སྟོན་པའི་མཛད་པ་བཅུ་གཉིས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན།
༄༅། །ཆོས་འབྱུང་ལེགས་བཤད་སྙིང་བསྡུས་
བློ་གསར་དགའ་བསྐྱེད་ཅེས་
བྱ་བ་བཞུགས་
སོ།།

 སྐྱོན་ཟད་ཡོན་ཏན་ཀུན་རྫོགས་ཤཱཀྱའི་རྒྱལ། །
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང༌། །
གཏད་རབས་ཆེ་བདུན་མཁས་པ་སྒོ་དྲུག་སོགས། །
ལོ་པཎ་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ། །

རྩེ་གཅིགྃ་སྒྲུབ་པའི་མཚན་དཔེའི་རྒྱན་ལྡན་སྐུ།ྃ །
དོན་གཉིསྃ་ལྷུན་གྲུབ་འགག་མེད་སྙན་པའི་གསུངྃ༌། །
དུག་གསུམྃ་སྒྲིབ་པ་ཀུན་བྲལ་ཟབ་ཡངས་ཐུགསྃ། །
བདུད་བཞིའིྃ་སྐྱོན་བྲལ་རིན་ཆེན་གསུམ་ལ་འདུད། །

སྟོན་པའི་མཛད་པ་བཅུ་གཉིས།  ༈ དེ་ཡང༌། མཁའ་མཉམ་མ་ལས། མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཏེ།།

སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པའི། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཞེས་དང༌། པཎ་གྲུབ་བསྟོད་ཆེན་ལས། འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །སྤོངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །རྟེན་འབྱུང་གཏམ་གྱི་འགྲོ་རྣམས་འདྲེན་མཛད་པའི། །ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །ཞེས་པ་ལྟར་རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་ཐུབ་དབང་སྨྲ་བའི་ཉི་མ་འདི་ཉིད་ཀྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པས་འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་པར་མཛད་པའི་ཚུལ་དཔྱིས་ཕྱིན་པ་ནི་བཅོམ་ལྡན་ཁོ་ན་ལས་འཕགས་པ་གཞན་རྣམས་ཀྱིའང་སྤྱོད་ཡུལ་ལས་འདས་ཀྱང་འཕགས་བོད་ཀྱི་མཁས་པས་མཛད་ཆེན་བཅུ་གཉིས་སུ་དོན་བསྡུ་བར་གསུངས་པས་ཐེག་པ་ཆེ་ཆུང་གི་གདུལ་བྱ་ཐུན་མོང་ལ་ཡོངས་སུ་གྲགས་པའི་མཛད་པ་བཅུ་གཉིས་ནི།

                 དང་པོ། དགའ་ལྡན་གནས་ནས་འཕོ་བའི་མཛད་པ་ནི། བདག་ཅག་གི་སྟོན་པ་དགའ་ལྡན་ལྷའི་ཡུལ་དུ་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱར་གྱུར་ཏེ་དགའ་ལྡན་པ་རྣམས་ལ་ཡང་དག་པའི་ཆོས་སྟོན་པར་མཛད། དེའི་ཚེ་སྔོན་གྱི་སྨོན་ལམ་གྱི་མཐུ་དང༌། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་འཛམ་གླིང་གི་ཚེ་ལོ་བརྒྱ་པའི་སེམས་ཅན་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་ཡུལ་སེར་སྐྱ་དང༌། རིགས་རྒྱལ་པོ། རུས་བུ་རམ་ཤིང་པ་ཤཱཀྱའི་རྒྱུད། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བཅས་གཟིགས་པ་ལྔ་ལ་གཟིགས་ཏེ་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད་དོ།།

                 གཉིས་པ། ལྷུམས་སུ་བཞུགས་པའི་མཛད་པ་ནི། ཡུམ་སྒྲུ་འཕྲུལ་ལྷ་མོ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་གསོ་སྦྱོང་གི་སྡོམ་པ་ལ་ཡང་དག་པར་གནས་པའི་མཚན་མོར་གཟིམ་རྨིས་སུ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་དང་ལྡན་པ་ཞིག་ལུས་ལ་ཐིམ་པ་རྨིས་ཤིང༌། དེ་དང་དུས་མཉམ་པར་རྒྱལ་ཟས་གཙང་མའི་ཁྱིམ་དུ་ལྟས་བཟང་བཅོ་བརྒྱད་སོགས་ངོ་མཚར་བ་མང་པོ་བྱུང༌། ཡུམ་གང་དེ་ནས་བཟུང་སྟེ་བསམ་གཏན་ལ་སྙོམས་པར་ཞུགས་པ་ལྟ་བུའི་དགའ་བ་དང་བདེ་བ་བཅས་ཏེ་ཟླ་བ་བཅུ་རིང་སོང༌། ཡུམ་སྒྱུ་འཕྲུལ་ལྷ་མོ་ནི་བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་མ་ལུས་པ་དང་ལྡན་པ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་བསྐྱེད་ཐུབ་པའི་བསོད་ནམས་དང་ཡོན་ཏན་ལ་སོགས་པའི་ཁྱད་པར་མང་པོ་དང་ལྡན་ཞིང༌། སློབ་པའི་གནས་སྐབས་ནས་བཟུང་སྟེ་སངས་རྒྱས་ཀྱི་ཡུམ་བྱེད་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་ཡུལ་སེར་སྐྱ་དང༌། རིགས་རྒྱལ་པོ། རུས་བུ་རམ་ཤིང་པ་ཤཱཀྱའི་རྒྱུད། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བཅས་གཟིགས་པ་ལྔ་ལས་ཡུམ་ལ་གཟིགས་པ་སྔོན་ལམ་བཏབ་པའི་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་བཞུགས་སོ།།

                 གསུམ་པ། སྐུ་བལྟམས་པའི་མཛད་པ་ནི། ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་བཞུགས་ནས་ཧོར་ཟླ་དང་པོའི་ཡར་ངོའི་ཚེས་བཅོ་ལྔ་ལ་ལུམ་བི་ནིའི་ཚལ་དུ་ཡུམ་གྱི་མཆན་ཁུང་གཡས་པའི་རྩིབ་མའི་བར་ནས་ཡུམ་ལ་གནོད་པ་མེད་པར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་འཁྲུངས་སོ།།འཁྲུངས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་བོར་ཏེ། འཇིག་རྟེན་འདི་ན་ང་ཉིད་མཆོག་ཅེས་གསུངས་ཤིང༌། གོམ་པ་རེ་ལ་མེ་ཏོག་པདྨ་རེ་བྱུང་བ་སོགས་དེ་ལྟ་བུའི་ངོ་མཚར་བའི་བཀྲ་ཤིས་ཀྱི་ལྟས་དུ་མ་བྱུང་བས་རྒྱལ་པོ་ཟས་གཙང་མས་བུ་འདིས་སེམས་ཅན་གྱི་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པར་གྱུར་བས་མཚན་ཡང་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བཏགས་སོ།།

                 བཞི་པ། བཟོའི་གནས་ལ་མཁས་པའི་མཛད་པ་ནི། སེམས་དཔའ་ཆེན་པོ་དགུང་ལོ་བདུན་ནས་བཟུང་སྟེ་བཅུ་དྲུག་བར་ལ་བཟོ་གནས་ཀྱི་བསྡུས་པའི་ཡིག་རིགས་དྲུག་ཅུ་རྩ་བཞི་དང༌། སྟོབས་དང་སྒྱུ་རྩལ་ལ་སོགས་པ་ཕྱི་ནང་ཐུན་མོང་གི་བསྟན་བཅོས་སྨྲ་བ་དང༌།  ལུས་ངག་གི་སྒོ་ནས་ཤེས་པར་བྱ་བ་ཇི་སྙེད་དང༌། ལུགས་ཀྱི་བསྟན་བཅོས་དང་འཕྲུལ་གྱི་རིག་པ་སོགས་བསླབས་ནས་ཁོང་དུ་ཆུད་ཅིང་ལག་ཏུ་བླངས་པས་ལྷས་བྱིན་ལ་སོགས་པའི་དྲེགས་པ་ཅན་དང༌། ཤཱཀྱ་གཏུམ་པོ་གཟི་ལུམ་ཅན་ལ་སོགས་པའི་སྟོབས་ཅན། གནོད་སྦྱིན་ཤཱཀྱ་འཕེལ་ལ་སོགས་པའི་འཇིག་རྟེན་གྱི་མཐུ་དང་ནུས་པ་ཅན་རྣམས་ཀྱི་ཕྱག་བྱ་བའི་གནས་སུ་གྱུར་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་མཛད། དེ་ལྟར་རྒྱལ་བུ་ཆེར་སྐྱེས་ནས་སློབ་དཔོན་ཀུན་གྱི་བཤེས་གཉེན་བྱ་བའི་དྲུང་ལས་ཡི་གེ་སློབ་པའི་ཚུལ་བསྟན་པས་རིང་པོར་མི་ཐོག་པར་ཡི་གེའི་གནས་རྣམས་ལ་མཁས་པར་གྱུར། གཞན་ཡང་མདའ་འཕངས་པ། ཆུ་ལ་རྐྱལ་བ།  འདེགས་མཆོང་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། བཟོའི་གནད་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏོ།།

                 ལྔ་པ། བཙུན་མོའི་འཁོར་གྱིས་རོལ་བའི་མཛད་པ་ནི། བྱང་ཆུབ་སེམས་དཔའ་དགུང་ལོ་བཅུ་དྲུག་ཏུ་ཕེབས་པ་ན་ཡབ་ཀྱིས་བཀས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་ལ་རྒྱལ་རྟགས་སུ་བཞག་སྟེ། འཇིག་རྟེན་དུ་ཡོན་ཏན་གྱི་ཁྱད་པར་མངོན་སུམ་དུ་བསྟན་ཏེ་ཁབ་ཏུ་བཞེས། བུད་མེད་ཀྱི་རྒྱན་ཐམས་ཅད་ཀྱིས་མཛེས་པ་གྲགས་འཛིན་མ་དང༌། རི་དྭགས་སྐྱེས་མ་བཅས་གྲོགས་སུ་བསུས། བཙུན་མོའི་འཁོར་ཕུན་སུམ་ཚོགས་པའི་དབུས་སུ་འདོད་པའི་ཡོན་ཏན་གྱི་དཔལ་ལ་འཇིག་རྟེན་དང་མཐུན་པར་ཡོངས་སུ་རོལ་བའི་མཛད་པ་བསྟན། ཁྱད་པར་དུ་བསོད་ནམས་དང་ཐུགས་བསྐྱེད་ལས་སྨིན་པའི་བཙུན་མོ་གྲགས་འཛིན་མ་ལ་རིགས་འཁྲུལ་བ་མེད་པའི་སྲས་བསྐྲུན་པར་མཛད།

                དེ་ལྟར་འཇིག་རྟེན་གྱི་སྤྱོད་པ་དང་ཡོངས་སུ་མཐུན་པར་བྱ་ཕྱིར། ས་མཚོ་མ་དང༌། གྲགས་འཛིན་མ་དང༌། རི་དྭགས་སྐྱེས་མ་ལ་སོགས་པའི་བཙུན་མོ་དང་བློན་པོའི་འཁོར་དུ་མ་དང་བཅས་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་ནས་རྩེ་དགས་རོལ་ཞིང་རྒྱལ་སྲིད་ཀྱི་བྱ་བ་མཛད་དོ།།

                 དྲུག་པ། ངེས་པར་འབྱུང་བའི་མཛད་པ་ནི། སྟོན་པ་མཆོག་དགུང་ལོ་ཉེར་དགུའི་ཐོག་ཉིན་ཞིག་སྐྱེད་ཚལ་ལ་གཟིགས་ཕྱིར་ཕེབས་པ་ན་གྲོང་ཁྱེར་སེར་སྐྱའི་ཕྱོགས་བཞིར་སྐྱེ་རྒ་ན་འཆི་དང༌། ཚངས་སྤྱོད་རབ་ཏུ་བྱུང་བ་བཅས་གཟིགས་ནས་འཁོར་བའི་བྱ་བར་སྙིང་པོ་མེད་པར་དགོངས་ཏེ་ཡབ་ལ་རབ་ཏུ་བྱུང་བར་ཞུས་པས་མ་གནང་བར་གྲོང་ཁྱེར་དམག་གིས་བསྐོར་ནས་བསྲུང་ཡང་དེའི་མཚན་མོ་བཙུན་མོ་གྲགས་འཛིན་མའི་མངལ་དུ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ་ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས། རྒྱལ་ཆེན་བཞིས་སྟེང་གི་ནམ་མཁའ་ལ་གདན་དྲངས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས་ཏེ་རབ་ཏུ་བྱུང་བར་མཛད་དོ།།

                 བདུན་པ། དཀའ་བ་སྤྱད་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་སྐབས་དེར་རྒྱ་གར་ལ་དར་རྒྱས་ཆེ་བའི་མུ་སྟེགས་པའི་ཆོས་ལུགས་ལ་ཟས་སྤངས་པ་དང་མེ་ལྔ་བསྟེན་པ་ལ་སོགས་པའི་ལུས་ཀྱི་དཀའ་ཐུབ་སྤྱད་དེ་འཁོར་བ་ལས་གྲོལ་བར་འདོད་པ་སུན་དབྱུང་ཞིང་དེ་ཙམ་གྱིས་ཐར་པ་ཐོབ་མི་ཐུབ་པར་བསྟན་པ་སོགས་ཀྱི་དགོས་པ་མང་པོ་ཉེ་བར་གཟིགས་ནས་ཆུ་བོ་ནཻ་རཛཉ་ནའི་འགྲམ་དུ་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་གཅིག་གིས་ཏིང་ངེ་འཛིན་ལ་རོལ་བ་དང༌། ཟས་དང་སྐོམ་བཅད་པ་ལ་སོགས་པའི་དཀའ་བ་སྤྱད། དེའི་ཚེ་བྱང་ཆུབ་སེམས་དཔའི་ལུས་རིད་ཅིང་མདངས་ནག་པོར་གྱུར་པས་དགེ་སྦྱོང་ནག་པོ་ཞེས་གྲགས། དེ་ནས་ལུས་ངག་གི་དཀའ་ཐུབ་ཙམ་ལ་སྙིང་པོ་མེད་པས་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས། སྐུ་གསེར་གྱི་མདོག་ཅན་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་གྱུར་ཏོ།།

                བརྒྱད་པ། བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་པ་རྡོ་རྗེ་གདན་དུ་གཤེགས་པའི་ཚེ། ལམ་དུ་རྩྭ་འཚོང་བཀྲ་ཤིས་བྱ་བ་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་ཏུ་བསྣམས་ནས་བྱང་ཆུབ་ཤིང་ལ་བསྐོར་བ་ལན་བདུན་བྱས། སེངྒེའི་ཁྲིའི་སྟེང་དུ་རྩྭའི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང༌། དྲན་པ་མངོན་པར་བཞག་ནས།  སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང༌། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་མཛད་དོ།།

                 དགུ་པ། བདུད་བཏུལ་བའི་མཛད་པ་ནི། དེ་ནས་བདུད་སྡིག་ཏོ་ཅན་ལའང་རྨི་ལྟས་ངན་པ་སུམ་ཅུ་རྩ་གཉིས་བྱུང་བ་སོགས་འཇིགས་སྐྲག་སྔངས་ཤིང་ཤིན་ཏུ་མི་བཟད་པའི་སེམས་བསྐྱེད་དེ་བདུད་ཀྱི་དམག་ཡན་ལག་བཞི་དང་ལྡན་པའི་དཔུང་ཆེན་པོ་འཐབ་མོ་ལ་ཤིན་ཏུ་དཔའ་བ། དྲན་པ་ཙམ་གྱིས་ཀྱང་སྙིང་འགས་པར་ནུས་པའི་འཇིགས་རུང་སྤྲུལ་པ་བརྒྱ་སྟོང་ལྡན་པ་བྱེ་བ་ཕྲག་བརྒྱ་བཏང་ནས་བྱང་ཆུབ་སེམས་པ་ལ་སྡིག་མོ་བྱེད་པ་དང༌། མཚོན་ཆའི་ཆར་འབེབས་པ་སོགས་བྱང་ཆུབ་ལས་གཡོ་བའི་ཕྱིར་བར་ཆད་བྱ་བར་བརྩམས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་གཡོ་འགུལ་ཙམ་ཡང་མི་ནུས་ཤིང༌། མཚོན་ཆ་འཕངས་པ་རྣམས་ཀྱང་མེ་ཏོག་གི་ཆར་དུ་གྱུར་ནས་ས་གཞི་དང༌།   བྱང་ཆུབ་ཀྱི་ཤིང་མཛེས་པར་བྱེད་པའི་རྒྱན་དུ་གྱུར། དེ་ནས་སླར་རང་གི་བུ་མོ་སྲེད་མ་དང་དགའ་མ་སོགས་ལ་བར་ཆད་ཅི་ནུས་བྱོས་ཤིག་ཅེས་བཏང༌། དེ་དག་གིས་ཀྱང་བཞིན་ཕྱེད་འགེབས་པ་སོགས་པ་བུད་མེད་ཀྱི་གཡོ་སྒྱུ་སོ་གཉིས་ཉེ་བར་བསྟན་ཏེ་འདོད་ཆགས་ཀྱིས་བསླུ་བར་བརྩམས་ཀྱང་ཐུགས་གཡོ་བར་མ་ནུས། དེ་ལྟར་བྱང་ཆུབ་སྙིང་པོར་བཞུགས་པའི་ནམ་སྲོད་འཇིགས་རུང་གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་བར་མཛད་དོ༑༑

                བཅུ་པ། མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་ནི། གདུལ་བྱ་རྣམས་ལ་ལམ་མ་ནོར་བར་ཉམས་སུ་བླངས་ན་དོན་དང་ལྡན་པའི་འབྲས་བུ་འདི་ལྟ་བུ་འབྱུང་ངོ་ཞེས་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་བཞེས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཐོ་རངས་ཀྱི་དུས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།༑ ༑དེའི་ནུབ་མོ་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང༌། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཞེས་གྲགས་སོ།།

                 བཅུ་གཅིག་པ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུའི་ཚུལ་མཛད་དེ་བཞུགས་པ་ན། ཚངས་པ་དང་བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང༌། དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས། ཝ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་རྣམས་ཚུར་ཤོག་གིས་བསྙེན་པར་རྫོགས། ཆུ་སྟོད་ཟླ་བའི་ཡར་ཚེས་བཞི་ཉིན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བས་ལྔ་སྡེ་དགྲ་བཅོམ་ཐོབ་ སྟེ་འཇིག་རྟེན་དུ་དཀོན་མཆོག་གསུམ་ག་ལེགས་པར་བྱུང་བ་དང༌། དེ་ནས་བྱ་རྒོད་ཕུང་པོའི་རིར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང༌། ཡངས་པ་ཅན་དུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་ཆོས་འཁོར་རིམ་པ་གསུམ་བསྐོར་ནས་སྐུ་ཚེ་མྱ་ངན་ལས་འདས་པའི་བར་དུ་དམ་པའི་ཆོས་རྒྱུན་མི་ཆད་པར་གསུངས།

དེ་ལྟར་བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་ཐམ་པའི་བར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱིས་གཙོས་ཐེག་པ་ཆེ་ཆུང་གི་མདོ་རྒྱུད་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་ཞིག་བསྐོར་ནས་ལྷ་དང་མི་ལ་སོགས་པའི་གདུལ་བྱ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ།།

                 བཅུ་གཉིས་པ། མྱ་ངན་ལས་འདས་པའི་མཛད་པ་ནི། སྟོན་པ་ཐུགས་རྗེ་ཅན་ཉིད་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་ཤིང༌། ལོ་དྲུག་དཀའ་བ་སྤྱད་པ་དང༌། དགུང་ལོ་སོ་ལྔ་པར་སངས་རྒྱས་ཏེ་བརྒྱད་ཅུའི་བར་དབྱར་གནས་པ་བཞི་བཅུ་ཞེ་ལྔ་མཛད། དགུང་ལོ་གྱ་གཅིག་སྟེང་སྐུ་ཚེའི་འདུ་བྱེད་བཏང༌། དེ་ཡང་སྤྱིར་བཅོམ་ལྡན་འདས་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་གནས་པས་མྱ་ངན་ལས་འདའ་བ་མེད་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་རྟག་འཛིན་བཟློག་ཅིང་མི་རྟག་པའི་རྟོགས་པ་སྐྱེས་ནས་ཆོས་ལ་བསྐུལ་བའི་ཕྱིར། མཐར་དགུང་ལོ་གྱ་གཅིག་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གྲོང་ཁྱེར་ཆེན་པོ་རྩྭ་མཆོག་གྲོང་དུ་སཱ་ལའི་ཚལ་གྱི་དབུས་ཐ་མའི་གཟིམས་ཁྲི་ལ་སེངྒེའི་ཉལ་སྟབས་ཀྱི་བཞུགས་ཏེ་ཞིང་འདིར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་མོད། འོན་ཀྱང་ངེས་པ་དོན་དུ་ནམ་མཁའ་མ་ཟད་བར་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལགས་སོ།།

ལྟྃ་བ་རྣམ་དག་བཀར་བཏགས་ཕྱག་བརྒྱ་བཞི། །
སྒོམྃ་པ་རྣམ་དག་སྲིད་པའི་གཉེན་པོ་མཆོག །
སྤྱོདྃ་པ་རྣམ་དག་མཐའ་གཉིས་ལེགས་སྤངས་པའི། །
འབྲས་བུ་རྣམ་དག་བྲལ་འབྲས་ཨེ་མ་མཚར། །
བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (13)
13 ༢༦༢༠༡༨༢༠༢༩
བསྟན་འཛིན་ནོར་འཕེལ་
ང་ལ་མདོར་ཙམ་
12 ༡༨༢༠༡༧༠༣༡༤
འཇམ་དབྱངས་བསོད་ནམས།
སངས་རྒྱས་་བཅོམ་ལྡན་འདས་ཀྱི་ལོ་་རྣམ་ཐར་མང་པོ་ནང་སྐུ་བལྟམས་པའི་མཛད་ས་ག་ཟླ་བའི་ཚེས་བཅོ་ལྔ་ཡིན་ཟེར་བ་ཞིག་དང་། མ་ཡིན་པ་ཞིག་བཅས་གཉིས་འདུག་ན་དངོས་གནས་གང་ཡིན་ན་ཤེས་མཁན་ཡོད་ན་བཤད་རོགས།
11 ༡༨༢༠༡༧༠༣༡༣
འཇམ་དབྱངས་བསོད་ནམས།
སངས་རྒྱས་་བཅོམ་ལྡན་འདས་ཀྱི་ལོ་་རྣམ་ཐར་མང་པོ་ནང་སྐུ་བལྟམས་པའི་མཛད་ས་ག་ཟླ་བའི་ཚེས་བཅོ་ལྔ་ཡིན་ཟེར་བ་ཞིག་དང་། མ་ཡིན་པ་ཞིག་བཅས་གཉིས་འདུག་ན་དངོས་གནས་གང་ཡིན་ན་ཤེས་མཁན་ཡོད་ན་བཤད་རོགས།
ང་རང་ནང་པ་ཡིན་ཡང་ནང་པའི་སྐོར་མང་པོ་ཐོས་མྱོང་མེད་
9 ༢༢༢༠༡༥༡༥༤༦
ཚང་མར་འཚམས་འདྲི་བཅས་གུས་པ་དེར་འཛུལ་ཞུགས་ཆོག་བར་སྐྱབས་འཇུག་ཞུ།
8 ༢༦༢༠༡༥༡༩༥༨
ཁྱེད་རྣམ་པས་དྲྭ་ཐོག་ན་ཀླག་བདེ་བའི་ཆེད་འདིའི་རིགས་རིན་མེད་དུ་ཕབ་ལེན་སོགས་བྱེད་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ། གལ་ཏེ་ངའི་ངོས་ནས་རྣམ་པ་ཚོར་ཞུ་དག་དང་གློག་འཇུག་སོགས་སྤྱི་ཚོགས་ཞབས་ཞུའི་རིགས་དགོས་ཚེ་གསུང་རྐྱང་གནང་རོགས་གནང་།
ང་ལ་་ནང་པ་སངས་རྒྱས་པའི་ཆོས་ཀྱིས་སྐོར་དང་ ལྷག་པར་་ནང་པའི་བླ་ཆེན་རྣམས་ཀྱིས་ཞལ་གདམ་ འཆི་ཁའི་ངོ་སྤྲོད་ དང་ལམ་འདྲེན་་སོགས་ཀྱིས་ཤེས་འདོད་ཡོད་པ་ཡིན་ལགས།
6 ༢༥༢༠༡༣༡༠༡༢
ཞི་མི་ནི་ཙི་ཙི་ཟ་རྒྱུ་མ་ཏོག་གང་ཡང་མི་ཤེས་པའི་གླེན་ལྐུག་ཞིག་རེད་།
སྐུ་སྟོན་སྐབས་སུ་གཟིགས་པ་ལྔ་ལ་གཟིགས་དགོས་པའི་རྒྱུ་མཚན་གང་དང་ཡོད།
སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལས་མ་སྟོན་པ་ཡིན་ནམ། མཛད་པ་བཅུ་སྟོན་དགོས་པའི་རྒྱུ་མཚན་ཡོན་དམ། མདོའི་ནང་ལ་མཛད་པ་བཅུ་སྟོན་ཚུལ་ཡོད་དམ། མཛད་པ་བཅུ་གཉིས་སྟོན་ཚུལ་ལ་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ལ་འདོད་པ་མི་མཐུན་པ་ཡོད་དམ།
3 ༢༤༢༠༡༣༡༦༡༩
ཡག་པོ་ཞིག་བྲིས་འདུག
it's good to read.
སྤྱིར་ང་རང་ནང་པ་སངས་རྒྱས་སྐོར་ལ་ཤེས་རྟོགས་ཡོང་ཐབས་བྱེད་རྒྱུ་འབད་བརྩོན་ཞུ་མཁན་ཞིག་ཡིན་ལ། ལྷག་པར་དུ་སྟོན་པའི་མཛད་པའི་སྐོར་ཤེས་འདོད་དེ་ལས་ཀྱང་ཆེ་བ་ཡོད་མཁན་ཞིག་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།