རྒྱུད་སྡེ་བཞི།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། རྒྱུད་སྡེ་བཞི།   ༈ རྒྱུད་སྡེ་བཞི་ནི་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་བཅས་བཞི་ཡིན་ཅིང༌། རྒྱུད་སྡེ་བཞི་པོ་རྣམས་གསང་སྔགས་ཀྱི་ནང་དོན་མཆོག་དམན་གྱི་རིམ་པ་དང་བསྟུན་ནས་རིགས་མི་འདྲ་བ་བཞིར་ཕྱེ་བ་ཡིན། རྒྱུད་སྡེ་བཞིའི་གོ་དོན་བཤད་ཚུལ་ལ་བོད་ཀྱི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་སོ་སོའི་གསུང་ཚུལ་མི་འདྲ་བ་ཡོད་ཀྱང༌། ྋགོང་ས་མཆོག་གིས་མཛད་པའི་བོད་གངས་ཅན་གྱི་ཁྱད་ནོར་ལས། རྒྱུད་སྡེ་རང་རང་གི་ཐོག་ནས་རྒྱུད་སྡེའི་མིང་འདོགས་ཚུལ་ལ། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ལས་ཁྲུས་དང་གཙང་སྦྲ་ལ་སོགས་པའི་ཕྱིའི་བྱ་བ་ཤིན་ཏུ་མང་པོ་ལ་བལྟོས་པ་ནི་བྱ་རྒྱུད་དང༌། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཆ་མཉམ་པའི་བྱ་བ་ཧ་ཅང་མི་མང་བ་ལ་སྤྱོད་པས་ན་སྤྱོད་རྒྱུད། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་ལས་ནང་གི་ཏིང་ངེ་འཛིན་གཙོ་བོར་གྱུར་ཅིང་ཕྱིའི་བྱ་བ་ཉུང་ཟད་ལ་བལྟོས་པས་ན་རྣལ་འབྱོར་རྒྱུད། །ཕྱིའི་བྱ་བ་ལ་མི་ལྟོས་ཤིང་ནང་གི་རྣལ་འབྱོར་གཙོ་བོར་བྱེད་ཅིང༌། རྣལ་འབྱོར་དེ་ལས་གོང་དུ་གཞན་མེད་པས་ན་རྣལ་འབྱོར་བླ་ན་མེད་པ་ཞེས་བརྗོད་པ་ཡིན་ཞེས་གསུངས་སོ།།

                མཁས་པའི་དགའ་སྟོན་རྩོམ་པ་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བཞེད་པ་ལྟར་ན་བྱ་རྒྱུད་ནི། ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྒོ་ནས་སྔགས་ཀྱི་ལམ་བསྒོམ་པའི་ཆ་ནས་བཞག་པ་དང༌། སྤྱོད་རྒྱུད་ནི། ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པའི་སྒོ་ནས་སྔགས་ཀྱི་ལམ་བསྒོམ་ཚུལ་གཙོ་བོར་བསྟན་པའི་རྒྱུད་རྣམས་ཡིན་ཞིང༌། རྣལ་འབྱོར་རྒྱུད་ནི། ནང་ཐབས་ཤེས་གཉིས་ཀྱི་རྣལ་འབྱོར་དང་བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་ཚུལ་གཙོ་བོར་སྟོན་པའི་རྒྱུད་རྣམས་ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི། གཞི་ལམ་འབྲས་གསུམ་གྱི་སྐབས་སུ་ཐབས་ཤེས་གཉིས་མེད་དུ་སྦྱོར་ཚུལ་གཙོ་བོར་སྟོན་ཅིང༌། དེ་ལས་ལྷག་པའི་རྒྱུད་སྡེ་གཞན་མེད་པ་ཞིག་ཡིན་པར་གསུངས་སོ།།

                ཤེས་བྱ་ཀུན་ཁྱབ་ལས་རྒྱུད་སྡེ་བཞི་གསུངས་པ་ནི། འདོད་ཆགས་ཅན་དབང་ཕྱུག་གི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་སྤྱོད་རྒྱུད། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་བྱ་རྒྱུད། མ་ངེས་པ་དེ་གསུམ་གང་རུང་དང་ཕྲད་ན་དེ་དག་གི་གྲུབ་མཐའ་འཛིན་པ་རྣམས་གཞུག་ཕྱིར་རྣལ་འབྱོར་གྱི་རྒྱུད་གསུངས་སོ་ཞེས་དང༌། ཡང་སྔགས་ཀྱི་གདུལ་བྱ་ལ་དབང་པོ་བརྟུལ་པོ་ལ་བྱ་བའི་རྒྱུད། འབྲིང་པོ་ལ་སྤྱོད་པའི་རྒྱུད། རྣོན་པོ་ལ་རྣལ་འབྱོར་གྱི་རྒྱུད། ཤིན་ཏུ་རྣོན་པོ་ལ་བླ་མེད་ཀྱི་རྒྱུད་བསྟན་པར་རྡོ་རྗེ་གུར་ལས་གསུངས་པ་དང༌། རབ་ཏུ་སྒྲོན་གསལ་ལས་ཀྱང་སྦྱང་བྱ་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོ་རྣམས་ལ་དགོངས་ནས་རྒྱུད་སྡེ་བཞིར་གསུངས་སོ།།

                རྡོ་རྗེ་ཐེག་པའི་གདུལ་བྱ་ལ་ནང་གསེས་ཀྱིས་གདུལ་བྱ་དམན་པ་དང་དེའི་ལྟག་མ་འབྲིང་དང་མཆོག་དང་ཆེས་མཆོག་ཏུ་གྱུར་པ་སྟེ་བཞི་དང༌། དེ་བཞི་སོ་སོར་གསུངས་པ་ནི་བྱ་བ་སྤྱིའི་རྒྱུད་དང༌། དེ་ལ་གསང་བ་སྤྱི་རྒྱུད་དང༌། ལེགས་གྲུབ་ཀྱི་རྒྱུད། དཔུང་བཟང་གིས་ཞུས་པ། བསམ་གཏན་ཕྱི་མའི་རྒྱུད་དང་བཞི་ལས། དང་པོའི་སྐབས་དཀྱིལ་འཁོར་དང་རྒྱུད་སྡེ་ཐུན་མོང་གི་ཆོ་ག གཉིས་པའི་སྐབས་བསྙེན་སྒྲུབ་དང་དབང་གི་སྐོར། གསུམ་པའི་སྐབས་བསྙེན་ཚད་ལས་ཚོགས་སོགས་ཀྱི་སྐོར། བཞི་པའི་སྐབས་བྱ་རྒྱུད་ཀྱི་དོན་ཐམས་ཅད་གནས་ཀྱི་དེ་ཁོ་ན་ཉིད་དང༌། བདག་གི་དེ་ཉིད། རིགས་སྔགས་ཀྱི་དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། མེ་ལ་གནས་པའི་བསམ་གཏན། སྒྲ་ལ་གནས་པའི་བསམ་གཏན། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན། རིག་སྔགས་བསྒྲུབ་པ་ལ་འཇུག་པའི་ཆོ་ག སྦྱིན་སྲེག་གི་ཆོ་ག དབང་བསྐུར་གྱི་ཆོ་ག་བཅས་རྣམ་གྲངས་བཅུར་བསྡུས་ཏེ་གསུངས་སོ།།

                རྒྱུད་སྡེའི་བཞིའི་ལམ་གྱི་ཆིངས་ནི། འགོ་སྐྱབས་འགྲོ་ནས་བཟུང་སྟེ་སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱངས་པ་སྔོན་དུ་བཏང༌། བྱེ་བྲག་སོ་ཐར་བྱང་སེམས་ཀྱི་སྡོམ་པ་ལེགས་པར་མནོས་ཏེ་བྱང་ཆུབ་ཀྱི་སེམས་འབྱོངས་པའི་བསམ་པ་སེམས་བསྐྱེད་དང༌། སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་སོགས་ཀྱི་སེམས་ཀྱིས་རྩིས་ཟིན་པའི་སྒོ་ནས་སྔགས་ལ་འཇུག་དགོས། དེ་ལ་ཆོས་སྒྲུབ་པར་གཞི་དང་རྩ་བ་ལྟ་བུ་ནི་སྡོམ་པའི་ཚུལ་ཁྲིམས་ཡིན་ལ། དེ་ལ་སོ་ཐར་གྱི་སྡོམ་པ། བསམ་གཏན་གྱི་སྡོམ་པ། ཟག་མེད་ཀྱི་སྡོམ་པ་སྟེ་གསུམ་མོ། །སོ་ཐར་གྱི་སྡོམ་པ་ལ་སོ་ཐར་རིགས་བརྒྱད་དང༌། དགེ་བསྙེན་ལ་ནང་གསེས་དྲུག དེ་ཡང་མིང་གི་སྒོ་ནས་བརྒྱད་དང༌། རྫས་ཀྱི་སྒོ་ནས་དགེ་སློང༌། དགེ་ཚུལ། དགེ་བསྙེན། བསྙེན་གནས་ཏེ་བཞི། རྟེན་གྱི་སྒོ་ནས་ཁྱིམ་པ་དང༌། རབ་བྱུང་གི་སྡོམ་པ་གཉིས། ཡན་ལག་གི་སྒོ་ནས། སྤོང་བདུན། སྤོང་བཞི་གཉིས། དུས་ཀྱི་སྒོ་ནས། ཇི་སྲིད་འཚོའི་མཐའ་ཅན་དང༌། ཉིན་ཞག་གཅིག་གི་མཐའ་ཅན་གཉིས། བསྙེན་གནས་ཀྱི་ཡན་ལག་ལ། ཚུལ་ཁྲིམས་ཀྱི་ཡན་ལག བག་ཡོད་པའི་ཡན་ལག བརྟུལ་ཞུགས་ཀྱི་ཡན་ལག་སྟེ་གསུམ་དུ་བཤད་དོ། །དེ་ཡང་ཕལ་མོ་ཆེ་རྣམས་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཉིད་ངེས་པར་གལ་ཆེ་བས་ལུས་ཀྱི་ལས་གསུམ། ངག་གི་ལས་བཞི། ཡིད་ཀྱི་ལས་གསུམ་སྟེ་བཅུ་དང༌། དེ་དག་ལས་ཀྱང་ཐོག་མཐའ་བར་གསུམ་ཀུན་ཏུ་གལ་ཆེ་བ་ནང་པའི་ཁྱད་ཆོས་ཀྱི་ཆོས་ནི། སྲོག་གཅོད་སྤོང་བ་དང་ལས་འབྲས་བརྩི་བ་སྟེ་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་སྤང་བའི་གཞན་ཕན་གཉིས་ནི་མེད་དུ་མི་རུང་བ་ཡིན་ནོ།།

རྒྱུད་སྡེ་བཞི་ལས་བྱ་རྒྱུད།                ༈ བྱ་རྒྱུད་ནི། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དེ་ཉིད་ཀྱིས། ལྷ་གནས་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་དང༌། གཞན་འཕྲུལ་དབང་བྱེད་སོགས་སུ་གསུངས་ཤིང༌། བྱ་རྒྱུད་ཀྱི་ལམ་ལ་མཚན་བཅས་དང་མཚན་མེད་ཀྱི་ལམ་གཉིས་ཡོད། བྱ་རྒྱུད་ཀྱི་ལམ་སྤྱིའི་ཆིངས་ནི། གང་དུ་སྒྲུབ་པའི་གནས། བདག་གི་དེ་ཁོ་ན་ཉིད། རིག་སྔགས་ཀྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། མེ་གནས་སྒྲ་གནས་སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་གསུམ། སྔགས་སྒྲུབ་པའི་ཆོ་ག སྦྱིན་སྲེག དབང་བསྐུར་བའི་ཆོ་ག་སྟེ་བཅུའོ།།

ལམ་འདིའི་ལུགས་ཀྱིས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སོགས་ཀྱིས་ཚེའི་རིག་འཛིན་སོགས་དང་དངོས་གྲུབ་བསྒྲུབས་ཏེ་ཟབ་གསལ་གཉིས་མེད་ཀྱི་ལམ་གཙོ་བོར་བསྒོམས་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ་ས་བརྒྱད་པ་མན་ཆད་དུ་ཉོན་སྒྲིབ་དང༌། བརྒྱད་པ་ནས་ཤེས་སྒྲིབ་སྤོང་བའི་འགོ་བརྩམས་ཏེ། ས་བཅུ་པའི་སྐབས་སུ་སྔགས་བླ་མེད་ཀྱི་སྣོན་པ་བཏབ་ནས་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་དགོས་སོ།།

                དེ་ཡང་དངོས་གྲུབ་ནི། རིག་སྔགས་འཛིན་པའི་གོ་འཕང་ཐོབ་པ། མངོན་ཤེས་ཁྱད་པར་ཅན་ཐོབ་པ། བསྟན་བཅོས་ཀུན་ཤེས་པ་རབ་དང༌། ལུས་མི་སྣང་བར་བྱེད་པ་དང༌། བཅུད་ལེན་གྲུབ་སྟེ་ཚེ་རིང་བ། རྐང་མགྱོགས་གྲུབ་པ་སོགས་འབྲིང༌། གཞན་དབང་དུ་འདུ་བ། བསད་པ་དང༌། བསྐྲད་པ་སོགས་ལ་དབང་ཐོབ་པ་ཐ་མ་ཡིན་ནོ།།

                བྱ་རྒྱུད་ཀྱི་དབྱེ་བ་ནི།   དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་གཙུག་ཏོར་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་རིགས་དང༌། སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རིགས་སྔགས་ཀྱི་ལྷ་སྒྲོལ་མ་ལ་སོགས་པ་པདྨའི་རིགས་དང༌། ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་ཁྲོ་བོ་ལ་སོགས་པ་རྡོ་རྗེའི་རིགས་དང༌། ནོར་བུ་བཟང་པོ་ལ་སོགས་པ་ནོར་མི་ཟད་པར་བྱིན་གྱིས་རློབས་པའི་ལྷ་རྣམས་ནོར་བུའི་རིགས་དང༌། རིགས་རྒྱུད་དང་ལོངས་སྤྱོད་རྒྱས་པའི་ལས་གྲུབ་པར་བྱེད་པར་དང་ཆོ་ལོ་ལྔས་རྩེ་བར་བྱེད་པ་ལྔ་རྩེན་ལ་སོགས་པ་རྒྱས་པའི་རིགས་དང༌། ལྔ་པོ་དེར་མ་གཏོགས་པའི་ལྷ་དང་ལྷ་མིན་ལ་སོགས་པས་གསང་སྔགས་ཆོ་ག་དང་བཅས་པ་ཕུལ་བ་རྣམས་ནི་འཇིག་རྟེན་པའི་རིགས་སོ།།

                ྋགོང་ས་མཆོག་གིས་མཛད་པའི་བོད་གངས་ཅན་གྱི་ཁྱད་ནོར་ལས། ལམ་ཉམས་ལེན་བྱེད་ཚུལ་ལ་རྒྱུད་སྡེ་འོག་མ་ལ་མཚན་བཅས་དང་མཚན་མེད་གཉིས། ཡང་བྱ་རྒྱུད་ལམ་ཉམས་སུ་ལེན་པར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་སྒྲུབ་བྱེད་གསུམ་ཡོད་པ་ལས། སྐུ་ཆགས་ཅན་སྒྲུབ་པའི་ལམ་དེ་ལ་བྱ་རྒྱུད་ལྷ་དྲུག་གི་སྒོ་ནས་ཆགས་ཅན་གྱི་ལྷ་སྐུར་བསྐྱེད་པ་དང༌། གསུང་སྒྲུབ་རྒྱུའི་རྣལ་འབྱོར་དེ་ལ་ཤུབ་བུའི་བཟླས་པ་དང༌། ཡིད་བཟླས། དེས་རྒྱལ་བའི་གསུང་སྒྲུབ། ཐུགས་སྒྲུབ་རྒྱུ་དེ་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཞེས་སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་དང༌། དེའི་སྔོན་འགྲོ་ལ་མེ་གནས་ཀྱི་བསམ་གཏན་དང༌། སྒྲ་གནས་ཀྱི་བསམ་གཏན་གཉིས་ཡོད། གདུལ་བྱ་གཙོ་བོའི་དབང་དུ་བྱས་ནས་ལྷ་སྒོམ་སྟངས་ནི། དེ་ཡང་བྱ་རྒྱུད་ལྷ་དྲུག་གི་སྒོ་ནས་བསྐྱེད་པས་དེའི་དང་པོ་སྟོང་པའི་ལྷ། སྒྲ་ཡི་ལྷ། ཡི་གེའི་ལྷ། གཟུགས་ཀྱི་ལྷ། ཕྱག་རྒྱའི་ལྷ། མཚན་མའི་ལྷ་བཅས་བྱ་རྒྱུད་ཀྱི་བདག་བསྐྱེད་ལྷ་དྲུག་ཡིན། གཉིས་པ་གསུང་སྒྲུབ་རྒྱུའི་རྣལ་འབྱོར་ནི་རང་གི་རྣ་བར་སྒྲ་དེ་གོ་ཙམ་ཞིག་གི་སྐད་ཆུང་ངུའི་སྒྲ་དང་བཅས་པའི་བཟླས་པ་བགྲང་བ་སྟེ་ཤུབ་བུའི་བཟླས་པ་དང༌། ཡང་སྒྲ་མེད་པར་ཡིད་བཟླས་བྱས་ནས་སོ་སོར་རང་གི་ཡིད་ངོ་ལ་སྔགས་སྒྲ་འདོན་པ་ཞིག་ཤར་བ་མ་གཏོགས་དངོས་སུ་སྒྲ་མ་བརྗོད་པ་འདི་ལ་ཡིད་བཟླས་ཞེས་བརྗོད་པ་ཡིན། གསུམ་པ་ཐུགས་སྒྲུབ་བྱེད་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དེ་ལ༑ མེ་གནས་ཀྱི་བསམ་གཏན་དང༌། སྒྲ་གནས་ཀྱི་བསམ་གཏན། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་བཅས་གསུམ་ཡོད་དོ།།

                བྱ་རྒྱུད་ལ་འདིར་ནི་མདོར་ཙམ་པ་སྟེ། གཞན་ཡང་རྩ་ལྟུང་བཅུ་བཞི་དང༌། ཡན་ལག་གི་ལྟུང་བ་བརྒྱད། དམ་ཚིག་བཅུ་བཞི། བཟླས་བརྗོད་ཡན་ལག་བཞི། ལམ་གསུམ། བྱ་རྒྱུད་ཀྱི་བསམ་གཏན་གསུམ་ལ་སོགས་པ་ཚུལ་བཞིན་མཁྱེན་པར་འདོད་ན་གཞུང་རྒྱས་པ་རྣམས་སུ་གཟིགས་པར་འཚལ་ལོ།།

 

རྒྱུད་སྡེ་བཞི་ལས་སྤྱོད་རྒྱུད།                ༈ སྤྱོད་པའི་རྒྱུད་ཀྱི་གཙོ་བོ་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ཡིན་ལ། གསུང་པ་པོ་ནི། བཞི་བཅོམ་དྲུག་ལྡན་གྱི་སྟོན་པ་བཅོམ་ལྡན་འདས་དང་པོར་མངོན་པར་རྫོགས་པར་སངས་རྒྱས་པའི་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོའོ། །གསུངས་པའི་གནས་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འོག་མིན་སྟུག་པོ་བཀོད་པ་ཞེས་བྱའོ། །དེ་ཡང་སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་དང་གསུམ་མོ།།

                སྤྱོད་པའི་རྒྱུད་ལ་གཙོ་བོ་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཡིན་ལ། ལམ་གྱི་རིམ་པ་ལ་སྤྱོད་རྒྱུད་ལས་བཤད་པའི་ལམ་གྱི་གནད་ཐམས་ཅད་མཚན་བཅས་ཀྱི་རྣལ་འབྱོར་དང༌། མཚན་མེད་ཀྱི་རྣལ་འབྱོར་གཉིས་སུ་འདུས་པ་དང༌། དེ་ཡང་མཚན་བཅས་དང་མཚན་མེད་ཅེས་པ་ནི། སྟོང་ཉིད་སྒོམ་པ་གཙོ་བོར་བྱེད་པའི་གནས་སྐབས་ཀྱི་ལྷའི་རྣལ་འབྱོར་ལ་མཚན་མེད་ཀྱི་རྣལ་འབྱོར་དང༌། སྟོང་ཉིད་སྒོམ་པ་གཙོ་བོར་མི་བྱེད་པའི་ལྷའི་རྣལ་འབྱོར་ལ་མཚན་བཅས་ཀྱི་རྣལ་འབྱོར་ཞེས་བརྗོད་པས་ན་སྤྱོད་རྒྱུད་ཀྱི་སྒྲུབ་པ་པོས་མཚན་བཅས་ཀྱི་རྣལ་འབྱོར་ཚུལ་བཞིན་བསྒོམ་པ་ལ་ཕྱིའི་ཡན་ལག་བཞིའི་བཟླས་བརྗོད་དང༌། ནང་གི་ཡན་ལག་བཞིའི་བཟླས་བརྗོད་གཉིས་ཏེ། དེ་རེ་རེ་ལ་ཡང་བདག་གི་གཞི། གཞན་གྱི་གཞི། སེམས་ལ་གཞོལ་བའི་གཞི། སྒྲ་ལ་གཞོལ་བའི་གཞི་སྟེ་བཞི་རེ་ཡོད་དོ༑༑

                མཚན་མེད་ཀྱི་རྣལ་འབྱོར་ཚུལ་བཞིན་བསྒོམ་པའི་ཚུལ་ནི། ལྷའི་སྐུ་སོགས་ལ་དམིགས་པའི་ཞི་གནས་གྲུབ་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པར་གཅིག་དུ་བྲལ་སོགས་ཀྱི་རིགས་པས་ངེས་པར་བྱས་པའི་ངེས་ཤེས་ཀྱི་རྒྱུན་རིང་སྒོམ་པ་ལས་ངོ་བོ་ཉིད་ཀྱིས་མཚན་མ་དང་བྲལ་བའི་ཏིང་ངེ་འཛིན་སྒོམ་པ་སྟེ། དེ་ཡང་སྟོང་ཉིད་ཀྱི་ངེས་ཤེས་དང་མཚན་བཅས་ཀྱི་ལྷའི་རྣལ་འབྱོར་ཟུང་འབྲེལ་དུ་བསྐྱངས་ཏེ་བློ་ཁ་ཕྱོགས་པ་ཙམ་གྱིས་རྩོལ་མེད་སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུའི་སྐུར་འཆར་བའི་ལྷག་མཐོང་མ་ཐོབ་ཀྱི་བར་དུ་བསྒོམ་པའི་མཐུས་ལམ་ལྷག་མ་རིམ་གྱིས་བགྲོད་ནས་མཐར་ཐུག་གི་འབྲས་བུ་ཐོབ་པར་འགྱུར་རོ།།

                སྤྱོད་རྒྱུད་ཀྱི་ལམ་ནི། མདོར་བསྡུས་ན་སྤྱོད་རྒྱུད་ཀྱི་དབང་ཐོབ་སྟེ་དེའི་ལམ་ལ་བརྟེན་ནས་སེམས་བསྐྱེད་པ་ནས་མཚན་མེད་རྣལ་འབྱོར་གྱི་ལྷག་མཐོང་སྐྱེ་ཁ་མའི་བར་ཚོགས་ལམ་དང༌། དེ་འདྲའི་ལྷག་མཐོང་སྐྱེས་པ་ནས་རྒྱུན་མཐའི་བར་ཆད་རྫོགས་པའི་བར་ས་བཅུ་པ། དེ་ནས་སྔགས་བླ་མེད་ཀྱི་སྣོན་པ་བཏབ་སྟེ་འབྲས་བུ་མངོན་དུ་བྱེད་དོ། །

                བྱ་སྤྱོད་གཉིས་ཀྱི་ལམ་གྱི་འགངས་འདྲ་བས་བསྡུ་ན། གཟུགས་སྐུ་གཙོ་བོར་སྒྲུབ་བྱེད་ཀུན་རྫོབ་ལྷའི་རྣལ་འབྱོར། ཆོས་སྐུ་གཙོ་བོར་སྒྲུབ་བྱེད་དོན་དམ་ལྷའི་རྣལ་འབྱོར། ལྷའི་ཐུགས་རྒྱུད་སྐུལ་བྱེད་བཟླས་པའི་རྣལ་འབྱོར། ལྷའི་རྣལ་འབྱོར་གཉིས་ཀའི་རྟེན་བྱེད་རླུང་གི་རྣལ་འབྱོར་བཞི་དང༌། དེ་ཡང་ཀུན་རྫོབ་ལྷའི་རྣལ་འབྱོར་ནི་མཚན་བཅས་དང༌། དོན་དམ་ལྷའི་རྣལ་འབྱོར་ནི་མཚན་མེད་དེ་གཉིས་སུ་འདུ་བ་ཡིན་ལ། དེ་ལྟའི་བྱ་སྤྱོད་ཀྱི་རྒྱུད་མན་ངག་བོད་དུ་དར་ཚུལ་ནི༑ འཕགས་ཡུལ་དུ་སངས་རྒྱས་གསང་བ་སོགས་ཀྱིས་བྱ་སྤྱོད་ཀྱི་བཤད་བཀའ་དང་སྒྲུབ་བཀའ་གཉིས་ཀ་དར་བར་མཛད་ལ། བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དབས་མཛུཉ་ཤྲིའ་སོགས་སངས་རྒྱས་གསང་བ་སྤྱན་འདྲེན་པར་བཏང་ཡང་བྱོན་མ་ཐུབ་མོད། ཁོང་ལས་ཆོས་རྒྱུན་གསན་ཏེ་དཔུང་བཟང་གི་རྒྱུད་དང༌། བསྡུས་དོན་གྱི་འགྲེལ་པ་དང༌། རྗེས་གནང༌། བྱིན་རླབས། རིགས་གཏད། ལུང་སྦྱིན་པ་སོགས་པའི་རྒྱུན་ཕལ་ཆེར་ཞིག་ད་ལྟའི་བར་དུ་མ་ནུབ་པར་བཞུགས་ཚུལ་སོགས་འདི་སྐོར་ཞིབ་པར་མཁྱེན་འདོད་ན་བླ་མ་གོང་མ་རྣམས་ཀྱི་གསུང་ལ་མཇལ་བར་འཚལ་ལོ།།

རྒྱུད་སྡེ་བཞི་ལས་རྣལ་འབྱོར་རྒྱུད།                ༈ རྣལ་འབྱོར་རྒྱུད་ནི། ལོངས་སྐུ་རྣམ་སྣང་འོག་མིན་ལས་མི་གཡོ་བར་སྤྲུལ་སྐུ་རྣམ་སྣང་གིས་རི་རབ་ཀྱི་རྩེ་མོར་གཞལ་ཡས་ཁང་སྤྲུལ་ཏེ། རྩ་རྒྱུད་དེ་ཉིད་བསྡུས་པ་དང༌། བཤད་རྒྱུད་རྡོ་རྗེ་རྩེ་མོ་གསུངས་པར་བཤད་ལ། དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བ་ལས། རྣལ་འབྱོར་རྒྱུད་ལ། རྩ་རྒྱུད་དེ་ཉིད་བསྡུས་པ། བཤད་རྒྱུད། ཆ་མཐུན་གྱི་རྒྱུད་གསུམ་ལས་དང་པོ་ལ་དུམ་བུ་བཞི་ཡོད་ཅེས་གསུངས་པ་ལྟར།  དུང་དཀར་ཚིག་མཛོད་ཆེན་མོ་ལས་ཀྱང༌། རྣལ་འབྱོར་རྒྱུད་ཀྱི་དུམ་བུ་བཞི། རྡོར་དབྱིངས་ཀྱི་དུམ་བུ། ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུ། འགྲོ་འདུལ་གྱི་དུམ་བུ། དོན་གྲུབ་ཀྱི་དུམ་བུ་རྣམས་སོ་ཞེས་གསུངས་ལ། ྋགོང་ས་མཆོག་གིས་མཛད་པའི་བོད་གངས་ཅན་གྱི་ཁྱད་ནོར་ལས། རྣལ་འབྱོར་རྒྱུད་བོད་དུ་བསྒྱུར་བའི་ནང་ནས་གཙོ་བོ་རྡོར་དབྱིངས་དང༌། ངན་སོང་སྦྱོང་རྒྱུད་དང༌། ཀུན་རིག་གི་སྐོར་དེ་དག་ཡིན་པར་གསུངས་ཤིང༌། རྣལ་འབྱོར་རྒྱུད་སྤྱིའི་འགྲོ་སྟངས་བྱས་ན། སྦྱང་གཞི་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་དང་བྱ་བ་བཞི་དང་སྦྱོང་བྱེད་ཀྱི་ལམ་ལ། སྐུ་ཕྱག་རྒྱ། གསུང་ཐོས་རྒྱ། ཐུགས་དམ་རྒྱ། འཕྲིན་ལས་ལས་རྒྱ་ཞེས་གཙོ་བོ་ནང་གི་ཕྱག་རྒྱ་བཞི་པོ་དེ་དང་འབྲེལ་བའི་ཕྱིའི་ཕྱག་རྒྱ་བཞི། ཕྱི་ནང་གི་ཕྱག་རྒྱ་བཞི་བཞི་བྱས་པ་འདིས་སྒྲུབ་པ་པོའི་ལུས་ངག་ཡིད་ཀྱི་བྱ་བ་དང་བཅས་པ་སྦྱངས་པའི་འབྲས་བུར། རྒྱལ་བའི་སྐུ་གསུང་ཐུགས་འཕྲིན་ལས་བཞི་ཡོད། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དང་བྱ་བའི་ཡུལ་ལ་ཡོད་པའི་འཕྲིན་ལས་གཉིས་གཅིག་ཏུ་བསྡུས་ནས་དེ་བཞི་གསུངས་ཡོད་ཅེས་པ་ལྟར་མདོར་ན་རྣལ་འབྱོར་རྒྱུད་ཉན་བསམ་སྒོམ་སྒྲུབ་བྱེད་པ་ལ་དེའི་དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་དགོས་ཤིང༌། ཁྱད་པར་དུ་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་ཕལ་ཆེར་བླ་མེད་དང་མཐུན་པར་ཡོད།

                འདིའི་བསྒོམ་བྱའི་ལམ་ལ་སྒྲུབ་ཐབས། བདག་རྫོགས་རྣལ་འབྱོར་ཆེན་པོ་སོགས་དང༌། ཏིང་ངེ་འཛིན་གསུམ་དང༌། ལམ་འབྲས་ཀྱི་ཕྱག་རྒྱ་བཞི་སོགས་ཡོད། ཕྱག་རྒྱ་ལ། དམ་རྒྱ། ཆོས་རྒྱ། ཕྱག་ཆེན། ལས་རྒྱ་སྟེ་བཞི་དང༌། དེ་ཡང་སྦྱང་གཞི་གཞིའི་ཕྱག་རྒྱ་བཞི། སྦྱོང་བྱེད་ལམ་གྱི་ཕྱག་རྒྱ་བཞི། སྦྱངས་པ་འབྲས་བུའི་ཕྱག་རྒྱ་བཞི་ཡོད། སྦྱོང་བྱེད་ཕྱག་རྒྱ་བཞིས་སྦྱང་བྱའི་ཕྱག་རྒྱ་བཞི་སྦྱངས་ནས་སྦྱངས་འབྲས་ཕྱག་རྒྱ་བཞི་འགྲུབ། ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་བསྒོམས་བྱུང་རྒྱུད་ལ་སྐྱེས་པ་ན་དམ་རྒྱ་དང༌། རླུང་གི་གདངས་ཀྱིས་སྔགས་ཀྱི་རང་སྒྲ་སྒྲོགས་པའི་ནུས་པ་རྙེད་པ་ཆོས་རྒྱ་དང༌། རང་ལྷ་སྐུར་བསྒོམ་པ་ལ་རེག་མཐོང་གི་མཚན་མ་རྙེད་པ་ཕྱག་ཆེན། སྤྲོ་བསྡུ་ཙམ་གྱིས་ལས་བཞི་འགྲུབ་པ་ལས་རྒྱ་གྲུབ་པ་ཡིན་ནོ།།

                ལམ་འདི་ལ་བརྟེན་ནས་སེམས་བསྐྱེད་སྐྱེས་པ་ན་ཚོགས་ལམ། ཞི་ལྷག་ཟུང་འབྲེལ་ཐོབ་པ་ན་སྦྱོར་ལམ། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ན་མཐོང་ལམ་ཐོབ་ནས། རྒྱུན་མཐའི་རྣམ་གྲོལ་ལམ་སྐྱེས་པ་ན་འོག་མིན་དུ་རྣམ་སྣང་ཆེན་པོའི་གོ་འཕང་མངོན་དུ་བྱས་པ་ཡིན་ནོ།།       

རྣལ་འབྱོར་རྒྱུད་ནང་དུ་ལམ་གྱི་ཆིངས་རྣམས་བཞི་ཚན་བཞི་ཚན་དུ་བྱས་ནས་གསུང་གི་ཡོད་པ་ལྟར་རྣལ་འབྱོར་རྒྱུད་ཀྱི་ལམ་གྱིས་བགྲོད་པར་འདོད་པ་དག་ཐོག་མར་མཚན་བཅས་ཀྱི་རྣལ་འབྱོར་ཇི་ལྟར་བསྒོམ་ཚུལ། དེའི་ཡན་ལག་ཕྱག་རྒྱ་བཞིས་རྒྱས་འདེབས་ཚུལ། མཚན་མེད་ཀྱི་རྣལ་འབྱོར་ཚུལ་ཇི་ལྟར་བསྒོམ་ཚུལ་སོགས་ཞིབ་པར་ཤེས་ནས་ཉམས་སུ་ལེན་འདོད་པ་དག་གིས་དམ་པ་གོང་མ་རྣམས་ཀྱིས་གསུང་དང་བླ་མའི་ཞལ་ལས་མཁྱེན་པར་འཚལ་ལོ།།

རྒྱུད་སྡེ་བཞི་ལས་རྣལ་འབྱོར་བླ་མེད་རྒྱུད།                ༈ རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི། གདུལ་བྱའི་ངོར་དགོས་དབང་གིས་སྡོམ་འབྱུང་དང༌། རྡོ་རྗེ་སྙིང་འགྲེལ་སོགས་རྒྱུད་སྡེ་འགའ་ཞིག་ཏུ་གྲངས་ཚད་གསུངས་ཡོད་ལ། འདི་ལ་དབྱེ་ཚུལ་སྣ་ཚོགས་ཡོད་ཀྱང་རང་ལུགས་ནི་བླ་མེད་ཀྱི་རྒྱུད་ཀུན་བསྡུས་ན་ཕ་རྒྱུད་དང༌། མ་རྒྱུད་གཉིས་དངོས་སམ་དེའི་སྡེར་གཏོགས་ཅི་རིགས་པར་འདུས་པས་ཕ་རྒྱུད་དང་མ་རྒྱུད་གཉིས་སུ་དབྱེའོ། །ཕ་རྒྱུད་དང་མ་རྒྱུད་གཉིས་ཀྱི་ཁྱད་པར་ནི། གཟུགས་སྐུའི་རིགས་མཐུན་གྱི་རྒྱུ་དག་མ་དག་གི་སྒྱུ་མའི་སྐུ་རྩལ་དུ་བཏོན་ནས་མི་འཆད་པར། ཆོས་སྐུའི་རིགས་མཐུན་གྱི་རྒྱུ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་རྟོགས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་ཆ་ནས་མ་རྒྱུད་དང༌། ཡེ་ཤེས་དེ་རྩལ་དུ་བཏོན་ནས་འཆད་པར་མ་ཟད། གཟུགས་སྐུའི་རིགས་མཐུན་གྱི་རྒྱུ་དག་མ་དག་གི་སྒྱུ་མའི་སྐུ་སྒྲུབ་ཚུལ་རྩལ་དུ་བཏོན་ནས་འཆད་པའི་ཆ་ནས་ཕ་རྒྱུད་ཅེས་བཞེད་ཅིང༌། སྤྱིར་བླ་མེད་ཀྱི་རྒྱུད་ལ་དུས་འཁོར་དང༌། ཀྱཻ་རྡོར། གཤིན་རྗེ་གཤེད་ཀྱི་སྐོར་སོགས་རྒྱུད་ཀྱི་རྣམ་གྲངས་ཆེས་མང་ཞིང་དེ་དག་ཐམས་ཅད་ཕ་མའི་རྒྱུད་ཅི་རིགས་སུ་གཏོགས་སོ།།

                 ྋགོང་ས་མཆོག་གིས་མཛད་པའི་བོད་གངས་ཅན་གྱི་ཁྱད་ནོར་ལས། རྣལ་འབྱོར་བླ་མེད་གསུངས་སྐབས། དེའི་ཆེད་དུ་བྱ་བའི་གདུལ་བྱ་གང་གི་ཆེད་དུ་གསུངས་སའི་གཙོ་བོ་ནི། ཕ་ལས་ཐོབ་པའི་མཛོད་གསུམ། མ་ལས་ཐོབ་པའི་མཛོད་གསུམ། ཞེས་མངལ་སྐྱེས་ཁམས་དྲུག་ལྡན་གྱི་འདོད་ཁམས་པའི་ཆེད་དུ་གསུངས་ཞེས་དང༌། དེ་ལྟ་བས་ན། རྣལ་འབྱོར་བླ་མེད་ཀྱི་སྐབས་སུ། ཡ་གི་འབྲས་བུ་རྣམ་བྱང་ཕྱོགས་ཀྱི་ཆོས་མཐུན་པའི་རྣལ་འབྱོར་སྒོམ་རྒྱུ་ཡོད་པ་མ་ཟད། མ་གི་སྦྱང་གཞི་སྲིད་པ་སྐྱེ་འཆིའི་རིམ་པ་དང་མཐུན་པར་སྦྱར་རྒྱུ་ཡོད་པ་འདི་ནི་རྣལ་འབྱོར་བླ་མེད་ཀྱི་འགྲོ་སྟངས་མི་འདྲ་བ་ཞིག་དང༌། ཚོགས་རྫོགས་པར་བྱེད་པ་ལ་ཁྱད་པར་དུ་གྱུར་པ་དེ་འདྲ་ཡང་ཡོད། དེ་ལ་བླ་མེད་ཀྱི་རྒྱུད་བཤད་པ་ན། རྒྱུའམ་གཞི་རྒྱུད། ལམ་མམ་ཐབས་རྒྱུད། འབྲས་བུའམ་མི་འཁྲུག་པའི་རྒྱུད་ཅེས་རྒྱུད་གསུམ་གསུངས་ཞིང་དེ་ཐམས་ཅད་མཐར་གཏུགས་ན། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཉག་གཅིག་པུའི་སྟེང་ནས་འཆད་དགོས་པ་ཡིན་ཞེས་སོ།།

                བླ་མེད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་རིགས་ལྔ་སྟེ། པདྨ་ལྟ་བུ་དང༌། པད་དཀར་དང༌། ཨུཔཏལ་དང༌། ཙནྡན་ལྟ་བུའི་གང་ཟག་བཞི་དང༌། ཆེས་མཆོག་ཏུ་གྱུར་པ་རིན་པོ་ཆེ་ལྟ་བུའི་གང་ཟག་གཅིག་བཅས་གང་ཟག་མི་འདྲ་བ་ལྔ་ཡོད་པར་བཞེད། གདུལ་བྱའི་དབང་དང་དགོས་པའི་དབང་གིས་རྒྱུད་དོན་ཟབ་མོ་གོང་འོག་དཀྲུགས་པ་དང་གབ་པ་དང་སྦས་པ་མཐའ་ཡས་པ་ན། རྒྱུ་བཤད་པ་ན་རྒྱུད་བཤད་ཐབས་ཀྱི་མན་ངག་རྒྱན་བདུན་གྱི་སྒོ་ནས་འཆད་ཚུལ་སོགས་ཕྱག་ལེན་དུ་བསྟར་དགོས་པར་བཞེད་ཅིང༌། ྋགོང་ས་མཆོག་གིས་མཛད་པའི་བོད་གངས་ཅན་གྱི་ཁྱད་ནོར་ལས། གང་ཟག་དེ་དང་དེ་ལ་རང་རང་གི་དབང་པོ་དང་འཚམས་པར་མཐའ་དྲུག་དང་ཚུལ་བཞི། སློབ་བཤད་དང་ཚོགས་བཤད་ཀྱི་ཐོག་ནས་དགོས་པ་བདེན་གཉིས་ངེས་པའི་རྒྱན་ཞེས་གསུངས་པ་ཡིན། འདིའི་བདེན་གཉིས་ནི་མདོ་སྔགས་ཐུན་མོང་གི་བདེན་གཉིས་མིན་པར་སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་བདེན་གཉིས་དེ་ཡིན།

                རྣལ་འབྱོར་བླ་མེད་ཀྱི་གནས་སྐབས་སུ་གསུངས་པའི་བདེན་གཉིས་གང་རུང་ཡིན་ན། མདོ་སྔགས་ཐུན་མོང་གི་དབང་དུ་བྱས་པའི་བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་བོ། །མདོར་ན་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ནས་གསུངས་པའི་བླ་མེད་ཀྱི་རྒྱུད་རྒྱན་བདུན་གྱི་སྒོ་ནས་འཆད་པ་ཞེས་པའི་འགྲོ་སྟངས་ནི་འདི་ཡིན་ཞེས་གསུངས་པ་ལྟར་ཞིབ་ཕྲ་མཁྱེན་པར་འདོད་ན་རབ་འབྱམས་གཞུང་ལུགས་དེ་དང་དེ་ལ་གཟིགས་པར་འཚལ་ལོ།།

གཅིགྃ་ཏུ་བཀའ་བསྟན་མདོ་སྔགས་གཞུང་བརྒྱ་འཆདྃ། །
གཉིསྃ་སུ་བསྟན་པ་རྒྱན་དུ་བཙུགས་ནས་རྩོདྃ། །
གསུམྃ་དུ་མདོ་རྒྱུད་རིག་གནས་གཞུང་མང་རྩོམྃ། །
བསྟན་འཛིན་སྐྱེས་བུ་རྣམས་ལ་སྙིང་ནས་དད། །    ཅེས་ངལ་གསོའི་ཚིགས་བཅད་དུའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༡༦༢༠༡༩༠༧༡༨
པ་སངས
ཕྱིའི་རྒྱུད་སྡེ་ཀྲ་ཡ། ཨུ་པ། ཡོ་ག གསུམ་བབ་ཚུལ་ཁ་སེལ་གསུངས་རོ་གནང་
3 ༡༠༢༠༡༨༡༦༡༤
ངག་དབང་ལེགས་བཤད།
སྤྱོད་རྒྱུད་ཀྱི་ལྷ་རྣམ་སྣང་མངོན་བྱང་ངོས་འཛིན་ཐུབ་པ་ལས་གཞན་ངོས་འཛིན་མ་ཐུབ་པས་གང་ཡིན།
གླེང་མོལ་་་
བློ་དམན་བདག་ལ་ཁས་ཕན་མང་པོ་འབྱུང་བས་ བཀའ་དྲིན་ཆེ་སོ།



བརྗོད་གཞི་གཞན་ཁག་ལ་གཟིགས།