༄༅། །ཆོས་འབྱུང་ལེགས་བཤད་སྙིང་བསྡུས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༤ཉིན།
༄༅། །ཆོས་འབྱུང་ལེགས་བཤད་སྙིང་བསྡུས་ཀྱི་
སྡོམ་ཚིག་དྭངས་གསལ་མེ་ལོང་
ཞེས་བྱ་བ་བཞུགས་
སོ།།

རང་གཞན་དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས། །
འགོག་ལམ་བདེན་གཉིས་སྐྱོབ་པ་དམ་པའི་ཆོས། །
རིག་གྲོལ་ཡོན་ཏན་མཆོག་མངའ་དགེ་འདུན་ཏེ། །
བསླུ་མེད་དཀོན་མཆོག་གསུམ་ལ་གུས་ཕྱག་འཚལ། །

རྒྱལ་བསྟན་འཛིན་སྐྱོང་སྤེལ་ལ་མཆོག་དཔའ་བའི། །
འཕགས་བོད་རྒྱལ་བློན་མཁས་གྲུབ་ལོ་པཎ་དང༌། །
བྱང་སེམས་རིག་པ་འཛིན་པའི་ཚོགས་རྣམས་ཀྱིས། །
བྱང་ཆུབ་མ་ཐོབ་བར་དུ་བདག་ཅག་སྐྱོངས། །
                ༈ བསྟན་པའི་བདག་པོ་མཉམ་མེད་ཤཱཀྱའི་རྒྱལ། །འཇིག་རྟེན་འདིར་བྱོན་མཛད་པ་བཅུ་གཉིས་མཛད། །དགའ་ལྡན་གནས་ནས་འཕོ་དང་ལྷུམས་སུ་བཞུགས། །སྐུ་མཆོག་བལྟམས་ཤིང་གཞོན་ནུའི་རོལ་རྩེད་དང༌། །བཙུན་མོའི་འཁོར་གྱིས་རོལ་དང་རབ་ཏུ་བྱུང༌། །དཀའ་བ་སྤྱད་ནས་བྱང་ཆུབ་སྙིང་པོར་གཤེགས།།བདུད་རྣམས་བཏུལ་ཏེ་མངོན་པར་རྫོགས་སངས་རྒྱས། །ཆོས་འཁོར་བསྐོར་ཞིང་མྱ་ངན་འདའ་ཚུལ་བསྟན། །དེ་དག་ཞིབ་གསལ་ཤེས་བྱ་ཀུན་ཁྱབ་ལས།།

མཆོག་གི་སྤྲུལ་སྐུའི་མཛད་པ་བརྒྱ་ལ་སོགས། །ཐུན་མིན་དོན་ཐོབ་དབང་གིས་ཚད་མེད་ཀྱང༌། །ཐུན་མོང་ལ་གྲགས་མཛད་པ་བཅུ་གཉིས་ཏེ། །དགའ་ལྡན་གནས་སུ་དམ་པ་ཏོག་དཀར་པོས། །ཆོས་སྒོ་བརྒྱ་བསྟན་གཟིགས་པ་རྣམ་ལྔས་འཕོས།།

འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ། །རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས། །ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། །ལུབམི་ནིའ་ཡི་ཚལ་དུ་དོན་གྲུབ་བལྟམས། །ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། །ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། །ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། །བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། །རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། །ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས། །སྲིད་རྩེའི་སྙོམས་འཇུག་མངོན་མཛད་ཆུ་ཀླུང་ངོགས། །ལོ་དྲུག་སྐྱིལ་ཀྲུང་གཅིག་གི་དཀའ་བ་སྤྱད། །འོ་ཐུག་གསོལ་ནས་མཚན་དཔེ་འོད་དུ་འབར། །རྩྭ་ཡི་སྟན་བསྣམས་བྱང་ཆུབ་སྙིང་པོར་གཤེགས། །ཤིན་ཏུ་མི་བཟད་གཡོ་ཅན་བདུད་ཀྱི་སྡེ། །ཉོན་མོངས་དང་བཅས་བྱམས་པའི་མཐུ་ཡིས་བཅོམ། །བསམ་གཏན་བདེན་བཞི་རྟེན་འབྲེལ་རིམ་གཟིགས་ནས། །རྡོ་རྗེ་ལྟ་བུས་མངོན་པར་རྫོགས་བྱང་ཆུབ། །ཚངས་སོགས་གསོལ་བཏབ་ངེས་དང་མ་ངེས་གནས། །དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། །མི་གནས་མྱ་ངན་འདས་པའི་ཚུལ་བསྟན་ཅིང༌། །སྐུ་གདུང་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད། །

                ༈ ཞིང་འདིར་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན། །ལྷ་མིའི་བླ་མས་གདུལ་བྱ་འདུལ་བ་ཡི། །ཆོ་འཕྲུལ་གཙོ་བོ་ཆོས་ཀྱི་འཁོར་ལོ་སྟེ། །རྣམ་གསུམ་རིམ་པ་བཞིན་དུ་བསྐོར་བ་ལས། །ཝཱ་ར་ཎཱ་སིར་ལྔ་སྡེ་ལྷ་ཚོགས་ལ། །ངོ་མཚར་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ནི་ཐེག་དམན་འདུལ་བའི་ཆོས་འཁོར་དང༌། །བྱ་རྒོད་ཕུང་རིར་དགེ་སློང་བྱང་སེམས་ལ། །བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། །ཆོས་འཁོར་བར་པ་ཐེག་ཆེན་ཤེར་ཕྱིན་ཆོས། །ཡངས་པ་ཅན་དུ་ཐེག་པ་ཐམས་ཅད་ལ། །ཞུགས་པའི་བྱང་སེམས་ཚོགས་ལ་ལེགས་ཕྱེ་ཡི༑ ༑ཆོས་འཁོར་བསྐོར་ཞིང་ཐ་མ་ཐེག་ཆེན་གྱི། །མདོ་སྡེའི་ཆོས་ཡིན་ཆོས་འཁོར་རྣམ་གསུམ་མོ། །དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཡིས། །སྟོན་པས་མངོན་སངས་རྒྱས་ཏེ་བདུན་ཕྲག་བདུན། །རྫོགས་མཐར་ཆོས་འཁོར་བསྐོར་ནས་མྱང་འདས་བར། །ཐེག་དམན་འབའ་ཞིག་གསུངས་ཞེས་ཉན་ཐོས་སྨྲ། །ཐེག་ཆེན་པ་རྣམས་འཁོར་ལོ་གསུམ་དུ་བཞེད། །ཆོས་འཁོར་ངོ་བོ་བཀའ་དང་ལམ་བཞུགས་ཀྱི། །རྟོགས་པའི་བསྟན་པས་བསྡུས་པའི་རྣམ་དཀར་ཆོས། །བྱེ་སྨྲས་མཐོང་ལམ་མདོ་སྡེས་མཐོང་སྒོམ་དང༌། །མི་སློབ་ལམ་སྟོན་ཆོས་ཀྱི་རྣམ་གྲངས་བཅས། །ཐེག་ཆེན་ལམ་ལྔ་གསུང་རབ་ཀུན་ལ་འཇོག །ངེས་ཚིག་དྷརྨ་ཙཀྲའི་སྒྲ་ཕྱི་མ། །རྟོགས་པ་འཕོ་དང་ལུང་གི་ཆོས་ཕུང་ཚོགས། །དབྱེ་ན་དང་པོ་བདེན་བཞི་བར་པ་ནི། །མཚན་ཉིད་མེད་དང་ཐ་མ་ལེགས་པར་ཕྱེ། །

                ༈ ལེགས་པར་གསུང་མཛད་ཐུབ་པའི་དབང་པོ་དང༌། །འོད་སྲུང་ཀུན་དགའ་ཤ་ནའི་གོས་ཅན་དང༌། །ཉེར་སྦས་དྷི་དྷི་ཀ་དང་ནག་པོ་དང༌། །ལེགས་མཐོང་ཆེན་པོ་བསྟན་པའི་གཏད་རབས་བདུན།   །ཀུན་ཤེས་ཀཽཌཎི་ན྄་རྟ་ཐུལ་དང༌། །རླངས་པ་མིང་ཆེན་བཟང་ལྡན་ལྔ་སྡེ་ཡིན། །སྡུག་བདེན་ཤེས་བྱ་ཀུན་འབྱུང་སྤང་བྱ་དང༌། །ལམ་བདེན་བསྒོམ་བྱ་འགོག་བདེན་ཐོབ་བྱའོ། །དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཡིས། །བསྟན་པ་འཛམ་གླིང་འདི་རུ་དར་བའི་ཚུལ།།

འཕགས་པའི་ཡུལ་དུ་ཉན་ཐོས་ཐེག་པ་ཆེ། །ཕལ་ཆེར་སྤྱོད་སྐབས་གཉིས་བྱུང་རྒྱལ་བའི་ཚབ། །འོད་སྲུང་ཀུན་དགའ་བོ་དང་ཤ་ནའི་གོས། །ཉེར་སྦས་དྷིའ་ཏི་ཀ་དང་ནག་པོའི་ཞབས། །ལེགས་མཐོང་ཉི་མ་གུང་བསྣན་གཏད་རབས་བརྒྱད། །དགེ་སློང་སེངྒེའི་བར་དུ་བྱུང་བའང་བཤད། །བསྟན་བཅོས་ཐོག་མ་བྱེ་བྲག་བཤད་མཛོད་དར། །

                ༈ བཀའ་ཡི་བསྡུ་བ་ཤེས་བྱ་ཀུན་ཁྱབ་ལས། །སྟོན་པ་འདས་པའི་ཕྱི་ལོར་ལྷ་རྣམས་ཀྱིས། །འཕྱ་བ་སེལ་དང་བསྟན་པ་ཡུན་གནས་ཕྱིར། །ན་གྲོ་དྷ་ཡི་ཕུག་ཏུ་དགྲ་བཅོམ་པ། །ལྔ་བརྒྱ་འདུས་ཏེ་ཀུན་དགའ་ཉེ་བར་འཁོར། །འོད་སྲུང་གསུམ་གྱིས་མདོ་འདུལ་མངོན་པ་བསྡུས། །ཞེས་གསུངས་དེ་ཡང་མྱང་འདས་ཕྱི་ལོའི་དབྱར། །རྒྱལ་པོའི་ཁབ་ཏུ་རྒྱལ་པོ་མ་སྐྱེས་དགྲས། །སྦྱིན་བདག་མཛད་ནས་འོད་སྲུང་ཆེན་པོས་དབུས། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་སྣམ་སྦྱར་སྟེང༌།།

ཀུན་དགའ་བོ་ཡིས་མདོ་སྡེའི་སྡེ་སྣོད་བསྡུས། །ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་བསྡུས། །འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས། །སྡེ་སྣོད་གསུམ་བསྡུས་བཀའ་བསྡུ་དང་པོ་མཛད། །

                ༈ བཀའ་བསྡུ་གཉིས་པ་སྟོན་པ་མྱ་ངན་ལས། །འདས་ཏེ་ལོ་ངོ་བརྒྱ་དང་བཅུ་ཡི་མཚམས། །ཡངས་པ་ཅན་དུ་ཆོས་རྒྱལ་ཨ་ཤོ་ཀས། །སྦྱིན་བདག་མཛད་དེ་དགྲ་བཅོམ་གྲགས་པ་སོགས། །དགྲ་བཅོམ་མདུན་བརྒྱས་རུང་བ་མ་ཡིན་པའི། །གཞི་བཅུ་བསལ་ཕྱིར་ཆོས་མིན་སུན་ཕྱུང་སྟེ། །སྡེ་སྣོད་གསུམ་པོ་ཚར་གཅིག་བཏོན་པ་དང༌། །བཀྲ་ཤིས་གསོ་སྦྱོང་མཛད་དེ་བཀའ་བསྡུ་མཛད། །གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཡིས། །སྟོན་པ་གཤེགས་ནས་བརྒྱ་དང་བཅུ་ལོན་ཚེ༑ ༑རུང་བ་མིན་པའི་གཞི་བཅུ་སུན་དབྱུང་ཕྱིར། །གྲགས་པ་ལ་སོགས་དགྲ་བཅོམ་བདུན་བརྒྱ་ནི། །ཀུསྨ་པུ་རིའི་གཙུག་ལག་ཁང་དུ་འདུས། །བདུན་བརྒྱས་ཡང་དག་བརྗོད་པ་ཞེས་བྱ་བ།  །ཆ་ཤས་བསྡུ་བར་མཛད་ཅེས་གསུངས་པས་སོ༑༑

                ༈ བཀའ་བསྡུ་གསུམ་པ་སྟོན་པ་མྱང་འདས་རྗེས། །ལོ་ངོ་བཞི་བརྒྱ་སོང་མཚམས་ཁ་ཆེའི་ཡུལ། །ཛ་ལནྡྷ་ར་ཞེས་པའི་དགོན་གནས་སུ། །རྒྱལ་པོ་ཀརྣི་ཀ་ཡིས་རྒྱུ་སྦྱར་གྱིས། །པུ་རྣི་ཀ་སོགས་དགྲ་བཅོམ་ལྔ་བརྒྱ་དང༌། །བྱང་སེམས་པཌཎི་ཏ་དང་སྡེ་སྣོད་འཛིན། །ལྔ་བརྒྱ་དགེ་འདུན་ཆིག་ཁྲི་བདུན་སྟོང་གིས། །ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་ཁུངས་མཛད་དེ།  །སྡེ་པ་བཅོ་བརྒྱད་ཐམས་ཅད་འདུམས་མཛད་ཅིང༌། །འདུལ་ཚོགས་ཡི་གེ་བཀོད་དང་མདོ་སྡེ་དང༌། །མངོན་པ་དེ་སྔ་ཡི་གེར་མ་འཁོད་རིགས། །ཡི་གེར་བཀོད་ནས་བཀའ་བསྡུ་བྱས་སོ་ཞེས། །གྲགས་པ་ཇི་བཞིན་ཤེས་བྱ་ཀུན་ཁྱབ་ལས། །དགེ་སློང་མ་ཧཱ་དེ་བ་སློབ་མར་བཅས། །གཞི་ལྔ་བསྒྲགས་པས་རྩ་བའི་སྡེ་བཞི་དང༌། །དེ་ལས་གྱེས་པ་བཅོ་བརྒྱད་ཉིད་དུ་གྱུར།།

རྩིབས་ལོགས་ལ་སོགས་དགྲ་བཅོམ་ལྔ་བརྒྱ་དང༌། །བཙུན་པ་བཞི་བརྒྱ་རྒྱལ་པོ་ཀ་ནི་ཀྵས། །སྤྱན་དྲངས་གྱེས་པ་བཀར་བསྒྲུབས་སྡེ་སྣོད་གསུམ། །ཡི་གེ་བཀོད་དེ་བཀའ་བསྡུ་གསུམ་པ་མཛད།  །ཅེས་གསུངས་བཀའ་བསྡུ་མཛད་ཚུལ་དེ་ལྟར་རོ༑༑

                ༈ མཚུངས་མེད་སྟོན་པ་མྱ་ངན་འདས་པའི་རྗེས། །ཉན་ཐོས་སྡེ་པས་ཐེག་ཆེན་བཀའ་མིན་ཞེས། །ལོག་པར་བཟུང་དང་ཉན་ཐོས་ནང་ཁུལ་དུ། །རྩོད་པར་གྱུར་ནས་ཕྱོགས་དང་ཕྱོགས་སུ་གྱེས། །ནཱ་ལེདྲན་ཡི་གཌཎི་བརྡུང་བའི་སྒྲ། །ཕཊ་ཊཱ་ཡ་ལ་མུ་སྟེགས་ངན་པ་རྣམས། །ཀླད་པ་འགེམས་ཞེས་གོ་ནས་མུ་སྟེགས་པས།།

ནང་པར་དམག་དྲངས་རབ་ཏུ་བྱུང་བ་བསད། །གཙུག་ལག་ཁང་བསྲེགས་སྟོན་པའི་བསྟན་པ་འགྲིབ། །བསྟན་དགྲ་དང་པོ་བྱུང་ཞིང་ཉམས་དམས་པ། །ཆོས་རྒྱལ་བྲམ་ཟེ་བཀའ་དྲིན་ཅན་རྣམས་ཀྱིས། །དགེ་འདུན་སྡེ་བཙུགས་གུས་པས་མཆོད་པ་དང༌། །སྔར་གྱི་མཆོད་གཞི་ཉམས་པ་ཐམས་ཅད་གསོས། །

                ༈ བསྟན་དགྲ་གཉིས་པ་དྷརྨ་ཙདྲན་དང༌། །སྟག་གཟིག་རྒྱལ་པོ་འཁྲུག་དང་འདུམ་པ་མང༌། །སྐབས་ཤིག་དེ་གཉིས་མཐུན་པའི་སྐྱེས་སྐུར་བ། །སྟབས་མ་ལེགས་པས་སྟག་གཟིག་རྒྱལ་པོའི་བློར། །ངན་སྔགས་བྱས་སམ་སྙམ་སྟེ་དུརུ་ཀྵའི། །དམག་གིས་མ་ག་དྷ་ཡི་ཡུལ་ཀུན་བཅོམ། །གཙུག་ལག་ཁང་བཤིག་རབ་བྱུང་ཐག་རིང་བྲོས། །ནཱལེདྲནར་ཡང་གནོད་པ་ཚབས་ཆེན་བྱུང༌། །ནུབ་དང་དབུས་ཕྱོགས་རྒྱལ་ཕྲན་གཙོ་ཆེ་རྣམས། །ནོར་གྱིས་མགུ་བར་བྱས་ཏེ་དམག་འཐབ་སྟེ།།

ཕ་རོལ་ཕམ་པས་ལྷ་ཁང་ཉམས་པ་གསོས། །དགེ་འདུན་སྤྱན་དྲངས་ཆོས་གཞི་བརྒྱ་ཕྲག་བཙུགས། །བསྟན་པ་ཉམས་པ་ཤིན་ཏུ་གསོས་པར་མཛད། །

                ༈ བསྟན་དགྲ་གསུམ་པ་ནཱལེདྲན་ཡི་བློན། །ཀ་ཀུ་ཏ་ཡིས་ལྷ་ཁང་བཞེངས་སྟོན་སྐབས། །མུ་སྟེགས་སློང་མོར་ཡོང་བས་དགེ་ཚུལ་འགས། །ཁྲུས་ཆུ་གཏོར་སོགས་ཅུང་ཟད་བརྙས་པས་ཁྲོས། །གཅིག་གིས་འཚོ་བ་སྦྱར་ཞིང་ཅིག་ཤོས་ཀྱིས།།

ལོ་ངོ་བཅུ་གཉིས་ཉི་མ་བསྒྲུབས་པས་འགྲུབ། །སྦྱིན་སྲེག་ཐལ་བར་སྔགས་བཟླས་གཏོར་ཙམ་གྱིས། །མེ་ལྕེ་རང་འབར་བྱུང་བས་ནང་པ་ཡི། །ཆོས་གཞི་ལྷ་ཁང་གསུང་རབ་ཐམས་ཅད་བསྲེགས། །ཕྱོགས་སུ་གནས་པའི་དགེ་སློང་མང་འདུས་ཏེ༑ ༑གསུང་རབ་བློ་ལ་ཡོད་པ་ཡི་གེར་ཕབ། །རྒྱལ་པོ་སངས་རྒྱས་སོགས་ཀྱིས་ཉམས་གསོ་མཛད། །

                ༈ འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ནི། །ཀླུ་སྒྲུབ་འཕགས་པ་ལྷ་དང་ཐོགས་མེད་ཞབས། །དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས་པའི་དཔལ།།

སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད། །གཞན་ཡང་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད། །ཟླ་བ་གྲགས་དང་ཞི་འཚོ་ཞི་བ་ལྷ། །པདྨའི་ངང་ཚུལ་འཕགས་པ་རྣམ་གྲོལ་སྡེ། །སེངྒེ་བཟང་དང་དཔལ་ལྡན་ཨ་ཏི་ཤ །ནཱ་ལེདྲན་ཡི་མཁས་པ་སྒོ་དྲུག་སོགས། །ལོ་པཎ་མཁས་གྲུབ་རྒྱལ་བློན་བྱང་སེམས་ཀྱིས། །མདོ་སྔགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས། །ཉི་ལྟར་གསལ་མཛད་རྣམ་ཐར་དཔག་པར་དཀའ། །

                ༈ ནཱ་ལེདྲན་ཡི་སྒོ་སྲུང་རྣམ་བཞི་དང༌། །ཀ་ཆེན་གཉིས་སྟེ་མཁས་པ་སྒོ་དྲུག་ནི། །ཤར་སྒོ་སྲུང་བ་རིན་འབྱུང་ཞི་བ་དང༌། ལྷོ་སྒོ་སྲུང་བ་ཤེར་འབྱུང་བློ་གྲོས་ཞབས། །ནུབ་སྒོར་ངག་གི་དབང་ཕྱུག་གྲགས་པ་དང༌། །བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ། །དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིགས། །རིན་ཆེན་རྡོ་རྗེ་ཀ་ཆེན་གཉིས་པ་ནི། །ཉཱཛ་ན་ཤྲིའ་མི་ཏྲ་ལ་སོགས་པ། །ནང་པའི་རྒྱལ་པོ་ཙ་ན་ཀ་ཡི་དུས། །མུ་སྟེག་རྒོལ་ངན་ཆོ་འཕྲུལ་དམག་ལ་སོགས། །བཟློག་ཕྱིར་སྒོ་སྲུང་དག་ཏུ་བསྐོ་བཞག་མཛད། །

                ༈ གཞུང་ཆེན་བཀའ་པོད་ལྔ་ནི་ཚད་མ་དང༌། །ཕར་ཕྱིན་དབུ་མ་མཛོད་དང་འདུལ་བ་བཅས། །བཀའ་པོད་ལྔ་ནི་སྡེ་སྣོད་གསུམ་གྱི་སྡོམ། །དེ་ཡང་ཚད་མ་དབུ་མ་མཛོད་གསུམ་ནི། །མངོན་པའི་སྡེ་སྣོད་སྡོམ་ཡིན་ཕར་ཕྱིན་ནི། །མདོ་སྡེའི་སྡེ་སྣོད་སྡོམ་དང་འདུལ་བ་ནི། །ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་སྡོམ་ཡིན། དབུ་ཚད་གཉིས་ཀྱིས་ལྟ་བ་གཙོ་བོར་སྟོན། །ཐེག་ཆེན་སྤྱོད་པ་ཕ་རོལ་ཕྱིན་པས་འཆད། །མཛོད་ཀྱིས་ཐེག་དམན་ལྟ་སྤྱོད་གཉིས་ཀ་བསྟན། །ཐེག་པ་གཉིས་ཀའི་ཁྲིམས་ནི་འདུལ་བས་འཆད། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ལས། །ཀླུ་སྒྲུབ་ཡབ་སྲས་གཞུང་ནི་དབུ་མ་དང༌། །མངོན་པ་གོང་འོག་ཐོགས་མེད་སྐུ་མཆེད་གཉིས། །ཕྱོགས་གླང་ཆོས་གྲགས་གཉིས་ཀྱི་ཚད་མའི་གཞུང༌། །

ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་དང༌། །ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་བརྩམས། །ཕར་ཕྱིན་བྱམས་པའི་བྱམས་ཆོས་སྡེ་ལྔ་དང༌། །ཐོགས་མེད་ཞབས་ཀྱི་ས་སྡེ་རྣམ་ལྔ་མཛད།  །དབུ་མ་ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་དྲུག །ཨརྱ་དེ་ཝས་དབུ་མ་བཞི་བརྒྱ་བརྩམས།  །མངོན་པའི་གཞུང་ནི་མངོན་པ་སྡེ་བདུན་སོགས། །བཀའ་བསྟན་ལ་སོགས་བརྩམས་པའི་གཞུང་ལུགས་མང༌། །འདུལ་བའི་གཞུང་ནི་རྩ་མདོ་བཤད་མདོ་དང༌། །ཚིག་འགྲེལ་དོན་འགྲེལ་ལ་སོགས་རྣམ་གྲངས་མང༌། །

                ༈ གཞན་དོན་ཁུར་དང་བསམ་རྒྱ་ཆེ་ཆུང་གི །ཐེག་པ་གཉིས་སམ་གསུམ་དུ་དབྱེ་བ་དང༌། །རང་གཞན་དོན་གྱི་ཁུར་ཆེན་ལྡན་རྣམས་ལ། །ཐེག་པ་ཆེ་དང་རང་དོན་འབའ་ཞིག་གི །དོན་ཕྱིར་ལམ་ལ་བརྩོན་རྣམས་ཐེག་དམན་ནོ། །ལམ་གྱི་དམིགས་པ་གཞི་རྒྱ་ཆེ་ཆུང་གི །དབང་ལས་ཉན་རང་བྱང་སེམས་གསུམ་དུ་དབྱེ། །ཉན་ཐོས་ཐེག་པའི་འཇུག་སྒོ་སོ་ཐར་གྱི། །རིགས་བདུན་ཚུལ་ཁྲིམས་མ་ཉམས་སྲུང་བ་དང༌། །ལྟ་བ་ཕུང་ལྔས་བསྡུས་པའི་ཆོས་རྣམས་ཀུན། །གང་ཟག་བདག་གིས་སྟོང་པར་ཤེས་ན་ཡང༌།  །ཆོས་བདག་ཕྲ་མོ་གཉིས་ཀ་བདེན་པར་འདོད། །ཉན་རང་ཐེག་པའི་འཇུག་སྒོ་གོང་དང་འདྲ། །ལྟ་བ་གང་ཟག་བདག་མེད་རྟོགས་པའི་སྟེང༌། །གཟུང་བ་རང་བཞིན་མེད་པར་ཕྱེད་གཉིས་རྟོགས། །སྒོམ་པ་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ། །བསྒོམ་ཞིང་སྤྱོད་པ་ཉན་ཐོས་ཐེག་དང་མཚུངས། །འབྲས་བུ་བསེ་རུ་ཚངས་སྤྱོད་དགྲ་བཅོམ་ཐོབ། །ཐེག་པ་ཆེ་ནི་མདོ་སྡེ་རྒྱན་ཉིད་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་འགྱུར་བ་དང༌། །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་ཉིད་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་དང་འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། དེ་ཡི་རྒྱུ་འབྲས་རབ་ཏུ་དབྱེ་བ་དང༌།  །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་དང་ཐེག་པ་ཆེ་ལ་རྒྱུ་ཡི་ནི། །ཕར་ཕྱིན་ཐེག་དང་འབྲས་བུ་གསང་སྔགས་ཀྱི། །རྡོ་རྗེ་ཐེག་སྟེ་རྣམ་པ་གཉིས་སུ་ཡོད། །

                ༈ རྒྱུད་སྡེ་བཞི་ནི་བྱ་རྒྱུད་སྤྱོད་རྒྱུད་དང༌། །རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་རྒྱུད། །འདི་བཞི་བརྗོད་དོན་མཆོག་དམན་དབང་གིས་དབྱེ། །ཕྱི་ཡི་ཀུན་སྤྱོད་ནང་གི་རྣལ་འབྱོར་ལས། །རྒྱུད་སྡེ་བཞི་ཡི་མིང་འདོགས་དེ་ལྟར་མཛད། །གདུལ་བྱ་དམན་འབྲིང་མཆོག་དང་ཆེས་མཆོག་བཞི། །ཡང་ན་འདོད་ཆགས་ཞེ་སྡང་གཏི་མུག་དང༌། །མ་ངེས་པ་ཡི་གྲུབ་མཐའ་འཛིན་པ་རྣམས། །གཞུག་ཕྱིར་རྒྱུད་སྡེ་རྣམ་བཞི་གསུངས་པར་གྲགས། །

                ༈ མུ་སྟེགས་བོན་དང་ནང་པའི་གྲུབ་མཐའ་དང༌། །ནང་གསེས་བྱེ་མདོ་དབུ་སེམས་རྣམ་བཞི་དང༌། །ས་དགེ་བཀའ་རྙིང་ཞི་བྱེད་ཇོ་ནང་པ། །ལ་སོགས་གྲུབ་མཐའི་བྱུང་བ་བརྗོད་པ་ལས། །

                ༈ གནའ་དུས་བྲམ་ཟེ་སེར་སྐྱ་མཆོད་འོས་གཉིས། །གཞུང་མང་བརྩམས་ནས་མུ་སྟེགས་སྲོལ་ལུགས་དར། །བདག་རྟག་གཏན་ཚིགས་དུ་མས་འཐད་པ་བསྒྲུབས། །དེ་ཉིད་བཅིངས་གྲོལ་ཀུན་གྱི་གཞི་རུ་འཇོག །

                ༈ ཕྱུགས་བསད་ཤ་ཁྲག་ལྷ་གཉན་གསོལ་མཆོད་དེ། །གནོད་བྱེད་གདོན་བགེགས་འགོང་པོ་དམ་ལ་བཏགས། །ལུས་ཅན་ཡེ་གཤེན་ཏེ་ཐལ་ལམ་སྟོན་མཁན། །ཐེག་པ་རིམ་དགུ་སྲོལ་གཏོད་མི་བོ་ཆེ། །

                ༈ མངོན་པ་སྡེ་བདུན་རྒྱལ་བའི་བཀའ་མིན་ན། །སྡེ་སྣོད་གསུམ་པོ་བཀའ་ལ་ཚང་མི་འགྱུར། །བདག་ལྟའི་ཞེན་ཡུལ་རིགས་པས་ལེགས་པར་བཀག།

དུས་གསུམ་རྫས་ཀྱི་བྱེ་བྲག་སྨྲ་བའོ། །

                ༈ དངོས་པོ་རང་མཚན་དོན་དམ་དོན་བྱེད་ནུས། །སྤྱི་མཚན་དངོས་མེད་རྟོག་པས་བཏགས་པ་ཙམ།  །བདེན་གཉིས་གཞི་གཅིག་སྟེང་དུ་འདུ་རུང་ཞིང༌། །མདོ་སྡེ་རྗེས་སུ་འབྲངས་པས་དཔེ་སྟོན་པ། །

                ༈ མདོ་སྡེ་དགོངས་འགྲེལ་ངེས་དོན་མདོར་ཞལ་བཞེས། །ཕྱི་དོན་བདེན་གྲུབ་གཏན་ཚིགས་དུ་མས་བཀག །ཆོས་ཀུན་མཚན་ཉིད་གསུམ་གྱིས་གཏན་ལ་འབེབས། །ཁམས་གསུམ་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ། །

                ༈ འཁོར་ལོ་བར་པའི་རྗེས་འབྲངས་ཆོས་རྣམས་ཀུན། །རང་མཚན་གྲུབ་པས་སྟོང་ཞིང་ཐ་དད་དུ། །རྟེན་ཅིང་འབྲེལ་འབྱུང་བསླུ་མེད་རྒྱུ་འབྲས་འཐད།།

རྟག་ཆད་མཐའ་ལས་འདས་པས་དབུ་མ་པ། །

                ༈ རྒྱལ་བློན་འཕྲུལ་གྱི་བློ་གྲོས་ཤིང་རྟའི་སྟེང༌། །ཐུབ་བསྟན་རྟ་བདུན་དབང་པོ་ཞིང་འདིར་དྲངས། །འགྲོ་ཁམས་པདྨ་རྒྱས་གྱུར་གངས་ཅན་མཚོར། །རྒྱལ་དང་རྒྱལ་སྲས་ངང་པའི་ཚོགས་རྣམས་འདུས། །

                ༈ ཁྲི་སྲོང་ལྡེའུ་བཙན་རྒྱལ་བློན་དད་པའི་སྣེས། །འཛམ་གླིང་གྲགས་པའི་སྔགས་མཆོག་པདྨ་འབྱུང༌། །བོད་དུ་དྲངས་ཏེ་བར་ཆད་ཀུན་བསལ་ནས། །

རྫོགས་ཆེན་ཉི་མ་ལྗོངས་འདིར་དང་པོ་ཤར། །

                ༈ མཁན་ཆེན་ཞི་འཚོས་ལྟ་བ་བརྟན་པོར་བཙུགས། །གོ་བ་གནད་དུ་མ་སོང་བོད་འབངས་རྣམས། །ཧ་ཤང་མཧཱ་ཡ་ནའི་རྗེས་འབྲངས་མང༌། །མཁན་ཆེན་བཀའ་བཞིན་པདྨའི་ངང་ཚུལ་གྱིས། །ལུགས་ངན་བཀག་སྟེ་སྒོམ་རིམ་རྣམ་གསུམ་མཛད། །

                ༈ བཙན་པོ་དར་མས་རྒྱལ་བསྟན་རྨང་ནས་བཤིགས། །སྟོད་སྨད་གཉིས་ནས་སླར་བསྟན་མེ་རོ་གསོས། །མཚན་མཐར་སྐྱ་རེངས་སྤྲོ་དགས་བསུ་བ་ཞུས།།

                ༈ མདོ་སྔགས་ཚ་གྲང་ལྟར་སོང་ཆོས་ལོག་མཁན། །བསླད་མང་བཅུག་ནས་རང་འདོད་སྤེལ་བའི་ཆོས། །ལྷ་བླ་ཁུ་དབོན་ཟུང་གིས་ཇོ་བོ་རྗེ། །གདན་དྲངས་ལོག་ཆོས་བསྣུབས་ཏེ་ཕྱི་དར་བཏོད། །

                ༈ ཇོ་བོའི་ལུང་གིས་ཟིན་པའི་ས་མཆོག་སྟེང༌། །དཀོན་མཆོག་རྒྱལ་པོས་གཙུག་ལག་ཁང་བཞེངས་ནས། །རིམ་གྱིས་འཕེལ་བའི་གསུང་ངག་ལམ་འབྲས་སྲོལ། །དར་ཏེ་ཕྱོགས་ཀྱི་བུ་མོའི་རྣ་བར་བརྒྱན། །

                ༈ མར་པ་ཆོས་ཀྱི་བློ་གྲོས་དཀའ་སྤྱད་བརྒྱུད། །བཀའ་བབས་བཞི་ཡི་གདམས་པ་བོད་དུ་དྲངས། །མི་ལའི་སྙིང་རུས་འབྲས་བུ་གཡུར་དུ་ཟ། །དྭགས་པོ་ལྷ་རྗེས་ས་བོན་ཕྱོགས་ཀུན་བཏབ། །

                ༈ ཤེར་ཕྱིན་མན་ངག་དམ་པ་སངས་རྒྱས་ཀྱིས། །སྡུག་བསྔལ་ཞི་བྱེད་གདམས་ངག་གཞུང་ལུགས་ལས། །ཞི་བྱེད་པ་ཞེས་བྱེ་བྲག་གཅོད་ཀྱི་སྲོལ། །མ་གཅིག་ལབ་ཀྱིས་ཕྱོགས་ཀུན་རྒྱས་པར་མཛད། །

                ༈ ཀུན་རྫོབ་ཆད་སྟོང་དོན་དམ་གཞན་སྟོང་ཆེན། །རྒྱལ་བའི་མདོ་ཡི་དགོངས་པ་མཐར་ཐུག་བཀྲལ། །དེ་ཉིད་དུས་འཁོར་སྦྱོར་དྲུག་སྦྱར་ནས་བསྒོམས།།

ཀུན་མཁྱེན་དོལ་བུ་པ་ཡིས་སྲོལ་ཕྱེའི་ལམ། །

                ༈ སྟོང་དང་རྟེན་འབྱུང་གཅིག་གྲོགས་གཅིག་ཤར་བ།  །རྒྱལ་བའི་དགོངས་པ་བླ་ན་མེད་པར་བཀྲལ། །སྣང་སྟོང་ཉེ་རིང་མེད་པར་གཙིགས་སུ་བྱས།།

ཀུན་མཁྱེན་རྒྱལ་བ་གཉིས་པ་སྲིད་ན་རྒྱལ། །

                ༈ གཞན་ཡང་རྙིང་མ་ས་དགེ་ཇོ་ནང་པ། །ཤངས་པ་འབྲི་གུང་པ་དང་ཀརྨ་པ། །བུ་ལུགས་བཀའ་གདམས་རྫོགས་ཆེན་ཕྱག་ཆེན་པ། །ཞི་བྱེད་བོད་ཀྱི་གྲུབ་མཐའ་བཅུ་གཉིས་རྣམས། །གངས་ཅན་ལྗོངས་སུ་དབྱར་མཚོ་བཞིན་དུ་འཕེལ།།

དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། །མཐོ་བོད་གངས་ཅན་ལྗོངས་སུ་བྱུང་བ་ཡི། །གྲུབ་མཐའི་འབྱུང་ཁུངས་མདོ་ཙམ་བརྗོད་པ་ལས། །

                ༈ ཕྱག་ན་པདྨའི་འདུལ་ཞིང་བོད་ཡུལ་འདིར། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ། །རྒྱལ་བསྟན་ཉི་མ་ཤར་ལ་སྔར་དར་ཟེར། །གང་ཚེ་གླང་དར་བསྟན་པ་བསྣུབས་པ་ན། །མདོ་ཁམས་སྨད་ནས་བླ་ཆེན་བཟང་པོ་ཡིས། །རྒྱལ་བསྟན་རྩ་བ་འདུལ་བའི་སྡོམ་རྒྱུན་སྤེལ། །རྒྱལ་བསྟན་མེ་རོ་བསོས་པས་ཕྱི་དར་རོ༑ ༑

                ༈ སྨྲི་ཏེ་ཡན་ཆད་བསྒྱུར་བ་རྙིང་རྒྱུད་དང༌། །གསར་མ་ལོ་ཆེན་བཟང་པོ་སོགས་ནས་བཟུང༌། །མདོ་ལ་གསར་རྙིང་ཁྱད་པར་མི་འབྱུང་བས། །གསང་སྔགས་དར་ཚུལ་སྒོ་ནས་གཉིས་སུ་དབྱེ། །

                ༈ རྒྱལ་བའི་གསུང་རབ་ཐམས་ཅད་གདམས་ངག་ཏུ། །ཤར་ལ་བཀའ་གདམས་པ་ཞེས་གྲགས་པ་སྟེ། །དཔལ་ལྡན་ཨ་ཏི་ཤ་ཡི་སྲོལ་ལུགས་མཆོག །སྟོན་པས་སྲོལ་ཕྱེ་སྐུ་མཆེད་གསུམ་གྱིས་སྤེལ། །བཀའ་བརྒྱུད་ས་སྐྱ་དགེ་ལྡན་ལུགས་སྲོལ་ཡང༌། །ཇོ་བོ་ཆེན་པོའི་འཕྲིན་ལས་འདི་ལ་བརྟེན། །

                ༈ བཀའ་བབས་གདམས་པའི་བརྒྱུད་པ་འཛིན་པ་ལས། །བཀའ་བརྒྱུད་ཅེས་གྲགས་དེ་ལ་ཤངས་དྭགས་གཉིས། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་གྱིས། །གཡས་རུ་ཤངས་སུ་དགོན་པ་བརྒྱ་རྩ་བཏབ། །ཚོགས་པ་བསྐྱངས་པར་དེ་ཡི་རྒྱུད་འཛིན་ལ། །ཤངས་པ་བཀའ་བརྒྱུད་ཅེས་སུ་གྲགས་པ་ཡིན། །

                ༈ རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་ཡི། །ཐུགས་སྲས་མཉམ་མེད་དྭགས་པོ་རིན་པོ་ཆེས། །དྭགས་ལྷ་སྒམ་པོ་བཏབ་ནས་ཆོས་བརྒྱུད་སྤེལ། །རྗེས་འབྲང་དག་ལ་དྭགས་པོ་བཀའ་བརྒྱུད་ཟེར། །

                ༈ དེ་ལ་ཀརྨ་པ་དང་ཕག་གྲུ་དང༌། །ཚལ་པ་འབྲི་གུང་འབྲུག་པ་སྟག་ལུང་དང༌། །འབའ་རམ་གཡའ་བཟང་ཁྲོ་ཕུའི་བཀའ་བརྒྱུད་སོགས། །ནང་གསེས་སྒོ་ནས་དབྱེ་བ་མང་ཙམ་བྱུང༌། །

                ༈ དྭགས་པོའི་དངོས་སློབ་ཁམས་པ་དབུ་སེའམ། །དུས་གསུམ་མཁྱེན་པས་ཀརྨ་ལྷ་སྡིང་གི །དགོན་པ་བཏབ་པར་ཀརྨ་པ་ཞེས་གྲགས། །

                ༈ དེ་ཡི་སྐྱེ་བརྒྱུད་ཀརྨ་པཀྵི་ལ། །ཧོར་རྒྱལ་ལས་བཀའི་ཞྭ་ནག་ཕུལ་བ་ལས། །དེ་ཕྱིར་ཞྭ་ནག་ཅན་དུ་གྲགས་པ་དང༌། །དེ་བཞིན་བརྒྱུད་འཛིན་རྟོགས་ལྡན་གྲགས་སེང་ལ། །ཞྭ་དམར་བྱུང་བས་ཞྭ་དམར་པ་ཞེས་བཏགས། །

                ༈ ཕག་མོ་གྲུབ་པའི་བཀའ་བརྒྱུད་ཅེས་པ་ནི། །དྭགས་པོའི་སྲས་མཆོག་རྡོ་རྗེ་རྒྱལ་པོ་ཡིས། །ཕག་མོ་གྲུ་རུ་གདན་ས་མཛད་པ་ལ། །ཕག་གྲུ་བཀའ་བརྒྱུད་ཅེས་པ་དེ་ཡི་སྲོལ། །དྭགས་པོའི་སློབ་མ་ཚུལ་ཁྲིམས་སྙིང་པོའི་སྲས། །བླ་མ་ཞང་ངམ་འགྲོ་མགོན་གཡུ་བྲག་པས། །སྐྱིད་ཤོད་ཚལ་གུང་ཐང་དུ་གཙུག་ལག་བཞེངས།།

བརྒྱུད་འཛིན་རྣམས་ལ་ཞང་ཚལ་པ་ཞེས་གྲགས། །

                ༈ འགྲོ་མགོན་ཕག་མོ་གྲུ་པས་རྗེས་བཟུང་བ། །སྐྱུ་ར་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིས། །འབྲི་གུང་དགོན་པ་བཏབ་ནས་རྗེས་འབྲང་ལ། །གདན་སའི་མིང་གིས་འབྲི་གུང་པ་ཞེས་བཏགས། །

                ༈ དེ་བཞིན་ཕག་གྲུའི་སློབ་མ་གླིང་རས་པའི། །ཐུགས་སྲས་ཆོས་རྗེ་གཙང་པ་རྒྱ་རས་ཀྱིས། །དགོན་པ་བཏབ་དུས་འབྲུག་སྒྲ་གྲགས་པ་ལས། །འབྲུག་ཅེས་བཏགས་པས་འབྲུག་པའི་ཆོས་ལུགས་འབྱུང༌། །

                ༈ སྟག་ལུང་བཀའ་བརྒྱུད་ཅེས་པའི་ལུགས་སྲོལ་ཡང༌། །ཕག་མོ་གྲུ་པའི་ཉེ་གནས་བཀྲ་ཤིས་དཔལ། །སྟག་ལུང་ཞེས་བྱར་དགོན་པ་བཏབ་པ་ལས། །སྟག་ལུང་ཐང་པར་གྲགས་པ་དེ་ལས་མཆེད། །

                ༈ བཀའ་བརྒྱུད་སྲོལ་འབྱེད་མཉམ་མེད་སྒམ་པོ་བས། །རྗེས་བཟུང་རྟོགས་ལྡན་དར་མ་དབང་ཕྱུག་གིས། །འབའ་རོམ་དགོན་པ་བཏབ་སྟེ་སློབ་མ་བསྐྱངས། །བརྒྱུད་འཛིན་དག་ལ་འབའ་རོམ་བཀའ་བརྒྱུད་ཟེར། །

                ༈ དེ་བཞིན་གཡའ་བཟང་བཀའ་བརྒྱུད་ཅེས་པ་ཡང༌། །ཕག་གྲུའི་སློབ་མ་སྐལ་ལྡན་སེངྒེའི་སྲས། །གཡའ་བཟང་ཆོས་རྗེར་གྲགས་པའི་བརྒྱུད་འཛིན་རྣམས།།

རིམ་པར་བྱོན་ལ་དེ་ལྟར་བཏགས་པའོ། །

                ༈ གཞན་ཡང་ཕག་གྲུའི་སློབ་མ་རྒྱལ་ཚ་དང༌། །ཀུན་ལྡན་རས་པ་སྐུ་མཆེད་རྣམ་གཉིས་ཀྱི། །དབོན་པོ་ཁྲོ་ལོ་བྱམས་པ་དཔལ་བ་ལས། །རིམ་པར་བརྒྱུད་པ་ཁྲོ་ཕུ་བཀའ་བརྒྱུད་དོ། །ཞེས་གསུངས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དར། །

                ༈ ཤེར་ཕྱིན་ཉམས་སུ་ལེན་པས་སྲིད་ཞི་ཡི། །སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་ན། །ཞི་བྱེད་ཅེས་གྲགས་དམ་པ་སངས་རྒྱས་སྲོལ། །སྔ་ཕྱི་བར་གྱི་བརྒྱུད་པ་རྣམ་གསུམ་བྱུང༌། །ཤེར་ཕྱིན་སྔགས་དང་འབྲེལ་བའི་ཐབས་ཤེས་ཀྱིས།།

གཅེས་འཛིན་འཁོར་བའི་རྩ་བ་གཅོད་པའམ།  །ཐབས་ཤེས་ལས་ལ་སྤྱོད་པ་སྤྱོད་ཅེས་པའང༌། །ཞི་བྱེད་ཡ་གྱལ་ལབ་ཀྱི་སྒྲོལ་མའི་སྲོལ། །

                ༈ འཁོན་རིགས་དཀོན་མཆོག་རྒྱལ་པོས་འབྲོག་མིའི་དྲུང༌། །གསང་སྔགས་གསར་འགྱུར་རྣམས་ལ་མཁས་པར་སྦྱངས། །ས་དཀར་དབུས་ཀྱི་ལོགས་སུ་དགོན་པ་བཏབ། །དེ་ཕྱིར་ས་སྐྱ་པ་ཞེས་སྙན་པར་གྲགས། །

                ༈ ཡུ་མོ་མོ་བསྐྱོད་རྡོ་རྗེའི་གཞན་སྟོང་སྲོལ། །ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན་གྱིས། །ཇོ་མོ་ནང་ཞེས་གྲགས་པའི་དགོན་གནས་སུ། །རྒྱ་ཆེར་སྤེལ་ལ་ཇོ་ནང་ལྟ་བར་གྲགས། །

                ༈ འཇམ་མགོན་མི་ཡི་གར་མཛད་ཙོང་ཁ་པས། །དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ། །འཁྲུལ་བྲལ་བསྟན་པའི་ཉིན་བྱེད་ཤར་བ་ལ། །དགེ་ལུགས་པ་ཞེས་གྲགས་པའི་སྲོལ་བཟང་བྱོན། །

                ༈ བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས། །ཨེ་ཡི་ཆོས་སྡེ་དཔལ་མོ་ཆོས་སྡིང་བཏབ། །མཁས་པའི་ཞབས་གཏུགས་གསུང་པོད་བརྒྱ་ཕྲག་བརྩམས།།

རང་རྐང་གྲུབ་མཐའ་བོ་དོང་གསར་དུ་བཙུགས། །

                ༈ བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །                                    དེ་ལྟར་ཐུབ་བསྟན་འཕགས་བོད་ཞིང་ཁམས་སུ། །འཕེལ་རྒྱས་བྱུང་ཚུལ་སྙིང་བསྡུས་བཀོད་པ་འདིས། །འཕགས་བོད་མཁས་པའི་ལྟ་གྲུབ་གཙང་མའི་སྲོལ།།

མི་ཉམས་དར་རྒྱས་གོང་འཕེལ་ཆེད་དུ་དམིགས། །སྐྱེས་པའི་ཕ་ཡུལ་ཆོས་ལྡན་ཞིང་ཁམས་སུ། །གཞིས་བྱེས་མཉམ་འཛོམས་རང་དབང་ཞི་བདེ་ཡི། །བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ། །སྤྱོད་པའི་རང་དབང་མྱུར་དུ་ཐོབ་པར་ཤོག།    །།

ཕནྃ་བདེྃ་གསེར་རིའི་ཕྲེང་བས་ཡོངས་བསྐོར་ཞིང༌། །
དགེ་ལེགསྃ་རིན་ཆེན་བང་རིམ་བཞི་ཡིས་མཛེས། །
བཤདྃ་སྒྲུབ་ཉི་ཟླ་ཟུང་གི་རྣ་ཆ་ཅན། །
ཐུབ་བསྟན་ལྷུན་པོ་གླིངྃ་བཞིའི་རྒྱན་དུ་ཆེ། །
སྡོམ་ཚིག་དྭངས་གསལ་མེ་ལོང་ཞེས་པ་འདི་ཡང་ཤེས་བྱ་ཀུན་ཁྱབ་དང༌། གྲུབ་མཐའི་འབྱུང་ཁུངས་མདོ་ཙམ་བརྗོད་པ། གྲུབ་མཐའི་བྱུང་བ་བརྗོད་པ་གཞིར་བཟུང་ཁ་སྐོང་དང་བཅས་སྡོམ་ཚིག་ཏུ་བཀོད་པ་ལགས་སོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྩོམ་པ་པོ་མཆོག་གིས་ཆོས་འབྱུང་གི་སྐོར་གནད་བསྡུས་དོན་ཟབ་ནོར་བུ་ལེན་ཆོག་ཆོག་བཟོས་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།