སྟོན་པའི་གཏད་རབས་བདུན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། གཏད་རབས་དང་པོ།  འཕགས་པ་འོད་སྲུང༌།
དེ་ཡང༌། ལུང་ཕྲན་ཚེགས་ལས།
འོད་སྲུངས་ཀུན་དགའ་བོ་དང་ཤ་ནའི་གོས། །
ཉེར་སྦས་དྷིའ་ཏི་ཀ་དང་ནག་པོ་དང༌། །
ལེགས་མཐོང་ལ་སོགས་སྟོན་པའི་གཏད་རབས་བདུན། །

ཞེས་གསུངས་པ་ལྟར་སྔར་སྟོན་པ་མཆོག་གི་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་དགྲ་བཅོམ་པ་གཅིག་ནས་གཅིག་ཏུ་གཏད་པའི་བྱུང་རིམ་ནི་འཕགས་པ་འོད་སྲུང་དང༌། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷིའ་ཏི་ཀ ནག་པོ། ལེགས་མཐོང་ཆེན་པོ་སྟེ་དགྲ་བཅོམ་པ་བདུན་ལ་སྟོན་པའི་གཏད་རབས་ཆེན་པོ་བདུན་ཞེས་གྲགས་ཤིང༌། དེ་དག་གིས་རྒྱལ་བསྟན་གཅིག་ནས་གཅིག་ཏུ་གཏད་ཚུལ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཞིང་འདིར་བྱོན་ནས་རིགས་ཅན་གསུམ་གྱི་གདུལ་བྱ་གྲངས་ལས་འདས་པར་གནས་སྐབས་དང་མཐར་ཐུག་གི་གོ་འཕང་ལ་སྦྱོར་བར་མཛད་དེ། བཅོམ་ལྡན་འདས་དགུང་ལོ་བརྒྱད་ཅུར་ཕེབས་པ་དགོངས་པ་མྱ་ངན་ལས་འདས་ཁར་འོད་སྲུང་ཆེན་པོ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་བསྟན་པའི་བདག་པོར་བསྐོ་གཞག་མཛད་པ་དང་ཆབས་ཅིག་ཀུན་དགའ་བོ་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་དུ་ཁྱོད་མྱ་ངན་ལས་མ་འདའ་བར་ངའི་བསྟན་པ་དང༌། ཀུན་དགའ་བོ། དགེ་སློང་དགེ་འདུན་སྡེ་དང་བཅས་པ་སྐྱོངས་ཤིག ཀུན་དགའ་བོར་དགྲ་བཅོམ་པ་ཐོབ་རྗེས་བསྟན་པ་ཁོང་ལ་གཏད་ནས་ཁྱོད་མྱ་ངན་ལས་འདའ་བར་གྱིས་ཤིག་ཅེས་གསུངས་ནས་དགོངས་པ་གཞན་དོན་དུ་གཤེགས།

                དེ་ལྟར་སྦྱངས་པའི་ཡོན་ཏན་གྱི་མཆོག་ཏུ་ལུང་བསྟན་པའི་ཉན་ཐོས་ཆེན་པོ་འཕགས་པ་འོད་སྲུངས་ལ་རྒྱལ་བའི་བསྟན་པ་གཏད་དེ་སྟོན་པ་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། དེ་ནས་འཕགས་པ་འོད་སྲུངས་ཀྱིས་ཕྱི་མའི་དུས་ཀྱི་དགེ་སློང་བརྗེད་ངས་པ་རྣམས་ཀྱི་དོན་དུ་ཀུན་དགའ་བོ་སོགས་ཉན་ཐོས་དང་དགེ་འདུན་འཁོར་རྒྱལ་པོའི་ཁབ་ཏུ་བསྡུས་ཏེ་སྟོན་པའི་བཀའ་སྡེ་སྣོད་གསུམ་ཆད་ལྷག་མེད་པར་རིམ་པར་བསྡུས་པ་སོགས་མཛད་པ་རྒྱ་ཆེར་བསྐྱངས། དེ་ནས་འོད་སྲུངས་ཆེན་པོས། བདག་གིས་རྒྱལ་བའི་བསྟན་པ་ལ་བྱ་བ་ཅུང་ཟད་ཅིག་བྱས་ཀྱི། ད་ནི་མྱ་ངན་ལས་འདའ་བའི་དུས་ལ་བབས་སོ་སྙམ་དུ་དགོངས་ནས། ཀུན་དགའ་བོ་ལ་བསྟན་པ་གཏད་དེ། ཁྱོད་ཀྱིས་ཀྱང་མཐར་ཤ་ནའི་གོས་ཅན་ལ་བསྟན་པ་གཏོད་ཅིག་ཅེས་གསུངས་ནས། ལྷོ་ཕྱོགས་ཀྱི་རི་བོ་བྱ་རྐང་ཅན་ཞེས་བྱ་བ་རི་གསུམ་འདུས་པའི་དབུས་སུ་བྱོན་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ། རྩྭའི་གདན་ལ་སྐྱིལ་མོ་ཀྲུང་བཅས་བཅོམ་ལྡན་འདས་ཀྱིས་གནང་བའི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་དེ་བཞེས་ཏེ་ཇི་སྲིད་རྒྱལ་བ་བྱམས་པས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་མ་སྟོན་གྱི་བར་དུ་སྤུར་དེ་མི་འཇིག་པར་བྱིན་གྱིས་བརླབས་ཏེ་མྱ་ནང་ལས་འདས་སོ།།

གཏད་རབས་གཉིས་པ།  ཀུན་དགའ་བོ།་   ༈ ཀུན་དགའ་བོ་ནི་སྟོན་པའི་ཉེ་གནས་མཆོག་ཏུ་གྱུར་པ་ཞིག་སྟེ། སངས་རྒྱས་ཀྱི་ཡབ་ཟས་གཙང་མ་ལ་གཅུང་པོ་གསུམ་ཡོད་པའི་ནང་གི་བདུད་རྩི་ཟས་ཀྱི་སྲས་ཡིན་ལ། སངས་རྒྱས་དགུང་ལོ་ཞེ་གཅིག་ཏུ་ཕེབས་དུས་ཡབ་ཟས་གཙང་གིས་ཕོ་བྲང་དུ་གདན་དྲངས་ཏེ་ཕེབས་སྐབས་ཀུན་དགའ་བོ་དགུང་ལོ་དྲུག་ལ་ཕེབས་ཡོད། སངས་རྒྱས་བཅོམ་ལྡན་འདས་འཁྲུངས་ཡུལ་ནས་མཉན་ཡོད་དུ་ཕྱིར་ཕེབས་སྐབས་རྗེས་སུ་འབྲངས་པས་མཉམ་དུ་འཁྲིད་གནང་མཛད་དེ་འོད་སྲུང་ཆེན་པོ་ལ་གཏད་ནས་རབ་ཏུ་བྱུང༌། ཀུན་དགའ་བོ་དགུང་ལོ་བཞི་བཅུ་ཞེ་ལྔར་ཕེབས་པའི་ལོ་དེར་བཅོམ་ལྡན་འདས་བརྒྱད་ཅུར་ཕེབས་པ་དགོངས་པ་མྱ་ངན་ལས་འདའ་ཁར་འོད་སྲུང་ཆེན་པོ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་བསྟན་པའི་བདག་པོར་བསྐོ་གཞག་མཛད་པ་དང༌། ཕྱིས་སུ་ཀུན་དགའ་བོར་བསྟན་པ་གཏད་དགོས་པའི་ལུང་བསྟན་གནང་དེ་རྗེས་འཕགས་པ་ཀུན་དགའ་བོ་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ་ཁྱྀམ་བདག་ཤ་ནའི་གོས་ཅན་རྒྱ་མཚོར་རིན་པོ་ཆེ་ལེན་དུ་སོང་བ་ལས་ཕྱིར་འཁོར་ཏེ་མི་རྣམས་ལ་བཅོམ་ལྡན་འདས་གང་ན་བཞུགས། ལོ་ལྔའི་དུས་སྟོན་བྱའོ་ཞེས་སྨྲས་པ་ལ། མྱ་ངན་ལས་འདས་སོ་ཞེས་སྨྲས་པ་ཐོས་ནས་བརྒྱལ་ལོ། །བརྒྱལ་བ་ལས་སངས་ནས་སླར་ཡང་འཕགས་པ་ཤ་རིའི་བུ་དང༌། མོའུ་འགལ་གྱི་བུ། འོད་སྲུངས་ཆེན་པོ་རྣམས་བཞུགས་སམ་ཞེས་དྲིས་པས། དེ་དག་ཀྱང་མྱ་ངན་ལས་འདས་སོ་ཞེས་ཐོས་ཏེ་སླར་ཡང་བརྒྱལ་ལོ། །དེ་སངས་ནས་འོ་ན་ད་ལྟ་སུ་བཞུགས་ཞེས་དྲིས་པ་ན། འཕགས་པ་ཀུན་དགའ་བོ་བཞུགས་ཞེས་ཐོས་པས། ཀུན་དགའ་བོ་དགེ་འདུན་དང་བཅས་པ་སྤྱན་དྲངས་ཏེ་ལོ་ལྔའི་བར་དུ་དུས་སྟོན་བྱས་སོ།།

                དེ་ནས་ཀུན་དགའ་བོས་ཤ་ནའི་གོས་ཅན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེས་ཀྱང་སྡེ་སྣོད་གསུམ་ལ་སྦྱངས་པས་ཤིན་ཏུ་མཁས་ཤིང་དགྲ་བཅོམ་པར་གྱུར། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ཉེ་གནས་ལོ་ཉེར་ལྔ་རིང་མཛད་པར་གྲགས་ཤིང༌། བཅོམ་ལྡན་འདས་དགུང་ལོ་ལྔ་བཅུ་ང་ལྔ་དང་ཀུན་དགའ་བོ་དགུང་ལོ་ཉི་ཤུར་ཕེབས་སྐབས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཆ་རྐྱེན་གནང་ན་ངས་ཉེ་གནས་ཞུས་ཆོག་ཅེས་ཁས་ལེན་ཞུས་པ་ལྟར་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པའི་ཚེ་བཅོམ་ལྡན་འདས་ཐུགས་མཉེས་ནས་ཀུན་དགའ་བོ་མིག་རྒྱང་རིང་བའི་མཁས་མཛངས་ཤིག་ཡིན་གསུངས་ནས་ཆ་རྐྱེན་གསུམ་པོ་ཞལ་བཞེས་གནང་སྟེ་ཉེ་གནས་སུ་བསྐོས། སྐབས་དེར་ཀུན་དགའ་བོས་འདོན་པ་གནང་བའི་ཆ་རྐྱེན་གསུམ་ནི། ༡ བཅོམ་ལྡན་འདས་ཀྱི་མ་བཞེས་པའི་གསོལ་ཟས་དང་ན་བཟའི་ལྷག་འཕྲོ་མི་གནང་བ། ༢ དུས་ནམ་ཡིན་ཀྱང་སྐུ་མདུན་དུ་ཐད་ཀར་བཅར་ཆོག་པ། ༣ རང་ཉིད་བཅོམ་ལྡན་འདས་ཀྱི་དྲུང་དུ་མེད་སྐབས་ཆོས་མི་གསུངས་པ་བཅས་ཡིན། ཆ་རྐྱེན་དང་པོ་གཉིས་ནི་མི་གཞན་གྱིས་ཀུན་དགའ་བོར་ལྟོ་གོས་ཙམ་གྱི་དོན་དུ་ཉེ་གནས་བྱས་སོ་ཞེས་ཁ་གཏོང་མཁན་མི་ཡོང་བའི་ཆེད་དང༌། ཆ་རྐྱེན་གསུམ་པ་ནི་ཀུན་དགའ་བོ་རང་ཉིད་ལ་སྙན་དུ་གསན་ཚད་ཐམས་ཅད་ཐེངས་གཅིག་གིས་ནམ་ཡང་མི་བརྗེད་པར་ཐུགས་ལ་བརྟན་པོར་ངེས་ཐུབ་པའི་ཁྱད་ཆོས་ཡོད་པར་བརྟེན། བཅོམ་ལྡན་འདས་ཀྱིས་གང་གསུངས་པའི་ཆོས་ཐམས་ཅད་ཐུགས་ལ་ངེས་ནས་བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་རྗེས་བཀའ་བསྡུ་ཆ་ཚང་བ་མཛད་ཐུབ་པའི་དགོས་པ་ཡོད་པ་ཡིན།

བཅོམ་ལྡན་འདས་མྱ་ངན་ལས་འདས་སྐབས་ཀུན་དགའ་བོ་རྒྱུན་བཞུགས་ཀྱི་འབྲས་བུ་ཐོབ་ཙམ་ལས་དགྲ་བཅོམ་པའི་འབྲས་བུ་ཐོབ་མེད་པར་བརྟེན་དགེ་འདུན་གྱི་ཁོངས་ནས་གནས་དབྱུང་བཏང་སྟེ་དམའ་ཕབས་ན་དགྲ་བཅོམ་པའི་འབྲས་བུ་མྱུར་དུ་ཐོབ་ཐུབ་པར་མངོན་ཤེས་ཀྱིས་གཟིགས་ཏེ་ཉེས་པ་ཆེན་པོ་བརྒྱད་བགྲངས་ཏེ་དགེ་འདུན་གྱི་གྲལ་ནས་ཕུད། དེ་ནས་བཟུང་དགེ་སློང་དང༌། དགེ་ཚུལ། སློབ་དཔོན་གཅིག་པ་སུས་ཀྱང་གཏམ་མི་སྨྲ་བ་དང༌། མཉམ་དུ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་མཁན་མེད་སྟབས་ཐུགས་སྐྱོ་བ་ལ་ཚད་མེད་པ་བྱུང་ཞིང༌། འོན་ཀྱང་སངས་རྒྱས་ཀྱི་རྒྱུན་བཞུགས་གནང་སའི་གཟིམས་ཁང་གི་ཕྱི་ནང་ཉེ་སྐོར་བཅས་ལ་གད་ཕྱིས་དང༌། ཆུ་དང་ཚེམས་ཤིང་འབུལ་བ། གཟིམས་མལ་བཤམ་པ་སོགས་སངས་རྒྱས་ཞལ་བཞུགས་དུས་དང་ཁྱད་མེད་གནང་ཐོག་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་སྒོམ་པ་ལ་འབད་བརྩོན་གནང་བས་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པར་གྱུར། བཀའ་བསྡུ་དང་པོ་མཛད་ཉེ་བའི་སྐབས་སུ་ཀུན་དགའ་བོ་མདོ་སྡེ་སྡུད་པ་པོར་བསྐོས། དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་བཏིང་བའི་སྟེང་དུ་བཞུགས་ནས་ཐུགས་ལ་བཟུང་བའི་མདོ་སྡེ་རྣམས་ཐོགས་པ་མེད་པར་གསུངས་པ་སོགས་བཀའ་བསྡུའི་མཛད་སྒོ་གྲུབ་ནས་མི་རིང་བར་འོད་སྲུངས་ཆེན་པོས་ཀུན་དགའ་བོ་བསྟན་པའི་བདག་པོར་བསྐོ་གཞག་མཛད་དེ་དགོངས་པ་མྱ་ངན་ལས་འདས། དེ་ནས་ལོ་བཞི་བཅུའི་བར་དུ་བསྟན་པའི་བདག་པོ་མཛད་ནས་དུས་དུས་སུ་གདུལ་བྱའི་བློ་དང་འཚམས་པར་ཆོས་གསུངས་པ་དང་རྫུ་འཕྲུལ་གྱི་འདུལ་དགོས་པ་རྣམས་དེ་ལ་དེ་འཚམས་པའི་རྫུ་འཕྲུལ་བསྟན་ནས་འདུལ་བར་མཛད་པས་དགྲ་བཅོམ་པ་ཐོབ་པའི་དགེ་སློང་ཡང་ཁྲི་གཅིག་ལྷག་ཙམ་ཟིན་པ་སོགས་མཛད་རྗེས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པ་བྱུང་ངོ༌།།

དགུང་ལོ་བརྒྱད་ཅུ་གྱ་ལྔར་ཕེབས་སྐབས་སློབ་མའི་ཐ་མ་ཉི་མ་གུང་པ་སོགས་དྲང་སྲོང་ལྔ་བརྒྱ་པོ་རྣམས་ཆུ་བོ་གངྒའི་དབུས་ཀྱི་གླིང་ཕྲན་ཞིག་ཏུ་འཁྲིད་ནས་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཏེ་ཐམས་ཅད་དགྲ་བཅོམ་པ་ཐོབ། དགོངས་པ་མྱ་ངན་ལས་འདའ་ཁར་ཡུལ་སྤོང་བྱེད་པ་དང༌། མ་ག་དྷ་པ་གཉིས་སྐུ་གདུང་གི་དོན་དུ་འཁྲུགས་པ་འོང་བར་མཁྱེན་ནས་གཉིས་ཀར་སྐུ་གདུང་གི་བགོ་བཤའ་ཐོབ་ཆེད་ཡུལ་གཉིས་ཀྱི་བར་གྱི་ཆུ་བོ་གངྒའི་དབུས་སུ་ཡོད་པའི་གླིང་ཕྲན་ནང་བཞུགས་ནས་དེར་མྱ་ངན་ལས་འདས་སྐུ་གདུང་ལས་རང་བྱུང་གི་མེ་འབར་བས་ཞུགས་ལ་སྦྱངས་པའི་དུམ་བུ་གཉིས་སུ་གྱུར་པ་བྱང་གི་དེ་སྤོང་བྱེད་པས་ཁྱེར། ལྷོའི་དེ་མ་སྐྱེས་དགྲས་ཁྱེར་ནས་སོ་སོའི་ཡུལ་དུ་མཆོད་རྟེན་རེ་བརྩིགས་སོ།།

གཏད་རབས་གསུམ་པ།  ཤ་ནའི་གོས་ཅན།     ༈ དེ་ནས་ཀུན་དགའ་བོས་ཤ་ནའི་གོས་ཅན་ལ་བསྟན་པ་གཏད་པས། ཤ་ནའི་གོས་ཅན་གྱིས་གྲོང་ཁྱེར་ཆེན་པོ་དྲུག་ན་གནས་པའི་འཁོར་རྣམ་པ་བཞི་ལ་ཆོས་སྟོན་ཅིང་བསྟན་པ་རྒྱ་ཆེར་བསྐྱངས་ཏེ། སྔ་ཕྱིར་གདམས་ངག་བསྟན་པས་བདེན་པ་མཐོང་བ་དང་དགྲ་བཅོམ་ཐོབ་པ་ཤིན་ཏུ་མང་པོ་བྱུང་ངོ༌། །ཅིའི་ཕྱིར་ཤ་ནའི་གོས་ཅན་ཞེས་བྱ་ཞེ་ན། རྩྭ་ཤ་ན་ཞེས་པ་ལས་བྱས་པའི་ན་བཟའ་བཞེས་པས་ཤ་ནའི་གོས་ཅན་དུ་གྲགས་ཤིང༌། ཀུན་དགའ་བོ་མྱ་ངན་ལས་འདས་པའི་ཕྱི་ལོ་དེར་རྒྱལ་པོ་མ་སྐྱེས་དགྲ་ཡང་འདས་ཏེ་སྔོན་གྱི་རྣམ་སྨིན་གྱིས་ཡུད་ཙམ་དམྱལ་བར་སྐྱེས། དེ་ལས་ཤི་འཕོས་ཏེ་ལྷར་སྐྱེས་ནས། འཕགས་པ་ཤ་ནའི་གོས་ཅན་ལ་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་པར་གྲགས་སོ།།

                དེ་སྐབས་རྒྱལ་པོ་ལག་བཟང་གིས་རྒྱལ་སྲིད་བྱས། ལོ་བཅུ་བདུན་ཙམ་དུ་སངས་རྒྱས་ཀྱི་བསྟན་པ་མཆོད་དེ། དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་གྱི་བསྟན་པ་ཅུང་ཟད་སྐྱོང་ལ། གཙོ་བོར་འཕགས་པ་ཉི་མ་གུང་པ་ཡུལ་ཝཱ་རཱ་ཎ་སིའར་བཞུགས་ཏེ༑ འཁོར་རྣམ་བཞི་ལ་ལུང་འབོགས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་མཛད་ཅིང༌། དུས་ནམ་ཞིག་ན་ཝཱ་རཱ་ཎ་སིའའི་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་དགེ་སློང་སློང་བ་པོ་མང་པོས་ཡིད་སུན་པར་གྱུར་བས། དགེ་སློང་རྣམས་ལ་བསོད་སྙོམས་ཀྱི་སྤྱོད་ཡུལ་གཞན་ལ་མེད་པ་ལྟ་ཟེར་བ་སོགས་མི་སྙན་པ་མང་དུ་བརྗོད་པས། འཕགས་པ་ཉི་མ་གུང་པ་དགྲ་བཅོམ་པ་ཁྲི་ཕྲག་གཅིག་གི་འཁོར་གྱིས་བསྐོར་ནས་ནམ་མཁའི་ལམ་ལ་འཕུར་ཞིང་གཤེགས་ནས། བྱང་ཕྱོགས་རི་ཨུ་ཤི་རར་ཕེབས། དེར་ཁྱིམ་བདག་ཨ་ཛ་ཞེས་བྱ་བས། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ༑ དུས་སྟོན་གྱི་མཆོད་པ་ལོ་གཅིག་ཏུ་བྱས་པས། དགྲ་བཅོམ་པ་བཞི་ཁྲི་སྟོང་འདུས་སོ། །རྐྱེན་དེ་ལ་བརྟེན་ནས་བྱང་ཕྱོགས་སུ་བསྟན་པར་ལྷག་པར་དར་བར་གྱུར་ཏོ།།

                དེ་ལྟར་ཉི་མ་གུང་པས་ཨུ་ཤི་རར་ལོ་གསུམ་དུ་ཆོས་བསྟན་ཏོ། །དུས་དེའི་ཚེ་མཉན་ཡོད་ན་འཕགས་པ་ཤ་ནའི་གོས་ཅན་བཞུགས་ཏེ། འཁོར་རྣམ་བཞི་ལ་ཆོས་བསྟན་པས་དགྲ་བཅོམ་པ་སྟོང་དུ་ཉེ་བ་བྱུང༌། སྔོན་རྒྱལ་པོ་མ་སྐྱེས་དགྲ་ཡོད་པའི་ཚེ། བྲམ་ཟེའི་རིགས་ཆོས་དང་མི་ལྡན་པ་ཤིན་ཏུ་གདུག་ཅིང་གཏུམ་པོ་ཁ་ཟས་ཀྱང་གཙང་རྨེ་མེད་པར་སྤྱོད་ཅིང༌། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པ༑ པ་ན་དང་ན་བ་ཞེས་བྱ་བ་གཉིས་ཡོད་ཅིང་དེ་གཉིས་ཀྱིས་ཁྱིམ་འགའ་ཞིག་ཏུ་རྐུན་པོ་བྱས་པའི་རྒྱུས་རྒྱལ་པོས་ཆད་པ་བཅད་པ་ན། དེ་དག་ཤིན་ཏུ་ཁྲོས་པས། དགྲ་བཅོམ་པ་མང་པོ་ལ་གདུགས་ཚོད་གསོལ་ཏེ། དགེ་བའི་རྩ་བ་འདིས་གནོད་སྦྱིན་དུ་གྱུར་ཏེ། རྒྱལ་པོ་དང་མ་གྷ་དྷ་པ་རྣམས་འཇོམས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །མི་རིང་བར་དེ་གཉིས་རིམས་ནད་ཀྱིས་ཟིན་ཏེ་ཤི་ནས་གནོད་སྦྱིན་དུ་སྐྱེས། གང་གི་ཚེ་རྒྱལ་པོ་ལག་བཟང་གི་རྒྱལ་སྲིད་བསྐྱངས་ནས་ལོ་བདུན་ནམ་བརྒྱད་ལོན་པའི་ཚེ། དེ་གཉིས་མ་གྷ་དྷར་གནོད་སྦྱིན་གྱི་ས་ཐོབ་པར་གྱུར་ཏེ། ཡུལ་དུ་རིམས་ནད་ཆེན་པོ་བཏང་བས་མི་ཕྱུགས་མང་པོ་ཤི་ཞིང་རིམས་ཆད་དུ་མ་འདོད་པ་ན། ལྟས་མཁན་རྣམས་ཀྱིས་དོན་ཤེས་ཏེ། མ་གྷ་དྷ་པའི་ཡུལ་པ་རྣམས་ཀྱི་འཕགས་པ་ཤ་ནའི་གོས་ཅན་སྤྱན་དྲངས་ཏེ་གནོད་སྦྱིན་དེ་གཉིས་འདུལ་བར་གསོལ་བ་བཏབ་བོ། །དེས་ཀྱང་དེ་གཉིས་གནས་པའི་རི་གུརྦ་ཞེས་པར་གཤེགས་ཏེ་གནོད་སྦྱིན་གྱི་ཕུག་པར་བཞུགས་པ་ན། དེའི་ཚེ་གནོད་སྦྱིན་དེ་གཉིས་གནོད་སྦྱིན་གཞན་གྱི་མདུན་སར་སོང་བ་ལས་གྲོགས་གནོད་སྦྱིན་གཞན་ཞིག་སྦྲན་ཏེ། སླར་འོངས་ནས་རབ་ཏུ་ཁྲོས་པས་ཕུག་པའི་བྲག་རྣམས་རྟིབ་པ་ན། ཡང་ཕུག་པ་གཞན་ཞིག་བྱུང་སྟེ། དེ་ན་འཕགས་པ་ཤ་ནའི་གོས་ཅན་འདུག་གོ །དེ་ལྟར་ལན་གསུམ་སོང་བ་ན། དེ་གཉིས་ཀྱི་མེ་སྦར་བས། དགྲ་བཅོམ་པས་དེ་བས་ཀྱང་ཆེ་བའི་མེ་ཕྱོགས་བཅུར་སྤར་ཏེ། གནོད་སྦྱིན་གཉིས་སྐྲག་ཏེ་བྲོས་པས། ཕྱོགས་ཐམས་ཅད་མེ་འབར་བས་འབྲོས་ས་ཡང་མ་རྙེད་པས་མཐར་འཕགས་པ་ཤ་ནའི་གོས་ཅན་ལ་སྐྱབས་སུ་སོང་བས་མེ་ཞིའོ། །དེ་ནས་ཆོས་བསྟན་པས་ཤིན་ཏུ་དད་པར་གྱུར་ཏེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། དེ་མ་ཐག་རིམས་ཀྱང་ཞི། དེ་ལྟ་བུའི་ཆོ་འཕྲུལ་བསྟན་པ་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་གི་མཐོང་ངོ༌།།

གཏད་རབས་བཞི་པ།  འཕགས་པ་ཉེར་སྦས།  ༈ དེ་ནས་འཕགས་པ་ཤ་ནའི་གོས་ཅན་གྱིས་དགྲ་བཅོམ་པ་ཉེར་སྦས་ལ་བསྟན་པ་གཏད་དེ། ཉེར་སྦས་ཀྱིས་བསྟན་པ་སྔར་ལྷག་དར་རྒྱས་སུ་བསྐྱངས་ཤིང༌། དབྱར་གནས་མཛད་པ་དང་གདམས་ངག་བསྟན་པས་ཟླ་བ་གསུམ་ལ་དགྲ་བཅོམ་པ་ཐོབ་པ་སྟོང་ཕྲག་གཅིག་ཚང་བར་བྱུང་ཞིང༌། དེ་ནས་རིའི་རྒྱལ་པོ་གནྡྷ་རར་བྱོན་ནས་ཆོས་བསྟན་པས་ཀྱང་སྐྱེ་བོ་དཔག་ཏུ་མེད་པ་བདེན་པ་ལ་བཀོད། ཁྱད་པར་གར་མཁན་དཔའ་བོའི་གཙུག་ལག་ཁང་ཞེས་བྱ་བར་སྐྱེ་བོ་འབུམ་ཕྲག་དུ་མ་ལ་ཆོས་སྟོན་པས་རབ་ཏུ་བྱུང་བ་དང་ཁྱིམ་པ་མང་པོ་ཞིག་གིས་བདེན་པ་མཐོང་ལ་དེའི་སྐབས་ཤིག བདུད་ཀྱི་བར་ཆད་བྱ་བར་བརྩམས་ཏེ་གྲོང་ཁྱེར་དུ་ཉིན་བདུན་རིང་འབྲས་དང་གོས། གསེར་དངུལ་དང༌། རིན་ཆེན་སྣ་བདུན་སོགས་ཀྱི་ཆར་བབས་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་པས་སྐྱེ་བོ་མང་པོ་གྲོང་ཁྱེར་དུ་སོང་བས་ཆོས་ཉན་པའི་འཁོར་རིམ་གྱིས་ཉུང་དུ་སོང་བ་ན༑ འཕགས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་བདུད་འཁོར་དང་བཅས་པ་ཕམ་པར་མཛད་དེ་ཕྱིན་ཆད་ཆོས་ཉན་པའི་འཁོར་གྱི་ཚོགས་ལ་གནོད་པ་མི་བྱེད་པར་ཁས་བླངས། དེ་ནས་ཉེར་སྦས་ཀྱིས་བདུད་ལ་ངས་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མཇལ་ཡང་གཟུགས་སྐུ་མ་མཇལ། བདུད་སྡིག་ཏོ་ཅན་ཁྱོད་ཀྱིས་སྟོན་པའི་གཟུགས་ཀྱི་སྐུ་མཇལ་བས། སྐུའི་རྣམ་པ་ཇི་ལྟ་བ་བཞིན་སྟོན་ཅིག་ཅེས་གསུངས་པ་ལྟར། བདུད་ཀྱིས་སྟོན་པའི་སྐུར་སྤྲུལ་པ་ན་དེ་མ་ཐག ཉེར་སྦས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཐལ་མོ་སྦྱར་བ་མ་བཟོད་པར་བདུད་དེ་མི་སྣང་བར་གྱུར། ཚུལ་དེ་ལྟ་བུ་མཐོང་བས་སྐྱེ་བོ་ཐམས་ཅད་ཡིད་འབྱུང་ཞིང་དད་པ་ལྷག་པར་སྐྱེས་པ་ན། འབྲས་ཆར་ཕབ་པ་ནས་བརྩམས་ཏེ་སྔོན་གྱི་དགེ་རྩས་བསྐུལ་བའི་སྐྱེ་བོ་ཕྱོགས་བཞི་ནས་འདུས་པ་དེ་རྣམས་ཐམས་ཅད་ལ་ཞག་དྲུག་རིང་དེ་ཉིད་ཀྱི་མཚན་ཐོག་ཐག་ཏུ་ཆོས་བསྟན་པས་སྐྱེ་བོ་འབུམ་ཕྲག་བཅོ་བརྒྱད་ཀྱིས་བདེན་པ་མཐོང་ངོ༌།།

                དེ་ནས་གར་མཁན་དཔའ་བོའི་གཙུག་ལག་ཁང་དུ་ཇི་སྲིད་འཚོའི་བར་དུ་བཞུགས་ཏེ། ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད་པ། རྒྱར་ཁྲུ་བཅུ་གཉིས་པ། དཔངས་སུ་ཁྲུ་དྲུག་པ་ཞིག་ཡོད་ལ། ཉེར་སྦས་ཀྱི་གདམས་པས་དགེ་སློང་རབ་ཏུ་བྱུང་བ་གཅིག་གིས་དགྲ་བཅོམ་པ་ཐོབ་པ་ན་ཤིང་བུ་སོར་བཞི་པ་ཞིག་ཕུག་དེར་འཕངས་སོ༑ ༑དེ་ནས་དུས་ནམ་ཞིག་སོང་བ་ན་ཚུལ་དེ་ཁོ་ནས་ཕུག་པ་དེ་ཤིང་བུ་དེ་འདྲ་བས་གོ་མཚམས་མེད་པར་གང་བར་གྱུར་ཏོ། །དེའི་ཚེ་འཕགས་པ་ཉེར་སྦས་ཀྱང་མྱ་ངན་ལས་འདས་ཏེ། སྐུ་ཡང་ཤིང་བུ་དེ་རྣམས་ཀྱི་ཞུགས་ལ་ཕུལ་བས། རིང་བསྲེལ་གཅིག་ཏུ་གྱུར་བ་ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་གྲགས་སོ།།

                དེ་ལྟ་བུའི་འཕགས་པ་ཉེར་སྦས་འདི་ནི་སྟོན་པ་ཉིད་ཀྱིས་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་ལྟར། སྐུ་ལ་མཚན་དཔེ་མེད་པ་མ་གཏོགས་འགྲོ་ཕན་སངས་རྒྱས་ཉིད་དང་ཕྱོགས་མཚུངས་པའི་དོན་ཡིན་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་འདི་ལས་འགྲོ་བའི་དོན་ཆེ་བ་མ་བྱུང་ངོ༌། །འདིས་དགྲ་བཅོམ་དྷཱི་ཏི་ཀ་ལ་བསྟན་པ་གཏད་དོ།།

 གཏད་རབས་ལྔ་པ།  འཕགས་པ་དྷིའ་ཏི་ཀ སྨྲས་པ། བདག་ནི་ཁྱིམ་གྱི་འདོད་པ་མེད་ཀྱིས། རབ་ཏུ་འབྱུང་དུ་སྩོལ་ཅིག ཕས་སྨྲས་པ་ཅི་སྟེ་ཁྱོད་གདོན་མི་ཟ་བར་རབ་ཏུ་འབྱུང་ན་ཡང་ཇི་སྲིད་ང་མ་ཤིའི་བར་དུ་རབ་ཏུ་མ་བྱུང་ཞིག འཁོར་བྲམ་ཟེ་འདི་རྣམས་ཀྱང་ཁྱོད་ཀྱིས་སྐྱོངས་ཤིག དེས་ཀྱང་ཕ་ལས་ཉན་ཏེ་ཁྱིམ་དུ་ཚངས་པར་སྤྱོད་པར་གནས་ནས་བྲམ་ཟེ་ལྔ་བརྒྱ་པོ་དེ་རྣམས་ལ་འཚེ་བ་མེད་པའི་རིག་པ་དག་སྟོན་པར་བྱེད་དོ།།

                དུས་ནམ་ཞིག་ན་ཕ་འདས་པར་གྱུར་ཏེ། ཁྱིམ་གྱི་འབྱོར་པ་ཐམས་ཅད་དགེ་སྦྱོང་དང་བྲམ་ཟེ་ལ་བཏང་སྟེ་འཁོར་ལྔ་བརྒྱ་དང་བཅས་པ་ཀུན་ཏུ་རྒྱུའི་ཆས་སུ་ཞུགས་ཏེ། གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་རྒྱུ་ཞིང༌། མུ་སྟེགས་ཅན་བྲམ་ཟེ་ཆེ་བ་ཆེ་བར་གྲགས་པ་རྣམས་ལ་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང་མགུ་བའི་ལན་མ་བྱུང་སྟེ། མཐར་བཅོམ་བརླག་ཏུ་འཕགས་པ་ཉེར་སྦས་མཇལ་ཅིངདེ་ལ་དྲིས་པས་དེར་ལྷག་པར་དད་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཉེར་སྦས་ཀྱིས་གདམས་པ་རྣམ་པ་བདུན་བསྟན་པས་ཞག་བདུན་གྱིས་བྲམ་ཟེ་ལྔ་བརྒྱས་དགྲ་བཅོམ་པ་ཐོབ་པར་གྱུར་ཏེ། འཕགས་པ་དྷིའ་ཏི་ཀ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་བྱས་སོ།།

དེས་ཡུལ་དང་ཡུལ་གྱི་བྲམ་ཟེའི་གཙོ་བོ་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་མཆོག་ཏུ་དད་པ་ལ་བཀོད་དོ། །དེ་ནས་འཕགས་པ་དྷིའ་ཏི་ཀས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པའི་སྐབས་ཤིག ཤར་ཕྱོགས་ཀཱ་མ་རཱུ་པའི་ཡུུལ་དུ་བྲམ་ཟེ་སིངྷ་ཞེས་བྱ་བ་འཁོར་སྟོང་ཕྲག་དང་བཅས་ཉི་མ་ལ་མཆོད་པ་ཞིག་ཡོད་པ་དེས་ཉི་མ་མཆོད་པའི་དུས་ཤིག་ན། འཕགས་པ་དྷིའ་ཏི་ཀས་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འོངས་པའི་རྫུ་འཕྲུལ་བསྟན་པས། བྲམ་ཟེའི་ཉི་མ་ཡིན་པར་བསམས་ཏེ་མཆོད་ཅིང་ཕྱག་འཚལ་བ་ལ་ཆོས་བསྟན་པས་དད་པའི་སྟོབས་ཤིན་ཏུ་ཆེ་བར་གྱུར་པའི་ཚེ༑ འཕགས་པས་རང་ཉིད་ཀྱི་རྣམ་པས་སླར་ཡང་ཆོས་བསྟན་པས། བྲམ་ཟེ་དེས་བདེན་པ་མཐོང་ཞིང༌། ཕྱོགས་བཞིའི་དགེ་འདུན་རྣམས་ལ་དུས་སྟོན་ཆེན་པོ་བྱས་པ་དང༌། གཙུག་ལག་ཁང་ཡང་བཞེངས་ཏེ་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་ལྷག་པར་དར་བར་མཛད། དེའི་ཚེ་ནུབ་ཕྱོགས་མ་ལ་ཝ་ན་བྲམ་ཟེ་དྲེགས་མེད་ཅེས་བྱ་བས་ཅོད་པན་མ་བཅིངས་པའི་རྒྱལ་སྲིད་ལ་གནས་ཤིང༌། ཉིན་རེར་ར་སྐྱེས་སྟོང་སྟོང་བསད་དེ་ཤ་ཁྲག་གི་སྦྱིན་སྲེག་བྱེད་པས་སྦྱིན་སྲེག་གི་ཐབ་ཀྱང་སྟོང་ཡོད་ཅིང་ཉིན་གཅིག་བ་ལང་དཀར་གསལ་ཁྲི་གཅིག་བསགས་ཤིང༌། བྲམ་ཟེ་རབ་ཏུ་མང་པོ་བོས་ཏེ་སྦྱིན་པའི་ཡོ་བྱད་རྒྱས་པར་བཤམས་ནས་སྦྱིན་སྲེག་བྱེད་པར་བརྩམས་པ་ན། འཕགས་པ་དྷིའ་ཏི་ཀ་མཆོད་སྦྱིན་གྱི་སར་འོངས་ཏེ། དེར་ཐབས་གང་གིས་ཀྱང་མེ་སྦར་མ་ནུས། བ་ལང་རྣམས་ཐབས་གང་གིས་ཀྱང་བསད་པར་མ་ནུས་ཤིང་རྨ་ཕྱུང་བར་མ་ནུས་པ་སོགས་ཀྱི་མཐུ་སྟོབས་ཀྱིས་བཏུལ་ཏེ་དད་པ་ལ་བཀོད། ཐབས་འཕགས་པས་བསྟན་པ་ལྟར་བྲམ་ཟེ་དེ་རྣམས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལྔ་ལ་བཀོད་ཅིང་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བསྐྱངས་ཤིང་སེམས་ཅན་ལ་ཕན་པར་མཛད་ནས། འཕགས་པ་ནག་པོ་ལ་བསྟན་པ་གཏད་ནས་མྱ་ངན་འདས་སོ།།

གཏད་རབས་དྲུག་པ།  འཕགས་པ་ནག་པོ།    ༈ ཤར་ཕྱོགས་ཡུལ་ཨངྒ་ཞེས་བྱ་བར་ཁྱིམ་བདག་ཕྱུག་པོ་ལོངས་སྤྱོད་ཤིན་ཏུ་ཆེ་བའི་ཁྱིམ་ན་བུ་མེད་པ་ལས་ལྷ་ཆེན་པོ་ཁྱབ་འཇུག་ནག་པོའི་གཟུགས་ཅན་ལ་ཡང་ཡང་མཆོད་པ་བྱས་པ་ལས་ནམ་ཞིག་ན་ཁྱིའུ་ཞིག་བཙས་པ་མིང་ལ་ནག་པོར་བཏགས། དེ་ཆེར་སྐྱེས་པ་ན་རྒྱ་མཚོར་འཇུག་པར་འདོད་དེ་ཚོང་པ་ལྔ་བརྒྱ་དང་བཅས་གྲུ་གཟིངས་ལེགས་པར་བཅོས་ཏེ་རིན་ཆེན་གླིང་དུ་ཐེངས་དྲུག་ཕྱིན་པས་དཀའ་བ་མེད་པར་བདེ་བླག་ཏུ་སོན་པས་ཚོང་དཔོན་བསོད་ནམས་ལྡན་པའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ། བར་སྐབས་དེར་ཕ་མ་ཡང་འདས་ཤིང་འཕགས་པ་དྷིའ་ཏི་ཀ་ལ་དད་པ་ཐོབ་པའི་སྐབས་ཤིག་ན། བྱང་ཕྱོགས་ཐག་རིང་ནས་ཚོང་པ་མང་པོ་ལྷགས་ཏེ་རྒྱ་མཚོར་འགྲོ་བར་བསྐུལ་བས་འགྲོ་འདོད་མེད་ཀྱང་མཐར་མི་འགྲོ་ཐབས་མེད་ཀྱིས་ཕྱིན་པས་རྒྱ་མཚོར་སྲིན་མོས་བར་བགེགས་བྱ་བར་རྩོམས་པས་འཕགས་པ་དྷིའ་ཏི་ཀ་ལ་གསོལ་བ་བཏབ་པས་འཕགས་པ་རྫུ་འཕྲུལ་གྱི་ནམ་མཁའ་ལས་རྒྱ་མཚོར་བྱོན་ཏེ་སྲིན་མོ་བཏུལ་ཏེ་ཚོང་དཔོན་དང་བཅས་པ་བདེ་བླག་ངང་རང་གནས་སུ་འབྱོར་ཞིང༌། དེར་ཚོང་པ་དེ་ཐམས་ཅད་ཀྱི་ཡོ་བྱད་ཐམས་ཅད་ལོ་གསུམ་གྱི་བར་དུ་ཕྱོགས་བཞིའི་དགེ་འདུན་ལ་དུས་སྟོན་ཆེན་པོ་བྱས་ནས། མཐར་རབ་ཏུ་བྱུང་སྟེ་འཕགས་པ་དྷིའ་ཏི་ཀ་ལས་བསྙེན་པར་རྫོགས་ནས་མི་རིང་བར་ཐམས་ཅད་དགྲ་བཅོམ་པ་ཐོབ་བོ།།

                དེ་ནས་ནམ་ཞིག་ལ་འཕགས་པ་དྷིའ་ཏི་ཀ་མྱ་ངན་ལས་འདས་པའི་ཚེ། ཚོང་དཔོན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ནག་པོ་ལ་བསྟན་པ་གཏད། འཕགས་པ་ནག་པོས་བསྟན་པ་བསྐྱངས་ཏེ་འཁོར་རྣམ་བཞི་ལ་གདམས་ངག་འབོགས་པ་དང༌། ཡུལ་མ་རུའི་ཆ་ཤས་པུསྐི་་ཎི་ཞེས་བྱ་བའི་གཙུག་ལག་ཁང་དུ་གནོད་སྦྱིན་སེར་སྐྱ་ཞེས་བྱ་བ་ཞིག་གིས་འཚོ་བ་སྦྱར་ནས་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ། དེ་དག་ཕྱིར་བཅོས་ནས་དགེ་འདུན་ཐམས་ཅད་ཡོངས་སུ་འདུས་པའི་དབུས་སུ་བདག་མེད་པའི་ཆོས་ཡང་ཡང་བསྟན་ཏེ་དེར་ཟླ་བ་གསུམ་ཙམ་འདས་པ་ན། གནས་བརྟན་པས་བདག་ཏུ་ལྟ་བ་ལ་སྔར་བཀོད་པའི་དགེ་སློང་དེ་ཐམས་ཅད་རྒྱུད་ཡོངས་སུ་དག་སྟེ་བདེན་པ་མཐོང་བ་ཤ་སྟག་ཏུ་གྱུར། གནས་བརྟན་པ་ཉིད་ཀྱང་མཐར་ལྟ་བ་མ་ཉམས་པ་ལ་བཀོད།

                ཡང་སིངྒ་ལར་རྒྱལ་པོ་ཁྲི་ལྡན་སེངྒེའི་མཛོད་ཅེས་བྱ་བ་ཞིག་ཡོད་པ་ལ། ཚོང་པ་ཞིག་གིས་སྟོན་པའི་སྐུ་གཟུགས་ཤིང་ལས་བྱས་པ་ཞིག་ཕུལ། དེ་ཅི་ཡིན་དྲིས་པའི་ཚེ། སྟོན་པ་ནས་འཕགས་པ་ནག་པོའི་བར་གྱི་ཆེ་བ་རྣམས་བརྗོད་པས། རྒྱལ་པོས་འཕགས་པ་ནག་པོ་མཇལ་ཞིང་དམ་པའི་ཆོས་ཉན་པར་འདོད་ནས་ཕོ་ཉ་མངགས་པ་ན། འཕགས་པ་འཁོར་ལྔ་བརྒྱ་དང་བཅས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས། ཕོ་ཉ་བས་ཆོས་གོས་ཀྱི་གྲྭ་ལ་འཇུས་ཏེ་ཐམས་ཅད་སིངྒ་ལའི་གླིང་གི་ཡུལ་གྱི་མཐར་བབས། དེ་ནས་ཕོ་ཉ་བ་སྔོན་དུ་བཏང་ནས་འཕགས་པ་འཁོར་བཅས་བྱོན་པར་ཤེས་ནས་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་བཀོད་པ་རྒྱ་ཆེན་པོས་ལེགས་པར་བསུས་པ་ན།  འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ་དང༌། འབར་བ་ལ་ལ་སོགས་པའི་ཆོ་འཕྲུལ་དུ་མ་སྟོན་བཞིན་གྲོང་ཁྱེར་དུ་གཤེགས། སིངྒ་ལའི་གླིང་དེར་སྔོན་སྟོན་པས་ཞབས་ཀྱིས་བཅགས་ཀྱང༌། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ཆེས་ཆེར་ཉམས་པ་འཕགས་པ་ནག་པོས་སླར་ཡང་ཤིན་ཏུ་དར་བར་མཛད་དོ། །དེ་ཉིད་ཀྱིས་མཐར་རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་དེ། བྱང་ཕྱོགས་གྱི་ཡུལ་ཀུ་ཤ་པ་ན་ཞེས་བྱ་བར་མཐའ་མའི་མཛད་པ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་མྱ་ངན་ལས་འདས་སོ།།

གཏད་རབས་བདུན་པ། འཕགས་པ་ལེགས་མཐོང༌།       ༈ འཕགས་པ་ལེགས་མཐོང་ནི་ནུབ་ཕྱོགས་ཡུལ་བྷ་རུ་ཀ་ཚཙར་སྐྱ་སེང་གི་རིགས་ལས་བྱུང་བའི་རྒྱལ་རིགས་མཐོང་བ་ཞེས་བྱ་བ་འབྱོར་པ་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དེའི་བུ་ལ་ལེགས་མཐོང་དུ་བཏགས་སོ། །དེ་ཆེར་སྐྱེས་ནས་སྐྱེད་མོས་ཚལ་ལྔ་བཅུ་དང༌། བུད་མེད་མཆོག་ལྔ་བཅུ། དེ་རེ་རེ་ལ་གཡོག་མོ་ལྔ་བཅུ། དེ་རེ་རེ་ལ་སིལ་སྙན་མ་ལྔ་ལྔ། ཉིན་རེ་ལ་གསེར་པ་ཎ་ལྔ་སྟོང་གི་མེ་ཏོག་ལ་ལོངས་སྤྱོད་པར་བྱེད་ན་ལོངས་སྤྱོད་གཞན་གྱི་ཁྱད་པར་ནི་སྨོས་མ་དགོས་ཏེ་ལྷ་དང་མཐུན་པའི་ལོངས་སྤྱོད་ཅན་ནོ།།

                དུས་ནམ་ཞིག་དགྲ་བཅོམ་པ་སུ་ཀ་ཡ་ན་ཞེས་བྱ་བ་འཁོར་མང་པོ་དང་བཅས་ཏེ་གྲོང་ཁྱེར་དུ་བྱོན་པའི་སྐབས་མཇལ་བས་ལྷག་པར་དད་དེ། ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེར་དགྲ་བཅོམ་པས་ཆོས་བསྟན་པ་ན་སྟན་དེ་ལ་འཁོད་བཞིན་དུ་དགྲ་བཅོམ་པ་ཐོབ་བོ། །རབ་ཏུ་བྱུང་བར་ཞུས་པས་དགྲ་བཅོམ་པ་ཁྱིམ་ན་གནས་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་མོད། འོན་ཀྱང་ཕ་ལ་རིག་པར་གྱིས་ཤིག དེས་ཀྱང་ཕ་ལ་རབ་ཏུ་བྱུང་བར་ཞུས་པས། ཕ་རབ་ཏུ་ཁྲོས་ནས་ལྕགས་སྒྲོག་གིས་འཆིང་བར་བརྩམས་པ་ན་སྐད་ཅིག་དེ་ཉིད་ལ་ནམ་མཁའ་ལ་འཕགས་ཤིང༌། འོད་ཟེར་སྤྲོ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་ཤིན་ཏུ་དད་པར་གྱུར་ཏེ། བུ་ཁྱོད་ཀྱིས་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་ཐོབ་པས་ད་ནི་རབ་ཏུ་བྱུང་ལ་བདག་ལ་ཡང་བརྩེ་བར་གྱིས་ཤིག དེར་རབ་ཏུ་བྱུང་ཞིང་ཕ་ལ་ཆོས་བསྟན་པས་དེས་ཀྱང་བདེན་པ་མཐོང་ངོ༌། །དེ་ནས་འཕགས་པ་ནག་པོ་སློབ་དཔོན་དུ་བསྟེན་ཏེ། ལྷན་ཅིག་གནས་པའི་ཚུལ་གྱིས་ཡུན་རིང་དུ་གནས་པ་ལས་འཕགས་པ་ནག་པོ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་ལེགས་མཐོང་ཆེན་པོས་འདུལ་བར་མཛད་དོ།།

                དེ་ནས་འཕགས་པ་ལེགས་མཐོང་གིས་བསྟན་པ་བསྐྱངས་པའི་ཚེ་ནུབ་ཕྱོགས་སིན་དྷུའི་གནས་ན་གནོད་སྦྱིན་མོ་ཧིངྒཱ་ལཱ་ཙི་ཞེས་པ་ཞིག་ཡོད། དེ་འདུལ་བའི་ཕྱིར་སིན་དྷུའི་གྲོང་དུ་བསོད་སྙོམས་ལ་ཕེབས་ཏེ། ལྷུང་གཟེད་བཀྲུས་པའི་ཁུ་བ་དེའི་གནས་སུ་ཕོ་བས་མོ་ཁྲོས་ཏེ། རྡོ་དང་མཚོན་ཆའི་ཆར་ཕབ་པ་ན་ལེགས་མཐོང་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པ་བཞུགས་པས། མཚོན་ཆ་ཐམས་ཅད་མེ་ཏོག་གི་ཆར་དུ་གྱུར། དེ་ནས་འཕགས་པས་ཕྱོགས་ཐམས་ཅད་མེས་ཁྱབ་པར་སྤྲུལ་པས་གནོད་སྦྱིན་མོ་དེ་ཤིན་ཏུ་འཇིགས་ཏེ་འཕགས་པ་ལ་སྐྱབས་སུ་སོང་བ་ན་ཆོས་བསྟན་ཏེ་བསླབ་པའི་གནས་ལ་བཀོད། བསྟན་པ་ལ་མི་དད་པའི་ཀླུ་དང་གནོད་སྦྱིན་ལྔ་བརྒྱ་ཙམ་བཏུལ་ལོ།།

                གཞན་ཡང་ཡུལ་ལྷོ་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ་གཙུག་ལག་ཁང་དང༌། དགེ་འདུན་གྱིས་ཁྱབ་པར་མཛད། གླིང་ཕྲན་མང་པོར་ཡང་བྱོན་ཏེ་སྐྱེ་བོ་རབ་ཏུ་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་པར་མཛད་དོ། །རྒྱ་ཡུལ་ཆེན་མོ་སོགས་སུ་ཡང་ཆོས་ཅུང་ཟད་དར་བར་མཛད་ནས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ལ་བཀོད་མཐར་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ།།

                དེ་ཡང་ཇི་སྐད་དུ། འོད་སྲུང་ཀུན་དགའ་བོ་དང་ཤ་ནའི་གོས། །ཉེར་སྦས་དྷིའ་ཏི་ཀ་དང་ནག་པོ་དང༌། །ལེགས་མཐོང་ལ་སོགས་སྟོན་པའི་གཏད་རབས་བདུན། །ཞེས་པ་ལྟར་ཉན་ཐོས་ཆེན་པོ་འོད་སྲུངས་དང༌། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷིའ་ཏི་ཀ ནག་པོ། ལེགས་མཐོང་བཅས་སྟོན་པའི་གཏད་རབས་བདུན་གྱི་མཛད་རྣམས་མདོར་བསྡུས་ངོ་སྤྲོད་ཟིན་ཏོ།།

ཐོསྃ་པས་བཀའ་བསྟན་གཞུང་བརྒྱའི་གནས་ལ་མཁསྃ། །
བསམྃ་པས་སྒོ་གསུམ་ཁྲིམས་ལས་འདའ་མེད་བཙུནྃ། །
སྒོམྃ་པས་གཞན་ཕན་ལྷག་བསམ་དག་པས་བཟངྃ༌། །
འཕགས་ཡུལ་སྐྱེས་ཆེན་དམ་པའི་བཀའ་དྲིན་དྲན། །
ཅེས་བར་སྐབས་ཀྱི་ཚིགས་བཅད་དོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
5 ༡༢༢༠༡༨༡༣༡༧
རིིན་ཆེན།
སྡེ་བཟངདྲུག་ཅུ་པོ་རྣམས་སྐྱབས་འགྲོ་གསུམ་བརྗོད་པ་ཙམ་གྱིས་དགེ་སློང་གི་སྡོམ་པ་ཐོབ་པའི་ལོ་རྒྱུས་དེ་གང་དུ་ཡོད་རེད།
4 ༢༡༢༠༡༦༡༣༥༤
གནད་སྙིང་ཚང་ཞིང་གོ་བདེ་བ། བཀའ་དྲིན་ཆེ།
འདི་དག་དགོས་ངེས་འདུག ཧ་ཅང་ལེགས།
ཡག་པོ་བྲིས་འདུག་བཀའ་དྲིན་ཆེ།
སྔར་སྟོན་པ་སངས་རྒྱས་ཞལ་བཞུགས་སྐྱབས་སྡེ་བཟངདྲུག་ཅུ་པོ་རྣམས་སྐྱབས་འགྲོ་གསུམ་བརྗོད་པ་ཙམ་གྱིས་དགེ་སློང་གི་སྡོམ་པ་ཐོབ་པའི་ལོ་རྒྱུས་དེ་་གསུངས་རོགས་གནང་། ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།