ཆོས་འཁོར་རྣམ་གསུམ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན།   ༈ སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཡུལ་ཝཱ་ར་ཎཱ་སིར་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་བོར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། དེ་ནས་ཡངས་པ་ཅན་ལ་སོགས་པར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཏེ། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པའི་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དོ།།

                དེ་ལ་དང་པོ་ཆོས་འཁོར་གྱི་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་གམ་བཀའ་དང་ལམ་བཞུགས་ཀྱི་རྟོགས་པས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་འཇོག ཆོས་འཁོར་གྱི་སྒྲ་བཤད་ནི། དྷརྨ་ཙཀྲ་ཞེས་པའི་སྒྲ་ལས་དྲངས་ན་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཆོས་ནི་མི་གནས་པའི་མྱང་འདས་ཏེ་དངོས་དང༌། དེ་འཐོབ་པའི་ཐབས་སུ་གྱུར་པའི་ལམ་རྗོད་བྱེད་དང་བཅས་པ་ནི་བཏགས་པའོ། །འཁོར་ལོ་ཞེས་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་ཏེ། རིམ་གྱིས་འཕོ་བར་བྱེད་པ་དང༌། མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པའི་ཕྱིར་ཆོས་འཁོར་ཞེས་བྱའོ། །ཆོས་འཁོར་གསུམ་ནི། འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་མཚན་ཉིད་གསུམ་སེམས་ཙམ་པའི་འདོད་པ་ལྟར་ཕྱེ་བའི་ཆོས་འཁོར་རམ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང་གསུམ་མོ།།

བཀའ་དང་པོ། བདེན་བཞིའི་ཆོས་ཀྱི་འཁོར་ལོ།      འཁོར་ལོ་དང་པོ་ནི། བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱེད་པའི་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་རྣམས་ཡིན། མཚན་གཞི་ཆོས་ཀྱི་འཁོར་ལོ་དང་པོ་ལྟ་བུ་ཡིན།

                དེ་ཡང་སྟོན་པ་ཤ྄ཱཀྱ་ཐུབ་པས་འཇིག་རྟེན་འདིར་དང་པོར་གསུངས་པའི་ཆོས་འཁོར། སྟོན་པ་དགུང་ལོ་སོ་ལྔ་ལ་ཕེབས་པའི་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔའི་ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཞག་ཞེ་དགུའི་རིང་ཆོས་ཉན་པའི་སྣོད་བརྟག་པའི་ཆེད་དང༌། རང་ལ་ཐོབ་པའི་ཆོས་ཟབ་མོ་དེ་དག་གཞན་གྱིས་རྟོགས་དཀའ་བར་དགོངས་ཏེ་ཆོས་མི་གསུང་པར་བཞུགས་ཏེ།

ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་དབུས་སུ་གནས་པར་བྱ། །

                ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན་ཕྱོགས་བཅུའི་ཞིང་ནས་ལྷ་གྲངས་ལས་འདས་པ་དག་གིས་ཆོས་སྟོན་པར་གསོལ་བ་བཏབ་ཅིང༌། ཁྱད་པར་དུ་ལྷ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱི་གསེར་གྱི་འཁོར་ལོ་དང༌། དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་གསུང་བར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་ནས། ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སེངྒེའི་ཁྲི་ཆེན་པོའི་སྟེང་གློ་བུར་དུ་བྱུང་བའི་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང༌། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ནས་ཐོག་མར་གདུལ་སླ་བ་དང༌། དུག་གསུམ་གྱི་ཤས་ཆུང་བ༑ རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པའི་འཁོར་ལྔ་སྡེ་བཟང་པོ་དང་ལྷའི་འཁོར་དཔག་ཏུ་མེད་པ་ལ་ཧོར་ཟླ་དྲུག་པའི་ཚེས་བཞིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བས། ལྔ་སྡེ་བཟང་པོ་རིམ་པར་དགྲ་བཅོམ་པའི་གོ་འཕང་ཐོབ་ཏེ། འཇིག་རྟེན་ན་བསྟན་པ་འདིའི་དབང་དུ་བྱས་པའི་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་ངོ༌། །དེ་ལ་ཡང་བཟླས་པ་གསུམ་དང་རྣམ་གྲངས་བཅུ་གཉིས་ཡོད་དེ། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཞི་པོ་དེར་ངོ་བོ་ལ་བཟླས་པ་བཞི་དང༌། བྱ་བ་ལ་བཟླས་པ་བཞི། བྱ་བའི་འབྲས་བུ་ལ་བཟླས་པ་བཞི་སྟེ། རྣམ་གྲངས་བཅུ་གཉིས་ཡོད་ཅིང་འདི་རྣམས་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པ་ཡིན་ནོ།།

བཀའ་བར་པ།   མཚན་ཉིད་མེད་པའི་ཆོས་འཁོར།       ༈ བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི། སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་ལན་གསུམ་བསྐོར་བའི་བར་པ་སྟེ། བདེན་བཞིའི་ཆོས་འཁོར་བསྐོར་བའི་རྗེས་སུ་བྱ་རྒོད་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས། ལྷ་དང་མི་གྲངས་ལས་འདས་པ་ལ་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ཞིང༌། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཆོས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་ཏེ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་རོ།།

དེ་ནས་ཡུལ་གཞན་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང༌། སངས་རྒྱས་ཕལ་པོ་ཆེ་དང༌། འཕགས་པ་དཀོན་མཆོག་བརྩེགས་པ་ལ་སོགས་བཀའ་བར་པའི་སྡེར་གཏོགས་པའི་མདོ་མཐའ་ཡས་པ་གསུངས་སོ།།

                འཁོར་ལོ་བར་པའི་མཚན་ཉིད་ནི་སྟོན་པས་གསུངས་པའི་དམ་ཆོས་གང་ཞིག ཆེད་དུ་བྱ་བ་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་པའི་མདོའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་མི་དགོས་པའི་རིགས་ཅན་ལ་གཙོ་བོར་དགོངས་ནས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྒྲས་ཟིན་ལ་སྟོན་པའི་མདོ་དངོས་སམ། དེའི་སྡེར་གཏོགས་པ་གང་རུང་འཁོར་ལོ་བར་པའི་མཚན་ཉིད་དང་མཚན་གཞི་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུའོ། །ཅིའི་ཕྱིར་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་པས་སོ།།

བཀའ་ཐ་མ།   ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར།      ༈ སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་ལན་གསུམ་བསྐོར་བའི་ཐ་མ་སྟེ། ཆོས་འཁོར་བར་པ་བསྐོར་བའི་རྗེས་སུ་དུས་ངེས་མེད་དུ་རི་མ་ལ་ཡ་དང༌། བྱང་ཆུབ་སྙིང་པོ་དང༌། ཡངས་པ་ཅན་སོགས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་བཞུགས་པའི་བྱང་སེམས་གྲངས་མེད་པ་ལ་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གྱི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་སྡེ་ལངྐར་གཤེགས་པ་ལ་སོགས་གསུངས་ཏེ༑ བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ།།

                འཁོར་ལོ་ཐ་མའི་མཚན་ཉིད་ནི། སྟོན་པས་དུས་ཐ་མར་གསུངས་པ་གང་ཞིག ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་པའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་དགོས་པ་རྣམས་ལ་གཙོ་བོར་དགོངས་ནས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེ་ནས་སྟོན་པའི་མདོ་དངོས་སམ། དེའི་སྡེར་གཏོགས་པ་གང་རུང་འཁོར་ལོ་ཐ་མའི་མཚན་ཉིད། མཚན་གཞི་ནི༑ ཕལ་པོ་ཆེ་དང༌། ལངྐར་གཤེགས་པ་ལ་སོགས་པའི་གསུང་རབ་རྣམས་ཡིན། ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ཤིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང༌། ཀུན་བཏགས་བདེན་མེད་དུ་ལེགས་པར་ཕྱེ་ནས་གསུང་པས་ན་དེ་སྐད་ཅེས་བརྗོད་དོ།།

                དེ་ལྟར་ཆོས་འཁོར་ལན་གསུམ་དུ་བསྐོར་བ་ལས། ཆོས་འཁོར་དང་པོས་མེད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཡོད་པར་འཛིན་པ་གཙོ་བོར་གསུངས། དེ་ནས་ཆོས་འཁོར་གཉིས་པས་ཡོད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཆོས་ཐམས་ཅད་མེད་པར་འཛིན་པ་གཙོ་བོར་གསུངས། ཆོས་ཀྱི་འཁོར་ལོ་སྔ་མ་གཉིས་ཀྱིས་ཡོད་པར་འཛིན་པ་དང་མེད་པར་འཛིན་པར་ཤས་ཆེ་བར་གྱུར་པ་དེ་ལ་ལེགས་པར་རྣམ་པར་ཕྱེ་སྟེ་ཀུན་བཏགས་བདེན་མེད། གཞན་དབང་བདེན་གྲུབ། ཡོངས་གྲུབ་དོན་དམ་པར་ཡོད་པར་བསྟན་ཏོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༢༥༢༠༡༨༡༣༢༦
ཀརྨ་ཨེ་ཤེས་དཔལ་བཟང་།ཏུཏ
དེ་ལྟར་གསུངས་པ་ལྟར་སངས་རྒྱས་ཀྱི་བསམ་གྱི་མི་ཁྱབ་པ་ཆོས་གསུང་པ་ནི་འདུལ་བྱའི་འཁོར་མ་འདུད་པ་རྣམས་འངུལ་བར་བྱ་བའི་ཕིར་ལམ་ལོག་མགོརྨོདས་སུ་འགྱུར་པ་རྣམས་ལ་ཡང་དག་པའི་ལམ་བསྟོན་པར་བྱ་བའི་ཕྱིར་ཆོས་དེ་གསུངས་པའོ་།།
3 ༡༩༢༠༡༨༡༤༠༡
ཕུན་ཚོགས་དར་རྒྱས
སངས་རྒྱས་ལ་མཚན་གྱི་རྣམ་གྲངས་མི་འདྲ་བ་དང་དེའི་གཏམ་རྒྱུད།
2 ༠༨༢༠༡༤༢༣༢༣
ད་དུང་དེ་ལས་མང་བ་ཡིན
འཔོར་ལོ་ཐ་མའི་ཡོངས་གྲུབ་བདེན་གྲུབ་དུ་བསྟན་པ་ཡིན་མོད། གཞན་དབང་བདེན་གྲུབ་དུ་སྟོན་པའི་ཚིག་སྟོན་ཤོག སྟོན་རྒྱུ་མེད་ན་གཡམ་རྒྱུགས་བྱེད་པས་ཅི་ཕན།



བརྗོད་གཞི་གཞན་ཁག་ལ་གཟིགས།