགའ་བསུ་དྭང་ལེན་ཞུ་རྒྱུ་མ་ཟད། པར་ཐེངས་གཉིས་པའི་སྐབས་སུ་དག་བཅོས་བྱས་ཏེ་ཚད་ལྡན་ཞིག་ཡོང་རེ་དང༌།

འདི་ལྟར་ཕྱོགས་བསྒྲིགས་བགྱིས་པའི་རྣམ་དཀར་དགེ་ཚོགས་ཀྱི་མཐུ་ལས་སྤྱིེར་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་རྒྱས་ཡུན་གནས་དང༌། ལྷག་པར་འཛམ་གླིང་ཞི་བདེའི་དེད་དཔོན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། ཡང་སྒོས་བོད་འབངས་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་དགའ་སྟོན་ལ་མྱུར་དུ་སྤྱོད་ཅིང༌། འགྲོ་ཀུན་ཞི་བདེའི་དཔལ་ལ་རྟག་ཏུ་སྤྱོད་པའི་རྒྱུར་གྱུར་བའི་རེ་སྨོན་བཅས་རྣམ་གྲྭའི་དྲུང་ཡིག་དང་བོད་དགེ་གཅིག་ལྕོགས་ཐུབ་བསྟན་ཡར་འཕེལ་པས་བོད་རྒྱལ་ལོ་ ༢༡༣༡ རབ་གནས་ཤིང་སྤྲེལ་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་ ༡༥ དང༌། ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༨ ཚེས་ ༣༠ དགེ་བར།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།