པཎ་གྲུབ་བཅུ་བདུན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། འཕགས་པ་ཀླུ་སྒྲུབ།  ༼ནགཱ་རྫུན།༽                ༈ དེ་ཡང་མཁའ་མཉམ་མ་ལས། ཤེས་རབ་ཆེན་པོས་དེ་ཉིད་ལེགས་རྟོགས་ནས། །བརྩོན་པ་ཆེན་པོས་གོ་འཕང་མཆོག་བརྙེས་ཤིང༌། །བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ༑ ༑ཞེས་དང༌། ྋགོང་ས་མཆོག་གིས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས། རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། །རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །བྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་སོང་རྗེས། རྒྱ་གར་ལྷོ་ཕྱོགས་བེད་ཧརྦའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཡུམ་གྱིས་མཚན་མཁན་ལ་བསྟན་པས། དེས་མཚན་བཟང་མོད་ཀྱང༌། ཞག་བདུན་གྱི་ཚེ་ལས་མི་འདུག་ཟེར་བས། ཐབས་ཅི་ཡོད་ཅེས་དྲིས་པ་ན། ཕལ་པ་དང་བྲམ་ཟེ། དགེ་སློང་ལྔ་བརྒྱ་ལ་ཆོས་སྟོན་དྲངས་ན་རིམ་བཞིན་ཞག་བདུན་དང༌། ཟླ་བ་བདུན། ལོ་བདུན་འཚོ་ཐུབ། དེ་ནས་ཐབས་མེད་ཟེར་བས། དེ་ལྟར་བྱས་ཏེ་དགུང་ལོ་བདུན་དུ་ཉེ་བ་ན། ཕ་མས་རང་གི་བུ་འཆི་བར་བལྟ་མ་ནུས་པར་གཡོག་དང་བཅས་ནགས་སུ་འཁྱམ་དུ་བཏང༌། རིམ་བཞིན་བྲམ་ཟེ་ས་ར་ཧའམ་སྒྲ་གཅན་འཛིན་བཟང་པོ་དང་མཇལ་བས་མཁན་པོས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས། སྐུ་ཚེ་བསྲིངས་ཤིང་རབ་ཏུ་བྱུང༌། ཕྱིས་སུ་བསྙེན་པར་རྫོགས་ནས་མཚན་ལ་དགེ་སློང་དཔལ་ལྡན་ཞེས་གསོལ།

                གཞན་ཡང་བྱང་སེམས་བློ་གྲོས་རིན་ཆེན་སོགས་ལས་ཀྱང་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཏེ་མཁས་པའི་ཕུལ་དུ་གྱུར། བར་སྐབས་ཤིག་ལ་ཡུལ་དེར་མུ་གེ་ཆེནཔོ་བྱུང་བས་མཁན་པོས་བསྐུལ་བ་ལྟར་ནཱ་ལེདྲནའི་དགེ་འདུན་གྱི་ཞལ་ཏ་བ་མཛད། རྒྱ་མཚོའི་གླིང་ཞིག་ནས་གསེར་འགྱུར་གྱི་རྩི་བཞེས་ཤིང༌། ཟངས་ལ་སོགས་པ་མང་པོ་གསེར་དུ་བསྒྱུར་ཏེ་མུ་གེ་མེད་པའི་ཕྱོགས་གཞན་ནས་འབྲས་དང་ནས་ལ་སོགས་པ་འཚོ་བའི་ཡོ་བྱད་རྣམས་དྲངས་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་རྣམས་ལ་འཚོ་བ་ཕོངས་པ་མེད་པར་སྦྱོར་བར་མཛད། ཉན་ཐོས་པ་རྣམས་ལ་ཡང་ཕན་ཆེར་བཏགས། སྐབས་དེ་དག་ཏུ་བསྟན་པའི་ནང་མཛོད་འདུལ་བའི་བསྟན་པ་ཉམས་པ་སླར་གསོ་བའི་ཕྱིར་དུ་བསླབ་ཁྲིམས་འཆལ་བའི་དགེ་འདུན་སྟོང་ཕྲག་བརྒྱད་ཙམ་གནས་ནས་ཕྱུངས། སྡེ་པ་ཀུན་གྱི་བདག་པོ་མཛད། སྐལ་ལྡན་རྣམས་ལ་སྡེ་སྣོད་གསུམ་དང༌། ལྷག་པར་དུ་དམ་ཆོས་འདུལ་བ་རྒྱ་ཆེར་སྤེལ་བར་མཛད་དེ། སྔོན་སྟོན་པས་ཆོས་འཁོར་བསྐོར་བ་དང་མཚུངས་པར་ཆོས་ཀྱི་སྒྲ་ཆེན་ལན་དང་པོ་བསྒྲགས།

                དེའི་ཚེ་བདེ་བྱེད་ཅེས་བྱ་བས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀར་རྨ་འབྱིན་པའི་གཞུང་ལུགས་མང་པོ་བརྩམས་པ་དང༌། ཐེག་ཆེན་ལ་ལོག་པར་སྨྲ་བ་མཐའ་དག་རིགས་པས་སུན་ཕྱུངས། སྐབས་ཤིག་ན་སྐལ་ལྡན་རྣམས་ལ་ཆོས་རྒྱ་ཆེར་བསྟན་པའི་དུས་སུ་བྱིས་པ་གཉིས་ཆོས་ཉན་དུ་འོངས་པ་ན། དྲི་ཞིམ་པོས་ཕྱོགས་ཀུན་ཁྱབ་པ་དང༌། དེ་གཉིས་སོང་བའི་རྗེས་དྲི་ངད་ཡལ་བས། དེའི་རྒྱུ་མཚན་དྲིས་པར་ངེད་གཉིས་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མིའི་དྲི་མ་སྲུང་ཕྱིར་ཙནྡན་གོ་ཤིརྵ་བྱུགས་པ་ཡིན་ཞུས། འོ་ན་དེ་ལྟ་བུའི་ཙནྡན་གང་དུ་ཡོད་དམ་དྲིས་པས། ཡབ་ལ་དྲིའོ་ཟེར་བ་བཞིན་དྲིས་པས། ཡབ་ཀྱིས་སློབ་དཔོན་ཀླུ་ཡུལ་དུ་བྱོན་ན་འབུལ་ཞུས་པས། སློབ་དཔོན་གྱིས་ཀླུ་མང་པོའི་རྒྱུད་ལ་དགེ་རྩ་བསྐྱེད་པ་དང༌། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཀླུ་ཡུལ་ནས་གདན་འདྲེན་རྒྱུ་སོགས་དགོས་པ་དུ་མར་གཟིགས་ཏེ་ཀླུ་ཡུལ་དུ་བྱོན། ཀླུ་རྣམས་ཀྱིས་མཆོད་པ་རྒྱ་ཆེ་དང་བཅས་ཆོས་སྟོན་པར་གསོལ་བ་བཏབ་པ་ན། དེར་ཆོས་མང་དུ་བསྟན་པས་ཀླུ་རྣམས་ཡིད་མགུ་སྟེ་ཀླུ་ཡུལ་དུ་བཞུགས་པར་ཞུས་ཀྱང༌། ད་ལྟ་འཛམ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་དགོས་པ་སོགས་ཀྱིས་ཁོམ་པ་མེད། ཕྱིས་སུ་འོང་སྲིད་ཅེས་གསུངས་ཏེ་འཛམ་བུའི་གླིང་དུ་བྱོན། ཀླུ་རྣམས་ཀྱིས་སློབ་དཔོན་ཀླུ་ཡུལ་དུ་འབྱོན་རྒྱུའི་གཏའ་མ་ལྟ་བུར་འབུམ་གྱི་གཤམ་ནས་ཅུད་ཟད་མ་བསྐུར་བས། བརྒྱད་སྟོང་པའི་རྟག་ཏུ་ངུ་དང༌། ཆོས་འཕགས་ལེའུའི་གཉིས་རྗེས་སུ་འབུམ་རྒྱས་པའི་གཤམ་དུ་སྦྱར་བར་གྲགས་སོ།།

                དེ་ནས་ལི་ཁ་ར་ཞེས་པའི་ཡུལ་དུ་ཕེབས། གསེར་འགྱུར་གྱི་སྒོ་ནས་སྦྱིན་པར་རྒྱ་ཆེར་མཛད། མཉན་ཡོད། གནས་བཅས། ཙམ་པ་ཀ ཝཱ་རཱ་ཎསིའ། རྒྱལ་པོའི་ཁབ། ཡངས་པ་ཅན་ཏེ་རྒྱ་གར་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་གཙུག་ལག་ཁང་དང༌། མཆོད་རྟེན་མང་པོ་བཞེངས། ཆོས་སྨྲ་བ་རྣམས་ལ་ཆོས་གཞིའང་བཙུགས། ལྷ་ཁང་བརྒྱ་རྩ་བརྒྱད་དུ་ཐེག་ཆེན་གྱི་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས། དེར་ནག་པོ་ཆེན་པོའི་སྐུ་རེ་བཞེངས། བསྟན་པ་སྲུང་བའི་གཉེར་དུ་གཏད་དོ།།

                རྡོ་རྗེ་གདན་གྱི་མཆོད་རྟེན་ལ་དྲྭ་མིག་གིས་བསྐོར་ཞིང་ཕྱི་རོལ་ཏུ་མཆོད་རྟེན་ལྷ་ཅན་བརྒྱ་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ལ་ལྕགས་རི་བཏབ། ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བྱས། ཤེར་ཕྱིན་གདན་དྲངས་ནས་ཐེག་ཆེན་གྱི་སྲོལ་ནུབ་པ་དེ་སླར་གསོ་མཛད་དེ་ཆོས་སྟོན་པའི་སྐབས་སུ་ཀླུ་རྣམས་ཀྱིས་སྦྲུལ་གྱི་གདེངས་ཀ་ཕུལ་བ་སོགས་གྲོགས་བྱས་པས་ཀླུ་སྒྲུབ་ཅེས་མཚན་ཆགས། ཉན་ཐོས་དངོས་སྨྲ་བ་རྣམས་ཀྱི་རྩོད་པ་བཟློག་པའི་ཕྱིར་རིག་པའི་ཚོགས་དྲུག་སྟེ་རྩོད་ཟློག་དང༌། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག རིགས་པ་དྲུག་ཅུ་པ༑ མདོ་ཀུན་བཏུས། དབུ་མ་རིན་ཆེན་ཕྲེང་བ་བཅས་དང༌། བཤེས་སྤྲིངས་ལ་སོགས་པ་དབུ་མའི་བསྟན་བཅོས་སྤྱི་དང༌། ཁྱད་པར་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་ཟབ་དོན་དབུ་མར་འགྲེལ་བའི་བསྟན་བཅོས་རྩ་བ་ཤེས་རབ་ཅེས་བྱ་བ་སོགས་རྨད་དུ་བྱུང་བའི་ལེགས་བཤད་མང་དུ་མཛད་དེ། སྔོན་སྟོན་པས་ཆོས་འཁོར་བར་པ་བསྐོར་བ་དང་མཚུངས་པའི་དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་ལན་གཉིས་པ་བསྒྲགས་སོ༑༑

དེ་ནས་རྔ་བོ་ཆེ་ལ་སོགས་པའི་མདོ་ལ་བརྟེན་ནས་བདེར་གཤེགས་སྙིང་པོ་ཁམས་ཆོས་དབྱིངས་བརྟག་པ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་སྟོན་པའི་ཆོས་དབྱིངས་བསྟོད་པ་སོགས་མཛད་དེ་དམ་པའི་ཆོས་ཀྱི་སྒྲ་ལན་གསུམ་པ་བསྒྲགས་སོ༑༑

                མདོར་ན་གདུལ་བྱ་གྲངས་ལས་འདས་པ་ཐེག་པ་ཆེན་པོའི་ལམ་ལ་འཁྲིད་པ་དང༌། སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞིའི་དགོངས་འགྲེལ་གྱི་བསྟན་བཅོས་དང༌། ཐུན་མོང་བའི་བསྟན་བཅོས་ཀྱང་མང་དུ་མཛད་དེ་ལོ་མང་རིང་བསྟན་པ་བསྐྱངས། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་མ་བཟོད་པར། རྒྱལ་པོ་བདེ་སྤྱོད་ཀྱི་བུར་སྐྱེ་བ་བླངས་ཏེ། རྒྱལ་སྲིད་ཐོབ་ཕྱིར་ཡབ་དང་སྐུ་ཚེ་མཉམ་པའི་སློབ་དཔོན་གྱི་དབུ་སྦྱིན་པར་ཞུས་པས། ཁོང་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེར་གནས་སྟབས་གནང་བར་ཞལ་གྱིས་བཞེས། རྩྭ་ཀུ་ཤས་དབུ་བཅད་དེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང༌། དབུ་དེའི་ཞལ་ནས། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱིས་ནས་ལུས་འདི་ལ་ནི་འཇུག་པར་གྱུར། །ཞེས་ཚིག་བྱུང་བས། རིམ་གྱིས་ཇེ་ཉེར་སོང་སྟེ་མཐར་དབུ་སྐུ་ལུས་ལ་འབྱར་ནས་སླར་ཡང་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་འགྱུར་རོ་ཞེས་གསུངས་སོ།།

                འཕགས་པ་ཀླུ་སྒྲུབ་ལ་སློབ་མ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་ཡང་དེ་དག་ལས་གཙོ་བོར་གྱུར་པ་ཤཱཀྱ་མི་ཏྲ་དང༌། ནཱ་ག་བོདྷི། ཨཱརྱ་དེ་ཝ༑ མ་ཏངྒི་པ་བཅས་གཙོ་བོ་ཐུགས་སྲས་བཞི་དང༌། སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་ཉེ་བའི་སྲས་གསུམ་སྟེ་བདུན་བྱུང་ཞིང་དེ་དག་གིས་ཀྱང་བསྟན་འགྲོའི་དོན་རླབས་པོ་ཆེ་དུ་མ་མཛད་པའོ།།

སློབ་དཔོན་འཕགས་པ་ལྷ།   ༼ཨཱརྱ་དེ་ཝ།༽                ༈ དེ་ཡང་མཁའ་མཉམ་མ་ལས། དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །ལོག་སྨྲ་ཚར་གཅོད་སྐལ་ལྡན་རྗེས་སུ་འཛིན། །ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པ། །ཨཱརྱ་དེ་ཝའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་དང༌། པཎ་གྲུབ་སྟོད་ཆེན་ལས་ཀྱང༌། དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སློབ་དཔོན་ཨཱརྱ་དེ་ཝའམ་འཕགས་པ་ལྷ་ནི་སིངྒ་ལའི་རྒྱལ་པོའི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་འཁྲུངས་ཤིང༌། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས། ཕྱིས་རབ་ཏུ་བྱུང་སྟེ་མཐར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་ལ་ཡུན་རིང་དུ་བསྟེན་པའི་མཐུ་ལས་སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོར་གྱུར།

                སྐབས་དེར་མུ་སྟེགས་རྟ་དབྱངས་ཀྱིས་ནཱ་ལེདྲནའི་དགེ་འདུན་རྣམས་ལ། ང་མུ་སྟེགས་རྟ་དབྱངས་བྱ་བ་ཡིན། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་ཞུགས་ཏེ་གཙུག་ལག་ཁང་དང་ཆོས་རྣམས་བསྲེག་དགོས། དེའི་དཔང་པོ་རྒྱལ་པོ་བཅོལ་བ་ཡིན་པས་དུས་ཐོབས་ཤིག་ཅེས་བསྒྲགས་པ་ན། ནང་པའི་མཁས་པ་སུས་ཀྱང་ལན་ལྡོག་པར་མ་ནུས། སྐབས་དེར་པཌཎི་ཏ་ཞིག་གིས་རྨི་ལམ་དུ་མུ་སྟེགས་ཀྱི་རྩོད་པ་བཟློག་པའི་ཐབས་སུ་ཆོས་སྐྱོང་མགོན་པོ་ལ་འཕྲིན་ལས་བཅོལ་ན། ཆོས་སྐྱོང་གི་སྤྲུལ་པས་ལྷོ་ཕྱོགས་དཔལ་གྱི་རི་ནས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་གདན་འདྲེན་པའི་ཕོ་ཉ་བྱེད་པར་འགྱུར་ཞེས་ལུང་བསྟན་བྱུང་བ་ལྟར། འཕྲིན་ཡིག་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་མགོན་པོ་ལ་ཆོས་གཏོར་རྒྱ་ཆེན་པོ་ཕུལ་བ་ན། མགོན་པོའི་རྣམ་སྤྲུལ་བྱ་རོག་ཅིག་གིས་འཕྲིན་ཡིག་དེ་ཁྱེར་ནས་ལྷོ་ཕྱོགས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་ལ་ཕུལ། ནཱ་ལེདྲནར་མུ་སྟེགས་རྟ་དབྱངས་གདུལ་བའི་དོན་དུ་སློབ་དཔོན་ཀླུ་སྒྲུབ་ཕེབས་པར་བརྩམས་པ་ན། སློབ་དཔོན་ཨཱརྱ་དེ་ཝས། སློབ་དཔོན་ཕེབས་མི་དགོས། རྟ་དབྱངས་བདག་གིས་འདུལ་ནུས་ཞེས་ཞུས་ཏེ་སློབ་དཔོན་ཨཱརྱ་དེ་ཝ་ནཱ་ལེདྲནར་ཕེབས། ལམ་དུ་མུ་སྟེགས་ཀྱི་རིགས་ཀྱི་བུད་མེད་ཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་པར་བྱུང་ནས་སྤྱན་ཡ་གཅིག་སློང་བ་དེ་ལ་བྱིན། རྐང་མགྱོགས་ཀྱི་རྫས་ལ་བརྟེན་ནས་ཐུན་ཚོད་གཅིག་གི་ཡུན་ཙམ་ལ་ནཱ་ལེདྲནར་ཕེབས། སྐབས་དེར་ཕྱི་ནང་གི་པཌཎི་ཏ་འབུམ་ཕྲག་དུ་མ་ནཱ་ལེདྲནར་འདུས། སློབ་དཔོན་གྱིས་ནཱ་ལེདྲནའི་ཆུ་ལེན་མཁན་ཞིག་ལ། ང་འོངས་སོ་གྱིས་གསུངས་པ་ལྟར། དེས་ཀྱང་དགེ་འདུན་རྣམས་ལ་ང་འོངས་སོ་ཟེར་མཁན་ཞིག་ཆུ་ཁར་འདུག་ཞུས་པས། འཕགས་པ་ཡབ་སྲས་གང་རུང་ཞིག་ཕེབས་པར་བསམས་ཏེ་མཆོད་པའི་བྱེ་བྲག་རྣམ་པ་མང་པོ་ཐོགས་ཏེ་ཕེབས་བསུ་རྒྱ་ཆེ་ཞུས།

                དེ་ནས་སློབ་དཔོན་གྱིས་རྟ་དབྱངས་ཆུ་གཏོར་གཏོང་སར་བྱོན་ནས་ཅི་བྱེད་དྲིས་པར། སྔར་ཤི་བའི་ཕ་མེས་རྣམས་ལ་སྟེར་བ་ཡིན་ཟེར། སློབ་དཔོན་གྱིས་ངས་ཀྱང་ལྷོ་ཕྱོགས་དཔལ་གྱི་རིར་ཤིང་སྐམ་པོ་ཞིག་ཡོད་པ་དེ་ལ་གཏོར་བ་ཡིན་གསུངས་ནས་ཆུ་གཏོར་བས། རྟ་དབྱངས་ཀྱིས་དཔལ་གྱི་རི་ལ་འདི་ནས་ཆུ་གཏོར་བྱས་པས་ཅི་ལ་ཕན་ཟེར་བས། སློབ་དཔོན་གྱིས་འོ་ན་ཕ་མེས་སྔར་ཤི་བ་ལ་ད་ལྟར་ཆུ་གཏོར་བྱས་པས་ཅི་ལ་ཕན་གསུངས། ཡང་རྟ་དབྱངས་འབབ་སྟེགས་སུ་ཁྲུས་བྱེད་པའི་སྐབས་སློབ་དཔོན་གྱིས་ཅི་བྱེད་གསུངས་པས། སྡིག་པ་སྦྱོང་བ་ཡིན་ཟེར། སློབ་དཔོན་གྱིས་གསེར་བུམ་མི་གཙང་བས་བཀང་བ་ཞིག་གི་ཕྱི་བཀྲུས་པས་རྟ་དབྱངས་ཀྱིས། མི་གཙང་བ་ནང་ན་ཡོད་པ་ལ་ཕྱི་བཀྲུས་པས་ཅི་ལ་ཕན་ཟེར་བར། སློབ་དཔོན་གྱིས་འོ་ན་སྡིག་པ་སེམས་ལ་ཡོད་པར་ལུས་བཀྲུས་པས་ཅི་ལ་ཕན་ཞེས་གསུངས། དེ་ནས་སློབ་དཔོན་ཚོགས་སུ་དགེ་འདུན་གྱི་གྲལ་སྨད་དུ་བཞུགས་པའི་སྐབས་རྟ་དབྱངས་ཀྱིས་ཚོགས་སུ་སྔར་བཞིན་བགྲངས་པས་གྲངས་གཅིག་ལྷག་པ་ན༑ སྔོན་མེད་པའི་མགོ་ཟླུམ་གང་ན་ཡོད་ཟེར་བ་ལ་སློབ་དཔོན་གྱིས། མགོ་ཟླུམ་སྐེའི་སྟེང་ན་ཡོད་གསུངས་པས་རྩོད་པར་བྱེད་པ་ཤེས་ཏེ། རྟ་དབྱངས་ཀྱིས་བྱིའུ་ཞིག་སྦར་མོར་བཅུག་སྟེ་འདི་འཆིའམ་གསོན་ཟེར་བས། དེ་ཁྱོད་ཀྱི་སྙིང་རྗེ་ལ་རག་ལས་སོ་ཞེས་གསུངས། ཡང་སྒོ་ཐེམ་དུ་བསྡད་ནས་ང་ཕྱི་ནང་གང་དུ་འགྲོ་བ་འདུག་དྲིས་པར། སློབ་དཔོན་གྱིས་དེ་ཁྱོད་ཀྱི་འདོད་དོན་གང་ན་ཡོད་པ་དེར་རག་ལས་སོ་གསུངས།

                དེ་བས་རྟ་དབྱངས་ཀྱིས། ད་རང་རེ་གཉིས་རྩོད་པ་བྱའོ་ཟེར་བ་ལ་སློབ་དཔོན་གྱིས་ཞལ་གྱིས་བཞེས། རྒྱལ་པོ་དཔང་དུ་བཞག་སྟེ་ཕམ་པ་དེ་གང་རྒྱལ་བའི་ཕྱོགས་ཀྱི་བསྟན་པ་ལ་འཇུག་དགོས་པ་བྱས། རྒྱལ་ཕམ་ཤན་འབྱེད་ཀྱི་ཕྱི་ནང་གི་པཌཎི་ཏ་རྩོད་པ་མཐར་དབྱུང་གི་དཔང་པོ་དུ་མའི་ཁྲི་ཡང་བཤམས། ནངས་པར་ཁྲི་སོ་སོར་འཁོར་དང་བཅས་པ་འཁོད་པའི་དབུས་སུ་རྟ་དབྱངས་ན་རེ། མིག་གཅིག་པ་འདི་ཅི་སྨྲ་ཟེར་བ་ལ་སློབ་དཔོན་གྱིས། བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །དྲག་པོར་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨཱརྱ་དེ་ཝ་མིག་གཅིག་པ་ནི་གང་ཡིན་པས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང༌། །ཞེས་གསུངས་པས། རྟ་དབྱངས་ན་རེ། ཁྱོད་ཀྱི་ངའི་རྩོད་ཟླ་མི་ཡོང་བས། ངའི་སྲིང་མོ་འདི་དང་རྩོད་ཅིག་ཟེར་བ་ལྟར། སྲིང་མོ་ལྷ་མོ་ཨུ་མས་རྩོད་དུ་བྱུང་བས། དགེ་བསྙེན་ངོ་ཚ་མེད་པས་ལུས་གཅེར་བུར་ཕྱུང་བ་མཚན་མ་གྱེན་དུ་བསྒྲེངས་པ་ཞིག་ཏུ་སྤྲུལ་བས་ལྷ་མོ་ཨུ་མ་ངོ་ཚ་ནས་བྲོས་སོ།།

                དེ་ནས་རྟ་དབྱངས་ཀྱིས་ངའི་ནེ་ཙོ་འདི་དང་རྩོད་ཅིག་ཟེར་བ་ན། ཚངས་པའི་སྤྲུལ་པ་ནེ་ཙོ་རྩོད་དུ་བྱུང་བ་ལ། བྱི་ལ་བཏང་ནས་ནེ་ཙོའི་སྐེ་བཅད་པས། རྟ་དབྱངས་ན་རེ། ནང་པ་སངས་རྒྱས་པར་ཁས་འཆེ་བ་དང་སྲོག་གཅོད་པ་འགལ། ཁྱོད་ལ་སྡིག་པ་འོང་ཟེར་བ་ལ་སློབ་དཔོན་ཨཱརྱ་དེ་ཝས། དེས་སྡིག་སྦྱོང་བྱས་པས་ཁྱོད་ཀྱི་སྡིག་པ་བྱང་ངམ་ཟེར་བ་ལ། འོ་ན་བྱི་ལས་ནེ་ཙོ་བསད་པའི་སྡིག་པ་ང་ལ་འོང་ངམ་གསུངས། དེ་ནས་རྟ་དབྱངས་ཀྱིས། ངའི་ཐོད་ལེ་ཀོར་དང་རྩོད་ཅིག་ཟེར་ནས། ཁྱབ་འཇུག་གི་སྤྲུལ་པ་ཐོད་ལེ་ཀོར་སོ་ཕག་གི་སྟེང་དུ་བསྐྱུར་བྱུང་བས། སློབ་དཔོན་གྱིས་མར་ནག་བསྐུས་ནས་རི་མོ་མ་བྱུང་བས་རྟ་དབྱངས་ངོ་གནོང་ཞིང་སྐྱེངས་པར་གྱུར། འོན་ཀྱང་སྔར་དབང་ཕྱུག་གིས་མཆོག་བྱིན་པར་རློམ་སྟེ་སློབ་དཔོན་དང་ལྷན་ཅིག་རྩོད་པ་ལ་ཞུགས་པ་ན། རྟ་དབྱངས་ཀྱི་འདོད་ཚུལ་རྣམས་སློབ་དཔོན་གྱིས་དྲི་མ་མེད་པའི་རིགས་པ་སྟོང་ཕྲག་གིས་སུན་ཕྱུངས་ཏེ། རྟ་དབྱངས་རྣམ་པ་ཀུན་ཏུ་ཕམ་པར་མཛད།

                དེ་ནས་རྟ་དབྱངས་ཀྱིས། ད་རྫུ་འཕྲུལ་འགྲན་ཟེར་བས་བརྒྱ་བྱིན་མིག་སྟོང་ཡོད་པ་ཞིག་ཏུ་སྤྲུལ་བར་སློབ་དཔོན་གྱིས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་མནན། རྟ་དབྱངས་ཀྱི་ཁ་ནས་མེ་ཕྱུང་བ་སློབ་དཔོན་གྱི་ཞལ་ནས་ཆུ་ཕྱུང་སྟེ་བསད། རྟ་དབྱངས་ཀྱིས་ནམ་མཁར་དཀྱིལ་འཁོར་བྲིས་པ་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་རླུང་གིས་བསུབས་པས། རྩོད་པ་དང༌། ནུས་པ། རྫུ་འཕྲུལ་སོགས་སྒོ་དུ་མ་ནས་རྟ་དབྱངས་ཕམ་སྟེ། ཆུ་བོ་གངྒཱར་ལྕེབས་པར་བརྩམས་པ་ན། རྒྱལ་པོས་རྟ་དབྱངས་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག ཕྱོགས་འཛིན་གྱི་འཆིང་བ་གྲོལ་ཞིང༌། ལྷག་པར་འཇམ་དཔལ་རྩ་རྒྱུད་ཀྱི་གླེགས་བམ་བཀླགས་པས། སྔར་བསྟན་པ་ལ་བྱ་བ་མ་ཡིན་པར་བྱས་པ་ལ་འགྱོད་པ་སྐྱེས་ཏེ་ལྟུང་བཤགས་མཛད་པ་དང༌། ལྷག་པར་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལུང་གིས་ཟིན་ཚུལ་དང༌། རང་ཉིད་ཀྱང་ལུང་གིས་ཟིན་པའི་ཚུལ་རྣམས་མཐོང་བས། རྒྱལ་བའི་བཀའ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་བསླུ་བ་མེད་པའི་ངེས་པ་རྙེད་ནས་སློབ་དཔོན་ལ་རབ་ཏུ་བྱུང་བར་ཞུས་པ་བཞིན། སློབ་དཔོན་ཨཱརྱ་དེ་ཝས་རྟ་དབྱངས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་དེ། རབ་ཏུ་བྱུང་ནས་མདོ་རྒྱུད་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་པའི་ཕུལ་དུ་གྱུར། དེ་ནས་སློབ་དཔོན་འཕགས་པ་ལྷ་དཔལ་ནཱ་ལེདྲནར་ཡུན་རིང་བཞུགས་ཤིང༌། མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་བསྟན་འགྲོར་སྨན་པའི་མཛད་བཟང་ནམ་མཁའ་དང་མཉམ་པ་བསྐྱངས་མཐར་ཡུལ་ཀཙཉི་དང་ཉེ་བའི་རཱ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་བཟང་པོ་ལ། སྙིང་པོའི་དོན་གྱི་རྒྱལ་བའི་བསྟན་པ་གཏད་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་དམ་པའི་ཆོས་ལ་བསྐུལ་ཕྱིར་སྐུ་མྱ་ངན་ལས་འདས་པའི་ཚུལ་གྱིས་མཐའ་མའི་མཛད་པ་བསྟན་པ་འདི་ལྟར་ལགས་སོ།།

སངས་རྒྱས་བསྐྱངས།

                ༈ དེ་ཡང་པཎ་གྲུབ་བསྟོད་ཆེན་ལས། འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ནི༑ རྒྱ་གར་ལྷོ་ཕྱོགས་ཏཔམ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བར་སྐུ་འཁྲུངས། ཡུལ་དེ་ཉིད་དུ་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མང་དུ་ཐོས་པར་མཛད་པར་བཞེད་ནས་སློབ་དཔོན་ཀླུའི་བཤེས་གཉེན་གྱི་དྲུང་དུ་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས། རྩེ་གཅིག་ཏུ་བསྒོམས་པས་ཡེ་ཤེས་མཆོག་བརྙེས། མདོ་སྔགས་ཀྱི་ཆོས་ལ་གསང་སྦྱངས་གནང་བས་རང་གཞན་གྱི་གྲུབ་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོན། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ལ་བསྟེན་ཅིང༌། སྒྲུབ་པ་ལྷུར་མཛད་པས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་ཞལ་གཟིགས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་དཌཎ་པུ་རི་ཞེས་བྱ་བར་བཞུགས་ནས་ཆོས་ཀྱང་མང་དུ་བསྟན། འཕགས་པ་ཡབ་སྲས་དང༌། སློབ་དཔོན་དཔའ་བོ་ལ་སོགས་པས་མཛད་པའི་བསྟན་བཅོས་མང་པོ་ལ་རྣམ་བཤད་མཛད། མཐར་རི་ལུའི་དངོས་གྲུབ་བསྒྲུབས་པས་འགྲུབ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་མཛད་ནས་རྩ་ཤེས་ལས་གསུངས་པའི་རིགས་པ་རྣམས་དབུ་མ་ཐལ་འགྱུར་བའི་ལུགས་སུ་བཀྲལ་བས། དབུ་མ་ཐལ་འགྱུར་བའི་སློབ་དཔོན་ཆེན་པོར་གྱུར། གཞན་ཡང་མདོ་རྒྱུད་ཀྱི་བསྟན་བཅོས་མང་དུ་མཛད་དེ་བསྟན་དང་འགྲོ་བའི་དོན་ལ་སྣ་མང་བྱས་བ་བྱས་ཤིང༌། གཞན་དོན་མཛད་བཟང་ཁོ་ནས་དུས་འདས་ཏེ་མཐར་སྐུ་མྱ་ངན་ལས་འདས་པའོ།།

སློབ་དཔོན་ལེགས་ལྡན་འབྱེད།                ༈ དེ་ཡང་པཎ་གྲུབ་བསྟོད་ཆེན་ལས། བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །གྲུབ་མཐའི་སྲོག་གཏོད་ཡོངས་རྫོགས་པཌཎི་ཏ། །སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ནི་ལྷོ་ཕྱོགས་མ་ལ་ཡར་རྒྱལ་རིགས་མཆོག་ཏུ་སྐྱེ་བ་བཞེས། ཡུལ་དེ་ཉིད་ཏུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཡུལ་དབུས་སུ་བྱོན་ནས་སློབ་དཔོན་དགེ་འདུན་སྲུང་བ་ལས། ཐེག་པ་ཆེན་པོའི་མདོ་སྣོད་གསུམ་ལ་མཁས་པར་སྦྱངས། སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་ཕྱག་ན་རྡོ་རྗེའི་ཞལ་གཟིགས་ཀྱང་བྱུང་ཞིང༌། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་འཁྲུངས། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་ཆོས་མང་དུ་བསྟན། སློབ་དཔོན་སངས་རྒྱས་བསྐྱངས་སྐུ་འདས་པའི་འོག་རོལ་ཏུ་དེས་མཛད་པའི་བསྟན་བཅོས་རྣམས་གཟིགས། དབུ་མ་རྩ་བའི་གཞུང་ལ་སློབ་དཔོན་སྔ་མའི་བཞེད་པ་སུན་ཕྱུངས་ནས་རང་རྒྱུད་དུ་འགྲེལ་བར་མཛད་ཅིང་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ནས་མདོ་སྡེ་འགའ་ཞིག་ལ་འགྲེལ་པ་མཛད། མཐར་འདིས་ཀྱང་རིལ་བུའི་དངོས་གྲུབ་བསྒྲུབས་པས་འགྲུབ་ལ། འོན་ཀྱང་སློབ་དཔོན་འདི་དང་སངས་རྒྱས་བསྐྱངས་གཉིས་ཅར་གྱི་རྣམ་པར་སྨིན་པའི་སྐུ་ལུས་བོར་ནས་རིགས་སྔགས་འཆང་གི་གནས་སུ་གཤེགས་སོ།།

                དེ་ལ་སློབ་དཔོན་འདི་གཉིས་ཀྱིས་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་བཙུགས་ཤིང༌། སངས་རྒྱས་བསྐྱངས་སློབ་མ་ཧ་ཅང་མང་བ་མ་ཡིན་ཀྱང༌། སློབ་དཔོན་ལེགས་ལྡན་འབྱེད་ནི་སློབ་མ་ཤིན་ཏུ་མང་བ་དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲང་བ་ཡིན་པས་ལུགས་དེ་ཤིན་ཏུ་དར་བར་གྱུར་ཏོ།།

                སློབ་དཔོན་འདི་གཉིས་མ་བྱོན་པའི་སྔོན་དུ་ཐེག་ཆེན་པ་མཐའ་དག་བསྟན་པ་གཅིག་ཏུ་གནས་པ་ལས། སློབ་དཔོན་འདི་གཉིས་ཀྱི་འཕགས་པ་ལྷ་དང༌། འཕགས་པ་ཐོགས་མེད་ཀྱི་ལུགས་གཉིས་ནི་ཤིན་ཏུ་ཐ་དད་དེ། ཐོགས་མེད་ཀྱི་ལུགས་ནི་དབུ་མའི་ལམ་སྟོན་པ་མ་ཡིན་པར་སེམས་ཙམ་ཁོ་ན་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་ནི་ཁོ་བོ་ཅག་གི་འདི་ལས་གཞན་དུ་མེད་དོ་ཞེས་པའི་མཐའ་གཞན་འགོག་པར་མཛད་དོ། །ལེགས་ལྡན་སྐུ་འདས་པའི་འོག་ཙམ་ནས་ཐེག་པ་ཆེན་པོའང་ནང་དུ་སྡེ་གཉིས་སུ་གྱེས་ནས་རྩོད་པ་བྱུང་ངོ༌།།

                དེ་ཡང་སློབ་དཔོན་བློ་གྲོས་བརྟན་པས་དབུ་མ་རྩ་བའི་དགོངས་པ་རྣམ་རིག་ཏུ་འགྲེལ་བའི་རྣམ་བཤད་ཅིག་མཛད་ལ། དེའི་གླེགས་བམ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་ནས་ལེགས་ལྡན་འབྱེད་ཀྱི་སློབ་མ་རྣམས་ཀྱིས་མི་འཐད་པར་བྱས་སོ། །དེ་དག་ནཱ་ལེདྲནར་འོངས་ནས་བློ་གྲོས་བརྟན་པའི་སློབ་མ་རྣམས་དང་བརྩད་པས། ལེགས་ལྡན་འབྱེད་ཀྱི་སློབ་མ་རྒྱལ་ལོ་ཞེས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཟེར་བ་དང༌། ཙདྲན་གོ་མིའ་དང༌། ཟླ་བ་གྲགས་པའི་རྩོད་པ་བྱུང་ཚུལ་ལས་རྟོགས་ནུས་པ་ལགས་སོ༑༑

སློབ་དཔོན་ཟླ་བ་གྲགས་པ།                ༈ པཎ་གྲུབ་བསྟོད་ཆེན་ལས། རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ལམ། །ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སློབ་དཔོན་ཟླ་བ་གྲགས་པ་ནི། རྒྱ་གར་ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས། ཆུང་དུས་ནས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་དུ་རབ་ཏུ་བྱུང༌། སློབ་དཔོན་ཀླུ་སྒྲུབ་དང༌། སངས་རྒྱས་བསྐྱངས་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སློབ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཅིང༌། ལྷག་པར་དབུ་མའི་གཞུང་དང༌། གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་མཁས་པའི་མཁས་པ་ཆེན་པོར་གྱུར་ནས་ནཱ་ལེདྲནའི་དགོན་པའི་མཁན་པོ་ཡུན་རིང་དུ་མཛད།

                སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ནི་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་དང༌། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ། དབུ་མའི་བསྟན་བཅོས་ཆེན་པོ་རྩ་བ་ཤེས་རབ་ལ་འཇུག་པ་དང་དེའི་རང་འགྲེལ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ། རིགས་པ་དྲུག་ཅུ་པའི་འགྲེལ་པ༑ དབུ་མ་ཕུང་པོ་ལྔ་སོགས་མཛད། འཕགས་པའི་དགོངས་པ་སངས་རྒྱས་བསྐྱངས་ཀྱིས་བཀྲལ་བའི་ལུགས་དེ་ཉིད་ཆེས་ཆེར་དར་རྒྱས་སུ་མཛད། འདི་དག་ཕལ་མོ་ཆེ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་ནག་ཚོ་ལོ་ཙཱ་བ་དང༌། པ་ཚབ་ལོ་ཙཱ་བ་སོགས་ཀྱིས་བསྒྱུར་བ་ཡིན་ལ། གསང་སྔགས་ཀྱི་སྐོར་ལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་དང༌། གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། འདི་གཉིས་སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ཏུ་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་བ་ཡིན།

                གཞན་ཡང་རི་མོར་བྲིས་པའི་བ་གྲུས་མ་ལས་འོ་མ་བཞོས་ནས་དགེ་འདུན་ཐམས་ཅད་ལ་འོ་ཐུག་གིས་འཚིམ་པར་མཛད་པ་དང༌། རྡོའི་ཀ་བ་ལ་ཕྱག་ཐོགས་མེད་དུ་སོང་ཞིང༌། རྩིག་པ་ལ་ཐོགས་མེད་དུ་བཞུད་པ། རྡོ་ཡི་ཡི་གེས་ཏུ་རུཀྵའི་དམག་བཟློག་པར་མཛད་པ་སོགས་ངོ་མཚར་བའི་རྫུ་འཕྲུལ་དུ་མ་བསྟན་ཅིང༌། དྲི་མ་མེད་མུ་སྟེགས་ཀྱི་རྒོལ་བ་མང་པོ་བཟློག་པར་མཛད། མཐར་སྐུ་ཚེའི་སྨད་དུ་རང་ཉིད་ཀྱི་འཁྲུངས་ཡུལ་གྱྀི་རྒྱུད་དུ་བྱོན་ནས་ལྷ་ཁང་དང་དགོན་པ་མང་པོ་བཏབ། ལྷོ་ཕྱོགས་ཀོངྐུ་ནའི་ཡུལ་དུ་མུ་སྟེགས་ཀྱི་རྒོལ་བ་མང་པོ་རིགས་པ་བརྒྱ་ཕྲག་གིས་ཚར་བཅད། བྲམ་ཟེ་དང་ཁྱིམ་བདག་ཕལ་ཆེར་རྒྱལ་བའི་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ་བོ། །སླད་ཀྱིས་མ་ནུ་བྷཾ་ག་ཞེས་བྱ་བའི་རི་ལ་སྔགས་ཀྱི་ལམ་ལ་བརྟེན་ནས་དངོས་གྲུབ་མཆོག་ཐོབ་པར་བཞེད་པས་སྒྲུབ་པ་ཡུན་རིང་དུ་མཛད་ནས་སྐུ་འཇའ་ལུས་སུ་སོང་བར་སྔགས་ཀྱི་སློབ་དཔོན་རྣམས་འདོད་དེ། བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱ་ཙམ་བཞུགས་པ་དང༌། རྡོའི་སེང་གེ་ལ་ཆིབས་ནས་ཏུ་རུཀྵའི་དམག་བཟློག་པར་མཛད་པ་ཁྱད་པར་ཅན་བསྟན་པར་འདོད་པ་དག་བདེན་མིན་ཇི་ལྟར་ཡང་སྐུ་ཚེ་རིང་པོར་བཞུགས་པ་མངོན་ནོ། །ཕྱི་མ་ནི་དེ་ལྟར་བྱུང་བར་རུང་ཞིང༌། སྔ་མ་ནི་འཇའ་ལུས་སུ་གྱུར་ན་འཆི་བ་མེད་པ་ཡིན་པས་ལོ་སུམ་བརྒྱ་ཆར་ཡང་མི་བཟོད། རྣམ་སྨིན་རགས་པའི་སྐུ་ལུས་ཀྱིས་མིའི་ཡུལ་དུ་དེ་ལྟར་བཞུགས་པར་འདོད་ན་ནི་མི་འཐད་པར་མངོན་ནོ།།

རྒྱལ་སྲས་ཞི་བ་ལྷ།

                ༈ དེ་ཡང་པཎ་གྲུབ་བསྟོད་ཆེན་ལས། ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །ཟབ་དང་རྒྱ་ཆེའི་རིགས་ཚུལ་སྣ་མང་གིས། །སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རྒྱལ་སྲས་ཞི་བ་ལྷ་ནི། སྤྱི་ལོའི་དུས་རབས་བདུན་པའམ་བརྒྱད་པ་ཙམ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བའི་སྲས་སུ་སྐུ་འཁྲུངས། མཚན་ཞི་བའི་གོ་ཆ་ཞེས་བཏགས། སྐུ་ན་ཕྲ་མོ་ནས་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ཞལ་གཟིགས། ཡབ་འདས་ཏེ་སང་ཉིན་རྒྱལ་སྲིད་ལ་དབང་བསྐུར་རྒྱུའི་དོ་ནུབ་བྲོས་ནས་ནཱ་ལེདྲནར་ཕེབས་ཏེ་པཌཎི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ནས་མཚན་ཞི་བ་ལྷ་ཞེས་བཏགས། མཁན་པོ་ལས་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར།

                རྗེ་བཙུན་འཇམ་དཔལ་དབྱངས་ལས་དངོས་སུ་ཆོས་གསན་ཏེ་མདོ་སྔགས་ཀྱི་བཀའ་དང་གདམས་པ་མ་ལུས་པ་ཐུགས་སུ་ཆུད་ཀྱང༌། ཕྱི་རོལ་དམ་པ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་ངོར་སྤྱོད་ལམ་ཟ་ཉལ་བཤང་གཅི་འདོར་བ་མ་གཏོགས་གླེགས་བམ་ཀློག་པ་ལ་སོགས་གཞན་གང་ཡང་མ་མཐོང་བས་འདུ་ཤེས་གསུམ་པ་ཞེས་གྲགས། ནམ་ཞིག་ཆོ་འཕྲུལ་ཟླ་བ་ལ་གསུང་རབ་འདོན་པའི་རེས་མོས་ཡོད་པ་ལས། དགེ་འདུན་ཕལ་མོ་ཆེས་ནན་ཞུས་བྱས་པ་ཇི་བཞིན་དཔལ་ནཱ་ལེདྲནའི་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ་ཁྲི་ལ་བཞུགས་ཏེ། མདོ་སྔོན་ཆད་གྲགས་པ་ཞིག་འདོན་ནམ། མ་གྲགས་པ་ཞིག་འདོན་ཞེས་བཀའ་སྩལ་བས་སྔོན་མ་གྲགས་པ་ཞིག་གསུང་བར་ཞུས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་ཆེན་པོ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །ཅེས་པའི་བར་གསུངས་ནས། དེ་ཕྱིན་གསུང་བཞིན་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་བར་གསུང་གྲགས་པའི་སྒོ་ནས་གཞུང་མ་རྫོགས་ཀྱི་བར་རྒྱུན་མ་ཆད་པར་བཏོན་ཏེ་གཤེགས། དེ་རྣམས་གཟུང་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་རྣམས་བསྡུས་པས་ཤོ་ལོ་ཀ་བདུན་བརྒྱ་དང༌། སྟོང་དང༌། སྟོང་ཕྲག་ཙམ་སྟེ་གསུུམ་བྱུང་བས་ཐེ་ཚོམ་དུ་གྱུར།  ཕྱིས་སྤྱོད་འཇུག་ཤོ་ལོ་ཀ་སྟོང་ཚང་བ་དེ་ཡིན་ཞེས་ལུང་བསྟན་ཏོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་གོང་དུ་བརྗོད་པའི་སྤྱོད་འཇུག་དང༌། བསླབ་བཏུས་ལ་སོགས་པ་བཞུགས་སོ།།

མཁན་ཆེན་ཞི་བ་འཚོ།  ༼བོདྷི་སཏྭ།༽

                ༈ དེ་ཡང་པཎ་གྲུབ་བསྟོད་ཆེན་ལས། གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང༌། །ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་མཁན་ཆེན་ཞི་བ་འཚོ་ནི། བོད་དུ་རབ་བྱུང་གི་སྡེ་ཐོག་མར་འཛུགས་སྐབས་ཀྱི་སྡོམ་པ་གནང་མཁན་ཡིན་པས་མཁན་པོ་ཞེས་དང༌། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བས་བོདྷི་སཏྭ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཞུ་སྲོལ་ཡོད། མཚན་དངོས་ནི་རྒྱ་གར་སྐད་དུ་ཤནྟ་རཀྵི་ཏ་སྟེ་བོད་སྐད་དུ་བསྒྱུར་ན་ཞི་བ་འཚོ་ཞེས་ཞུ།

                དམ་པ་འདི་ཉིད་ནི་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བྷངྒ་ལའམ་ཟ་ཧོར་གྱི་གྲོང་ཁྱེར་དུ་ཡབ་རྒྱལ་པོ་གཙུག་ལག་འཛིན་ལ་སྲས་ལྕམ་སྲིང་གསུམ་ཡོད་པའི་འབྲིང་པོ་ཡིན། མཁན་པོ་འདི་ཉིད་སྐུ་འཁྲུངས་པའི་དུས་སྐབས་སྐོར། བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོར་དགུང་ལོ་དགུ་བརྒྱ་ལྷག་ཙམ་བཞུགས་པར་བཞེད་པ་དང༌།  བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་མདོ་སྡེ་ཟ་མ་ཏོག་དང༌། དཔང་སྐོང་ཕྱག་རྒྱ་པ་སོགས་བསྣམས་ནས་བོད་དུ་ཕེབས་སྐབས་འདིའི་མཚན་ལ་ལི་ཐེ་སི་སྟེ་བློ་སེམས་འཚོ་ཟེར་བ་དང༌། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་གཞི་ནས་བོད་དུ་གདན་དྲངས་པར་བཞེད་པས་བོད་དུ་བྱོན། མཁན་ཆེན་འདི་སྐུ་ཚེ་ཧ་ཅང་རིང་པོ་བཞུགས་པར་བརྟེན་སྐུ་སྟོད་དང༌། བར། སྨད་བཅས་ཀྱི་སློབ་མ་མང་པོ་ཡོད་ཅེས་གསུང་སྲོལ་འདུག བོད་ཀྱི་ལོ་རྒྱུས་འགའ་ཞིག་ནང་བོད་ཀྱི་རྒྱལ་པོ་དགུ་མཁན་པོ་འདིའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟར་ན། སློབ་དཔོན་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ་ཇི་བཞིན་ཡིན་པར་དཀའ། དེས་ན་མཁན་པོ་འདི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་དུ་ཐེངས་གཉིས་གདན་དྲངས་པའི་ཐེངས་དང་པོ་ཟླ་ཤས་ཙམ་ལས་མ་བཞུགས་ཤིང༌། བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྨང་བཏིང་བ་ཙམ་ལས་མཛད་ལོང་མ་བྱུང་བར་བོད་ནས་བལ་ཡུལ་དུ་ཕྱིར་ཕེབས་གནང་དགོས་བྱུང༌། འཆད་རྩོད་རྩོམ་གསུམ་ལ་མཁས་པའི་པཌཎི་ཏ་ཆེན་པོར་གྱུར་ཅིང་བསྟན་བཅོས་དབུ་མ་རྒྱན་སོགས་ཀྱང་མཛད། དེ་རྗེས་སླར་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ལྷན་དུ་གདན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང༌། རྩིག་རྨང་འདིང་བ། གཙུག་ལག་ཁང་དངོས་སུ་བཞེངས་ནས་རབ་གནས་མཛད། དེ་རྗེས་སད་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་པར་མཛད་པ་སོགས་མདོར་ན་སློབ་དཔོན་འདི་ཉིད་ནི་ནང་བསྟན་སྤྱི་དང་ལྷག་པར་བོད་ཁ་བ་ཅན་པ་རྣམས་ལ་བཀའ་དྲིན་ལྕི་བའི་ཞིག་ཡིན། འདུལ་བ་དང་དབུ་མ་སྤེལ། མཐར་རྟས་ཕྲ་བ་བརྒྱབ་ནས་སྐུ་མྱ་ངན་ལས་འདས་ཚུལ་བསྟན། འདི་ཉིད་ཀྱི་སྐུ་རུས་ད་ལྟའང་བོད་དུ་དད་པའི་རྟེན་དུ་བཞུགས་པ་བཅས་སོ།།

པདྨའི་ངང་ཚུལ།  ༼ཀརྨ་ལ་ཤིའ་ལ།༽

                ༈ པཎ་གྲུབ་བསྟོད་ཆེན་ལས་ཇི་སྐད་དུ། མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང༌། །སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སློབ་དཔོན་ཀ་མ་ལ་ཤིའ་ལའམ་པདྨའི་ངང་ཚུལ་ཞབས་ནི། དགེ་ལྡན་ཆོས་འབྱུང་ལས། མཁན་ཆེན་བོདྷི་སཏྭས་ལུང་བསྟན་པ་བཞིན་ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་སླེབས་ནས། ལུས་ངག་གི་ཆོས་སྤྱོད་མི་དགོས། ལུས་ངག་གི་དགེ་བས་འཚང་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་འཚང་རྒྱ་ཟེར་ནས་སྒོམ་བསླབས་པས། བོད་ཀྱི་བནྡེ་མཐའ་དག་ཁོང་གི་རྗེས་སུ་ཞུགས་ཏེ། བསམ་ཡས་གཙུག་ལག་ཁང་གི་མཆོད་པ་འཕྲོ་ཆད། དེའི་ཚེ་རྒྱལ་པོས་སློབ་དཔོན་གྱི་ལུང་བསྟན་བཞིན་སློབ་དཔོན་ཀ་མ་ལ་ཤིའ་ལ་གདན་འདྲེན་པ་མངགས། ཀ་མ་ལ་ཤིའ་ལ་ཕཻབས་ནས་ཧྭ་ཤང་དང་བརྩད་པས་ཧྭ་ཤང་ཕམ་ཞིང་བོད་ནས་བསྐྲད། ཧྭ་ཤང་བོད་ནས་ཐེགས་ཁར་རང་གི་རྩམ་ཆོས་བསམ་གཏན་ཉལ་བའི་འཁོར་ལོ་སོགས་བསྟན་བཅོས་ལྔ་གཏེར་དུ་སྦས་ཚུལ་སོགས་བྱུང༌།

དེ་ནས་ཀ་མ་ལ་ཤིའ་ལས་ཆོས་རྒྱལ་གྱིས་བསྐུལ་བ་བཞིན་ཐོས་བསམ་སྒོམ་གསུམ་གྱིས་ཆོས་ཐམས་ཅད་བདག་མེད་པར་གཏན་ལ་ཕབ་པའི་ཚུལ་ལས་བརྩམས་པའི་སྒོམ་རིམ་དང་པོ་མཛད་ནས་ཕུལ། རྒྱལ་པོས་གཞུང་འདིའི་དོན་སྟན་ཐོག་གཅིག་ཏུ་སྒོམ་ན་ཇི་ལྟར་སྒོམ་ཞུས་པས། སྒོམ་རིམ་བར་པ་བརྩམས་ནས་ཕུལ། དེ་ལ་འབྲས་བུ་ཇི་ལྟར་མཆིས་ཞེས་ཞུས་པས་སྒོམ་རིམ་ཐ་མ་མཛད་ནས་ཕུལ། དེ་དག་གི་རྒྱབ་རྟེན་དུ་ལུང་རིགས་ཀྱིས་ཟབ་དོན་གཏན་ལ་ཕབ་པ་དབུ་མ་སྣང་བ་ཞེས་བྱ་བའི་གཞུང་མཛད་ཚུལ་སོགས་གྲགས་ཆེ་བ་བཞིན་ནོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཆེན་པོ་པདྨའི་ངང་ཚུལ་མཆོག་ནི་བོད་ལྗོངས་སུ་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཛད་རྗེས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་དང་མཉམ་པར་བྱུང་ཡོད་པས་བོད་རིགས་སྐྱེ་འགྲོ་ཡོངས་ཀྱིས་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་བསྟན་པ་ཚང་ལ་མ་ནོར་བ་འཁྲུལ་པའི་དྲི་མ་དང་ཡུལ་ཆོས་ཀྱི་བསྲེ་ལྷད་མ་ཞུགས་པར་བོད་ལྗོངས་སུ་ཁྱབ་སྤེལ་ཐུབ་པ་ནི་ཞི་འཚོ་ཡབ་སྲས་ཀྱི་ཐབས་མཁས་ཀྱི་འཕྲིན་ལས་ཉག་ཅིག་ལས་བྱུང་བ་སྨོས་མ་དགོས། མཁན་ཆེན་ཞི་བ་འཚོ་སྐུ་ཚེའི་མཇུག་བོད་དུ་གཏན་བཞུགས་མཛད་རུང༌། དེའི་རིང་བསྟན་བཅོས་བརྩམས་པའི་ལོ་རྒྱུས་མ་མཇལ་ལ། པདྨའི་ངང་ཚུལ་མཆོག་གི་གསུང་རྩོམ་རྣམས་ཀྱི་ནང་ནས་ཁྱད་དུ་འཕགས་པ་སྒོམ་རིམ་གསུམ་ནི་བོད་ཡུལ་རང་དུ་བོད་ཀྱི་བཙན་པོས་གསོལ་བ་བཏབ་པ་བཞིན་སྐབས་དེའི་ལོག་པར་སྨྲ་བ་རྣམས་ཀྱི་ལོག་རྟོག་བསལ་ཞིང༌། བོད་ཀྱི་གདུལ་བྱའི་ཁམས་མོས་དབང་པོ་དང་འཚམས་པར་ལྗགས་རྩོམ་གནང་བས་རྒྱ་གཞུང་གཞན་དང་མི་འདྲ་བར་ཚིག་སྦྱོར་གོ་བདེ་ཞིང༌། ལས་དང་པོ་བ་རྣམས་ལ་ཤིན་ཏུ་འཚམས་པ་མ་ཟད་རྒྱ་གར་གྱི་མཁས་པས་བོད་དུ་བརྩམས་པའི་བསྟན་བཅོས་ཀྱི་ཐོག་མའང་ཡིན། མཉམ་མེད་ཇོ་བོ་ཆེན་པོས་བོད་དུ་ལམ་སྒྲོན་ལྗགས་རྩོམ་མཛད་དེ་རྒྱ་གར་དུ་བསྐུར་སྐབས་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་ཨ་ཏི་ཤ་བོད་དུ་མ་བྱོན་ན་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པའི་ཚིག་ཉུང་གོ་བདེའི་བསྟན་བཅོས་འདི་འདྲ་རྒྱ་གར་དུ་བརྩམ་རྒྱུ་དཀའ་ཞེས་གསུངས་པར་གྲགས་པའི་ལོ་རྒྱུས་ལྟར་པདྨའི་ངང་ཚུལ་ཡང་བོད་དུ་མ་བྱོན་ན་སྒོམ་རིམ་ལྟ་བུའི་བསྟན་བཅོས་བརྩམ་རྒྱུའི་ཐུགས་འདུན་འཁྲུངས་དཀའ་བར་སྙམ། སློབ་དཔོན་པདྨའི་ངང་ཚུལ་ལམ་ཀརྨ་ལ་ཤིའ་ལ་འདི་ཉིད་ཡུལ་གང་དུ་ཕྱི་ལོ་གང་ལ་འཁྲུངས་མིན་སོགས་ཀྱི་མཛད་རྣམ་རྒྱས་པ་ད་བར་ཁོ་བོས་མ་མཇལ་བས་འདི་ཙམ་མོ།།

འཕགས་པ་ཐོགས་མེད། ༼ཨ་སཾག༔༽

                ༈ དེ་ཡང་མཁའ་མཉམ་མ་ལས། མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང༌། །བདེ་གཤེགས་གསུང་རབ་ཉི་མོར་འབྱེད་པའི་དཔལ། །འཕགས་པ་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །ཞེས་དང༌། པཎ་གྲུབ་བསྟོད་ཆེན་ལས། བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང༌། །རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ནི། འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་བཞིན་རྒྱལ་བ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་འདས་པ་ན་ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་བར་རྒྱལ་པོའི་རིགས་སུ་སྐུ་འཁྲུངས། ཡུམ་གྱིས་ཁོང་ལ་རིག་པ་རྣོ་བའི་ཆོ་ག་དང༌། ཅུང་ཟད་ཆེར་སྐྱེས་པ་ན་ཡི་གེ་དང་རྩིས། བརྟག་པ་བརྒྱད་དང༌། བརྡ་སྤྲོད་པ་དང༌། རྟོག་གེ་དང༌། སྨན་དཔྱད་དང༌། བཟོའི་གནས་རྣམས་དང༌། རིག་པའི་གནས་བཅོ་བརྒྱད་ལ་སོགས་པ་མ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ཤིན་ཏུ་བྱང་ཞིང་གསལ་བར་གྱུར། ཁོང་གིས་ཡུམ་ལ། བདག་གི་རིགས་དང་ཕའི་ལས་གང་ཡིན་ཞུས་པས། ཡུམ་གྱིས་ཁྱོད་རིགས་དང་ཁྱིམ་སྐྱོང་བའི་ཕྱིར་བསྐྱེད་པ་མ་ཡིན་གྱི། རྒྱལ་བའི་བསྟན་པ་ཉམས་པར་མ་བཟོད་ནས་བསྐྱེད་པ་ཡིན་པས། ད་ཁྱོད་རབ་ཏུ་བྱུང་ལ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག ཅེས་བསྐུལ་བ་ལྟར་རབ་ཏུ་བྱུང་ནས་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་སྦྱངས་པས་ལོ་ལྔ་རིང་ལོ་རེར་ཚིགས་བཅད་འབུམ་ཕྲག་རེ་རེའི་ཚིག་དོན་མཐའ་དག་བྱང་ཆུབ་པར་མཛད།

                འོན་ཀྱང་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཤིན་ཏུ་རྟོགས་དཀའ་བར་བརྟེན། རི་བོ་བྱ་རྐང་ཅན་གྱི་བྲག་ཕུག་ཏུ་ལྷག་པའི་ལྷ་རྗེ་བཙུན་བྱམས་པ་མགོན་པོ་ལོ་གསུམ་རིང་བསྒྲུབས་ཀྱང་འགྲུབ་པའི་རྟགས་མཚན་ཅི་ཡང་མ་བྱུང་སྟབས་ཕྱིར་ཐོན་པས། ལམ་དུ་མི་རྒན་ཞིག་གིས་རས་བལ་འཇམ་པོས་ལྕགས་ཀྱི་སྡོང་པོ་བརྡར་བཞིན་སྔར་ཡང་ཁབ་འདི་ཙམ་བཟོས་ཟིན། ད་དུང་འདིས་བཟོ་བ་ཡིན་བྱས་པས། བྱ་བ་ཕལ་པར་བརྩོན་འགྲུས་འདི་ཙམ་དགོས་ན། དོན་ཆེན་པོ་ལ་བརྩོན་འགྲུས་ཅིས་མི་བྱེད་དགོངས་ཏེ། སླར་བྲག་ཕུག་ཏུ་བཞུགས་ནས་ལོ་གསུམ་བསྒྲུབས། དེས་ཀྱང་ལྟས་བཟང་བ་ཙམ་ཡང་མ་བྱུང་སྟབས་ཕྱིར་ཐོན་པ་ན། ཕུག་པའི་སྒོར་ཆུ་ཐིགས་ཀྱིས་བྲག་ཀོང་ཀོང་བཟོས་པར་གཟིགས་ནས་ད་དུང་བརྩོན་འགྲུས་དགོས་པར་དགོངས་ནས་སླར་ཡང་ལོ་གསུམ་བསྒྲུབས། ད་དུང་ལྟས་གང་ཡང་མ་བྱུང་སྟབས་བྲག་ཕུག་ནས་ཕྱིར་ཐོན་པས། བྲག་ངོས་སུ་བྱ་སྒྲོས་བྲག་ཟད་པར་གཟིགས་ཏེ་བརྩོན་འགྲུས་དགོས་པར་དགོངས་ནས་སླར་ཡང་བྲག་ཕུག་ཏུ་ལོ་གསུམ་བཅས་ཁྱོན་མི་ལོ་བཅུ་གཉིས་བར་བསྒྲུབས་ཀྱང་རྟགས་མཚན་བཟང་བ་ཙམ་ཡང་མ་བྱུང་སྟབས། ཐུགས་ཤིན་ཏུ་སྐྱོ་ཞིང་སྒྲུབ་ཕུག་གི་ཕྱིར་ཐོན་པའི་ལམ་དུ་ཁྱི་མོ་ལུས་སྨད་འབུས་འཇོམས་པ་ཞིག་གཟིགས་པར་སྙིང་རྗེ་ལྷག་པར་སྐྱེས་ནས་རང་གི་ལུས་ཀྱི་ཤ་བཀོག་སྟེ་རང་གི་ལྗགས་ཀྱིས་འབུ་རྣམས་བླངས་པར་བརྩམས་པས་ལས་སྒྲིབ་དག་ནས་རྗེ་བཙུན་བྱམས་པ་མགོན་པོ་དངོས་སུ་ཞལ་གཟིགས། སློབ་དཔོན་གྱིས་བདག་གིས་དེ་ཙམ་སྒྲུབ་ཀྱང་རྟགས་ཙམ་མ་བྱུང་བ་རྗེ་བཙུན་ཐུགས་རྗེ་ཆུང་ཞེས་འཕངས་པས་དེ་ཞི་བའི་སླད་དུ་རྗེ་བཙུན་གྱིས་ང་ཕྲག་པར་འཁུར་ལ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ལ་སྟོན་ཅིག་གསུངས། བསྟན་པས་གཞན་སུས་ཀྱང་ཅི་ཡང་མ་མཐོང༌། ཆང་འཚོང་མ་ཞིག་གིས་ཁྱི་གུ་ཞིག་ཁུར་བར་མཐོང་བ་ན་ཕྱིས་ལོངས་སྤྱོད་ཟད་མི་ཤེས་པར་བྱུང་བ་དང༌། དབུལ་པོ་ཁུར་བསྐྱེད་པས་འཚོ་བ་ཞིག་གིས་ཞབས་མགོ་ཙམ་མཐོང་བས་ཀྱང་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་གི་དངོས་གྲུབ་ཐོབ་བོ།།

                དུས་དེ་ཉིད་དུ་སློབ་དཔོན་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཁྱོད་ཅི་འདོད་གསུང་པ་ལ། ཐེག་ཆེན་དར་བར་འཚལ་ལོ་ཞེས་ཞུས་པས། ངའི་ཆོས་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས། འཇུས་པས་དེ་མ་ཐག་དགའ་ལྡན་དུ་སླེབས། རྗེ་བཙུན་གྱིས་རྗེས་སུ་བཟུང་སྟེ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཁྲིད་ནས་ལོ་མི་ལོ་ལྔ་བཅུའི་རིང་ཐེག་པ་ཆེན་པོའི་ཆོས་གསུངས་པ་གསན་པས། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་དངོས་བསྟན་དང༌། སྦས་དོན་ལམ་གྱི་རིམ་པ་ཆ་ཚང་བར་རྟོགས་ནས་འཕགས་པའི་ས་ཐོབ། རྗེ་བཙུན་ལས་མངོན་རྟོགས་རྒྱན་དང༌། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ་སྟེ་བྱམས་ཆོས་སྡེ་ལྔ་གསན་སྐབས་དོན་ཚན་རེ་རེ་གསན་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་རེ་ཐོབ། སླར་ཡང་མི་ཡུལ་དུ་ཕེབས་ནས་འགྲོ་བའི་དོན་མཛད་པ་ན་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཐོགས་པ་མེད་པར་གྱུར།

                 མ་གྷ་དྷའི་ཡུལ་པི་ཡུལ་པི་ལུ་ནར་ཆོས་ཀྱི་མྱུ་གུ་དགོན་ཞེས་པའི་གཙུག་ལག་ཁང་བཞེངས། བྱམས་ཆོས་དང་ས་སྡེ་ལ་སོགས་པའི་ཆོས་གསུངས་པས་གནས་དེར་མངོན་ཤེས་དང་རྫུ་འཕྲུལ་མངའ་བརྙེས་ཤིང་མདོ་སྡེའི་དོན་ལ་མཁས་པའི་སློབ་མ་མང་པོ་བྱུང༌། དེར་བྱམས་ཆོས་སྡེ་ལྔ་ཡང་ཡི་གེར་བཀོད་ཅིང༌། སློབ་དཔོན་འདིས་མངོན་པ་ཀུན་བཏུས་དང༌། ཐེག་བསྡུས་ཏེ་སྡོམ་རྣམ་གཉིས་དང༌། ས་སྡེ་ལྔ་སོགས་མཛད་དེ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སེམས་ཙམ་པའི་ལྟ་བའི་སྲོལ་ཕྱེས་པས་ཤིང་རྟའི་སྲོལ་འབྱེད་ཅེས་ཞུ་བ་ཡིན། དེ་ནས་ནུབ་ཕྱོགས་དང་ཉེ་བའི་གྲོང་ཁྱེར་ས་ག་རིར་ཕེབས། དེར་ཕྱོགས་བཞི་ནས་ཕེབས་པའི་དགེ་སློང་ཐམས་ཅད་འདུས་པར་ཆོས་མང་དུ་བསྟན་པས་དེ་དག་ཐེག་པ་ཆེན་པོའི་རིགས་སད་ཅིང་ ཤེར་ཕྱིན་གྱི་དོན་ལ་མཁས་པ་སྟོང་ཕྲག་བརྒལ་བ་བྱུང༌། རྒྱལ་པོ་ཟབ་མོའི་ཕྱོགས་ཀྱིས་སློབ་དཔོན་ལ་མངོན་ཤེས་ཡོད་མེད་བརྟག་ཕྱིར། མ་ཧེ་ནག་པོ་ས་དཀར་བྱུག་པ་ཞིག་ཁྱིམ་དུ་སྦས། གསེར་བུམ་དུ་མི་གཙང་བ་བླུགས་ནས་ཁ་སྦྲང་རྩིས་བཀང་སྟེ་རས་ཀྱིས་བཏུམས་པ་ཞིག་ལག་ཏུ་བཟུང་སྟེ། ཁྱིམ་འདི་ན་ཅི་ཡོད། ལག་ཏུ་བཟུང་བ་འདི་གང་ཡིན་ཞུས་པར་ལན་མ་ནོར་བར་གསུངས། ད་དུང་ཤེར་ཕྱིན་གྱི་ཚིག་གི་དྲི་བ་གསུམ་དང༌། དོན་གྱི་དྲི་བ་གསུམ་ཡིད་ཀྱིས་དྲིས་པར་ལན་མ་ནོར་གསུངས་པས། རྒྱལ་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ཧ་ལས་ཤིང་དད་གུས་ལྷག་པར་འཕེལ་ཏེ། ཐེག་པ་ཆེན་པོའི་ཆོས་གཞི་ཉེར་ལྔ་བསྐྲུན་པར་མཛད། གནས་དེར་རང་གི་གཅུང་དབྱིག་གཉེན་ཐེག་པ་ཆེན་པོའི་བསྟན་པའི་སྒོར་བཅུག

                ལྷོ་ཕྱོགས་ཀྲིཎཥ་ར་ཛར་ཟླ་བ་གསུམ་གྱི་ལམ་དུ་རྫུ་འཕྲུལ་གྱིས་དྲོ་ཡུན་ཙམ་ལ་སླེབས་པར་མཛད། གནས་དེར་བྲམ་ཟེ་བཱ་སུ་ནཱ་འཁོར་ལྔ་བརྒྱས་མཆོད། གནས་དེ་དང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གཉིས་སུ་མཆོད་རྟེན་བརྒྱ་ཕྲག་རེ་དང༌། ལྷ་ཁང་ཉི་ཤུ་རྩ་ལྔ་རེ་བཞེངས། མ་གྷ་དྷར་མཆོད་རྟེན་དང་ཆོས་གཞི་ཉེར་ལྔ་བཙུགས། གྲོང་ཁྱེར་ཨ་ཡོ་ཧྱད་དང་ཉེ་བར་ཆོས་སྟོན་ཅིང་བཞུགས་སྐབས། གར་ལོག་པའི་དམག་བྱུང་བར། སློབ་དཔོན་དང་སློབ་མའི་ཚོགས་ཀྱིས་བྱམས་པའི་ཏིང་ངེ་འཛིན་བསྒོམས་པས་མདའ་དང༌། རལ་གྲི་སོགས་མཚོན་ཆ་ཇི་ཙམ་འཕངས་ཀྱང་གནོད་མ་ཐུབ། སྐུ་ཚེའི་མཇུག་ཏུ་ནཱ་ལེདྲནའི་མཁན་པོ་ལོ་བཅུ་གཉིས་མཛད་དེ་བསྟན་པའི་བདག་པོར་གྱུར། མུ་སྟེགས་ཀྱི་རྒོལ་བ་དུ་མ་རིགས་པས་སུན་ཕྱུངས་སྟེ་ཆོས་བསྟན་པས་མུ་སྟེགས་སྟོང་དུ་ཉེ་བ་རབ་ཏུ་བྱུང༌། དགེ་འདུན་རྣམས་ཤིན་ཏུ་དག་པར་མཛད། མཐར་རྒྱལ་པོའི་ཁབ་ཏུ་སྐུ་ཡི་བཀོད་པ་བསྡུས་ནས་དགའ་ལྡན་དུ་གཤེགས་སོ།།

སློབ་དཔོན་དབྱིག་གཉེན།  ༼བསུབནདྷུ༽                ༈ དེ་ཡང༌། མཁའ་མཉམ་མ་ལས། ཇི་སྐད་དུ། དགུ་བཅུ་གོ་དགུའི་འབུམ་སྡེའི་གཞུང་རྣམས་ཀྱིས། །གང་གི་བློ་གྲོས་མགུལ་བར་རབ་བརྒྱན་ཅིང༌།།

འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །མཁས་མཆོག་དབྱིག་གཉེན་ཞབས་ལ་འཕྱག་འཚལ་ལོ། །ཞེས་དང༌། པཎ་གྲུབ་བསྟོད་ཆེན་ལས། ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་ནི། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ནར་སོན་པ་ན་ཡུམ་གྱིས་བསྐུལ་ཏེ་ནཱ་ལེདྲནར་ཕེབས་ནས་རབ་ཏུ་བྱུང༌། བློ་རྣོ་བའི་ཆོ་ག་བྱས་པ་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པའི་བར་གཅེན་ཐོགས་མེད་ཀྱི་སྐབས་དང་མཚུངས་ཞིང༌། སྡེ་སྣོད་གསུམ་སོགས་བསྟན་བཅོས་དུ་མ་ལ་མཁས་པར་སྦྱངས། ད་དུང་ཆོས་མངོན་པའི་སྡེ་སྣོད་ཀྱི་དགོངས་དོན་ངེས་པའི་ཕྱིར་དུ།  ཁ་ཆེའི་ཡུལ་དུ་བྱོན་ནས་ཁ་ཆེའི་མཁས་པ་ཆེན་པོ་དགེ་འདུན་བཟང་པོ་ལས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་དང༌། སྡེ་པ་བཅོ་བརྒྱད་ཀྱི་བསྟན་བཅོས་སོ་སོ་དང༌། སྡེ་པ་སོ་སོའི་མདོ་སྡེ་དང་འདུལ་བ་མི་འདྲ་བའི་ཁྱད་པར་རྣམས་དང༌། མུ་སྟེགས་ཅན་ལྟ་བ་དྲུག་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་དང༌། རྟོག་གེའི་ཚུལ་མཐའ་དག་ལེགས་པར་གསན་ཏེ་དོན་གྱི་གནད་མཐའ་དག་ཐུགས་སུ་ཆུད་པར་མཛད་དེ་མཁས་པའི་གོ་འཕང་བརྙེས། ཁ་ཆེའི་ཡུལ་དུ་གདུལ་བྱ་གྲངས་ལས་འདས་པར་ཆོས་མང་དུ་སྟོན་པར་མཛད། དེ་ནས་ནཱ་ལེདྲནར་བྱོན་ཏེ་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་རྒྱ་ཆེར་སྟོན་ཅིང་བཞུགས་པ་ན།  གཅེན་ཐོགས་མེད་ཀྱིས་ས་སྡེ་ལྔ་སོགས་ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་བརྩམས་པ་གསན་ཅིང་གླེགས་བམ་གཟིགས་པས་ཐེག་ཆེན་ཐུགས་སུ་མ་ཆུད་ཅིང༌། ལྷག་པའི་ལྷ་ལ་གསན་པ་ཐུགས་ཡིད་མ་ཆེས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་སོགས་ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐུར་བ་བཏབ་པས། འཕགས་པ་ཐོགས་མེད་ཀྱིས་གསན་པ་ན། གཅུང་དབྱིག་གཉེན་ཐེག་ཆེན་གྱི་ཆོས་ལ་མ་དད་པ་བཟློག་པའི་ཕྱིར། སློབ་མ་གཉིས་ལ་མདོ་སྡེ་ས་བཅུ་པ་དང༌། བློ་གྲོས་མི་ཟད་པའི་མདོ་གཉིས་འཛིན་དུ་བཅུག་སྟེ། ཁྱོད་གཉིས་དབྱིག་གཉེན་གྱི་སར་སོང་ལ་སྲོད་དང་ཐོ་རངས་ལ་ཐོན་ཅིག་ཅེས་གསུངས་པ་ལྟར། དེ་གཉིས་ཀྱིས་མདོ་བཏོན་པ་དབྱིག་གཉེན་གྱིས་གསན་པ་དང༌། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་ཡང་འབྲས་བུ་ཁ་གཡེར་བ་འདྲ་སྙམ། ཐོ་རངས་སུ་རྒྱུ་འབྲས་གཉིས་ཀ་བཟང་བ་འདུག་པ་ལ། ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་པས་གཅོད་སྙམ་ནས་སྤུ་གྲི་འཚོལ་བའི་ཚེ། ཁོང་གཉིས་ཀྱིས་ལྗགས་བཅད་པར་མི་འཚལ། སྐུར་བ་བཏབ་པའི་སྒྲིབ་པ་སྦྱོང་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་ཞུས་པ་ལྟར།  གཅེན་ཐོགས་མེད་ཀྱི་དྲུང་དུ་ཕྱིན་ཏེ་སྔོན་གྱི་ཉེས་པ་རྣམས་བཤགས་ཤིང༌། ཐེག་པ་ཆེན་པོའི་ཆོས་རྣམས་རིམ་གྱིས་གསན་ཏོ། །སྐབས་འདིར་འཕགས་པ་ཐོགས་མེད་ཀྱིས་བྱ་བ་ཐམས་ཅད་རྗེ་བཙུན་ལ་ཞུའོ་གསུངས་ནས་ཞུས་བར་མཛད་པ་དེ། གཅུང་གིས་མཁྱེན་ནས་ལྷག་པའི་ལྷ་དེ་བདག་ལ་བསྟན་པར་ཞུ་ཞེས་ཞུས་པ་ན། ངས་རྗེ་བཙུན་ལ་ཞུའོ་གསུངས་ནས་ཞུས་པ་ན། རྗེ་བཙུན་གྱིས་ཁོང་སོ་སོའི་སྐྱེ་བོ་ཡིན་ཞིང༌། དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས། ཚེ་འདིར་ང་མཐོང་བའི་སྐལ་བ་མེད། ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་དུ་ཐེག་ཆེན་གྱི་མདོའི་འགྲེལ་པ་མང་དུ་རྩོམས། གཙུག་གཏོར་རྣམ་རྒྱལ་མའི་གཟུངས་ཟློས། སྐྱེ་བ་ཕྱི་མར་མཇལ་ཞེས་གསུངས། དེ་ལྟ་བུའི་ཚུལ་གསན་ནས་སློབ་དཔོན་དབྱིག་གཉེན་ལྷག་པར་དད་དེ། ང་ཡི་ཕུ་བོ་ཀླུ་དང་འདྲ།།

ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡིས་རྒྱལ་པོས་ཆར་ཕབ་ཀྱང༌། །བྱ་ཡི་གྲེ་བར་སོང་བ་མེད། །ཅེས་གསུངས་པར་གྲགས། སློབ་དཔོན་འདིས་རྒྱལ་བའི་བཀའ་འཛམ་གླིང་ནང་བཞུགས་པ་མཐའ་དག་ཐུགས་སུ་ཆུད་ཅིང༌། ལོ་རེའི་ནང་དུ་ལྕགས་ཀྱི་གཞོང་རིང་ཏིལ་མར་གྱིས་བཀང་བའི་ནང་དུ་བཞུགས་ནས་ཉིན་མཚན་སྦྲེལ་མ་བཅོ་ལྔའི་རིང་ལ་འབུམ་སྡེ་དགུ་བཅུ་གོ་དགུ་ལན་རེ་ཞལ་འདོན་དུ་མཛད། རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་འདི་ལས་ཐོས་པ་རྒྱ་ཆེ་བ་མ་བྱུང་བས་ཀུན་མཁྱེན་གཉིས་པ་ཞེས་འཕགས་ཡུལ་མཁས་པ་ལ་ཡོངས་སུ་གྲགས། སློབ་དཔོན་འདི་ཐེག་པ་ཆེན་པོ་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཡང་ཐེག་ཆེན་ལ་ཞུགས་ཤིང༌། སྔ་ཕྱིར་མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་ཙམ་སུན་ཕྱུང༌། སྤྱིར་བྲམ་ཟེ་དང་མུ་སྟེགས་ཅན་སྟོང་ཕྲག་ལྔ་བརྒྱ་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག ཐོགས་མེད་འདས་པའི་རྗེས་ནཱ་ལེདྲནའི་མཁན་པོ་མཛད་དེ་ཉིན་རེར་ཆོས་ཐུན་ཉི་ཤུ་རེ་ཆགས་མེད་གནང༌། ཆོས་མངོན་པ་མཛོད་སོགས་གསུང་རབ་ཀྱང་མང་དུ་བརྩམས།  སྣོད་ལྡན་གྱི་སློབ་མ་དྲུག་ཁྲི་ལོངས་པ་བྱུང་ཞིང༌། དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་ལ་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པ་འཕགས་པ་གྲོལ་སྡེ་བཅས་སྐྱེས་ཆེན་དམ་པ་མང་དུ་བསྐྱངས། དེ་ལྟར་དགུང་ལོ་བརྒྱ་ལ་ཉེ་བའི་བར་དུ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། མཐར་དགོས་པ་མང་པོ་ཞིག་ལ་གཟིགས་ནས་སློབ་མ་སྟོང་གི་བསྐོར་ནས་བལ་ཡུུལ་དུ་བྱོན་ཏེ། དེར་ཆོས་གཞི་བཙུགས་ཏེ་དགེ་འདུན་མང་པོ་ཐུག་མེད་དུ་འཕེལ་བར་མཛད་ཅིང་དགེ་འདུན་ཐམས་ཅད་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན། ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོ་བ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་པས་དེ་ཉིད་དུ་མྱང་ངན་ལས་འདས་ཏེ་རེ་ཞིག་ཆོས་ཀྱི་ཉི་མ་ནུབ་བོ་ཞེས་གྲགས། དེར་སློབ་མ་རྣམས་ཀྱི་མཆོད་རྟེན་ཡང་བྱས་སོ།།

 སློབ་དཔོན་ཕྱོགས་གླང༌།  ༼དིགྣག༔༽                ༈ དེ་ཡང་མཁའ་མཉམ་མ་ལས། ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པའི། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ།  །ཞེས་དང༌། པཎ་གྲུབ་བསྟོད་ཆེན་ལས། ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །རྣམ་དཔྱོད་བློ་མིག་འབྱིན་མཛད་ཚད་མ་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་མཁས་མཆོག་དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱུང་བའི་ནང་ནས་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི༑ རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀཙཉའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས།  ཆུང་ངུའི་དུས་ནས་མུ་སྟེགས་པའི་རིག་བྱེད་ཀྱི་གཞུང་དང༌། གྲུབ་མཐའི་གནད་ཐམས་ཅད་ལ་མཆོག་ཏུ་མཁས་ཤིང༌། མང་བཀུར་སྡེ་ལྔའི་ནང་ཚན་གནས་མ་བུ་བའི་སྡེ་པའི་གྲུབ་མཐའ་འཛིན་པ་མཁན་པོ་གླང་པོ་བྱིན་པ་ལས་རབ་ཏུ་བྱུང་བས་མཁན་པོའི་མཚན་ཟུར་ལས་ཕྱོགས་ཀྱི་གླང་པོ་ཞེས་གྲགས། མཁན་པོ་དེ་ཉིད་ལས་གནས་མ་བུ་བའི་ལུགས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། མཐར་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེན་ཆུང་གི་སྡེ་སྣོད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཟུང་ཞིང་ཞལ་འདོན་དུ་མཛད་པར་གྲགས། སྔགས་ཀྱི་སློབ་དཔོན་ཞིག་གི་དྲུང་ནས་འཇམ་དབྱངས་ཀྱི་ཆོས་བསྐོར་གསན་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་འཇམ་དབྱངས་ཀྱི་ཞལ་དངོས་སུ་གཟིགས་ཤིང༌། དེ་ནས་བཟུང་སྐུ་དང་གསུང་གི་སྣང་བ་ནམ་འདོད་དུ་སྕོལ་བ་ཞིག་བྱུང༌།

                ཨོ་ཌི་བི་ཤའི་ནགས་ཚལ་དུ་དབེན་པའི་བྲག་ཕུག་ཏུ་བཞུགས་ནས་བསམ་གཏན་ལ་བརྩོན་པར་མཛད་མུར་ལོ་འགའ་འདས་པ་ན། ཤྲིའ་ནཱ་ལེདྲནར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང་བས་དེར་བྱོན་ཏེ་རྟོག་གེའི་རིགས་པ་ཤིན་ཏུ་བྱང་ཞིང་ཐུབ་པར་དཀའ་བ་བྲམ་ཟེ་སུ་དུར་ཛ་ཡ་ཞེས་པ་དེས་གཙོས་མུ་སྟེགས་ཀྱི་རྒོལ་བ་ངན་པ་ཐམས་ཅད་དྲི་མ་མེད་པའི་རིགས་པ་བརྒྱ་ཕྲག་གིས་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་གསུངས་ཤིང༌། དམིགས་བརྟག་སོགས་ཚད་མའི་བསྟན་བཅོས་བརྒྱ་རྩ་གཅིག་མཛད་པར་གྲགས། སླར་ཡང་ཨོ་ཌི་བི་ཤའི་ཚལ་དུ་ཕེབས་ནས་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པའི་སྐབས་ཤིག་ཏུ་སྔར་རང་ཉིད་ཀྱིས་བརྩམས་པའི་ཚད་མའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས། འཐོར་བ་བསྡེབས་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་བརྩམ་པར་དགོངས་ཏེ་མཆོད་བརྗོད་དང་རྩོམ་པར་དམ་བཅའི་ཚིགས་བཅད་དུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་ཐོད་ལེ་ཀོར་ལ་བྲིས་པ་ཙམ་གྱིས་ས་གཡོས་ཤིང༌། སྒྲ་གྲགས་པ་དང༌། འོད་ཀྱི་སྣང་བས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་པས་མུ་སྟེགས་ཐུབ་རྒྱལ་ནག་པོས་དེ་གང་གི་ལྟས་ཡིན་སྙམ་དུ་ཟག་བཅས་མངོན་ཤེས་ཀྱིས་བརྟགས་པས་ཤེས་ཏེ། ཕྲག་དོག་གིས་སློབ་དཔོན་བསོད་སྙོམས་ལ་ཕེབས་ཤུལ་དུ་འོངས་ནས་ལན་གཉིས་བསུབས་པ་དང༌། སློབ་དཔོན་གྱིས་ཐེངས་གསུམ་པ་བྲིས་ཏེ། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབ་པ་ཡིན་ན་དགོས་པ་ཆེན་པོས་ཡོད་པས་མ་བསུབ་ཅིག ཕྲག་དོག་གིས་ཡིན་ན་ནི་བློ་ལ་ཡོད་པས་བསུབ་པའི་ངལ་བ་འབྲས་མེད་ཡིན། གལ་ཏེ་ཚིག་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་དང༌། བརྩད་པར་བྱའོ་ཞེས་བྲིས་ཏེ་བཞག བསོད་སྙོམས་ལ་གཤེགས་ཤུལ་དུ་མུ་སྟེགས་པས་སླར་བསུབ་ཏུ་འོངས་པས་ཡི་གེ་དེ་མཐོང་ནས་བསྡད་དོ། །སློབ་དཔོན་ཕྱིར་བྱོན་པ་དང་བསྟན་པ་རྒྱན་དུ་བཙུགས་ཏེ་དངོས་སུ་བརྩད་པས་ཁོ་པ་ལན་མང་ཕམ་པས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིག་ཅེས་གསུངས་པར་ཁོས་ད་དུང་རྫུ་འཕྲུལ་འགྲན་དགོས་ཞེས་ཁ་ནས་མེ་སྤར་ཏེ་སློབ་དཔོན་གྱི་ན་བཟའ་དང༌། ཡོ་བྱད་བསྲེགས་ཤིང་སློབ་དཔོན་ཡང་ཚིག་ལ་ཁད་བྱུང་སྟེ། སློབ་དཔོན་ཐུགས་ཤིན་ཏུ་སྐྱོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་ཅི། འདི་གཅིག་པུའི་དོན་ཡང་མི་ནུས་ན། འདི་འདྲའི་སེམས་ཅན་མ་རུང་པ་མཐའ་ཡས་པའི་ཕྱིར་གཞན་དོན་བྱ་ནུས་པ་མི་འདུག་སྙམ་པ་དང་བཅས་བྱང་ཆུབ་ཀྱི་སེམས་འདོར་བར་བརྩམས་ཏེ་ཐོད་ལོ་ཀོར་ནམ་མཁར་འཕངས་པས་མར་མ་བབས་པས་ཅི་ཡིན་སྙམ་ནས་ནམ་མཁར་གཟིགས་པས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་བྱོན་ནས། བུ་མ་བྱེད་མ་བྱེད་ཐེག་པ་དམན་པ་དང་ཕྲད་པ་ལས་བློ་གྲོས་ངན་པ་སྐྱེས་ཏེ། ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱི་གནོད་མི་ནུས་པར་ཤེས། ཁྱོད་ཀྱི་སངས་རྒྱས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་ཏུ་འདི་འགྱུར་རོ། །ཞེས་གསུང་སྟེ་གནང་བ་སྩལ་བ་ལྟར་ཚད་མ་ཀུན་ལས་བཏུས་པ་གཞུང་རྫོགས་པར་བརྩམས་སོ།།

                དེ་ནས་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བས་སངས་རྒྱས་མང་པོའི་ཞལ་གཟིགས་ཤིང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ། ཕྱི་རོལ་དུ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ནགས་ཚལ་འདིའི་ལྗོན་ཤིང་དང་མེ་ཏོག་རྣམས་ཀྱང་ངང་གིས་སློབ་དཔོན་གྱི་ཕྱོགས་སུ་མགོ་དུད་པར་གྱུར། གླང་པོ་ཆེ་སོགས་རི་དྭགས་རྣམས་ཀྱང་སློབ་དཔོན་གྱི་ཞབས་ལ་འདུད་པའི་ཚུལ་བྱེད་པ་ཡུལ་དེའི་རྒྱལ་པོ་འཁོར་བཅས་ཀྱི་མཐོང་ནས་ངོ་མཚར་སྐྱེས་ཏེ་ཞབས་ལ་ཕྱག་བྱས་སོ།།

                དེ་རྗེས་ལྷོ་ཕྱོགས་ཀྱི་རྒྱུད་ཡུལ་ཐ་དད་པའི་མུ་སྟེགས་པའི་རྒོལ་ངན་ཚད་བཅད་ཅིང༌། སྔར་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད། སླང་ཡང་ཨོ་ཌི་བི་ཤའི་ཡུལ་དུ་ཕེབས་ནས་བློན་པོ་བྷ་དྲ་པཱ་ལི་ར་སོགས་རྒྱལ་བའི་བསྟན་པ་ལ་བཙུད། བྲམ་ཟེ་དེས་གཙུག་ལག་ཁང་བཅུ་དྲུག་བཞེངས་ཤིང༌། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་རེ་བཙུགས། གཙུག་ལག་ཁང་རེ་རེར་ཡང་ཆོས་གཞི་དུ་མ་ཡོད་པ་བྱས། སྐྱེ་བོ་རྣམས་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་པའི་སླད་དུ་ཨ་རུ་རའི་སྡོང་པོ་སྐམ་པོ་ཞིག་ལ་བདེན་ཚིག་བརྗོད་དེ་སོར་ཆུད་པར་མཛད།  དེ་ལྟར་སློབ་དཔོན་འདིས་མུ་སྟེགས་ཀྱི་རྒོལ་ངན་ཐམས་ཅད་ཡང་དག་རིགས་པས་ཚར་བཅད་པར་བརྟེན། རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང༌། ཆོས་ཀྱིས་སྦྲེལ་བའི་སློབ་མས་ནི་ཕྱོགས་ཐམས་ཅད་དུ་ཁྱབ་པར་ཡོད། ཕྱི་བཞིན་འབྲང་བའི་དགེ་སློང་ནི་གཅིག་ཀྱང་ཡོངས་སུ་མ་བཟུང༌། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཇི་སྲིད་འཚོ་བའི་བར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པའི་ངང་རྒྱལ་བསྟན་སྤེལ་བའི་མཛད་པ་རྒྱ་ཆེར་བསྐྱངས་ཏེ་མཐར་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་དམ་པའི་རང་རྟགས་ངོམ་བཞིན་པར་སྐུ་མྱ་ངན་ལས་འདས་སོ།།

 དཔལ་ལྡན་ཆོས་གྲགས། ༼དྷརྨ་ཀིརྟི༽                ༈ དེ་ཡང་མཁའ་མཉམ་མ་ལས། ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང༌། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་དང༌། པཎ་གྲུབ་བསྟོད་ཆེན་ལས། ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང༌། །མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལན་ནས། །ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་དཔལ་ཆོས་ཀྱི་གྲགས་པ་ནི༑ རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཏྲི་མ་ལ་ཡར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་བློ་གྲོས་ཤིན་ཏུ་སྒྲིན་པས་བཟོའི་གནས་དང༌། རིག་བྱེད་ཡན་ལག་དང་བཅས་པ། སྨན་དཔྱད་དང༌། བརྡ་སྤྲོད་པ་དང༌། མུ་སྟེགས་ཀྱི་གྲུབ་མཐའ་མ་ལུས་པ་ལ་ཤིན་ཏུ་སྦྱངས་པས་དགུང་ལོ་བཅོ་བརྒྱད་ལ་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་གྱུར། སྐབས་ཤིག་ན་ནང་པའི་གསུང་རབ་རེ་གཟིགས་པས། ཤིན་ཏུ་དད་དེ་རང་གི་སྟོན་པ་སྐྱོན་དང་བཅས་ཤིང༌། བསྟན་བཅོས་རྣམས་ཤིན་ཏུ་མི་འཐད་པར་གཟིགས་ཏེ་དགེ་བསྙེན་གྱི་ཆས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་གནས་ནས་བསྐྲད། དེ་ནས་ཡུལ་དབུས་སུ་བྱོན་ཏེ་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང༌། སྡེ་སྣོད་གསུམ་སོགས་བསྟན་བཅོས་དུ་མར་མཁས་པར་སྦྱངས། མདོ་སྡེ་དང་གཟུངས་སྔགས་བསྡོམས་པ་ཡང་ལྔ་བརྒྱ་ཐུགས་ནས་འདོན་ནོ། །རྟོག་གེའི་བསྟན་བཅོས་གཞན་མང་པོ་ཉན་ཡང་བློ་གྲོས་མ་ཁེངས་ཏེ། དཔལ་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་ལན་གསུམ་གསན་པ་ལས། དང་པོའི་སྐབས་དབང་ཕྱུག་སྡེ་དེ་ཉིད་དང་མཉམ་པར་གྱུར། གཉིས་པའི་སྐབས་སུ་ཕྱོགས་གླང་དང་མཉམ་པར་གྱུར། གསུམ་པའི་སྐབས་སུ་དབང་ཕྱུག་སྡེས་ཀྱང་ཕྱོགས་གླང་གི་དགོངས་པ་ཇི་བཞིན་མ་ལོན་པར་མཁྱེན་ནས་སློབ་དཔོན་དབང་ཕྱུག་སྡེ་ལ་ཞུས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་གླང་དང་མཉམ་སྟེ༑ ངའི་ནོར་བ་ཐམས་ཅད་སུན་ཕྱུངས་ལ། ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་ཡང་རྩོམས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ། དེ་ནས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་དབང་མནོས་ཏེ་ལྷག་པའི་ལྷ་བསྒྲུབས་པས་ཧེ་རུ་ཀས་ཞལ་མངོན་སུམ་དུ་བསྟན་ཏེ་ཅི་འདོད་གསུངས་པ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འཚལ་ལོ། །ཞེས་ཞུས་པས་ཧ་ཧ་ཧཱུཾ། ཞེས་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར། དེར་བསྟོད་པ་རྒྱུན་ཆགས་ཀྱང་མཛད།

དེ་ནས་མུ་སྟེགས་པའི་གྲུབ་མཐའ་ལ་མཁས་པ་འགྲན་གྱི་དོ་ཟླ་མེད་པ་བྲམ་ཟེ་གཞོན་ནུ་རོལ་པའི་དྲུང་དུ་གཡོག་པོར་བརྫུས་ཏེ་ཐབས་མཁས་ཀྱིས་ཕྱི་རོལ་པའི་གསང་ཚིག་ཐམས་ཅད་མཁྱེན་པར་མཛད་དེ་བྲོས་སོ། །རྗེས་སུ་གཞོན་ནུ་རོལ་པ་སོགས་ཕྱི་རོལ་པ་གྲགས་ཅན་ལྔ་བརྒྱ་ཙམ་དང་བསྟན་པ་རྒྱན་དུ་བཙུགས་ནས་བརྩད་པས་ལན་དུ་མ་ཕམ་པའི་སྒོ་ནས་སུན་ཕྱུངས་ཏེ་ཚར་བཅད། མཐར་གཞོན་ནུ་རོལ་པས་ཀྱང་ནང་པ་མཆོད་པར་བྱས་ཤིང༌། བྲམ་ཟེ་ལྔ་བརྒྱ་པོ་དེ་རྣམས་ཀྱང་སངས་རྒྱས་ཀྱི་བསྟན་ལ་རབ་ཏུ་བྱུང་ངོ༌། །བར་སྐབས་ཤིག་ལ་ཝཱ་རཱ་ཎ་སིའར་ཕེབས་ཏེ༑ ཡུལ་དེའི་རྒྱལ་པོས་གཙོས་དཔང་པོའི་ཚོགས་དུ་མ་དང་བཅས་པའི་དབུས་སུ་མུ་སྟེགས་པ་ཤཾ་ཀ་རཱཙརྱ་ཞེས་བྱ་བ་དང་བརྩད་པས་དེ་ཉིད་ཕམ། དེའི་སློབ་མ་བྷ་ཊཱ་ཙརྱ་ཡང་རིགས་པས་སུན་ཕྱུང་སྟེ་བྲམ་ཟེ་བློ་ཅན་སྟོང་ཕྲག་ཙམ་ནང་པའི་བསྟན་པ་ལ་བཅུག གཞན་ཡང་བྲམ་ཟེ་བཟང་པོ་ཞེས་བྱ་བ་ལ་སོགས་པའི་རྟོག་གེ་ལ་ཤིན་ཏུ་མཁས་པ་ཚར་བཅད་པའི་སྙན་གྲགས་ཀྱིས་ས་སྟེང་ཡོངས་ལ་ཁྱབ། དེ་ནས་རི་བོ་འབིགས་བྱེད་ཀྱི་ཁོངས་ན་གནས་པའི་རྒོལ་བ་ངན་པ་ཐམས་ཅད་ཀྱང་སུན་ཕྱུང་ཞིང༌། སླར་ཡང་དྲ་བ་ལའི་ཡུལ་དུ་བྱོན་ནས། ཡུལ་འདི་ན་རྩོད་པར་ནུས་པ་སུ་ཞིག་ཡོད་དྲིལ་བསྒྲགས་པས། མུ་སྟེགས་པ་ཕལ་ཆེར་བྲོས་སོ། །འགའ་ཞིག་གིས་རྩོད་པར་མ་ནུས་པར་ཁས་བླངས་ཏེ། ཡུལ་དེར་སྔོན་གྱི་ཆོས་གཞི་ཉམས་པ་ཐམས་ཅད་གསོས་ནས། ནགས་ཚལ་དབེན་པ་རྣམས་སུ་བསམ་གཏན་མཛད་ཅིང་བཞུགས། འབིགས་བྱེད་ཀྱི་རི་བོའི་ཁོངས་ན་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེའི་ཕོ་བྲང་དུ་བྱོན་པ་ན། རྒྱལ་པོས་སུ་ཡིན་ཞེས་དྲིས་པས། ཤེས་རབ་ཅན་གྱི་ཕྱོགས་ཀྱི་གླང་པོ་སྟེ། །ཙདྲན་གོ་མིའ་བརྗོད་པ་རྣམ་པར་དག །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་ཏུ་རྒྱས་པ་ལོངས་སྤྱོད་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་ངུ་མིན་སུ། །ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡྀན་ནམ་ཞེས་ཞུས་པས། འཇིག་རྟེན་ན་དེ་ལྟར་གྲགས་སོ་ཞེས་གསུངས་སོ། །རྒྱལ་པོ་དེས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སློབ་དཔོན་དེར་བཞུགས་ནས་ཚད་མ་སྡེ་བདུན་གྱི་བསྟན་བཅོས་ཀྱང་མཛད༌། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི།

ཆོས་མ་ཡིན་རྣམས་ད་གཟོད་ལོངས། །ཞེས་པའི་ཡི་གེ་ཞིག་རྒྱལ་པོའི་སྒོ་ཁང་དུ་བྲིས་པར་མཛད་དེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྔ་ཆེན་ཀུན་ཏུ་བསྒྲགས་པས་ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བར་གྲགས་སོ།།

                མུ་སྟེགས་ཀྱི་རྒོལ་བ་ངན་པ་མཐའ་དག་རིམ་བཞིན་དྲི་མེད་རིགས་པ་བརྒྱ་ཕྲག་གིས་སུན་ཕྱུང་ཚར་བཅད་དེ་རྣམ་པ་ཀུན་ཏུ་ཕམ་པར་མཛད་ལ། སངས་རྒྱས་ཀྱི་བསྟན་པ་ལ་བཅུག་ཅིང་རབ་ཏུ་བྱུང་བ་ཡང་གྲངས་ཀྱིས་མི་ལངས། ཆོས་གཞི་ཕལ་མོ་ཆེ་ཉམས་པ་གསོར་ཆུད་ཅིང་སྔར་མེད་གསར་དུ་བཙུགས་པར་མཛད། སློབ་དཔོན་ཉིད་ཀྱིས་བཞེངས་པའི་ལྷ་ཁང་བརྒྱ་ཙམ་ཡོད་ཅིང༌། གཞན་ལ་བསྐུལ་ཏེ་བཞེངས་པ་ནི་གྲངས་ལས་འདས་སོ།།

                མདོར་ན་སློབ་དཔོན་འདིས་སྐུ་ཚེ་གང་པོར་བསྟན་པའི་བྱ་བ་ཁོ་ན་རྒྱ་ཆེར་མཛད་དེ། སངས་རྒྱས་ཀྱི་བསྟན་པར་བཅུག་པའི་གདུལ་བྱ་འབུམ་དུ་ཉེ་བ་ཙམ་བྱུང༌། ཆོས་ཀྱིས་འབྲེལ་བའི་སློམ་མ་ནི་ས་སྟེང་ཐམས་ཅད་ལ་ཁྱབ་ཀྱང༌། ཕྱི་བཞིན་དུ་འབྲང་བ་ནི་ལྔ་ལས་ལྷག་པ་ཡོངས་སུ་མ་བཟུང་ངོ༌། །ཞེས་གྲགས་སོ།།

དེ་ནས་དུས་ཀྱི་མཐར་ཡུུལ་ཀ་ལིངྐ་གཙུག་ལག་ཁང་བཞེངས་ཤིང་སྐྱེ་བོའི་ཚོགས་ལ་མཐའ་མའི་ཆོས་མང་དུ་གསུངས་ཏེ་སྐུ་མྱ་ངན་ལས་འདས། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གདུང་དུར་ཁྲོད་དུ་ཞུགས་ལ་བཞེས་པས་མེ་ཏོག་གི་ཆར་ཆེན་པོ་བབས་ཤིང༌། ཕྱོགས་ཐམས་ཅད་དུ་དྲི་བཟང་དང་རོལ་མོའི་སྒྲས་ཁྱབ་པ་ཞག་བདུན་གྱི་བར་དུ་བྱུང་ངོ༌། །གདུང་ཐམས་ཅད་འཆིང་བུ་འདྲ་བའི་རྡོའི་གོང་བུ་གཅིག་ཏུ་འདྲིལ་བ་ལས་རུས་པའི་རྣམ་པ་ཡེ་མེད་དེ། ད་ལྟ་ཡང་དུས་སྟོན་གྱི་མཆོད་པ་བྱེད་དོ། །སློབ་དཔོན་འདི་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་དུ་བྱོན་པར་གྲགས་པ་བཞིན་དོན་ལ་གནས་པར་མངོན་ནོ།།

                དེ་ལྟར་རྒྱན་དྲུག་པོ་དེ་དག་ལས། སློབ་དཔོན་ཀླུ་སྒྲུབ་དང༌། སློབ་དཔོན་ཐོགས་མེད། སློབ་དཔོན་ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་ཡིན་ལ། སློབ་དཔོན་འཕགས་པ་ལྷ་དང༌། སློབ་དཔོན་དབྱིག་གཉེན། དཔལ་ཆོས་ཀྱི་གྲགས་པ་གསུམ་ནི་གཞུང་འགྲེལ་བྱེད་ཡིན་ནོ། །དེ་རྣམས་སོ་སོའི་དུས་སྐབས་ལ་བལྟོས་ཏེ༑ རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་མོ་ལྟར་གསལ་བར་མཛད་པ་མཉམ་པས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཅེས་གངས་ཅན་ལྗོངས་ཀྱི་དྲན་དབང་རྣམས་ལ་ཡོངས་སུ་གྲགས་སོ།།

འཕགས་པ་གྲོལ་སྡེ།                ༈ དེ་ཡང་པཎ་གྲུབ་བསྟོད་ཆེན་ལས། ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མཆོག་ཏུ་གྱུར་པ་བཞིའི་ནང་ཚན། ཕར་ཕྱིར་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ནི། རྒྱ་གར་ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་སྲས་སུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་འཕགས་པ་ཀུ་རུ་ཀུལ་ལེའི་སྡེ་པ་ལས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྡེ་པ་དེའི་གྲུབ་མཐའ་ལ་མཁས་པར་སྦྱངས་ཤིང་ཐེག་པ་ཆེན་པོ་ལ་མོས་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཕེབས་ཏེ་གུས་པས་བསྙེན་ཅིང་རིག་པའི་གཙུག་ལག་མང་པོ་ཐུགས་སུ་ཆུད། ཁྱད་པར་དུ་ཤེར་ཕྱིན་མདོ་སྡེ་རིན་པོ་ཆེ་རྣམས་རྫོགས་པར་གསན་ནས་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་དེ་ཤིན་ཏུ་མཁས་པར་གྱུར། དབྱིག་གཉེན་གྱི་སློབ་མ་ཐ་མ་ལྟ་བུ་ཡིན་ཞིང༌། དེ་ལ་སློབ་དཔོན་འདི་ཉིད་ཀྱིས་རྗེས་འབྲངས་རྣམས་ལ་འདི་སྐད་ཅེས་གྲགས་ཏེ། དེ་ཡང་སློབ་དཔོན་འདི་ཉིད་གཞུང་ལུགས་སྣ་ཚོགས་ཀྱིས་དུབ་པ་ངལ་བསོ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་སྒོམ་མཛད་པའི་ཚེ་ཉམས་མྱོང་ཁྱད་པར་ཅན་ཐུགས་ལ་འཁྲུངས། དོན་ལ་ཐེ་ཚོམ་མེད་ཀྱང་མདོ་གཅིག་དང་མངོན་རྟོགས་རྒྱན་གྱི་ཚིག་ལ་མི་འབྱོར་བ་འགའ་རེ་བྱུང་སྟེ་ཐུགས་མི་བདེ་བའི་ཚེ། མནལ་ལམ་དུ་འཕགས་པ་བྱམས་པས་ལུང་བསྟན་ཏེ། ཁྱོད་ཝཱ་རཱ་ཎ་སིའའི་གཙུག་ལག་ཁང་དུ་སོང་ཞིག དོན་ཆེན་པོ་རྙེད་པར་འགྱུར་རོ་གསུངས། ནང་པར་དེར་བྱོན་པས་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པ་དེས་ལྷོ་ཕྱོགས་པོ་ཏཱ་ལ་ནས་ཉི་ཁྲི་ལེའུ་བརྒྱད་མའི་དཔེ་སྤྱན་དྲངས་ཏེ་བྱོན་པ་དང་འཛོམ། མདོ་ཚིག་རྒྱན་དང་མཐུན་པ་བྱུང་བས་དབུགས་དབྱུངས་ཐོབ་བོ། །དེ་ལ་མདོ་ལེའུ་བརྒྱད་མ་དང༌། མངོན་རྟོགས་རྒྱན་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་དོན་དུ་བཀྲལ་བ་དང༌། མདོ་དང་རྒྱན་སྦྱར་བའི་བསྟན་བཅོས་ཐོག་མར་མཛད་པ་པོ་ཡིན་ཞིང་སློབ་དཔོན་འདི་མ་བྱུང་བའི་སྔ་རོལ་ཏུ་དེ་ལྟར་མེད་པས། རྗེ་བཙུན་བྱམས་པའི་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་ཞེས་བྱ་བ་མཛད། ཉི་ཁྲི་སྣང་བར་སྔོན་ཆད་གཞན་གྱིས་མ་མྱངས་གསུང་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ནོ་ཞེས་ཟེར་རོ།།

                མཐར་ཤར་ཕྱོགས་སུ་རྒྱལ་ཕྲན་ཞིག་གི་བླ་མར་གྱུར། གཙུག་ལག་ཁང་ཉི་ཤུ་རྩ་བཞི་ཙམ་གྱི་བདག་པོ་མཛད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩལ་དུ་བཏོན་ནས་གསུངས་པས། ཤེར་མདོ་ཉན་པའི་དགེ་སློང་རང་ཡང་ཉུང་དུས་སུ་སྟོང་ཕྲག་རེ་འཚོགས་པ་ལོ་སུམ་ཅུ་ཙམ་གྱི་བར་དུ་བྱུང་ངོ༌། །སློབ་དཔོན་འདི་རྒྱ་བོད་གཉིས་སུ་ས་དང་པོ་བ་ཡིན་ཟེར་བ་དང༌། སྦྱོར་ལམ་པ་ཡིན་པས་འཕགས་པ་དངོས་མིན་ཡང༌།  འཕགས་པ་དང་ཉེ་བས་དེའི་ཁོངས་སུ་གཏོགས་ཟེར་བ་དང༌། སོ་སོ་སྐྱེ་བོ་ཡིན་མོད་འཕགས་པ་གྲོལ་སྡེ་ཟེར་བའི་འཕགས་པ་ནི་མིང་གི་ཟུར་ཏེ་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་པས་སངས་རྒྱས་ཡིན་པར་མི་འགྱུར་བ་བཞིན་ཟེར་བ་དང༌། དམན་ལམ་སྔོན་སོང་གི་བྱང་སེམས་ཡིན་ཟེར་བ་སོགས་མང་ཡང༌། སྐྱེས་མཆོག་དམ་པ་ངོ་མཚར་ཅན་ཡིན་པར་རྩོད་པར་མི་སྣང་ལ། དེའི་ཐུགས་རྒྱུད་སྐྱེ་འཕགས་ཇི་ལྟར་ཡིན་སུས་ཤེས། ཚུལ་སྟོན་སོ་སོ་སྐྱེ་བོ་མོས་སྤྱོད་པ་ཅིག་ཏུ་མངོན་པའི་མཛད་རྣམས་མདོར་བསྡུས་ལགས་སོ།།

སློབ་དཔོན་སེངྒེ་བཟང་པོ།                ༈ པཎ་གྲུབ་བསྟོད་ཆེན་ལས་ཇི་སྐད་དུ། ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །སློབ་དཔོན་སེངྒེ་བཟང་པོར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོ་ནི་རྒྱལ་རིགས་སུ་སྐུ་འཁྲུངས་ཤིང༌། སྔར་རྒྱ་གར་གྱི་སེམས་ཙམ་རྣམ་རྫུན་པ་དང་མཐུན་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་སྟེ། ཆོས་འབྱུང་འགའ་ཞིག་ཏུ་སློབ་དཔོན་འདི་མའི་ལྟོ་ན་གནས་པའི་ཚེ་མ་ལ་སེངྒེའི་གནོད་པ་བྱུང་སྟེ་མའི་ལུས་སེངྒེས་ཟོས་ཀྱང་ལྟོ་ན་གནས་པའི་ཁྱིའུ་སེང་གེས་མ་ཟོས་པར་བདེ་བར་སྐྱེས་པས་སེངྒེ་བཟང་པོ་ཞེས་བཏགས་པར་གསུངས་པའང་ཡོད། དེ་ནས་ནར་སོན་པ་ན་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པར་གྱུར། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་ལ་ངེས་པ་གཏིང་ཚུགས་པ་ཞིག་ཡོང་བའི་སླད། མཁན་ཆེན་ཞི་བ་འཚོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་ཤེར་ཕྱིན་གྱི་མན་ངག་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་དང༌། འཕགས་པ་གྲོལ་སྡེའི་གཞུང་རྣམས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བའི་དབུ་མའི་གཞུང་རྣམས་ལ་ཞིབ་ཏུ་སྦྱངས་ཏེ་རྒྱལ་བའི་བསྟན་པའི་སྙིང་པོ་ཐེག་པ་གསུམ་གའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་མྱོང་བ་ཁྱད་པར་ཅན་འཁྲུངས། དེ་ནས་ཤར་ཕྱོགས་སུ་ཁ་སརྤ་ཎིའི་ནགས་སུ་རྒྱལ་བ་མི་ཕམ་པ་བསྒྲུབས་པས་མནལ་ལམ་དུ་རྗེ་བཙུན་བྱམས་པ་མགོན་པོས་ཞལ་བསྟན་ནས། ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་འགྲེལ་པ་བྱེད་པའི་བསྟན་བཅོས་གྲུབ་མཐའ་མི་གཅིག་པ་མང་ན་སུའི་རྗེས་སུ་འབྲང་ཞུས་པས། འཐད་པའི་ཆ་བསྡུས་ཤིག་ཅེས་བཀའ་ཡི་གནང་བ་ཐོབ་སྟེ་བསྟན་བཅོས་རྩོམ་པར་བསྐུལ་མ་མཛད་པ་ཇི་བཞིན་དེ་ནས་མི་རིང་བར་རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ཏེ། ཏྲི་ཀ་ཊུ་ཀ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བཞུགས་ནས་ཤེར་ཕྱིན་ཉན་པ་སྟོང་ཕྲག་མང་པོ་ལ་ཆོས་སྟོན་ཅིང༌། མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་དང༌། མངོན་རྟོགས་རྒྱན་དང་བརྒྱད་སྟོང་པ་སྦྱར་བའི་མན་ངག་བརྒྱད་སྟོང་འགྲེལ་ཆེན་དང༌། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེའུ་བརྒྱད་མ་དང༌། ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྟོགས་པར་སླ་བ་སོགས་རྨད་དུ་བྱུང་བའི་ལེགས་བཤད་མང་དུ་མཛད། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་སོགས་སློབ་མ་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་དུ་བསྐྱངས་ཏེ་མཐར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།

སློབ་དཔོན་ཡོན་ཏན་འོད།  ༼གུཎ་པྲ་བྷ༽                ༈ དེ་ཡང་མཁའ་མཉམ་མ་ལས། ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང༌། །འབུམ་ཕྲག་འདུལ་བའི་གཞུང་གིས་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཞེས་དང༌། པཎ་གྲུབ་བསྟོད་ཆེན་ལས་ཀྱང་ཇི་སྐད་དུ། འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོར་ཐར། །མ་ནོར་ལེགས་འདོམས་བསྟན་མཁས་མཆོག་གྱུར་པ༑ ༑ཡོན་ཏན་འོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ནི། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས།  ཆུང་དུས་མུ་སྟེགས་ཀྱི་གྲུབ་མཐའ་དང༌། རིག་བྱེད་དང་བསྟན་བཅོས་མཐའ་དག་ལེགས་པར་སྦྱངས། ཕྱིས་དེ་ཉིད་ཀྱིས་གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་དྲུང་ནས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་མཁས་པར་སྦྱངས། ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ཐམས་ཅད་མཁས་པར་མཁྱེན་ནས། འདུལ་བ་འབུམ་སྡེ་རྟག་ཏུ་ཐུགས་ནས་འདོན་པར་མཛད། ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་པར་བཞུགས། ལྷན་ཅིག་ཏུ་གནས་པའི་སློབ་མ་དགེ་སློང་སྟོང་ཕྲག་ལྔ་རེ་ཡོད་ཅིང༌། དེའི་ནང་སྡེ་སྣོད་སྣ་རེ་གཉིས་ལ་མཁས་པ་ལྔ་བརྒྱ་ཙམ་ཡོད། ཐམས་ཅད་ཀྱང་བསྡམ་བྱའི་ཉེས་བྱས་ཕྲ་མོ་ཚུན་ཆོད་སོ་སོའི་ཕྱིར་བཅོས་ཀྱིས་འཕྲལ་འཕྲལ་དུ་བཅོས་པས་ཚུལ་ཁྲིམས་རྣམ་པར་དག་པ་ནི་སྔོན་དགྲ་བཅོམ་པ་རྣམས་ཀྱིས་བསྟན་པ་སྐྱོང་བའི་དུས་བཞིན་དུ་ཡོད་ལ། མདོ་སྡེ་འཛིན་པ་དང༌། མ་མོ་འཛིན་པའང་མང་དུ་ཡོད་ཅིང༌། འདུལ་བ་འབུམ་སྡེ་ཐོན་པའང་ལྔ་བརྒྱ་ཙམ་མོ༑ ༑ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས་རྒྱལ་པོ་ཤྲི་ཧཤརའི་བློན་པོ་མ་ཏངྒར་ཛ་ཞེས་བྱ་བ་ལན་ཅིག་རྒྱལ་པོའི་ཆད་པས་མིག་ཕྱུང་བ་ཡང་སློབ་དཔོན་འདིས་སྨོན་ལམ་གྱི་སྟོབས་ཀྱིས་སོར་ཆུད། རྒྱལ་པོའི་བླ་མར་གྱུར་པས་ཉིན་རེ་བཞིན་ཡོ་བྱད་དཔག་ཏུ་མེད་པའི་འདུ་བ་བྱུང་ཡང་དེ་མ་ཐག་ཐམས་ཅད་དགེ་བའི་རྒྱུར་བསྔོས་ཏེ༑ རང་ཉིད་སྦྱངས་པའི་ཡོན་ཏན་ལས་ཉམས་པ་མི་མངའ་ཞིང༌། དགུང་ལོ་བཞི་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་དོགས་པ་ཡོད་ཀྱང་སྐུ་ཚེ་རིང་པོར་བཞུགས་པ་ཡིན་ཚོད་འདུག མཐར་རང་ཉིད་ཀྱི་འཁྲུངས་ཡུལ་དུ་སྐུ་མྱ་ངན་ལས་འདས།                སློབ་དཔོན་འདིས་མཛད་པའི་བསྟན་བཅོས་མང་དུ་ཡོད་ཀྱང་བོད་དུ་བསྒྱུར་བའི་ནང་ནས་གྲགས་ཆེ་བའི་གྲས་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་དང༌། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ། འདུལ་བ་མདོ་རྩ་བ༑ འདུལ་བ་ལས་བརྒྱ་པ། ཀརྨ་ཤཏཀམ་སོགས་མཛད་པ་ལགས་སོ།།

སློབ་དཔོན་ཤཱཀྱ་འོད།   ༼ཤཱཀྱ་པྲ་བྷ༽                ༈ པཎ་གྲུབ་བསྟོད་ཆེན་ལས། བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། །འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སློབ་དཔོན་ཤཱཀྱ་འོད་ནི། རྒྱ་གར་འཕགས་པའི་ཡུལ་གྱི་ནུབ་ཕྱོགས་སུ་སྐུ་འཁྲུངས། ཁ་ཆེའི་ ༼དེང་སང་རྒྱ་གར་གྱི་ཀ་ཤི་མིར།༽ ཡུལ་དུ་འགྲོ་དོན་རྒྱ་ཆེན་པོ་མཛད་ཅིང་འདུལ་བ་ཤིན་ཏུ་མཁས་པར་གྲགས། དུས་སྐབས་གང་དུ་བྱུང་མིན་གཞུང་གཞན་དུ་མི་གསལ་ཞིང༌། ལོ་རྒྱུས་གསལ་བར་འཁོད་པ་ཞིག་དེ་སྔ་མ་མཐོང༌། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ནང༌། རྒྱལ་པོ་གཽ་པཱ་ལས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས་ཤིང༌། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་ཅེས་གསལ། བུ་སྟོན་ཆོས་འབྱུང་ལས། ཡོན་ཏན་འོད་ཀྱི་སློབ་མ་ཤཱཀྱ་འོད་ཡིན་ཟེར་ཏེ་མི་བདེན་ཏེ། འོད་ལྡན་ལས། བདག་གི་མཁན་པོ་མ་གྷ་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་ཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་རིག་རྣམས་ཀྱིས་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན།  ཞེས་པ་དང༌། གཞན་ཡང༌། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་བྱང་བ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་བསོད་ནམས་གྲགས་དང་ཞི་བ་འོད་ཀྱི་སློབ་མར་བཤད་དོ། །དེའི་སློབ་མར་ཤཱཀྱ་བཤེས་གཉེན་ཡིན་པ་སུམ་བརྒྱ་པར་བཤད་དོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་དང་དེའི་འགྲེལ་པ་འོད་ལྡན་མཛད་དོ། །འདུལ་བའི་མདོ་ལ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་ཅིང༌། དེ་ཡོན་ཏན་འོད་ཀྱི་སློབ་མར་ཁ་ཅིག་འདོད་དོ། །ཤཱཀྱ་འོད་ཀྱི་སློབ་མ་སེང་གེའི་གདོང་ཅན། དེའི་སློབ་མ་ཛི་ན་མི་ཏྲ་ཡིན་ཟེར་བའང་བརྟག་པར་བྱ་དགོས་པར་སྣང༌།  སློབ་དཔོན་ཤཱཀྱ་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བ་འོད་ལྡན་ལས་ཀྱང་སློབ་དཔོན་བསོད་ནམས་གྲགས་པ་དང༌། ཞི་བ་འོད་གཉིས་ཀྱི་སློབ་མ་ཡིན་པར་གསུངས། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལས་བོད་དུ་བསྒྱུར་ཞིང་གྲགས་ཆེ་བ་ནི།  འདུལ་བ་སུམ་བརྒྱ་དང༌། དེའི་རང་འགྲེལ་འོད་ལྡན་གཉིས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་རྩངས་དེ་ཝདྲན་ར་ཀྵི་ཏས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་ ༼ཧུ་པ།༽ ར་ཡོད་པ་སོགས་ཡིན་ཞེས་གྲགས་སོ།།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ ༼དིའ་པཾ་ཀ་ར་ཤྲིའ་ཉཱཛ་ན།༽་   ༈ པཎ་གྲུབ་བསྟོད་ཆེན་ལས། ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ༑ ༑སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །ཞེས་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་རི་ཤའམ། རབ་བྱུང་གི་མཚན་དངོས་དཔལ་མར་མེ་མཛད་ཡེ་ཤེས་ནི། རྒྱ་གར་ཤར་ཕྱོགས་བྷང་གྷ་ལར་སྐུ་འཁྲུངས། མཁན་ཆེན་ཞི་འཚོ་དང་གདུང་རྒྱུད་གཅིག་པའི་ཟ་ཧོར་གྱི་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་འབྲིང་པོ་ཡིན། དགུང་ལོ་ལྔ་ལོན་པ་ནས་ཆོས་གསུངས་མཁྱེན་པ་དང༌། ནང་དོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཀྱང་ཞལ་ནས་ཐོགས་མེད་དུ་གསུང་ཐུབ་པ་ཞིག་ཡིན། དགུང་ལོ་བཅུའི་བར་སྒྱུ་རྩལ་སྣ་ཚོགས་ལ་སྦྱངས་ཤིང༌། དེ་ནས་དགུང་ལོ་བཅུའི་རིང་མུ་སྟེགས་པ་དང༌། སངས་རྒྱས་ཆོས་ལུགས་ཀྱི་སྒྲ་རིག་པ་དང༌། ཚད་མ་རིག་པ་ལ་སློབ་གཉེར་གནང༌། དགུང་ལོ་ཉི་ཤུ་ཙམ་ལོན་དུས་ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲིད་བཟུང་བའི་རེ་བ་གནང་སྟེ་རྒྱལ་རིགས་ཀྱི་བུ་མོ་མཛེས་མ་ཧ་ཅང་མང་པོ་བདམ་ནས་གཉེན་སྒྲིག་གནང་བར་ཞུས་ཀྱང་གཏན་ནས་ཞལ་བཞེས་མ་གནང་བར་མཐར་དགུང་ལོ་ཉེར་དགུར་རྒྱ་གར་རྡོ་རྗེ་གདན་གྱི་མཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད། སླར་ཡང་སྒྲ་རིག་པའི་གཞུང་ཆེན་བརྒྱད་དང༌། ཕྱི་ནང་གཉིས་ཀྱི་ཚད་མ་རིག་པ། གསོ་བ་རིག་པ། སྐར་རྩིས། མཚན་ཉིད་རིག་པ། མདོ་སྔགས་ཀྱི་གཞུང་སོགས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། པཌཎི་ཏ་ཆེན་པོའི་མཚན་ཐོགས། གསེར་གླིང་པ་ལ་སོགས་པའི་བླ་མ་སོ་བཞི་ཙམ་བསྟེན་ནས་རྒྱ་གར་དུ་མཁས་པའི་གྲགས་ཆེ་བ་མ་ཟད། ཐུགས་རྒྱུདབྱང་སེམས་ཀྱིས་ཕྱུག་ཅིང་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བར་ནུས་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་པས། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་བཟང་པོའི་འབུལ་བ་དང་བཅས་ཐོག་མར་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་མངགས་ཏེ་བོད་དུ་གདན་འདྲེན་པར་བཏང་ཡང་གདན་དྲངས་མ་ཐུབ། ད་དུང་ལྷ་བླ་མ་ཡིད་ཐང་མ་ཆད་པར་གསེར་འཚོལ་དུ་ཕེབས་པས་མུ་སྟེགས་མཐའ་འཁོབ་ཀྱི་གར་ལོག་རྒྱལ་པོས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག་ནས་སྐྱབས་འགྲོ་བློས་གཏོང་བ་དང༌། པཌཎི་ཏ་གདན་འདྲེན་པ་གཤོལ་བ། གསེར་མི་ཚད་ཙམ་འབུལ་བ་གང་ཞིག་བྱས་ན། ཁྱོད་བཙོན་ལས་བཏང་གི་ཟེར་བ་མ་གསན་པར་ཆོས་ཕྱིར་སྐུ་སྲོག་ཀྱང་གཏོང་བའི་ཐུགས་བསྐྱེད་མཛད་པས། གར་ལོག་རྒྱལ་པོས་སྐུ་ལུས་ཀྱི་རྩ་སྒོ་ཐམས་ཅད་མེར་བསྲེགས་པ་སོགས་མནར་གཅོད་ཚད་མེད་པའི་འོག་ཏུ་སྐུ་གཤེགས། ཁོང་གི་ཞལ་ཆེམས་ལྟར་ཚ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མངགས་ནས་ཇོ་བོ་རྗེ་བོད་དུ་གདན་ཞུ་གནང་བར་རྒྱ་གར་གྱི་རྒྱལ་པོ་དང་བྲི་ཀཱ་མ་ལ་ཤིའ་ལའི་དགོན་པའི་མཁན་པོ་དགེ་འདུན་དང་བཅས་པས་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ་ནས་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག ༡༠༤༠ ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས་ཏེ་ལོ་གསུམ་རིང་བཞུགས། བྱང་ཆུབ་ལམ་སྒྲོན་སོགས་མཛད། རབ་བྱུང་དང་པོའི་ཆུ་རྟ་ ༡༠༤༢ ལོར་རྒྱ་གར་དུ་ཕྱིར་ཕེབས་རྩིས་ལ་སྐབས་དེར་བལ་ཡུལ་མཐའ་མཚམས་སུ་འཁྲུགས་པ་ལངས་ནས་ཕེབས་མ་ཐུབ་པར་གནས་སྐབས་ཕྱིར་འགྱངས་གནང་སྟེ་བཞུགས་མུས་ལ་འབྲོམ་སྟོན་པས་སླར་ཞུ་བ་ཕུལ་ཏེ་བོད་དབུས་གཙང་དུ་གདན་ཞུ་གནང་བ་ལྟར་ཐོག་མར་བསམ་ཡས། ཡར་ལུང་སོགས་སུ་ཟླ་ཤས་བཞུགས་ནས་འབྲོམ་སྟོན་པས་སྙེ་ཐང་དུ་གདན་དྲངས།  དེར་ལོ་དགུ་དང༌། འཕན་པོ་དང༌། ཡེར་པ། ལྷ་ས་སོགས་སུ་ལོ་ལྔ་བཅས་ལོ་བཅུ་བདུན་གྱི་རིང་ཆོས་གསུངས་པ་དང༌། བསྒྱུར་པ། སྒྱུར་བཅོས་སོགས་མཛད།

                བོད་དུ་བཞུགས་པའི་རིང་ཐུགས་སྲས་གཙོ་བོ་དགེ་བཤེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང༌། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་སོགས་སློབ་མ་མཁས་པ་མང་དུ་བྱུང་ཞིང༌། མཐར་དགུང་ལོ་ ༧༣ ལ་ཕེབས་པ་ཤིང་རྟ་ ༡༠༥༤ ལོའི་ཟླ་བ་ ༩ ཚེས་ ༡༨ ལ་སྙེ་ཐང་དུ་སྐུ་གཤེགས། སྐུ་གདུང་རྣམས་སྙེ་ཐང་ན་མོ་ཆེར་ཞུགས་ལ་ཕུལ། སྙེ་ཐང་འོར་དུ་སྐུ་གདུང་རིང་བསྲེལ་སོགས་བཞུགས་པའི་གཙུག་ལག་ཁང་བཞེངས། ཁོང་ནི་མདོ་སྔགས་ལམ་རིམ་གང་གི་ཐད་ནས་བོད་ཁ་བ་ཅན་ཙམ་དུ་མ་ཟད་རྒྱ་བོད་གཉིས་ཀར་རྣམ་དཀར་འཕྲིན་ལས་ཀྱི་མཛད་རྗེས་ཤིན་ཏུ་ཆེ་བ་ལགས་སོ།།

མཁྱེྃན་རབ་འོད་ཀྱིས་རྨོངས་མུན་སེལ་བས་མཁྃས། །
བརྩེྃ་བའི་ཐུགས་ཀྱིས་བྱང་ཆེན་བསྐྲུན་པས་བཙུྃན། །
ནུསྃ་པའི་དཔལ་གྱིས་ཆོས་མིན་འཇོམས་པས་བཟྃང༌། །
འཕགས་བོད་ཆོས་ཀྱི་རྒྱལ་པོ་འདི་ཀུན་མཚར། །
བར་གྱི་ངལ་གསོའི་ཚིགས་བཅད་དུའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༥༢༠༡༤༠༧༡༣
ཕན་ཐོག་ཆེན་པོ་འདུག་བཀའ་དྲིན་ཆེ།
1 ༠༥༢༠༡༤༠༧༠༩
ཕན་ཐོག་ཆེན་པོ་བཀའ་དྲིན་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།