བཀའ་བསྡུ་རིམ་པ་གསུམ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། བཀའ་བསྡུ་དང་པོ།  ༈ སྔོན་སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན་པའི་དབྱར་དེར་འོད་སྲུངས་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ཤིང་ནགྲོདྷའི་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་འཚོ་བ་སྦྱར་ནས་དབྱར་གནས་མཛད་པའི་ཚེ། ཕྱི་མའི་དུས་ཀྱི་དགེ་སློང་བརྗེད་ངས་པའི་དོན་དུ་འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་སྤྲོ་བ་འདྲི་གསོལ་གཉིས་ཀྱིས་ལས་ཀྱིས་མདོ་སྡེ་བསྡུ་བར་བསྐོས་ནས་སེངྒེའི་ཁྲི་ལ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་བཏིང་སྟེ། དེ་ལ་ཀུན་དགའ་བོ་འདུག་སྟེ་མདོ་སྡེ་བཟུང་བ་ཐམས་ཅད་བཤད་པ་དང༌། གཞན་རྣམས་ཀྱིས་གུས་པར་ཉན་ནོ།།

                དེ་ནས་འོད་སྲུངས་ཀྱིས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །ཞེས་གསོལ་བ་བཏབ་བོ། །དེ་ནས་ཀུན་དགའ་བོས་སྟོན་པའི་ཡོན་ཏན་དྲན་པས་ཞལ་བྱང་ཆུབ་སྙིང་པོའི་ཕྱོགས་སུ་གཟིགས། མིག་མཆི་མས་གང༌། ཕྱག་གཉིས་ཐལ་མོ་སྦྱར། སྙན་པའི་གདངས་དང་བཅས་ནས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་ར་ཎ་སིའར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པས་ཐོག་དྲངས། མདོ་སྡེའི་སྡེ་སྣོད་ཇི་སྙེད་ཅིག་ཡོད་པ་རྣམས་ཚིག་གཅིག་ཀྱང་ཆད་ལྷག་མེད་པར་བློ་ལས་བཏོན་ཏེ་མདོ་སྡེའི་སྡེ་སྣོད་རྣམས་བསྡུས། དེ་ནས་འཕགས་པ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་དང༌། འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་རྣམས་རིམ་བཞིན་བསྡུས་པ་དེ་ལ་བཀའ་བསྡུ་དང་པོ་ཞེས་གྲགས།

                བཀའ་བསྡུ་འདི་དོན་ཚན་ལྔའི་ཐད་ནས་གོ་བདེར་བཤད་ན། ༡༽ བཀའ་བསྡུ་འདིའི་འབྱུང་རྐྱེན་ནི། སངས་རྒྱས་མྱ་ངན་ལས་འདས་ནས་རེ་ཞིག་བར་དགེ་སློང་སོགས་སློབ་མ་རྣམས་ཏིང་ངེ་འཛིན་སྒོམ་པ་གཙོར་འདོན་མཛད་དེ་ཆོས་འཆད་ཉན་ལ་སྤྲོ་བ་མེད་པར་གྱུར་པ་ལ་སྐྱེ་བོ་མང་པོ་ཞིག་གིས་འཕྱ་སྨོད་བྱེད་པ་བྱུང་བ་དེ་ཡིན། ༢༽ བཀའ་བསྡུའི་མཛད་པ་པོ་ནི། འོད་སྲུང་ཆེན་པོས་འདུལ་བའི་གཞུང་ནས་གསུངས་པའི་བསྐོ་བའི་ལས་ཀྱི་ཆོ་གའི་སྒོ་ནས། དགྲ་བཅོམ་པ་ཉེ་བར་འཁོར་འདུལ་བའི་སྡེ་སྣོད་སྡུད་པ་པོ་དང༌། ཀུན་དགའ་བོ་མདོ་སྡེའི་སྡེ་སྣོད་སྡུད་པ་པོར་བསྐོས་པ་དང༌། འོད་སྲུང་ཆེན་པོ་རང་ཉིད་ཀྱང་དགེ་འདུན་རྣམས་ཀྱིས་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོས་པར་མཛད་རྗེས་རིམ་བཞིན་བཀའ་བསྡུ་མཛད་པ་ཡིན། ༣༽ བཀའ་བསྡུའི་སྐབས་ཀྱི་སྦྱིན་བདག་ནི། སྐབས་དེའི་མ་གྷ་དྷའི་རྒྱལ་པོ་མ་སྐྱེས་དགྲ་ཡིན། ༤༽ བཀའ་བསྡུ་བའི་དུས་དང་གནས་ནི། སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་ཕུག་ལུགས་ལྟར་ན་ལྕགས་སྦྲུལ་ཕྱི་ལོའི་གོང་གི་ལོ་ ༨༨༡ དང༌། གནས་བརྟན་སྡེ་པའི་ལུགས་ལྟར་ན་ས་རྟ་ཕྱི་ལོའི་གོང་གི་ ༥༤༥ ལོར་རྒྱལ་པོ་མ་སྐྱེས་དགྲས་སྲིད་དབང་བཟུང་བའི་ཁྲི་ལོ་དགུ་པ་ལ་བབས་པ་རྒྱལ་པོའི་ཁབ་ཀྱི་ཤར་ལྷོའི་ཕྱོགས་བདེ་ཅན་མའི་བྲག་ཕུག་ཏུ་བཀའ་བསྡུ་དང་པོ་མཛད། ༥༽ བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། བཀའ་བསྡུ་བ་པོ་རྣམས་ཀྱིས་དེ་སྔོན་སངས་རྒྱས་ཞལ་བཞུགས་སྐབས་དངོས་སུ་གསན་པའི་བཀའ་རྣམས་བློ་ཐོག་ནས་གསུངས་རྗེས་དཔང་པོར་བཞུགས་པའི་དགྲ་བཅོམ་པ་ལྔ་བརྒྱས་ཚིག་དོན་ལ་ཆད་ལྷག་དང་གོ་རིམ་འཁྲུགས་པ་ཡོད་མེད་དྲི་བ་མཛད་སྐབས། ཚང་མས་ནོར་འཁྲུལ་བྱུང་མེད་པའི་ཞལ་བཞེས་དང་བསྟོད་བསྔགས་མཛད་པ་ནི་བཀའ་བསྡུ་དང་པོའི་འབྱུང་རྐྱེན་དང༌། མཛད་པ་པོ། སྦྱིན་བདག དུས་དང་གནས། བཀའ་བསྡུ་མཛད་ཐབས་བཅས་ལགས་སོ།།

བཀའ་བསྡུ་གཉིས་པ།   ༈ བཀའ་བསྡུ་གཉིས་པ་ནི་འབྱུང་རྐྱེན་དང༌། མཛད་པ་པོ། སྦྱིན་བདག དུས་དང་གནས། བཀའ་བསྡུ་མཛད་ཐབས་བཅས་དོན་ཚན་ལྔའི་ཐོག་ནས་བཤད་པ་ལ། ༡༽ བཀའ་བསྡུ་གཉིས་པའི་འབྱུང་རྐྱེན་ནི་སྟོན་པ་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་བརྒྱ་དང་བཅུ་འདས་པ་ན། ཡངས་པ་ཅན་ན་ཡོད་པའི་དགེ་སློང་རྣམས་ཀྱི་རུང་བ་མ་ཡིན་པའི་གཞི་བཅུ་སྟེ། ༡ ཧུ་ལུ་ཧུ་ལུ་ཡི་རུང་བ་དང༌། ༢ རྗེས་སུ་ཡི་རང་བའི་རུང་བ། ༣ ས་རྐོ་བ་དང་རྐོ་རུ་འཇུག་པའི་རུང་བ། ༤ ཆང་བླུགས་པའི་སྣོད་ནས་ཆང་ཧུབ་ཀྱིས་མི་འཐུང་བར་གཞིབས་ནས་འཐུང་བས་རུང་བར་བྱེད་པ། ༥ ཇི་སྲིད་འཚོའི་བར་དུ་བྱིན་གྱིས་རླབས་པའི་ལན་ཚ་དུས་རུང་གི་སྨན་དང་བསྲེས་པས་རུང་བར་བྱེད་པ། ༦ ལམ་ཐག་དཔག་ཚད་གཅིག་དང་དཔག་ཚད་ཕྱེད་དུ་སོང་སྟེ་མཉམ་དུ་འདུས་ཤིང་ཟས་ཟོས་པས་ལམ་གྱིས་རུང་བར་བྱེད་པ། ༧ ལྷག་པོར་མ་བྱས་པའི་བཟའ་བ་དང་བཅའ་བ་སོར་མོ་གཉིས་ཀྱིས་རུང་བ་བྱེད་པ། ༨ འོ་མ་བྲེ་གང་དང་ཞོ་བྲེ་གང་མཉམ་དུ་དཀྲུགས་ཏེ་དུས་མ་ཡིན་པར་ཟ་ཞིང་བསྲེས་པས་རུང་བར་བྱེད་པ། ༩ གདིང་བ་རྙིང་པ་ནས་མཐོ་གང་གི་ཚད་ཀྱིས་གདིང་བ་གསར་པ་ལ་མ་སླན་པར་ལོངས་སྤྱོད་པས་རུང་བ། ༡༠ ལྷུང་བཟེད་ལ་དྲི་ཞིམ་པོས་བྱུགས་ཏེ་མེ་ཏོག་གི་ཕྲེང་བས་བརྒྱན་པ་དགེ་སློང་གི་མགོ་ལ་བཞག་སྟེ་ལམ་པོ་ཆེ་དང་བཞི་མདོར་སོང་ནས་ལྷུང་བཟེད་འདིའི་ནང་དུ་སྦྱིན་པ་དང༌། དངོས་པོ་འབུལ་བ་བསོད་ནམས་ཆེན་པོ་ཡོད་ཚུལ་གྱིས་བསྔགས་བརྗོད་བྱས་ཚེ་གསེར་དངུལ་སོགས་རིན་ཆེན་རིགས་ལ་ལོངས་སྤྱད་ཀྱང་ཉེས་པ་མེད་པའི་རུང་བ་དང་བཅས་སྟེ་རུང་བ་བཅུ་པོ་དེ་དག་བྱས་ན་སངས་རྒྱས་ཀྱིས་ཉེས་པ་ཡོད་པར་གསུངས་པ་རྣམས་ཀྱང་ཉེས་མེད་དུ་འགྱུར་ཐུབ་ཟེར་ནས་རུང་བ་མ་ཡིན་པའི་གཞི་བཅུ་ཟེར་བའི་སྲོལ་གསར་དུ་བཏོད། རྒྱུ་ནོར་དང་བཟའ་བཏུང་མང་པོ་གསོག་འཇོག་བྱས་ཏེ་ཆོས་ཁྲིམས་བག་ཡངས་སུ་སྤྱོད་པའི་གནས་ཚུལ་བྱུང་བ་དེ་ཡིན་ནོ།།

                ༢༽ བཀའ་བསྡུ་འདིའི་མཛད་པ་པོ་ནི། དགྲ་བཅོམ་པ་གྲགས་པས་མཛད་པར་གྲགས། ༣༽ བཀའ་བསྡུ་མཛད་སྐབས་ཀྱི་སྦྱིན་བདག་ནི། ཆོས་རྒྱལ་མྱ་ངན་མེད་ཡིན། ༤༽ བཀའ་བསྡུ་མཛད་པའི་གནས་ནི། ཡངས་པ་ཅན་གྱི་ཀུསྨ་པུ་རིའི་གཙུག་ལག་ཁང་ཡིན། ༥༽ བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གསར་གཏོད་བྱས་པའི་རུང་བ་མ་ཡིན་པའི་གཞི་བཅུ་རེ་རེར་དགག་པ་ཞིབ་ནན་མཛད་རྗེས། འདུལ་བའི་གཞུང་ནས་གསུངས་པ་ལྟར་བསྐྲད་པའི་ལས་ཀྱི་ཆོ་གའི་སྒོ་ནས་གནས་དབྱུང་མཛད་པ་ཡིན། དེ་ནས་དགྲ་བཅོམ་པས་རྫུ་འཕྲུལ་གྱིས་དམར་བུ་ཅན་ལ་སོགས་པའི་ཡུལ་སོ་སོར་ཕྱིན་ནས་དགྲ་བཅོམ་པ་རྣམས་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་ལ་ལོངས་སུ་སྤྱོད་པའི་ཚུལ་བརྗོད་ནས། དེ་རྣམས་གནས་ནས་དབྱུང་བའི་ཕྱིར་གཌཎི་བརྡུངས་པས། དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་འདུས་པ་ན། དགྲ་བཅོམ་པ་གྲགས་པས་དགེ་འདུན་ལ་ཕྱག་འཚལ་ཏེ་གཞི་བཅུ་པོ་ཐམས་ཅད་བརྗོད་ད་ནས་དགེ་འདུན་རྣམས་ཐུགས་བསྟུན་པའི་ཚེ་སྔར་ཡུལ་དམར་བུ་ཅན་དུ། དགྲ་བཅོམ་པ་སྒུར་སྐྱོག་ཅེས་བྱ་བ་འགོག་པ་ལ་སྙོམས་པར་ཞུགས་པའི་རྐྱེན་གྱིས་གཌཎིའི་སྒྲ་མ་ཐོས་པས་ལྷ་རྣམས་ཀྱིས་འགོག་པ་ལས་བསླངས་ཏེ། རྫུ་འཕྲུལ་གྱིས་ཡངས་པ་ཅན་གྱི་སྒོ་དྲུང་དུ་ལྷགས་ཏེ་སྒོ་བརྡུངས་པའི་ཚེ། གྲགས་པས་སུ་ཡིན་ཞེས་སྨྲས་པས། གང་དག་དམར་བུ་ཅན་ལ་གནས་པ་ཡི། །དགེ་སློང་མང་དུ་ཐོས་པ་འདུལ་བ་འཛིན། །དེ་དག་རྣམས་ལས་གཞན་ཞིག་འདིར་ཆས་ཏེ།།

དབང་པོ་དུལ་ཞེས་བྱ་བ་སྒོ་ན་འདུག །ཅེས་སྨྲས་སོ། །དབང་པོ་དུལ་བ་གཞན་ཡང་ཡོད་ན། ཁྱོད་སུ་ཡིན་ཞེས་སྨྲས་པས། སྒུར་སྐྱོག་གོ་ཞེས་ཟེར་བ་ཐོས་པས་སྒོ་ཕྱེའོ།།

                དེ་ནས་གཌཎི་བརྡུངས་ཏེ་ཡངས་པ་ཅན་གྱི་དགེ་སློང་རྣམས་ནང་དུ་བཅུག རུང་བ་མ་ཡིན་པའི་གཞི་བཅུ་པོ་རེ་རེ་ནས་སུན་ཕྱུང་སྟེ། ཡངས་པ་ཅན་གྱི་དགེ་སློང་རྣམས་གནས་ནས་དབྱུང་ཞིང་དགྲ་བཅོམ་པ་བདུན་བརྒྱས་བཀྲ་ཤིས་གསོ་སྦྱོང་མཛད་པ་ལ་བཀའ་བསྡུ་གཉིས་པ་ཞེས་བྱ་བ་ཡིན་ནོ།།

བཀའ་བསྡུ་གསུམ་པ།་    ༈ བཀའ་བསྡུ་གསུམ་པ་ནི་འདུལ་བའི་ལུང་གི་ནང་དུ་གསལ་བར་གསུང་མེད་ཐོག བྱུང་ཚུལ་ཡང་རྒྱ་གར་དུ་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་བུ་སྟོན་ཆོས་འབྱུང་ལས་གསུངས་ཤིང༌། བཀའ་བསྡུ་གསུམ་པ་འདི་ཡང་འབྱུང་རྐྱེན་དང༌། མཛད་པ་པོ། སྦྱིན་བདག དུས་དང་གནས། བཀའ་བསྡུ་མཛད་ཐབས་བཅས་དོན་ཚན་ལྔའི་སྒོ་ནས་འཆད་པ་ལ།

                ༡༽ བཀའ་བསྡུ་གསུམ་པའི་བྱུང་རྐྱེན་ནི། སངས་རྒྱས་བཅོམ་ལྡན་འདས་དགོངས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་རྒྱལ་པོ་མྱ་ངན་མེད་སྔོན་མ་ཀ་ལ་ཡ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་བྱུང་ཞིང༌། ཡུལ་མ་རུ་ཊའི་ཕྱོགས་སུ་ཚོང་དཔོན་ཞིག་གི་བུ་ལྷ་ཆེན་པོ་ཞེས་འབོད་པ་ཞིག་བྱུང་བ་དེས་ཕ་བསད་པ་དང༌། མ་བསད་པ། དགྲ་བཅོམ་པ་དགེ་སློང་གསུམ་བཅས་བསད་མྱོང་བ་དེས་རང་གི་སྡིག་ཉེས་ལ་སྐྲག་ནས་རང་ཡུལ་དུ་མ་བསྡད་པར་ཁ་ཆེའི་ཡུལ་དུ་བྲོས་ཏེ། རང་གི་ཉེས་པ་གསངས་ནས་དགེ་སློང་བྱས། རིག་པ་རྣོ་བས་ནང་པ་སངས་རྒྱས་ཀྱི་གཞུང་ལུགས་ལ་མཁས་པར་གྱུར། རང་གི་སྡིག་ཉེས་སྦྱང་བའི་ཆེད་དུ་དགོན་པར་སོང་སྟེ་ཏིང་ངེ་འཛིན་བསྒོམ་པ་ལས་ནམ་ཞིག་བདུད་ཀྱིས་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མི་མཐུན་པའི་ལྟ་བ་གསར་པ་མང་པོ་དར་སྤེལ་བྱས། དེ་ཤི་རྗེས་སུ་ཡང་དགེ་སློང་བཟང་པོ་ཟེར་བ་ཞིག་གིས་ཀྱང་དེ་དང་མཐུན་པའི་ལྟ་བ་གསར་པ་དར་སྤེལ་བྱས་པ་མ་ཟད། གྲོང་ཁྱེར་མེ་ཏོག་གིས་བརྒྱན་པ་ཞེས་བྱར་དགེ་འདུན་གྱི་གནས་བརྟན་གསོ་སྦྱོང་གི་སོ་སོར་ཐར་པའི་མདོ་འདོན་སྐབས། རྒྱུན་ལྡན་གྱི་མདོ་ཚིག་དང་མི་མཐུན་པའི་ཚིག་སྣ་རིང་ཐུང་སྣ་ཚོགས་དང༌། སྐད་མི་མཐུན་པ་སཾསྐྲྀཏ་དང༌། ཟུར་ཆག ཐ་མལ་པ༑ ཤ་ཟའི་སྐད་སོགས་ཡུལ་སྐད་མི་འདྲ་བའི་ཐོག་ནས་བཏོན་པས་དོན་ལ་གོ་བ་ལེན་སྟངས་མི་མཐུན་པ་མང་པོ་བྱུང་ནས་ཐོག་མར་དགེ་སློང་གནས་བརྟན་བགྲེས་པའི་ཕྱོགས་གཅིག་དང༌། གཞོན་པ་མང་ཆེ་བའི་ཕྱོགས་གཉིས་སུ་གྱེས་ཏེ། དེ་གཉིས་ཀྱང་ནང་གསེས་ཕྱོགས་ཁག་མི་འདྲ་བའི་རྩ་བའི་སྡེ་པ་བཞིར་གྱེས།

                དེ་དག་ཀྱང་ནང་གསེས་ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ་རྒྱལ་པོ་མྱ་ངན་བྲལ་གྱི་རིང་དང༌། དཔའ་བོའི་སྡེའི་ཚེ་སྨད། རྒྱལ་པོ་དགའ་བོ་དང༌། པདྨ་ཆེན་པོའི་མི་ཚེ་ཧྲིལ་པོ། རྒྱལ་པོ་ཀ་ཎི་ཀའི་ཚེ་སྟོད་བཅས་ལོ་དྲུག་ཅུ་རེ་གསུམ་གྱི་བར་རྩོད་པ་དྲག་པོ་བྱུང་ཞིང༌། སྔ་རྗེས་སུ་རྩོད་གླེང་ཆེ་ཆུང་སྣ་ཚོགས་བྱུང་བ་བསྡོམས་ན་ལོ་བརྒྱ་མ་ཟིན་ཙམ་བྱུང་བ་དེ་ཡིན།

                ༢༽  བཀའ་བསྡུ་གསུམ་པ་མཛད་པ་པོ་ནི། དགྲ་བཅོམ་པ་པུ་རྣི་ཀ་ལ་སོགས་པ་དང་འབྲས་བུ་མ་ཐོབ་པ་བསྡོམས་པའི་ལྔ་བརྒྱ་དང༌། བ་སུ་བནྡྷི་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སྐྱེའི་པཌཎི་ཏ་དང་སྡེ་སྣོད་འཛིན་པ་མང་པོ་བཅས་བསྡོམས་དགེ་འདུན་ཆིག་ཁྲི་བདུན་སྟོང་འཛོམས་པ་དེ་ཡིན། ༣༽ བཀའ་བསྡུ་མཛད་པའི་དུས་དང་གནས་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བ་ན། ཁ་ཆེའི་ཡུལ་ཀུ་པ་ནའམ་ཛ་ལནྡྷ་རའི་དགོན་པར་མཛད་པ་ཡིན། ༤༽ བཀའ་བསྡུ་མཛད་པའི་སྐབས་ཀྱི་སྦྱིན་བདག་ནི། ཁ་ཆེའི་ཡུལ་ལམ་ཛ་ལནྡྷ་རའི་རྒྱལ་པོ་ཀརྣི་ཀ་ཡིན། ༥༽ བཀའ་བསྡུ་མཛད་པའི་ཐབས་ཤེས་ནི། རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་ཁུངས་སུ་མཛད་དེ། སྡེ་པ་བཅོ་བརྒྱད་ཀྱི་བཞེད་པ་མི་འདྲ་བ་ཡོད་པ་རྣམས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ནང་པའི་བསྟན་པ་གཅིག་གི་ཁོངས་སུ་མཚུངས་པ་དང༌། ཐམས་ཅད་ལ་རྣམ་པར་གྲོལ་བའི་ལམ་ཡོད་པར་ཁྱད་མེད་ཡིན་ཚུལ། དེ་དག་བཀའ་མ་ཡིན་པའི་དོགས་པ་བསལ་ཕྱིར་དགེ་འདུན་ཐམས་ཅད་མགྲིན་གཅིག་ཏུ་ཞལ་བཞེས་དགོངས་པ་གཅིག་མཐུན་མཛད་པ་དེའོ།།

                བཀའ་བསྡུ་འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསེར་ཐང་མར་བཀའ་བསྡུ་བཞི་པའམ་ཐ་མར་གྲགས་པ་བྱས་ཞེས་གསལ་བ་ལྟར་ན། བཀའ་བསྡུ་གཉིས་པ་དང་འདིའི་བར་དུ་བཀའ་བསྡུ་གཞན་ཞིག་བྱུང་ཚུལ་གསུང་དགོས་པ་ལས་དེ་ཡང་གསུངས་མི་འདུག་པས་ཡིག་ནོར་མིན་ནམ་བརྟག་དགོས་སོ།།

ཚེ་གཅིྃག་ཕན་པའི་མི་ཆོས་ཁྲིམས་ཀྱིས་བསྐྱངས། །
དོན་གཉིྃས་སྒྲུབ་པའྀ་ལྷ་ཆོས་ལམ་སྟོན་མཛད། །
དུས་གསུྃམ་ཀུན་ཏུ་ལྟ་སྒོམ་སྤྱོད་པའི་ཕུལ། །
གླིང་བཞིྃའི་མཛེས་རྒྱན་ཆོས་རྒྱལ་རྣམས་ལ་བསྟོད། །
ཅེས་བར་གྱི་གསོ་བའི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
5 ༡༤༢༠༡༨༠༨༥༤
Yeshi yeshi
བཀའ་བསྡུས་ཞེས་པའི་དོན་དེ་ཡི་གེར་བཀོདཔ་ལ་གོ་དགོས་སམ་ཡང་ན་གང་ཞིག་ལ་གོ་དགོས།
སྡུད་པ་དག་གིས་སྡེ་ཚན་དབྱེ་བར་ཕྱེས་ནས་ཡིག་ཐོག་ལ་བཀོད་པ་རེད་དམ། གཞན་གང་འདྲ་ཞིག་ལ་གོ
4 ༡༤༢༠༡༧༡༣༠༤
ལེགས་ལྡན་
ལུང་པའི་མིང་དང་མི་རྣམས་ཀྱི་མིང་དབྱིན་ཡིག་ཡང་ན་རྒྱ་གར་སྐད་དུ་མཆན་འགྲེལ་དུ་ཡོད་ན་གོ་ལས་བླ་བ་ཡོད་པར་སེམས་
3 ༠༧༢༠༡༣༢༢༤༤
བཀའ་བསྡུ་རིམ་པར་སྐུ་ལས་བསྐྱོན་པར་བཀའ་དྲིན་྄ཆེ།
ཡག་པོ་འདུག
1 ༢༧༢༠༡༣༠༣༤༡
ཐུགས་རྗེ་ཆེ



བརྗོད་གཞི་གཞན་ཁག་ལ་གཟིགས།