བསྟན་པ་ལ་དགྲ་ལན་གསུམ་བྱུང་ཚུལ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། བསྟན་པ་ལ་དགྲ་ལན་དང་པོ་བྱུང་ཚུལ།   ༈ སྟོན་པ་མྱ་ངན་ལས་འདས་རྗེས་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་གིས་ཐེག་ཆེན་གྱི་སྡེ་སྣོད་སྟོན་པས་གསུངས་པ་མ་ཡིན་ནོ་ཞེས་ལོག་པར་བཟུང་སྟེ་ཉམས་དམས་སུ་བྱས། ཉན་ཐོས་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱང༌། ཕན་ཚུན་ནང་ཁུལ་རྩོད་པར་གྱུར་ནས་ཕྱོགས་ཕྱོགས་སུ་གྱེས། དེ་ནས་བསྟན་པ་ལ་དགྲ་གསུམ་བྱུང་བའི་དང་པོ་ནི། རྒྱལ་པོ་ཎེ་མ་ཙདྲནའི་མདུན་ན་འདོན་བྲམ་ཟེ་རྒྱལ་བཤེས་ཀྱིས་རྒྱལ་པོ་ལ་ངོ་ལོག་སྟེ་རྒྱལ་སྲིད་སྐྱོང་བའི་ཚེ། དེའི་ཉེ་དུ་རྒན་མོ་ཞིག་ནཱ་ལེདྲནར་ཕྱིན་ཏེ༑ ནང་པའི་གཙུག་ལག་ཁང་གི་གཌཎི་བརྡུང་བའི་སྒྲ་ལ། ཕཊ་ཊཱ་ཡ་ཞེས་པར་གོ་ནས། བྲམ་ཟེ་སྒྲ་མཁན་རྣམས་ལ་བརྟག་པ་བྱེད་དུ་བཅུག་པས། མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་པའི་དོན་དུ་གོ་ཏེ། རྒྱལ་བཤེས་སོགས་མུ་སྟེགས་པ་རྣམས་ཀྱིས་ནང་པ་ལ་དམག་དྲངས་ཏེ། ཡུལ་དབུས་ན་ཛ་ལན་དྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། དགེ་སློང་མང་དུ་ཐོས་པ་འགའ་རེ་བསད། ཕལ་ཆེར་ཡུལ་གཞན་ལ་བྲོས་དགོས་པ་ཞིག་བྱུང་ལ། ལོ་ལྔ་ནས་བྱང་ཕྱོགས་སུ་དེ་ཉིད་ཤིའོ།།

                དེ་ལ་སྟོན་པའི་བསྟན་པ་ལོ་ལྔ་བརྒྱ་དང་པོ་ཡར་འཕེལ་དང༌། ལྔ་བརྒྱ་གཅིག་འགྲིབ་པའི་དུས་ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཀྱིས་ཡུུལ་དབུས་སུ་བསྟན་པ་སྐྱོང་བ་ཙམ་ཡན་ཆད་ལུང་གི་བསྟན་པ་དང༌། ལྷ་ཁང་བཞེངས་པ་ལ་སོགས་པ་ཇེ་མང་དུ་སོང་བས་ཡར་འཕེལ་ཡིན་ལ། ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པའི་དུས་ཙམ་ན་ཀླ་ཀློའི་ཆོས་ལུགས་དར་འགོ་བརྩམས་པ་དང༌། དཔལ་གྱི་རི་ལ་བཞུགས་པའི་དུས་ཙམ་ན་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ཀྱིས་གནོད་པ་བྱས་པ་འདི་ཀུན་བྱུང་བར་མངོན་པས་བསྟན་པ་འགྲིབ་པའི་ཐོག་མ་ཡིན་པར་སྣང་ངོ༌།།

                དེ་རྗེས་རྒྱལ་པོ་པཎི་ཙདྲན་ཞེས་པས་མ་ག་དྷར་རྒྱལ་སྲིད་བྱེད་པའི་སྐབས། ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་གོ་ཌ་ཞེས་པར་རྒྱལ་པོ་གཽ་ཌཱ་འཕེལ་བྱེད་ཅེས་ལོངས་སྤྱོད་དབང་ཐང་ཤིན་ཏུ་ཆེ་བ་ཞིག་བྱུང༌། དེས་སྔར་གྱི་གཙུག་ལག་ཁང་ཉམས་པ་ཐམས་ཅད་གསོས། ཆོས་གཞི་རྒྱས་པར་བྱས། གནས་བརྟན་བསམ་རྫོགས་ཞེས་བྱ་བས་བསྟན་པ་ལ་ཕན་ཆེར་བཏགས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་རྒྱས་པར་བྱས། མ་ག་དྷར་ཆོས་གཞི་དྲུག་ཅུ་བཙུགས། དེའི་ཚེ་ནུབ་ཕྱོགས་མོ་ལ་ཐཱ་ནའི་གྲོང་ཁྱེར་བཱ་གད་ཞེས་པར་ཀླ་ཀློའི་སྟོན་པའི་རྗེས་སུ་ཞུགས་པ་སྟག་གཟིག་སོག་པོའི་རྒྱལ་པོ་ཧལ་ལུ་ཞེས་བྱ་བ་ཞིག་བྱུང་ཞིང༌། དེ་ནི་རྟ་འབུམ་སྙེད་དང་ལྡན་པའི་དབང་ཐང་ཆེན་པོར་གྱུར་ཏེ། འདི་རྒྱ་གར་གྱི་ཡུལ་དབུས་སུ་ཀླ་ཀློ་བྱུང་བའི་ཐོག་མ་ཡིན་པར་གྲགས། རྒྱལ་པོ་བྷཾས་ཙདྲནའི་ཚེའི་གཞུག་དང༌། སཱ་ལ་ཙདྲནའི་དུས་སུ་ཤར་ཕྱོགས་སུ་བྲམ་ཟེ་ཀཱ་ཤི་ཛཱ་ཏ་ཞེས་བྱ་བ་བྱུང་སྟེ། སྔར་ཆོས་གཞི་ཉམས་པ་ཐམས་ཅད་གུས་པས་མཆོད། ཁྱད་པར་བྷངྒ་ལའི་གྲོང་ཁྱེར་སྭ་ནར་གྷ་བོ་ཞེས་པར་ཆོས་སྨྲ་བ་དྲུག་ཅུ་རྩ་བཞི་དང༌། དེ་རེ་རེ་ལ་ཆོས་ཉན་པ་བཅུ་བཅུ་བཅས་པའི་འཚོ་བ་སྦྱར། བསྟན་པ་ཉམས་པ་རྣམས་ཀྱང་གསོས་སོ། །དེ་དག་ནི་ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པའི་དུས་དང༌། དེ་རྗེས་རིང་པོར་མ་ལོན་པའི་སྐབས་སུ་བྱུང་བའོ། །འདི་ནི་བསྟན་པ་ལ་དགྲ་ལན་དང་པོ་བྱུང་ཞིང་སླར་གསོར་ཆུད་པའི་ཚུལ་ལོ།།

བསྟན་པ་ལ་དགྲ་ལན་གཉིས་པ་བྱུང་ཚུལ།    ༈ ཤར་ཕྱོགས་སུ་རྒྱལ་པོ་ཤྲིའ་ཙདྲནའི་བུ་དྷརྨ་ཙདྲན་བྱུང༌། འདིས་ཀྱང་སངས་རྒྱས་ཀྱིས་བསྟན་པ་ལ་མཆོད་པ་རྒྱ་ཆེར་བྱས། དེའི་བློན་པོ་བྲམ་ཟེ་བཱ་སུ་ནེ་ཏྲ་ཞེས་བྱ་བ་སངས་རྒྱས་ཀྱི་བསྟན་ལ་མངོན་པར་དད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ་ཞིག་བྱུང༌། དེས་ཀླུ་རྣམས་ལ་སྨན་གྱི་རིགས་སྣ་ཚོགས་པ་དག་བླངས་ཏེ།  ཉི་འོག་གི་རྒྱལ་ཁམས་སུ་ནད་རིམས་ཐམས་ཅད་རྒྱུན་ཆད་པར་བྱས། ཡུལ་གྱི་བུ་ལོན་ཐམས་ཅད་ལན་གསུམ་བསྙོམས། དེའི་ཚེ་ཁ་ཆེའི་ཡུལ་ན་རྒྱལ་པོ་ཏུརུཀཤ་ཞེས་བྱ་བ་ཚེ་ལོ་བརྒྱ་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་བྱུང་ངོ༌།།

                དྷརྨ་ཙདྲནས་རྒྱལ་སྲིད་བསྐྱངས་རིང༌། ཡུལ་མོ་ལ་ཏཱ་ན་དང༌། ལ་ཧོར་གྱི་རྒྱལ་པོ་བནྡེ་རོ་ཡང་བ་ཁུ་ནི་མ་མཏཔ་ཞེས་བྱ་བ་སྟག་གཟིག་གི་རྒྱལ་པོ་ཞིག་ཡོད་ལ༑ དེ་དང་རྒྱལ་པོ་དྷརྨ་ཙདྲན་གཉིས་སྐབས་འགར་འཁྲུག སྐབས་འགར་འདུམ་ཞིང༌། དེ་གཉིས་མཐུན་པའི་སྐབས་ཕན་ཚུན་སྐྱེས་བསྐུར་བར་བྱེད་པ་ལས། སྐབས་ཤིག་ན་དྷརྨ་ཙདྲནས་གོས་སྲུབ་པ་མེད་པ་ཞིག་སྟག་གཟིག་གི་རྒྱལ་པོ་ལ་སྐུར་བ་ན། སྟེས་དབང་གིས་དེའི་འཐག་རིས་ལ་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་བྱུང་བས། ངན་སྔགས་བྱས་པ་ཡིན་ནམ་སྙམ་ནས་ཐེ་ཚོམ་སྐྱེས།

                ཡང་ལན་ཅིག་ཤིང་འབྲས་མང་པོ་སྐྱེས་སུ་བསྐུར་བའི་སྟ་གོན་བྱེད་པའི་ཚེ༑ བྲམ་ཟེ་ཞིག་གིས་གྲོ་ག་ལ་སྔགས་ཀྱི་འཁོར་ལོ་བྲིས་པ་ཉི་འོད་དུ་བཞག་པ་རླུང་གི་ཁྱེར་ཏེ་ཀེ་ལའི་འབྲས་བུ་ཁ་ཕྱེ་བའི་ནང་དུ་སོང༌། དེ་ལ་སོགས་པའི་ཤིང་ཏོག་རྣམས་སྒྲོམ་མར་ཁུས་བཀང་བའི་ནང་བཅུག་སྟེ་སྟག་གཟིག་གི་རྒྱལ་པོར་བསྐུར་བས། ཤིང་ཏོག་གི་ནང་ནས་སྔགས་ཀྱི་འཁོར་ལོ་བྱུང་བ་ན། ངེས་པར་དུ་བདག་ཅག་རྣམས་ལ་ངན་སྔགས་བྱས་སོ་སྙམ་ནས་དུརུཀྵའི་དམག་གིས་མ་ག་དྷའི་ཡུལ་ཀུན་བཅོམ། གཙུག་ལག་ཁང་མང་པོ་བཤིག ནཱ་ལེདྲནར་ཡང་གནོད་པ་ཆེན་པོ་བྱུང༌། རབ་བྱུང་རྣམས་ཀྱང་ཐག་རིང་པོར་བྲོས་དགོས་པ་བྱུང༌། དེ་རྗེས་སུ་དྷརྨ་ཙདྲན་འདས་ཏེ། དེའི་ཚ་བོ་ཞིག་གིས་རྒྱལ་སྲིད་བཟུང་སྐབས་སུ་དུརུཀྵ་ཡིས་དབང་བསྒྱུར་ཞིང༌། དྷརྨ་ཙདྲནའི་ཞང་པོའི་བུ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་པ་དེས་རྒྱ་ནག་གི་ཡུལ་དུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པས་རྒྱ་ནག་གི་རྒྱལ་པོས་དྲིན་ལན་དུ་གསེར་མི་ཁུར་བརྒྱ་ལ་སོགས་པ་མི་སྟོང་ཕྲག་བཅུས་ཁུར་བའི་ཡོ་བྱད་བཟང་པོ་དག་རྒྱལ་པོ་སངས་རྒྱས་ཕྱོགས་ལ་སྦྱིན། དེ་ནས་ནོར་དེ་དག་གིས་ནུབ་ཕྱོགས་དང་དབུས་ཀྱི་རྒྱལ་པོ་རྒྱལ་ཕྲན་གཙོ་ཆེ་བ་རྣམས་ནོར་གྱིས་མགུ་བར་བྱས་ནས། སྟག་གཟིག་གི་རྒྱལ་པོ་དང་དམག་འཐབ་བྱས་ཏེ་ཕ་རོལ་པོའི་དམག་ཕལ་ཆེར་ཕམ་པར་བྱས། ཉི་འོག་དང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཕལ་ཆེར་ལ་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་དབང་བསྒྱུར་ཏེ་སྔར་གྱི་ལྷ་ཁང་ཉམས་པ་ཐམས་ཅད་གསོས། དགེ་འདུན་རྣམས་སྤྱན་དྲངས། ནཱ་ལེདྲནར་ཆོས་གཞིས་བརྒྱད་ཅུ་གྱ་བཞི་བཙུགས་པ་ལས་རྒྱལ་པོ་ཉིད་ཀྱི་བདུན་ཅུ་རྩ་གཅིག གཞན་རྣམས་བཙུན་མོ་དང་བློན་པོས་བཙུགས་ཏེ་དགེ་འདུན་རྣམས་རྒྱལ་པོའི་ཁང་བཟང་གི་རྩེ་མོར་མཆོད་ཅིང༌། མུ་སྟེགས་བྱེད་རྣམས་ལ་སྒོ་ཁང་གི་ཕྱི་རོལ་ཏུ་ཟས་དག་སྟེར་རོ། །དེ་ལྟར་བསྟན་པ་ཉམས་པ་རྣམས་སླར་གསོས་པར་བྱས་སོ། །འདི་ནི་དམ་པའི་ཆོས་ལ་དགྲ་བར་པ་བྱུང་ཞིང་སོར་ཆུད་པའི་ཚུལ་དེ་ལྟར་ལགས་སོ།། 

བསྟན་པ་ལ་དགྲ་ལན་གསུམ་པ་བྱུང་ཚུལ།    ༈ དཔལ་ནཱ་ལེདྲནར་བློན་པོ་ཀ་ཀུ་ཏ་སིངྷ་ཞེས་བྱ་བས་ལྷ་ཁང་ཞིག་བཞེངས་ཏེ་སྐྱེ་བོ་ཐམས་ཅད་ལ་སྟོན་མོ་ཆེན་པོ་བྱས་པ་ན། མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་སློང་མོ་བ་གཉིས་སློང་དུ་ཡོང་བ་ལ། དགེ་ཚུལ་གཏུམ་པོ་འགའ་ཤས་ཀྱིས་ཁྲུས་ཆུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས་དེ་གཉིས་ཤིན་ཏུ་ཁྲོས་ཏེ། ཅིག་གིས་འཚོ་བ་སྦྱར་ཞིང༌། གཅིག་ཤོས་ཀྱི་ཉི་མ་བསྒྲུབ་པར་ཁས་བླངས་ཏེ། སའི་དོང་གཏིང་རིང་པོར་ཞུགས་ནས། ལོ་དགུའི་རིང་བསྒྲུབས་ཀྱང་མ་འགྲུབ་པར་ཕྱིར་འགྲོ་བར་བརྩམས་པའི་ཚེ། གྲོགས་པོ་དེས། ཁྱོད་ཀྱི་རིག་སྔགས་གྲུབ་བམ་དྲིས་པ་ན་མ་གྲུབ་སྨྲས་པས། ཕྱོགས་ཐམས་ཅད་དུ་མུ་སྟེགས་ཉམ་ང་བས་ཁྱབ་པའི་དུས་སུ་ངས་དཀའ་བ་སྤྱད་དེ་འཚོ་བ་སྦྱར་ན་ཁྱོད་སྔགས་མ་གྲུབ་པར་ཕྱིར་ནམ་བྱུང་བའི་ཚེ། མགོ་དྲུངས་ནས་གཅོད་དོ་ཞེས་ཟེར་ནས། ཆུ་གྲི་རྣོན་པོ་ཞིག་བསྲེལ་བས། ཁོ་འཇིགས་ཏེ་སླར་ཡང་ལོ་གསུམ་བསྒྲུབས། དེ་ལྟར་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་པས་འགྲུབ་ནས། དེས་སྦྱིན་སྲེག་བྱས་ཏེ་སྦྱིན་སྲེག་གི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བས། སངས་རྒྱས་པའི་ཆོས་གཞི་རྟེན་པའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་བསྲེགས། ཁྱད་པར་དུ་དཔལ་ནཱ་ལེདྲནའི་དྷརྨ་གཛྷ་སྟེ་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏན་སཱགཱར། རཏན་ད་དྷི། རཏན་རཌཎ་ཀ་ཞེས་པའི་གཙུག་ལག་ཁང་ཆེན་པོ་གསུམ་ཡོད། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་དེ་ན་བཞུགས་པ་གཙུག་ལག་ཁང་དེ་གསུམ་ཆར་ཡང་མེར་བསྲེགས་པས། དེའི་ཚེ་རཏན་ད་དྷི་ཞེས་བྱ་བའི་གཙུག་ལག་ཁང་དགུ་ཐོག་ཏུ་ཡོད་པའི་སྟེང་ཁང་གི་གླེགས་བམ་འགའ་ཞིག་ལས་ཆུའི་རྒྱུན་བབས་ཏེ་མེ་བསད། ཆུ་རྒྱུན་ཁྱབ་ཚད་དུ་གླེགས་བམ་རྣམས་མ་ཚིག་གོ །ཕྱིས་གླེགས་བམ་དེ་བླངས་ཏེ་བལྟས་པ་ན་རྒྱུད་སྡེ་ལྔའི་གླེགས་བམ་ཡིན་ཞེས་ཟེར་བ་དང༌། ཁ་ཅིག་གི་གསང་བ་འདུས་པ་ཡིན་ཞེས་ཟེར་བའང་ཡོད། གང་ལྟར་བླ་མེད་ཀྱི་རྒྱུད་སྡེ་ཡིན་ལ། དེའི་ནང་ནས་གསང་བ་འདུས་པ་ཡོད་པ་ལ་རྩོད་པ་མེད་དོ། །ཡུལ་གཞན་དག་ཏུའང་གཙུག་ལག་ཁང་མང་པོ་བསྲེགས། དེ་ནས་མུ་སྟེགས་དེ་གཉིས་རྒྱལ་པོའི་ཆད་པས་འཇིགས་ཏེ། བྱང་ཕྱོགས་ཧསཱམཱ་ཞེས་པའི་ཡུལ་དུ་བྲོས་ཀྱང༌། སྡིག་པ་ཚབས་ཆེན་པོ་བསགས་པའི་མཐུས་ལུས་ལ་མེ་རང་འབར་དུ་གྱུར་ཏེ་ཤིའོ།།

                དེ་རྗེས་ཕྱོགས་དང་ཕྱོགས་ན་ཡོད་པའི་དགེ་སློང་མང་དུ་ཐོས་པ་ཐམས་ཅད་འདུས་ཤིང༌། དེ་དག་གིས་སངས་རྒྱས་ཀྱི་གསུང་རབ་རང་གི་བློ་ལ་ཡོད་པ་དང༌། གླེགས་བམ་དུ་བཞུགས་པ་ཐམས་ཅད་ཡི་གེར་བཀོད། རྒྱལ་པོ་སངས་རྒྱས་ཕྱོགས་དང༌། བྲམ་ཟེ་ཤང་ཀུ བྲམ་ཟེ་ཕུར་བུ། གཞན་ཡང་ཁྱིམ་བདག་དད་པ་ཅན་མང་པོ་དང་བཅས་པས་ལྷ་ཁང་མེས་ཚིག་པ་རྣམས་གསོས། དེ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་སྔོན་མི་ཡུལ་དུ་བྱོན་པ་ཆ་བཅོ་ལྔར་བཏང་བའི་ཆ་གཉིས་ཙམ་དམ་པའི་ཆོས་ཀྱི་དགྲ་སྔ་མ་གཉིས་ཀྱི་སྐབས་སུ་ནུབ། ཆ་གཅིག་ཙམ་དགྲའི་གནོད་པ་ལ་མ་ལྟོས་པར་ནུབ་ཅིང༌། ལྷག་མ་ཆ་དགུ་ཙམ་དམ་པའི་ཆོས་ཀྱི་དགྲ་གསུམ་པ་དེ་བྱུང་བའི་རྐྱེན་གྱིས་ནུབ་པས། ད་ལྟ་ཆ་གཅིག་ཙམ་ཞིག་ལུས་པར་གྲགས། དེ་ལ་འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། དེ་བཞིན་ཕལ་བོ་ཆེ་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྐར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་བ་ལུས་པ་ལ་སོགས་པས་མཚོན་པའོ། །དམ་པའི་ཆོས་ཀྱི་དགྲ་ལན་གསུམ་པ་བྱུང་ཞིང་སླར་ཡང་སོར་ཆུད་པའི་ཚུལ་ལོ།།

གཞིྃ་ཡི་བདེན་གཉིྃས་ཕྲ་ཞིབ་མཁྱེན་པས་མཁྃས། །
ལམྃ་མཆོག་རིམ་གཉིྃས་གནས་ལ་འཇུག་པས་བཙུྃན། །
འབྲྃས་བུ་དོན་གཉིྃས་ལྷུན་གྱིས་འགྲུབ་པས་བཟྃང༌། །
མཁས་གྲུབ་གཉིྃས་ལྡན་ཐུབ་བསྟན་ལྷུན་པོའི་རྒྱན། ། བར་གྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།