ཐེག་པ་གསུམ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། ཐེག་པ་ཆེ་ཆུང་གི་ཁྱད་པར།       ༈ སྤྱིར་ཐེག་པ་ཞེས་པ་ནི་བཟོད་པའམ་བཏེག་ནས་ཐེག་པ་སྟེ། གླང་པོ་ཆེ་ལ་ཁུར་སོགས་འཁྱེར་ནས་འགྲོ་བའི་བྱ་བ་ལ་ཟེར་བ་བཞིན་བླ་ན་མེད་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ཏུ་བགྲོད་པར་བྱེད་པ་རྣམས་ལ་བཏགས་པའི་ཐ་སྙད་ཅིག་སྟེ། གཞན་དོན་གྱི་ཁུར་པོ་ཐེག་ཆེ་ཆུང་ངམ་བསམ་པ་རྒྱ་ཆེ་ཆུང་གི་སྒོ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བ་ཡིན་ཅིང༌། ལམ་གྱི་མིང་གི་རྣམ་གྲངས་ཤིག་ཀྱང་ཡིན་པས་ཐེག་པ་གསུམ་ཞེས་པས་ཀྱང་ལམ་ཆུང་ངུ་དང༌། ལམ་འབྲིང་པོ། ལམ་ཆེན་པོ་ཞེས་ལམ་གསུམ་ལ་གོ་དགོས་ཤིང༌། ནང་པ་སངས་རྒྱས་པའི་ཆོས་ལུགས་སུ་ཞུགས་པའི་གང་ཟག་རྣམས་སྟོན་པ་ཉིད་ཀྱིས་སེམས་བསྐྱེད་ཀྱི་རིམ་པ་མཐོ་དམན་རིས་སུ་ཕྱེ་བའི་རྣམ་གཞག་ཅིག་ཡིན།

                 དེ་ཡང་རང་གཞན་གཉིས་ཀའི་དོན་གྱི་ཁུར་ཆེན་པོ་དང་ལྡན་པ་རྣམས་ཐཻག་ཆེན་དང༌། རང་དོན་འབའ་ཞིག་པའི་དོན་གྱི་ཁུར་ཆུང་ངུ་ལྡན་པ་རྣམས་ཐེག་དམན་དུ་བཞག་ལ། དེ་ལྟར་དབྱེ་ཚུལ་ཡང་གྲུབ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་ཞེས་པའི་སྐབས་ཀྱི་ཐེག་པ་སོགས་སྐབས་མི་འདྲ་བ་སོ་སོར་མི་འདྲ་བ་མང་ཡང༌། མདོ་སྡེ་རྒྱན་ལས། སྡེ་སྣོད་གསུམ་ནི་གསུམ་མམ་གཉིས་ཀྱང་རུང༌། །ཞེས་གསུངས་པ་ལྟར་ན་ཕལ་ཆེ་བའི་ལུགས་ལྟར་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་དུ་བསྡུས་ཀྱང་རུང་ཞིང༌། ཡང་ན་གཉིས་ཏེ། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་གཉིས་ལ་ཐེག་དམན་ཞེས་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཐེག་ཆེན་ཞེས་གཉིས་སུ་བསྡུས་ཀྱང་རུང་ངོ༌།།

                 ལམ་གྱི་དམིགས་པ་དང་བསམ་པའི་ཁྱད་པར་རྒྱ་ཆེ་ཆུང་གི་སྒོ་ནས་ཉན་ཐོས་ཀྱི་ལམ་ལ་ཐེག་པ་ཆུང་ངུ་དང༌། རང་རྒྱལ་གྱི་ལམ་ལ་ཐེག་པ་འབྲིང་དང༌། བྱང་སེམས་ཀྱི་ལམ་ལ་ཐེག་པ་ཆེན་པོ་ཞེས་མིང་གིས་བཏགས་པ་ཡིན། དེ་རེ་རེ་ལ་ལམ་ལྔ་རེ་ཡོད་པ་གཅིག་མཚུངས་ཡིན། འོན་ཀྱང་གཞན་དོན་ཁུར་དུ་ལེན་པ་དང་མི་ལེན་པའི་ཆ་ནས་ཉན་ཐོས་ཀྱི་ཐེག་པ་དང༌།  རང་རྒྱལ་གྱི་ཐེག་པ་གཉིས་ལ་ཐེག་པ་ཆུང་ངུ་དང༌། བྱང་སེམས་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཞེས་བརྗོད།

                ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌།  །ཐབས་ལ་མཁས་པར་འགྱུར་བ་དང༌།  །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་ཉིད་དང་ལྡན་པའི་ཕྱིར། །

ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པ་ལྟར་ཐེག་དམན་ཉན་རང་ལས་ཆེན་པོ་བདུན་གྱིས་ཁྱད་པར་དུ་འཕགས་པས་ཐེག་པ་ཆེན་པོ་ཞེས་བྱ་ལ། དེའི་ཐད་ཀྱི་དབྱིག་འགྲེལ་ལས། ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་ངེས་པར་བརྗོད་དེ། ཞེས་སོགས་གསུངས་པ་ལྟར། ཐེག་ཆེན་ནི་རང་ཉིད་གཅིག་པུ་འཁོར་བ་ལ་ཐར་བར་འདོད་པའི་ཞི་བདེ་དོན་གཉེར་གྱི་བསམ་པ་སྤངས་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཀྱི་ཁུར་ཆེན་པོ་རང་གི་འཁྱེར་བ་ཞིག་ལ་ཟེར། དེ་ཡང་ཐེག་དམན་ལ་ཉན་ཐོས་ཀྱི་ཐེག་པ་དང༌། རང་རྒྱལ་གྱི་ཐེག་པ་གཉིས་དང༌། ཐེག་ཆེན་ལ་ཡང་རིམ་པ་གོང་འོག་གཉིས་ཏེ། རིམ་པ་གོང་མ་གསང་སྔགས་རྡོ་རྗེ་ཐེག་པ་དང༌། རིམ་པ་འོག་མ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་གཉིས་སོ།།

ཉན་ཐོས་ཀྱི་ཐེག་པ།

                ༈ ཐེག་པ་གསུམ་ལས་དང་པོ་ཉན་ཐོས་ཞེས་པའི་ཉན་ཐོས་ནི། ལེགས་སྦྱར་སྐད་དུ་ཤྲ་བ་ཀ་ཞེས་པ་ཉན་པ་དང་ཐོས་པ་གཉིས་ཀ་ལ་འཇུག་པས་ཉན་ཐོས་ཏེ༑ སློབ་དཔོན་གཞན་ལ་བསྟེན་ཞིང་དེ་ལས་ཆོས་ཉན་པ་དང་ཐོས་པར་བྱེད་པས་ན་ཉན་ཐོས་དང༌། ཐོས་ནས་ཡུལ་གཞན་དུ་སྒྲོག་པར་བྱེད་པས་ན་ཐོས་སྒྲོག་ཀྱང་ཟེར། དེ་ཡང་འཁོར་བའི་སྐྱོན་དང་མྱང་འདས་ཀྱི་ཡོན་ཏན་གཞན་ལས་ཐོས་པའི་སྒོ་ནས་འཁོར་བ་ལ་ཡིད་འབྱུང་ཞིང༌། གཙོ་བོ་བདེན་བཞིའི་གནས་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བླང་དོར་གྱི་ཉམས་ལེན་ལ་གཞོལ་ཡང་ཐེག་ཆེན་ལྟར་གཞན་དོན་ལ་མི་སྤྲོ་བར་རང་དོན་དུ་ཐར་པ་དོན་དུ་གཉེར་བ་ཞིག་ཡིན།

                ཉན་ཐོས་ཀྱི་ཐེག་པའི་འཇུག་སྒོ་ནི་བསམ་པའི་ཁྱད་པར་སྔར་བཞིན་ལ་སོ་ཐར་རིགས་བདུན་གང་རུང་གི་ཚུལ་ཁྲིམས་བླངས་ནས་མ་ཉམས་པར་བསྲུང་ཞིང༌། ལྟ་བ་ཕུང་ལྔས་བསྡུས་པའི་ཆོས་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་བལྟ་བའི་ལྟ་བ་དང༌། སྒོམ་པ་ཞི་གནས་སྒྲུབ་བྱེད་ཀྱི་སེམས་གནས་དགུ་དང་དེ་ལས་བྱུང་བའི་ཞི་གནས་ཀྱི་བསམ་གཏན་དང༌། ལྷག་མཐོང་བདེན་བཞི་མི་རྟག་སོགས་བཅུ་དྲུག་གཙོ་བོར་བསྒོམ་ཞིང༌། སྤྱོད་པ་སྦྱང་ཡོན་བཅུ་གཉིས་སོགས་ལ་གནས། འབྲས་བུ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་པ་སྟེ་བཞི་པོ་རེ་རེ་ལ་བཞུགས་གནས་གཉིས་རེ་བྱས་པས་བརྒྱད་ཐོབ་པར་འདོད་དོ།།

རང་རྒྱལ་གྱི་ཐེག་པ།

         ༈ གཉིས་པ་རང་རྒྱལ་གྱི་ཐེག་པ་ཞེས་པའི་རང་རྒྱལ་ནི་རང་སངས་རྒྱས་ཏེ༑ སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་ལ་མ་ལྟོས་པར་རང་གི་བྱང་ཆུབ་རང་གི་ཤེས་རབ་ཀྱི་རྩལ་གྱིས་མངོན་དུ་བྱེད་པས་ན་རང་སངས་རྒྱས་སམ་རང་རྒྱལ་ཞེས་ཟེར། དེ་ཡང་སྔོན་གོམས་པའི་སྟོབས་ལས་སྲིད་པ་ཐ་མ་པར་གྱུར་པ་ན་འཁོར་འདས་ཀྱི་སྐྱོན་ཡོན་སློབ་དཔོན་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་རང་ཉིད་འཁོར་བ་ལ་ཡིད་འབྱུང་སྟེ། འདུ་འཛི་ལ་མི་དགའ་བར་དབེན་པར་གནས་པ། ཉན་ཐོས་ལས་ཤེས་རབ་ཟབ་ཀྱང་གཞན་དོན་ལ་མི་སྤྲོ་བར་རང་གི་བྱང་ཆུབ་མངོན་དུ་བྱེད་པ་ཞིག་ཡིན།

                རང་རྒྱལ་གྱི་ཐེག་པ་ནི། འཇུག་སྒོ་ཉན་ཐོས་དང་ཕལ་ཆེར་འདྲ་ལ། ལྟ་བ་གང་ཟག་གི་བདག་མེད་རྟོགས་པའི་སྟེང་གཟུང་བ་རང་བཞིན་མེད་པར་རྟོགས་པས་བདག་མེད་ཕྱེད་དང་གཉིས་རྟོགས་ཤིང༌། སྒོམ་པ་དགོས་ཆེད་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམ་པ་དང༌། སྤྱོད་པ་ཉན་ཐོས་དང་འདྲ་ལ། འབྲས་བུ་དབང་རྣོན་བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པ་དང༌། དབང་རྟུལ་ཚོགས་སྤྱོད་རང་རྒྱལ་དགྲ་བཅོམ་པ་གཉིས་ཐོབ་པར་འདོད་དོ།།

                བསེ་རུ་ལྟ་བུའི་རང་རྒྱལ་ནི་ཁྱད་ཆོས་གསུམ་དང་ལྡན་ཏེ། ཉོན་མོངས་ཤས་ཆུང་བས་འདུ་འཛི་ལ་མི་དགའ་བར་རང་ཉིད་གཅིག་པུ་ལ་དགའ་བ་དང༌། བྱང་ཆུབ་སེམས་དཔའ་ལ་བལྟོས་ཏེ་སྙིང་རྗེ་ཆུང་བས་གཞན་དོན་རྒྱ་ཆེན་པོ་ལ་མི་འཇུག་པར་སེམས་ལས་ཆུང་ངུར་གནས་པ་དང༌། དབང་པོ་འབྲིང་དུ་གྱུར་ཅིང་ང་རྒྱལ་སྤྱོད་པ་ཅན་ཏེ་སློབ་དཔོན་གཞན་ལ་ལྟོས་མེད་དུ་རང་གི་བྱང་ཆུབ་མངོན་དུ་བྱེད་པའི་ཁྱད་ཆོས་གསུམ་དང་ལྡན་ནོ།།

                མངོན་རྟོགས་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་སྟོན་དེ་དང་དེ། །སྒྲ་མེད་ཀྱང་སྟེ་དེ་ལྟར་སྣང༌། །ཞེས་གསུངས་པ་ལྟར་ཉན་ཐོས་དང་དེའི་ཚོགས་སུ་སླན་པ་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ། རིམ་པ་གཅིག་གིས་བསྟན་པ། རང་སངས་རྒྱས་ཀྱང་སྟེ་ཞེས་དང༌། རང་རྒྱལ་དགྲ་བཅོམ་པ་ནི་ཉན་ཐོས་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཏེ། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་སྒོ་ནས་རང་གི་བྱང་ཆུབ་མངོན་དུ་བྱེད་པ་དང༌། ཉན་ཐོས་ལས་ཆོས་སྟོན་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ནི། གཙོ་བོར་རང་གི་གདུལ་བྱ་ལ་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པར་བྱེད་པ། ཚོགས་བསགས་ཚུལ་གྱི་སྒོ་ནས་བསྐལ་ཆེན་བརྒྱར་ཚོགས་གསོག་དགོས་པ་དང༌། འབྲས་བུ་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་སྲིད་པ་ཐ་མ་པར་གྱུར་པའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱེད་ནུས་པ། རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་གསུམ་དང་ལྡན་ནོ།།

བྱང་ཆུབ་སེམས་དཔའི་ཐེག་པ།  

ཉིད་རྟོགས་པའི་ཤེས་རབ། དེ་གཉིས་ཟུང་འབྲེལ་དུ་སྒོམ་པ་ལས་གཞན་དཽན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་རྣམ་པ་ཅན་ཞིག་དང༌། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཐར་པའི་གྲོང་དུ་འཁྲིད་པས་ན་ཐེག་པ་ཆེན་པོ་ཞེས་དང༌། ཐེག་པ་འདིར་བཞུགས་ན་སངས་རྒྱས་སུ་བགྲོད་པར་བྱེད་པའི་སྟོབས་ཡོད་པ་དང༌། ཤེས་རབ་རྒྱ་ཆེ་ཞིང་སྤྱོད་ཡུལ་ཡངས་པ་དང༌། མངོན་མཐོའི་དགའ་བ་དང༌། ངེས་ལེགས་ཀྱི་བདེ་བ་ཐམས་ཅད་འཐོབ་པར་བྱེད་པས་ཐེག་པ་ཆེན་པོ་ཞེས་བྱ་སྟེ། སྡུད་པ་ལས། ཅིའི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་གསུངས་པ་ལྟར་རོ། །ཐེག་ཆེན་ལ་གཉིས་ཏེ། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པ་དང་མ་ངེས་པ་གཉིས་དང༌། ཡང་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའོ།།

                ཐེག་པ་ཆེན་པོའི་བཀའ་ཐེག་དམན་གྱི་མདོ་ལས་ཁྱད་པར་དུ་འཕགས་པའི་གནས་བཅུ་ནི། འཕགས་པ་ཐོགས་མེད་ཀྱིས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་འབྲས་རབ་ཏུ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་དང༌། ཐཻག་ཆེན་རིགས་ཅན་ནི། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་པ་ལྟར་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པའི་རྟགས་སུ་ཤེས་པར་བྱ་དགོས་པ་དང༌། གཞན་ཡང་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་དཔེ་དོན་གྱི་འབྲས་བུའི་རྟགས་ལས་ཐེག་པ་འདིའི་རིགས་ཅན་དཔོག་པར་བྱེད་པ་ཡིན་ནོ།།

                ཐེག་ཆེན་ལ། རྒྱུ་ཕར་ཕྱིན་ཐེག་པ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་དབྱེ་ཞིང༌། དེ་ལྟར་གཉིས་སུ་འབྱེད་པའི་རྒྱུ་མཚན་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང༌། རང་ལུགས་ལ་ནི་ཐབས་ཁྱད་པར་ཅན་གྱི་སྒོ་ནས་འབྱེད་པ་ཡིན་ལ། ཐབས་དེ་ནི་གཟུགས་སྐུ་གདུལ་བྱ་ལ་དངོས་སུ་སྣང་ནས་འཁོར་བ་ཇི་སྲིད་བར་དུ་སེམས་ཅན་གྱི་མགོན་སྐྱབས་མཛད་པའི་རྒྱུར་གྱུར་པའི་ཐབས་ལ་བྱང་ཞིང༌། དེ་ཡང་ཆོས་སྐུ་སྒྲུབ་པའི་ཐབས་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་བསྒོམས་པས་འབྲས་བུ་ཆོས་སྐུ་དང་རྣམ་པར་མཐུན་པའི་ལམ་བསྒོམས་པ་ཕར་ཕྱིན་ཐེག་པ་ལ་ཡོད་ཀྱང༌། འབྲས་བུ་གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དང་རྣམ་པ་མཐུན་པའི་ལམ་བསྒོམ་པ་མེད་ལ། གསང་སྔགས་ལ་དེ་ཙམ་མ་ཟད་གཟུགས་སྐུ་སྒྲུབ་པའི་རིགས་མཐུན་གྱི་ཐབས་ཁྱད་པར་བ་འབྲས་བུ་སངས་རྒྱས་ཀྱི་སའི་ཕུན་སུམ་ཚོགས་པ་བཞི་པོ་ལམ་བྱེད་དུ་བྱས་ཏེ་ལྷའི་རྣལ་འབྱོར་བསྒོམ་པ་ཡོད་པས་མདོར་ན་འབྲས་བུ་ཡོངས་དག་བཞི་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་ཡོད་མེད་ཀྱི་སྒོ་ནས་ཐེག་པ་ཆེན་པོ་ལ་དེ་ལྟར་གཉིས་སུ་དབྱེ་བར་འཇོག་གོ།

            གཞན་ཡང་མཐར་ཐུག་གི་འབྲས་བུུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་དངོས་སུ་སྦྱོར་བའི་ལམ་འཁོར་དང་བཅས་པའི་མཚོན་པར་བྱེད་པས་ན་མཚན་ཉིད་ཀྱི་ཐེག་པ་ཅེས་དང༌། འབྲས་བུའི་མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པའི་ཟུང་འཇུག་གི་ཡེ་ཤེས་ལ་ལྟོས་ཏེ་དེའི་རྒྱུའི་ཕྱེད་ཙམ་དུ་སྦྱོར་བར་བྱེད་པས་ན་རྒྱུའི་ཐེག་པ་ཞེས་བྱ་བ་སོགས་སུ་འཇོག་ཚུལ་མང་ངོ༌།།                

                དེས་ན་ལམ་དེ་དག་གི་ངོ་བོ་དང༌། སོ་སོའི་ངོ་སྐལ་གྱི་སྤང་བྱ་སྤོང་ཚུལ། ལམ་རྒྱུད་ལ་སྐྱེ་ཚུལ། ཐེག་པ་སོ་སོའི་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་ཚུལ་སོགས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཞིབ་ཅིང་ཕྲ་བ་རང་གིས་ཤེས་ཏེ་དོན་ཉམས་སུ་བླངས་འདོད་པ་དག་གིས་གཞུང་ལུགས་རབ་འབྱམས་པ་མཁས་པའི་མཁས་པ་བསྟེན་ཅིང་འཕགས་བོད་ཀྱི་དྲི་མ་མེད་པའི་མདོ་རྒྱུད་བསྟན་བཅོས་དག་ལ་བརྩོན་པའི་ངལ་བ་རྒྱུན་ཆགས་སུ་བསྟེན་པར་འཚལ་ལོ།།

རྟག་ཆད་མཐའ་བྲལ་ལྟྃ་བའི་ཕུལ་དུ་གྱུར། །
བྱིང་རྨུག་གཉིད་བྲལ་སྒོམྃ་པ་རྣམ་པར་དག །
ཉེས་པའི་སྐྱོན་བྲལ་སྤྱོདྃ་པ་ཞི་ཞིང་དུལ། །
སྐྱོན་བྲལ་ལྟ་སྒོམ་སྤྱོད་གསུྃམ་རྨད་དུ་བྱུང༌། །  
བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།