གཞུང་ཆེན་བཀའ་པོད་ལྔ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། གཞུང་ཆེན་བཀའ་པོད་ལྔ།༔  ༈ བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་སྔ་དར་འགོ་ཚུགས་པ་ནས་བཟུང་དགོན་སྡེ་ཆེ་ཆུང་སྣ་ཚོགས་ཇེ་རྒྱས་ཇེ་འཕེལ་དུ་སོང་སྟེ་དགོན་སྡེ་ཕལ་མོ་ཆེས་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་གཙོ་བོར་གནང་གི་ཡོད་པས་མཚན་ཉིད་ཀྱི་གྲྭ་ས་ཞེས་ཀྱང་ཟེར། བསྟན་པ་ཕྱི་དར་གྱི་དུས་ནས་བཟུང་ད་ལྟ་བར་མཚན་ཉིད་ཀྱི་གྲྭ་ས་མང་དུ་ཡོད་པ་རྣམས་ཀྱིས་བཀའ་པོད་ལྔ་ལ་སློབ་གཉེར་གནང་རྒྱུ་གཙོ་བོར་ཤུགས་སྣོན་མཛད་བཞིན་པ་དེར་རྒྱུ་མཚན་ཤིན་ཏུ་མང་སྟེ།

                ༡༽ བཀའ་པོད་ལྔ་ནི་སྡེ་སྣོད་གསུམ་གྱི་སྡོམ་ཡིན་པ་སྟེ། ཚད་མ་དང་དབུ་མ། མཛོད་གསུམ་ནི་མངོན་པའི་སྡེ་སྣོད་ཀྱི་སྡོམ། ཕར་ཕྱིན་ནི་མདོ་སྡེའི་སྡེ་སྣོད་ཀྱི་སྡོམ། འདུལ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཀྱི་སྡོམ་བཅས་ཡིན།

                ༢༽ ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་དབང་དུ་བྱས་པའི་རྒྱུ་མཚན་ནི་ཐེག་པ་ཆེན་པོའི་ལྟ་བ་དབུ་མ་དང་ཚད་མ་གཉིས་ཀྱི་གཙོ་བོར་སྟོན་པ་དང༌། ཐེག་པ་ཆེན་པོའི་སྤྱོད་པ་ནི་ཕར་ཕྱིན་གྱིས་གཙོ་བོར་སྟོན། ཐེག་པ་ཆུང་ངུའི་ལྟ་བ་དང་སྤྱོད་པ་གཉིས་མཛོད་ཀྱིས་འཆད། ཐེག་པ་ཆེ་ཆུང་གཉིས་ཐུན་མོང་གི་ཚུལ་ཁྲིམས་ནི་འདུལ་བས་འཆད། ཐེག་པ་ཆེ་ཆུང་གཉིས་ཀྱི་སྒོམ་པ་ནི་ལྟ་སྤྱོད་གཉིས་བཤད་པའི་ཞར་ལ་སློབ་སྦྱོང་བྱས་ན་ཐེག་པ་ཆེ་ཆུང་གཉིས་ཀའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་མ་འདྲེས་པར་ཤེས་ཐུབ་པ་ཡིན།

                ༣༽ ནང་པ་སངས་རྒྱས་པའི་གྲུབ་མཐའི་དབང་དུ་བྱས་པའི་གྲུབ་མཐའ་སྨྲ་བ་ལ་བྱེ་མདོ་གཉིས་དང༌། དབུ་སེམས་གཉིས་ཏེ་བཞི་ཡོད་པ་སོ་སོའི་ལྟ་ཚུལ་རྣམས་ཐེམ་སྐས་ཀྱི་རིམ་པ་དང་འདྲ་བར་གོམ་པ་རིམ་བགྲོད་ཀྱིས་དབུ་མའི་ལྟ་བར་འཛེགས་ཐུབ་པའི་ཁྱད་ཆོས་ཡོད་པ་དེ་བཀའ་པོད་ལྔ་ལ་ཐོས་བསམ་ལེགས་པར་བྱས་པའི་རྗེས་སུ་རྟོགས་ཐུབ་པ་དེ་ཡིན།

                ༤༽ ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འགྲན་ཟླ་དང་བྲལ་བའི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་ཡིན་ཅིང༌། ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱི་གཞུང་ནི་དབུ་མ་དང༌། ཐོགས་མེད་སྐུ་མཆེད་གཉིས་ཀྱི་གཞུང་ནི་མངོན་པ་གོང་འོག་དང༌། ཕྱོགས་གླང་དང་ཆོས་གྲགས་གཉིས་ཀྱི་གཞུང་ནི་ཚད་མ། ཕྱོགས་གཉིས་ཀྱི་གཞུང་ནི་འདུལ་བ་བཅས་ཡིན་པས། བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་ན་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་སློབ་གཉེར་བྱས་པ་ཡིན་ཐོག དེ་དག་གི་དགོངས་པ་མཐར་གཏུགས་ན་མཐའ་གཉིས་སེལ་བའི་དབུ་མའི་ལྟ་བ་ལ་འབབ་ཀྱི་ཡོད་པའི་གནད་འགག་ལེགས་པར་ཤེས་ཐུབ་པ་ལགས་སོ།།

ཚད་མའི་སྐོར་བྱུང་ཚུལ།

                ༈ ཚད་མ་རིག་པ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་འཁོར་ལོ་ཐ་མ་སོགས་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་གཞག་སྐོར་བསྟན་ཅིང༌། རྗེས་སུ་དུས་རབས་བདུན་པའི་འགོ་ཙམ་དུ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ནང་ཚན་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་དམིགས་པ་བརྟག་པ་དང༌། སེལ་བར་བརྟག་པ་སོགས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད། རྗེས་སུ་བསྟན་བཅོས་དེ་དག་གི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྟོན་པའི་བསྟན་བཅོས་བརྩམས་པར་བཞེད་ནས་ཚད་མ་ཀུན་བཏུས་སུ་མངོན་སུམ་ལེའུ། རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ། དཔེ་དང་དཔེ་ལྟར་སྣང་ལ་བརྟག་པའི་ལེའུ། གཞན་སེལ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་བཅས་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ཚད་མ་ཀུན་བཏུས་རང་འགྲེལ་དང་བཅས་པ་མཛད།

སློབ་དཔོན་ཕྱོགས་གླང་སྐུ་གཤེགས་རྗེས་དཔལ་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ཚད་མ་ཀུན་བཏུས་ཚར་གསུམ་གསན་ནས་སློབ་དཔོན་གྱི་གནང་བ་ཐོབ་པ་ལྟར་ཀུན་བཏུས་ཀྱི་དགོངས་པ་འགྲེལ་ཕྱིར་ཚད་མ་སྡེ་བདུན་བརྩམས་པར་མཛད་ཅིང༌། ཚད་མ་སྡེ་བདུན་ནི་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་སྟེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། འབྲིང་ངམ་ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས།  ཤིན་ཏུ་བསྡུས་པ་ཚད་མ་རིགས་ཐིགས་གསུམ་དང༌། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ། རང་དོན་ལེའུ་ལས་འཕྲོས་པ་གཏན་ཚིགས་རིགས་པ་དང༌། ལྟག་ཆོད་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་བ་བརྟག་པ། གཞན་དོན་ལེའུ་ལས་འཕྲོས་པ་རྒྱུད་གཞན་སྒྲུབ་པ་དང༌། རྩོད་པའི་རིགས་པ་བཅས་སྡེ་བདུན་འབྲེལ་གཅིག་ཏུ་བརྩམས།

                དེ་དག་ལས་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་སྟེ། རང་དོན་ལེའུ། ཚད་མ་གྲུབ་པའི་ལེའུ། མངོན་སུམ་ལེའུ། གཞན་དོན་ལེའུ་བཅས་ཡོད། ཚད་མ་རྣམ་ངེས་ལ་ལེའུ་གསུམ་སྟེ། མངོན་སུམ་ལེའུ། རང་དོན་ལེའུ། གཞན་དོན་ལེའུ་བཅས་ཡིན། ཚད་མ་རྣམ་འགྲེལ་ལ་སློབ་དཔོན་ལྷ་དབང་བློ་དང༌། ཤཱཀྱ་བློ་གཉིས་ཀྱི་འགྲེལ་པ་ཡོད་ཅིང༌། སློབ་དཔོན་དུལ་བ་ལྷས་ཚད་མ་སྡེ་བདུན་ཀ་ལ་འགྲེལ་པ་ཡོད་ལ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་རྣམ་འགྲེལ་ལ་འགྲེལ་པ་མཛད། སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་པ་འཐད་ལྡན་ཆུང་བ། རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་ཕན་པ་སོགས་ཚད་མའི་གཞུང་མང་པོ་ཡོད། ཚད་མ་རྣམ་འགྲེལ་ནི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་བསྟན་བཅོས་ཡིན་ཞེ་ན། ལྷ་ཤཱཀ་ཆོས་གསུམ་གྱིས་སེམས་ཙམ་པའི་གཞུང་དུ་བཞེད་པ་དང༌། ཞི་འཚོ་དཔོན་སློབ་ཀྱིས་རང་རྒྱུད་པའི་གཞུང་དུ་བཞེད་པ་དང༌། རྒྱན་རྗེས་འབྲང་དང་བཅས་པས་ཐལ་འགྱུར་གཞུང་དུ་བཞེད་ཅེས་གསུངས་པ་ལྟར་དང་འཕགས་ཡུལ་དུ་ཚད་མ་རིགས་པ་བྱུང་ཚུལ་དེ་ལྟར་རོ།།

                ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་ནི་ཐོག་མར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར། རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཞིང༌། ས་པཎ་གྱིས་ཚད་མ་རིགས་གཏེར་འགྲེལ་པ་དང་བཅས་པ་མཛད། གཞན་ཡང་ས་སྐྱའི་མཁས་པ་ཆེན་པོ་གཡག་རོང་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་རེད་མདའ་བ་སོགས་དང༌། རྗེ་ཙོང་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། ྋརྒྱལ་མཆོག་དགེ་འདུན་གྲུབ་པ། པཎ་ཆེན་བསོད་ནམས་གྲགས་པ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་མང་པོས་མཛད་པའི་ཚད་མའི་གཞུང་ཤིན་ཏུ་མང་ངོ༌།།

ཕར་ཕྱིན་སྐོར་བྱུང་ཚུལ།

                ༈ དེ་ཡང༌། ཕར་ཕྱིན་གྱི་གཞུང་ནི། བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བའི་ནང་ནས་ཕུལ་དུ་གྱུར་པ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ཉིད་ཡིན་ཅིང༌། དེ་ཡང་ཡུམ་རྒྱས་འབྲིས་བསྡུས་གསུམ་སྟེ། འབུམ་ཉི་ཁྲི་བརྒྱད་སྟོང་པ་གསུམ་སྡེར་གཏོགས་དང་བཅས་པ་རྣམས་དང༌། དེ་དག་གི་བསྟན་དོན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས་ཕྱི་མ་གཏན་ལ་འབེབས་པ་ལ། མ་འོངས་རྣམ་འདྲེན་ལྔ་པ་རྗེ་བཙུན་བྱམས་པས་མངོན་པར་རྟོགས་པའི་རྒྱན་འདི་མཛད་ནས་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་མངོན་རྟོགས་རྒྱན་དང༌། མདོ་སྡེ་རྒྱན། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་བཅས་བྱམས་ཆོས་སྡེ་ལྔ་པོ་རྣམས་གསུངས།

                བྱམས་ཆོས་སྡེ་ལྔའི་འགྲཻལ་པར་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་སའི་དངོས་གཞི།  གཏན་ལ་དབབ་པ་བསྡུ་བ།  གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་བཅས་ས་སྡེ་ལྔ་མཛད། འོན་ཀྱང་མངོན་རྟོགས་རྒྱན་གྱི་འགྲེལ་པ་གྲགས་ཆེ་བ་འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་རྒྱན་སྣང་དང༌། འགྲེལ་པ་དོན་གསལ་སོགས་མདོ་དང་རྒྱན་སྦྱར་བ་དང་མ་སྦྱར་བའི་རྒྱ་འགྲེལ་ཉེར་གཅིག་ཏུ་གྲགས་པ་བྱུང་ཞིང༌། དེ་དག་གི་རྗེས་སུ་འབྲངས་སུ་རྒྱ་བོད་ཀྱི་མཁས་དབང་རིམ་བྱོན་གྱིས་མཛད་པའི་ཤེར་ཕྱིན་མདོའི་གཞུང་འབྲེལ་མཐའ་ཡས་པ་བྱུང་སྟེ་ཤེར་ཕྱིན་གྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་དོ། །

ཕར་ཕྱིན་གྱི་རྩ་འགྲེལ་རྣམས་ཀྱི་བརྗོད་དོན་ཟབ་རིང་མཐའ་ཡས་ཀྱང་གཞུང་གི་ནང་དོན་མདོར་བསྡུ་ན་གཙོ་བོ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་དོན་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་མཁྱེན་པ་གསུམ་དང༌། སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་བཅས་དངོས་པོ་བརྒྱད་དང༌། དོན་བདུན་ཅུ་སྟེ། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག རྩེ་མོའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བརྒྱད། མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་བཅས་སུ་དངོས་པོ་བརྒྱད་དང་དོན་བདུན་བཅུར་བསྡུས་ནས་བཤད་པ་ཡིན་ནོ། །

                གཞན་ཡང་བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་རིས་མེད་ཀྱི་མཁས་པ་མང་པོས་བརྩམས་པའི་ཕར་ཕྱིན་གྱི་གཞུང་གི་འགྲེལ་པ་ནི་མཐའ་ཡས་ཤིང༌།  བྱམས་ཆོས་སྡེ་ལྔ་དང༌། ས་སྡེ་ལྔ་རྣམས་ལས་མང་ཆེ་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་ཡིན་ལ། འགའ་ཞིག་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་ཡིན་ནོ།།

དབུ་མའི་སྐོར་བྱུང་ཚུལ།

                ༈ དབུ་མའི་གཞུང་ནི། ཡུམ་གྱི་མདོའི་ཟབ་དོན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་ཕྱེ་བ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་དང༌། རྩོད་ཟློག སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་བཅས་དབུ་མ་རིགས་ཚོགས་དྲུག་མཛད་ཅིང༌། དེ་དག་གི་བརྗོད་བྱ་གང་བསྟན་པ་ནི། ༡ རྩ་བ་ཤེས་རབ་ཀྱིས་རང་གཞན་གྱི་སྡེ་པ་གཞན་གྱིས་སྒྲོ་བཏགས་པའི་སྒྲུབ་བྱ་བདེན་གྲུབ་ཀྱི་དངོས་པོ་བཀག་ལ། ༢ རིན་ཆེན་ཕྲེང་བས་ནི༑ དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཉིད་འཁོར་བ་ལས་གྲོལ་བའི་ལམ་ཙམ་མ་ཟད་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་བྱེད་ཀྱི་ལམ་དུ་གསལ་བར་བསྟན། ༣ རྩོད་ཟློག་ལས་ཀྱང༌། ཕྱི་ནང་གི་དངོས་པོ་རྣམས་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་སོགས་དང༌། ༤ སྟོང་ཉིད་བདུན་ཅུ་པ་ལས་སྐྱེ་གནས་འཇིག་གསུམ་པོ་ཐ་སྙད་ཙམ་དུ་ཡོད་པ་ལ་དགོངས་ཀྱི་དོན་དམ་པར་མ་གྲུབ་ཅེས་སོགས་རྩོད་ལན་རྒྱས་པར་གསུངས། ༥ ཞིབ་མོ་རྣམ་འཐག་ལས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་བཀག་པ་སོགས་དང༌།  ༦ རིགས་པ་དྲུག་ཅུ་པས་ནི། མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་དུ་བསྟན་པ་སོགས་དབུ་མ་རིགས་ཚོགས་དྲུག་གི་བརྗོད་བྱ་གནས་བསྡུས་དང༌།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་སྲས་སློབ་དཔོན་ཨརྱ་དེ་ཝའམ་འཕགས་པ་ལྷས་རང་རྒྱུད་ཀྱི་ཕྱོགས་ལ་དགག་པ་གསལ་བར་མ་མཛད་པར་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཀྱི་ཟབ་རྒྱས་ཀྱི་ཕྱོགས་གཉིས་གཏན་ལ་འབེབས་པ་དབུ་མ་བཞི་བརྒྱ་པ་མཛད། ཆོས་ཐམས་ཅད་ལ་རང་བཞིན་གྱིས་སྐྱེ་འགག་སོགས་ཅིར་ཡང་མ་གྲུབ་པར་སྟོན་པའི་ཤཻར་ཕྱིན་གྱི་མདོ་ལ་སོགས་པའི་གསུང་རབ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་འགྲེལ་མཛད་དཔལ་མགོན་འཕགས་ཀླུ་སྒྲུབ་དང༌། དེའི་ཐུགས་སྲས་འཕགས་པ་ལྷ་ཡབ་སྲས་རྣམ་གཉིས་ནི་དབུ་མ་ལ་གཞན་རྣམས་ཀྱིས་ཁུངས་ཡིན་པས། སློབ་དཔོན་འདི་གཉིས་ལ་ཕྱིས་ཀྱི་རྗེས་འབྲངས་དག་གིས་ཡིད་ཆེས་པའི་ཁུངས་སུ་མཛད་ནས་གཞུང་ཕྱི་མོའི་དབུ་མ་པ་ཞེས་དང༌། གཞན་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་ཐ་སྙད་བྱེད་དོ། །

                སློབ་དཔོན་འཕགས་པ་ལྷ་ཡབ་སྲས་འདི་གཉིས་ཀྱི་དབུ་མའི་བསྟན་བཅོས་མཛད་པ་ལས་ཕྱི་དོན་ཡོད་མེད་ཀྱི་ཚུལ་གསལ་བར་མ་མཛད་ལ། དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཕྱི་དོན་མེད་པའི་ལུགས་སུན་ཕྱུང་སྟེ་ཐ་སྙད་དུ་ཕྱི་དོན་ཡོད་པར་འདོད་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་གཏོད་མཛད། དེ་ནས་སློབ་དཔོན་ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་གཞུང་ལ་བརྟེན་ནས་ཐ་སྙད་དུ་ཕྱི་དོན་མེད་པ་དང༌། དོན་དམ་པར་ཕྱི་དོན་སེམས་ལ་སོགས་པ་རང་བཞིན་མེད་པར་བསྟན་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་གཏོད་མཛད།

                དེ་གཉིས་ཀྱི་རྗེས་སུ་རྩ་ཤེས་དགོངས་པ་ཐལ་རང་སོ་སོའི་ལུགས་སུ་བཀྲལ་བ་ལ་ཐལ་རང་གི་ཁྱད་པར་དང་ཐ་སྙད་རིམ་གྱིས་བྱུང་ཚུལ་ཡང༌། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐལ་འགྱུར་དུ་འགྲེལ་ཕྱིར་བུདྡྷ་པཱ་ལི་ཏ་མཛད། དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་རང་རྒྱུད་ལ་འགྲེལ་བ་ལ་རང་གཞུང་དབུ་མ་སྙིང་པོ་རང་འགྲེལ་རྟོག་གེ་འབར་བ་བཅས་དང༌། རྩ་ཤེས་དགོངས་པ་རང་རྒྱུད་དུ་འགྲེལ་བ་ཤེས་རབ་སྒྲོན་མེའི་ཕྲེང་བ་མཛད་ནས་རང་རྒྱུད་པའི་ཤིང་རྟའི་སྲོལ་བཟང་ཕྱེས། དེའི་རྗེས་སུ་འབྲངས་ནས་སློབ་དཔོན་ཡེ་ཤེས་སྙིང་པོས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་སུ་འགྲེལ་ཕྱིར། བདེན་གཉིས་རང་འགྲེལ་དང་བཅས་པ་མཛད་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས། སློབ་དཔོན་ཞི་བ་འཚོས་དབུ་མ་རྒྱན་དང༌། སློབ་དཔོན་ཀ་མ་ལ་ཤིའ་ལས་དབུ་མའི་སྒོམ་རིམ་ཐོག་མཐའ་བར་གསུམ་དང༌། འཕགས་སེང་རྣམ་གཉིས་ཀྱིས་རྒྱན་རྩ་བའི་དགོངས་པ་རང་རྒྱུད་དུ་འགྲེལ་བ་ཉི་སྣང་དང༌། འགྲེལ་ཆེན་གཉིས་ལ་སོགས་པ་མཛད་པའི་སྒོ་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་སུ་འགྲེལ། དཔལ་ལྡན་ཟླ་བས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པ་རྣམས་མི་འཇུག་པ་དང༌། རང་ལུགས་འཕགས་པའི་དགོངས་པ་མཐར་ཐུག་པ་རང་རྒྱུད་མི་འཐད་ཅིང་ཐལ་འགྱུར་འཐད་པའི་ཚུལ་གསལ་བར་མཛད་ནས་རྩ་ཤེས་ཚིག་གི་ཆ་གཙོ་བོར་འགྲེལ་བ་ལ་དབུ་མ་ཚིག་གསལ་དང༌། དོན་གྱི་ཆ་ལ་གཙོ་བོར་འགྲེལ་བ་ལ་རང་གཞུང་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་ཅིང༌། གཞན་ཡང་བཞི་བརྒྱ་པ་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་བཅས་མཛད་དོ།།

 མངོན་པའི་སྐོར་བྱུང་ཚུལ།

                ༈ དེ་ཡང་ཆོས་མངོན་པ་ནི་བདག་ཅག་གི་སྟོན་པས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ལས། རྒྱས་པར་ཕྱེ་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང༌། འབྲིང་དུ་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས། བསྡུས་ན་སྡེ་སྣོད་གསུམ་དུ་འདུ་བས་སྡེ་སྣོད་གསུམ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་བྱེད་པ་འདུལ་བའི་སྡེ་སྣོད་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་བྱེད་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་བྱེད་པ་མངོན་པའི་སྡེ་སྣོད་བཅས་སྡེ་སྣོད་གསུམ་གྱི་ངོ་བོ་དང༌།

                དེ་ལ་མངོན་པ་སྡེ་བདུན་དུ་གྲགས་པ་ནི། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི།།

གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་པ་ལྟར་མངོན་པ་སྡེ་བདུན་ནི་བྱེ་བྲག་སྨྲ་བ་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཡིན་པར་འདོད་པ་དང༌། མདོ་སྡེ་པ་ཡན་ཆད་ཀྱིས་དགྲ་བཅོམ་པ་བདུན་གྱིས་རང་དབང་དུ་བརྩམས་པའི་བསྟན་བཅོས་ཡིན་པར་འདོད། མངོན་པ་སྡེ་བདུན་པོ་དེ་དག་གི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་ནི་བྱེ་བྲག་བཤད་མཛོད་ཆེན་མོ་ཡིན་ཞིང༌། ཕྱིས་སློབ་དཔོན་དབྱིག་གཉེན་གྱིས་གསན་ནས། བསྟན་བཅོས་དེ་དག་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་མ་ལུས་པ་བསྡུས་ནས། ཐེག་པ་དམན་པའི་ལུགས་སུ་ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ་གནས་བརྒྱད་དང་ལྡན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཆེན་པོ་མཛད་དོ། །འདི་ལ་རྗོད་བྱེད་གནས་བརྒྱད་དུ་འབྱེད་པའི་རྒྱུ་མཚན་ཡང༌། གདུལ་བྱ་ཐར་པ་ཐོབ་ཕྱིར་དང༌། གདུལ་བྱས་གང་ལ་དམིགས་པའི་ཡུལ་དང༌། དེས་ཉམས་སུ་ལེན་པའི་ལམ་དང༌། བླངས་པའི་འབྲས་བུ་དང་གསུམ་ལས། དང་པོ་ཡུལ་ལ་ཇི་ལྟ་བ་དང་ཇི་སྙེད་པ་གཉིས། གནས་དང་པོ་གཉིས་ཀྱིས་དམིགས་པའི་ཡུལ་ཇི་སྙེད་པ་དང༌། གནས་གསུམ་པ་དང་བཞི་པ་ལྔ་པ་གསུམ་གྱིས་ཇི་ལྟ་བ་དང༌། གནས་དྲུག་པས་ཉམས་སུ་ལེན་པའི་ལམ་དང༌། གནས་བདུན་པ་དང་བརྒྱད་པ་གཉིས་ཀྱིས་ཉམས་སུ་བླངས་པའི་འབྲས་བུ་བཅས་བསྟན་ཏོ།།

                དེ་ལྟར་རྩ་འགྲེལ་གྱི་དགོངས་འགྲེལ་ལ་སློབ་དཔོན་རྒྱལ་སྲས་གྲགས་པའི་བཤེས་གཉེན་དང༌། སློབ་དཔོན་གང་སྤེལ་གྱིས་སོ་སོའི་འགྲེལ་བཤད་དོན་གསལ་བམ་པོ་དྲུག་ཅུ་པ་ཞིག་དང༌། འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་བམ་པོ་དྲུག་ཅུ་པ་ཞིག་མཛད་པ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་འགྲེལ་པ་གནད་ཀྱི་སྒྲོན་མ་དང༌། སློབ་དཔོན་བློ་གྲོས་བརྟན་པས་འགྲེལ་པ་གནམ་ལྕགས་ཐོག་གཟེར་དང༌། སློབ་དཔོན་འདུན་བཟང་གིས་འགྲེལ་པ་མདོ་མཐུན། བམ་པོ་ཞི་གནས་ལྷས་ཉེར་མཁོའི་བསྟན་བཅོས་བཅས་མཛད་དོ།  །མངོན་པ་གོང་འོག་གཉིས་ནི༑ མངོན་པ་གོང་མ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་དང༌། མངོན་པ་འོག་མ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་དང་གཉིས་དང༌། གཞན་ཡང་ལྷག་པ་ཤེས་རབ་ཀྱི་བསླབ་པ་བསྟན་བྱའི་གཙོ་བོར་བྱེད་པའི་ཚད་མ་སྡེ་བདུན་སོགས་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པའི་བཀའ་དང་བསྟན་བཅོས་ཤིན་ཏུ་མང་བར་བཞུགས་སོ།།

འདུལ་བའི་སྐོར་བྱུང་ཚུལ།

                ༈ འདུལ་བ་ནི། རང་ཉིད་ཀྱི་སེམས་རྒྱུད་འདུལ་བའི་ཆེད་དུ་ལུས་ངག་གཉིས་ཀྱི་ཉེས་སྤྱོད་འགོག་པར་བྱེད་པའམ་ལྷག་པར་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྡེ་སྣོད་ལ་ཟེར་ཞིང༌། འདུལ་བ་ལ་ནང་གསེས་ཀྱིས་ཕྱེ་ན་ཉན་ཐོས་ཀྱི་འདུལ་བ་དང༌། བྱང་ཆུབ་སེམས་དཔའི་འདུལ་བ། གསང་སྔགས་ཀྱི་འདུལ་བ་བཅས་གསུམ་ཡོད། འདུལ་བ་ལ་བཀའ་དང་བསྟན་བཅོས་ཀྱི་དབང་དུ་བྱས་ན་གཉིས་ལས། དང་པོ་མདོའི་དབང་དུ་བྱས་པ། རྩ་བའི་མདོ་དང༌། བཤད་པའི་མདོ་གཉིས། རྩ་བའི་མདོ་ལ། དགེ་སློང་ཕའི་རྩ་ལུང་སོ་སོར་ཐར་པ་དང༌། དགེ་སློང་མའི་རྩ་ལུང་སོ་སོར་ཐར་པ་གཉིས་སོ། །བཤད་པའི་མདོ་ལ༑ སོ་ཐར་མདོའི་དངོས་བསྟན་གྱི་དོན་གཏན་ལ་འབེབས་པའི་དབང་དུ་བྱས་ནས་ལུང་རྣམ་འབྱེད་དང༌། ཤུགས་ཀྱི་དོན་གཏན་ལ་འབེབས་པའི་དབང་དུ་བྱས་པ་འདུལ་བ་ལུང་གཞི། དེ་གཉིས་སུ་མ་ཚང་བ་ཁ་སྐོང་བ་ལ་ལུང་ཕྲན་ཚེགས། དེ་དག་ལ་དོགས་པ་གཅོད་པ་ལ་གཞུང་དམ་པ་སྟེ། འདུལ་བ་ལུང་སྡེ་བཞི་ཞེས་གྲགས་ཅིང་བཀའ་འགྱུར་ནང་འདུལ་བ་ལུང་སྡེ་བཞི་པོད་བཅུ་གཉིས་སམ་བཅུ་གསུམ་བཞུགས་སོ།།

                གཉིས་པ་བསྟན་བཅོས་ཀྱི་དབང་དུ་བྱས་ནས་དེ་དག་གི་དགོངས་འགྲེལ་ལ༑ ཚིག་འགྲེལ་དང༌། དོན་འགྲེལ་གཉིས་ལས། དང་པོ་ཚིག་འགྲེལ་ལ། རྩ་བའི་ལུང་གི་ཚིག་འགྲེལ་དང༌། བཤད་པའི་ལུང་གི་ཚིག་འགྲེལ་གཉིས། དང་པོ་རྩ་བའི་ལུང་གི་ཚིག་འགྲེལ་ནི། དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་སོ་ཐར་འགྲེལ་པ། དྲི་མེད་བཤེས་གཉེན་གྱིས་མཛད་པའི་སོ་ཐར་བསྡུས་འགྲེལ་བཅས་སོ༑ ༑གཉིས་པ་བཤད་པའི་ལུང་གི་ཚིག་འགྲེལ་ལ། དུལ་བ་ལྷས་མཛད་པའི་རྣམ་འབྱེད་འགྲེལ་པ།  དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་ལུང་གཞི་དང༌། ཞུ་བའི་འགྲེལ་བ་གཉིས་མཛད། ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་ཕྲན་ཚེགས་ཀྱི་འགྲེལ་པ་བཅས་བཞུགས་སོ།།

                གཉིས་པ་དོན་འགྲེལ་གྱི་དབང་དུ་བྱས་ན། བྱེ་བྲག་བཤད་མཛོད་ཆེན་མོའི་ནང་ཚན་འདུལ་བ་བྱེ་བྲག་ཏུ་བཤད་པ། གཏན་ལ་དབབ་པ་བསྡུ་བ་སོ་སོར་ཐར་པའི་སྡོམ་པ་གཏན་ལ་འབེབས་པ། ས་ག་ལྷས་མཛད་པའི་མེ་ཏོག་ཕྲེང་རྒྱུད། ཁ་ཆེ་འདུན་བཟང་གིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ། སློབ་དཔོན་པདྨས་དགེ་སློང་དང༌། དགེ་ཚུལ་གྱི་ལོ་དྲི་བ་གཉིས་མཛད། ཤཱཀྱ་འོད་ཀྱིས་སུམ་བརྒྱ་པར་རང་འགྲེལ་དང་བཅས་མཛད། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལ་འགྲེལ་པ་དྲུག་བཞུགས་པར་གྲགས་པ་ནི་འདི་དྲུག་སྟེ། ཉིད་ཀྱི་རྣམ་འབྱེད། ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ། དྲི་མེད་བཤེས་གཉེན་གྱིས་མཛད་པའི་འགྲེལ་ཆུང༌། ཤཱཀྱ་འོད་ཀྱིས་མཛད་པའི་རྒྱ་དཔེ་རྣམས་བཞུགས་པར་གསུངས་སོ།།

                འདུལ་བ་མདོ་རྩ་ནི། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད། འདུལ་བ་མདོ་རྩ་བ་འདིའི་ནང་དོན་ནི་སངས་རྒྱས་ཀྱི་གསུང་རབ་ནང་བཞུགས་པའི་འདུལ་བ་ལུང་སྡེ་བཞིའི་བརྗོད་དོན་རྣམས་གོ་རིམ་དུ་བསྒྲིགས་ནས་གནད་ཚང་བར་མཛད་པ་ཞིག་ཡིན། འདི་ལ་ལེའུ་ཉི་ཤུ་དང་བམ་པོ་དགུ་ཡོད་ཅིང༌། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་མུ་ཏིག་བཙན་པོའི་དུས་སུ་རྒྱ་གར་གྱི་པཌཎི་ཏ་ཛི་ན་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར། འདི་ལ་སློབ་དཔོན་རང་ཉིད་ཀྱིས་མཛད་པ་པཌཎི་ཏ་ཨ་ལངྐ་དེ་བ་དང༌། བོད་ཀྱི་ལོ་ཙཱ་བ་སྟེང་པ་ཚུལ་ཁྲིམས་འབྱུང་གནས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར། དུས་རབས་བཅུ་གསུམ་པའི་དཀྱིལ་དུ་བཀའ་གདམས་པའི་དགེ་བཤེས་མཚོ་སྣ་བ་རིན་ཆེན་བཟང་པོས་མཛད་པའི་འདུལ་བ་མདོ་རྩ་བའི་མཆན་འགྲེལ་ཉི་མའི་འོད་ཟེར་ཞེས་རྨད་དུ་བྱུང་བའི་ལེགས་བཤད་འདི་ཉིད་ཀྱང་བསྟན་པའི་ནང་མཛོད་འདུལ་བསྟན་དྲི་མེད་བཤད་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་གསུམ་གནང་ཡུལ་དགོན་སྡེ་གྲྭ་ཚང་སོགས་སུ་འགྲོ་དོན་ཤིན་ཏུ་ཆེ་ཞིང༌། གཞན་ཡང་རྒྱ་བོད་ཀྱི་མཁས་པ་གཞན་གྱིས་མཛད་པའི་འདུལ་བའི་སྐོར་གྱི་རྩ་འགྲེལ་དང་ཡང་འགྲེལ་མང་དུ་བཞུགས་པ་བཅས་སོ།།

འཆདྃ་པས་འགྲོ་མང་སྨིན་གྲོལ་ལམ་ལ་འགོད། །
རྩོདྃ་པས་ལུང་རིགས་བརྒྱ་ཡིས་རྒོལ་ངན་འཇོམས། །
རྩོམྃ་པས་གཟུར་གནས་སྐྱེ་བོའི་ཡིད་དབང་འཕྲོག །
མཁས་པའི་བྱ་བ་གསུམ་གྱིས་བསྟན་འགྲོ་བསྐྱངས། །
ཅེས་བར་སྐབས་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
5 ༡༢༢༠༡༦༡༡༡༩
སྐུ་ཉིད་ལ་རྫོགས་ཆེན་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བས་མཛད་པའི་སྤྱོད་འཇུག་གི་མཆན་འགྲེལ་ཡོད་ན་གནང་རོགས། ཅིས་ནས་ཀྱང་དགོས་པ་བྱུང་སོང་། ཐུགས་རྗེ་གཟིགས།
4 ༢༣༢༠༡༤༠༠༣༥
ཀརྨ་པ་བདུན་པའི་རྩོམ་པའི་རིག་གཞུང་རྒྱ་མཚོའི་ཚད་མ་སྐོར་ཁྱེད་ཀྱིས་མཁྱེན་ཨེ་ཡོད་ན། བཀའ་བརྒྱུད་པ་ལའང་ཚད་མ་སྔོན་ནས་ཡོད་པ་ཤེས་པ་གྱིས།
3 ༢༡༢༠༡༤༡༩༤༧
འཕགས་པ་ཐོག་མེད་ཀྱི་བྱམས་ཆོས་སྡེ་ལྔའི་འབྲེལ་བ་ཡོད་ཨེ་རེད་ལགས་གལ་སྲིད་ཡོད་ན་སྡེ་ལྔ་སོ་སོའི་འབྲེལ་བ་བསྟན་བཅོས་ཀྱི་མིང་ལ་གང་ཞུ་གི་ཡོད་ན། དེ་མ་ཡིན་པས་གཞན་པ་འཕགས་བོད་ཀྱི་མཁས་པ་དག་གིས་བྱམས་སྡེ་ལྔའི་ནང་ཚན་ཆོས་ཉིད་རྣམ་འབྱེད་དང་དབུས་མཐའ་རྣམ་འབྱེད་གཉིས་ཀྱི་འབྲེལ་བ་ཡོད་དར་བ་ཨེ་རེད་གལ་སྲིད་ཡོད་ན་ངོ་སྤྲོད་ཅིག་གནང་རོགས་གནོངས།
2 ༢༡༢༠༡༤༡༩༤༣
འཕགས་པ་ཐོག་མེད་ཀྱི་བྱམས་ཆོས་སྡེ་ལྔའི་འབྲེལ་བ་ཡོད་ཨེ་རེད་ལགས་གལ་སྲིད་ཡོད་ན་སྡེ་ལྔ་སོ་སོའི་འབྲེལ་བ་བསྟན་བཅོས་ཀྱི་མིང་ལ་གང་ཞུ་གི་ཡོད་ན། དེ་མ་ཡིན་པས་གཞན་པ་འཕགས་བོད་ཀྱི་མཁས་པ་དག་གིས་བྱམས་སྡེ་ལྔའི་ནང་ཚན་ཆོས་ཉིད་རྣམ་འབྱེད་དང་དབུས་མཐའ་རྣམ་འབྱེད་གཉིས་ཀྱི་འབྲེལ་བ་ཡོད་དར་བ་ཨེ་རེད་གལ་སྲིད་ཡོད་ན་ངོ་སྤྲོད་ཅིག་གནང་རོགས་གནོངས།
1 ༢༢༢༠༡༢༠༩༤༦
རྣམ་གྲྭའི་གྲྭ་ཐུབ་བསྟན་ཡར་འཕེལ་མཆོག་གིས་དཔྱད་གླེང་ཕན་ཐོགས་ཅན་དང་བློ་ལ་འཇུག་བདེ་པོ་ཞིག་གནང་འདུག་པར་བཀྲིས་བདེ་ལེགས་དང་རྗེས་སུ་ཡིད་རངས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།