ཕྱི་ནང་གི་གྲུབ་མཐའ་ཁག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། ཕྱི་རོལ་བའི་གྲུབ་མཐའ། ༈ དེ་ཡང་གྲུབ་མཐའ་སྨྲ་བ་ལ་ཕྱི་ནང་གཉིས་ལས་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང༌། དེ་ལས་གཞན་པའི་སྐྱབས་གནས་འཚོལ་བའི་གང་ཟག་ལ་ཕྱི་རོལ་པ་ཞེས་དང༌། དེའི་སྒྲ་བཤད་ནི། རང་སྡེ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ལས་ཕྱི་རོལ་ཏུ་ཕྱོགས་ཏེ་འཇིག་རྟེན་པའི་ཤེས་རབ་ཀྱིས་དངོས་པོའི་གནས་ལ་དཔྱོད་ཀྱང་ལུགས་མཐུན་གྱི་ཐར་པའི་རྗེས་སུ་མཐུན་པའི་ལམ་མེད་པས་ན་ཕྱི་རོལ་པ་དང༌། མིང་གི་རྣམས་གྲངས་ལ། རང་སྡེ་ནང་པ་སངས་རྒྱས་པ་ལས་གཞན་གྱི་སྡེ་པ་ཡིན་པས་གཞན་སྡེ་དང༌། རྟག་ཆད་ཀྱི་ལྟ་བ་ངན་པའི་མུའམ་མཐའ་ལ་བརྟེན་ཞིང་གྲུབ་མཐའ་ལོག་པའི་ལམ་ལ་སྟེགས་འཆའ་བས་མུ་སྟེགས་པ་ཞེས་སོ།།

                ཕྱི་ནང་གི་ཁྱད་པར་ནི། ཇོ་བོ་རྗེས། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད།།

ཅེས་གསུངས་པ་ལྟར་སྙིང་ཐག་པ་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་པ་དང༌། དེ་ལྟར་ཁས་མི་ལེན་པ་ལ་ཕྱི་པའོ། །ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་འབྱེད་ཆོས་ལ་བཞེད་སྲོལ་དུ་མ་ཡོད་དེ། སྟོན་པ། བསྟན་པ། ལྟ་བ་གསུམ་གྱི་སྒོ་ནས་འབྱེད་དེ། དེ་ཡང༌། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་སྟོན་པར་འཛིན་ཚུལ་གསུངས་པ་ལྟར་དང༌། བསྟན་པ་ནི་སེམས་ཅན་ལ་འཚེ་བ་མེད་པ་སྟེ། ཡང་དེ་ཉིད་ལས། གཞན་དག་རང་དོན་མཆོད་སྦྱིན་ལ། །གཞན་གྱི་སྲོག་ནི་སྦྱིན་སྲེག་བྱེད། །གཞན་གྱི་དོན་དུ་ཁྱོད་གཅིག་པུ། །རང་གི་སྲོག་གིས་སྦྱིན་སྲེག་མཛད།།

ཅེས་གསུངས་པ་ལྟར་དང༌། ལྟ་བ་ནི་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འདོད་པ་སྟེ། ཁྱད་པར་འཕགས་བསྟོད་ལས། རྟོག་གེ་བ་དག་དངོས་པོ་རྣམས། །ལྟོས་པ་མེད་པར་གྲུབ་པར་འཚལ། །ཚིག་དབང་ཁྱོད་ཀྱིས་ཅུང་ཟད་ཀྱང༌། །མི་ལྟོས་མེད་ཅེས་ལེགས་པར་གསུངས། །ཞེས་པ་ལྟར་རོ།།

                ཡང་ན། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་སྟེ་རྒྱུ་མཚན་བཞིའི་སྒོ་ནས་འབྱེད་དེ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན། སྒོམ་པ་སྲིད་པའི་གཉེན་པོར་འགྲོ་མི་འགྲོ། སྤྱོད་པ་ངལ་དུབ་ཀྱི་མཐའ་དང་འདོད་པ་བསོད་ཉམས་ཀྱི་མཐའ་གཉིས་སྤོང་མི་སྤོང༌། འབྲས་བུ་སྤང་བྱ་སྤངས་པའི་བྲལ་འབྲས་འགོག་བདེན་འདོད་མི་འདོད་རྣམས་ཀྱིས་འབྱེད་པ་སོགས་མང་ཡང༌། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པ་དང༌། རང་གཞན་གྱི་གྲུབ་མཐའ་སྨྲ་བོ་སོ་སོའི་ཁྱད་པར་ནི་གཙོ་བོ་ལྟ་བས་འབྱེད་པ་ཡིན་ཏེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་མ་ཟད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་རང་སྡེའི་གྲུབ་མཐའ་སྨྲ་བ་དང༌། དེ་ལྟར་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་ནི་གཞན་སྡེའི་གྲུབ་མཐའ་སྨྲ་བར་འཇོག་པ་ཡིན། དེས་ན་ཕྱི་རོལ་པའི་ལྟ་བ་གཙོ་བོ་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་གྲུབ་པར་འདོད་པ་དང༌། ནང་པའི་གྲུབ་མཐའ་སྨྲ་བས་གང་ཟག་དེ་གསུམ་གང་གི་ངོ་བོར་ཡང་མ་གྲུབ་པས། རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འདོད་དོ།།

                ཕྱི་རོལ་པའི་གྲུབ་མཐའི་དབྱེ་བ་ནི། མུ་སྟེགས་པའི་ལུགས་མཐའ་ཡས་པ་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་གྲངས་ཅན་པ་ཡིན་ལ། གཞན་སྡེ་གཞན་རྣམས་དེ་ལས་གྱེས་པ་ཡིན་ཏེ། དབུ་མ་འཇུག་པ་ལས། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་གསུངས་པ་ལྟར། གྲངས་ཅན་པས་བཏགས་པའི་བདག་དེའི་ཁྱད་པར་ལས་ཅུང་ཟད་སྣོན་འཕྲིའི་ཚུལ་མི་འདྲ་བ་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ། །ཞེས་གསུངས། དབྱེ་ན། མདོ་ཚངས་པའི་དྲ་བ་ལས་ལྟ་ངན་དྲུག་ཅུ་རེ་གཉིས། དད་པ་ཆེར་འབྱུང་གི་མདོ་ལས། དམ་པ་མིན་པའི་ལྟ་བ་ཉེར་བརྒྱད་དང་གཞན་ཡང་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི། ཡ་མཚན་ཅན་གྱི་ལྟ་བ་དགུ་བཅུ་རྩ་དྲུག ལྟ་ངན་ཉི་ཤུ་སོགས་ལྟ་བ་ངན་པ་གྲངས་ཀྱིས་མི་ལངས་པ་ཡོད་དེ། ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མུ་མེད་ཕྱིར། །ཞེས་གསུངས་པ་ལྟར་སྤྱིར་ལོག་རྟོག་ཀྱི་ལྟ་བ་ངན་པ་ལ་འདི་བྱུང་དང་འདི་མི་འབྱུང་ཞེས་ཁ་ཚོན་གཅོད་དཀའ་བས་གཞན་སྡེ་ལ་མཐའ་གཅིག་ཏུ་གྲངས་ངེས་བཟུང་བྱ་བ་མི་རིགས་ཀྱང་བོད་ཀྱི་མཁས་པ་སྔ་མ་ཕལ་ཆེ་བའི་གཞུང་ལས། གྲངས་ཅན་པ་དང༌། བྱེ་བྲག་པ། རིག་པ་ཅན་པ། དཔྱོད་པ་བ། གཅེར་བུ་པ། རྒྱང་འཕེན་པ་རྣམས་ལ་རྩ་བའི་སྡེ་དྲུག་ཅེས་གསུངས་ལ། མུ་སྟེགས་པ་ཀུན་དེའི་ནང་དུ་འདུས་ཤིང༌། དེ་ཡང་བསྡུས་ན་རྟག་སྨྲ་དང་ཆད་སྨྲའི་སྡེ་གཉིས་སུ་མ་འདུས་པ་མེད། དེ་དག་ལས་དང་པོ་ལྔ་ནི་རྟག་པར་ལྟ་བ་རྟོག་གེ་སྡེ་ལྔ་དང༌། ཕྱི་མ་ནི་ཆད་པར་ལྟ་བ་ཡིན་ནོ།།

                ཕྱི་རོལ་པའི་གྲུབ་མཐའ་བཅུ་གཉིས་ནི། ལྷའི་བླ་མ་དྲང་སྲོང་ཕུར་བུའི་རྗེས་སུ་འབྲངས་པའི་རྒྱང་འཕེན་པ་དང༌། དྲང་སྲོང་སེར་སྐྱའི་རྗེས་འབྲངས་གྲངས་ཅན་པ། ལྷ་ཚངས་པའི་རྗེས་འབྲངས་རིག་བྱེད་པ་དང༌། བརྡ་སྤྲོད་པ། རིག་བྱེད་མཐའ་བ། གསང་སྟོན་པ་བཞི། ལྷ་ཁྱབ་འཇུུག་གི་རྗེས་འབྲངས་ཁྱབ་འཇུག་པ། མུ་སྟེགས་རྒྱལ་དཔོག་གི་རྗེས་འབྲངས་དཔྱོད་པ་བ། ལྷ་དབང་ཕྱུག་གི་རྗེས་འབྲངས་ཡེ་སྲིད་པའམ་དབང་ཕྱུག་པ། མུ་སྟེགས་ཟེག་གཟན་དང་ཐུབ་པ་འུག་པའི་རྗེས་འབྲངས་འུག་ཕྲུག་པའམ་བྱེ་བྲག་པ། མུ་སྟེགས་རྐང་མིག་པའི་རྗེས་འབྲངས་རིག་པ་ཅན། མུ་སྟེགས་རྒྱལ་བ་དམ་པ་དང་ཁྱུ་མཆོག་གི་རྗེས་འབྲངས་ཟད་བྱེད་པ་དང་བཅུ་གཉིས་སོ། །འདིའི་དང་པོ་ལ་ཆད་པར་སྨྲ་བ་དང༌། གཞན་བཅུ་གཅིག་ལ་རྟག་པར་སྨྲ་བ་ཟེར་བས་ཕྱི་རོལ་རྟག་ཆད་གཉིས་སམ་རྟག་པར་ལྟ་བ་གྲངས་ཅན་པ་དང༌། ཆད་པར་ལྟ་བ་རྒྱང་འཕེན་པ་བཅས་སོ།། 

གཡུང་དྲུང་བོན་གྱི་བསྟན་འབྱུང༌།

                ༈ གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ནི། སྟག་གཟིག་འོལ་མོའི་གླིང་དུ་ཡབ་དམུ་རིགས་རྒྱལ་པོ་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་སྔོན་གྱི་མི་ལོ་ ༡༦༠༡༧ ལོར་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེ་ལས་བྱུང་ཞིང༌། ཁྱད་པར་གཤེན་ལོ་བཅུ་བདུན་ནས་ཉི་ཤུའི་བར་མ་རྟོགས་ལོག་པར་བལྟ་བའི་བདུད་རིགས་རྣམས་བཏུལ་ཞིང༌། སྟག་གཟིག་འོལ་གླིང་ནས་རྫུ་འཕྲུལ་གྱིས་ཞབས་བཅག་སྟེ་ཀོང་ཡུལ་དུ་ཕེབས་ནས་ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པས་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས། དེ་སྐབས་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང་འདྲེ་བཀར་བ། ཡུག་ཕུད་པ་སོགས་ཀྱི་བོན་བསྟན་ཏེ། ནམ་ཞིག་བོད་དུ་ཐེག་པ་རིམ་དགུའི་བོན་རྣམས་དར་བའི་སྨོན་ལམ་བཏབ། དེ་དུས་བོད་ལ་ཤིང་རྩི་སོགས་ཀྱི་གསོལ་བ་དང་རྒྱུ་བོན་འགའ་ཞིག་ཙམ་ལས་དྲང་ངེས་ཀྱི་བོན་གསུངས་པའི་སྐབས་སུ་མ་བབ་པས་ཕྱི་ནས་དྲང་ངེས་ཀྱི་བོན་སྡེ་རྣམས་དར་བའི་སྨོན་ལམ་མཛད་ནས་མཐར་སྟག་གཟིག་ཏུ་གཤེགས་སོ།།

                བོན་གྱི་ཆོས་ལུགས་ནི་གདོད་མའི་བོད་ཀྱི་ཆོས་ལུགས་ཡིན་ཞིང་དེ་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་ཤིང༌། དེ་ལ་གཡུང་དྲུང་བོན་ཞེས་གྲགས། གཡུང་དྲུང་གི་རྟགས་འདི་བོན་གྱི་བསྟན་པ་མི་འགྱུར་རྟག་བརྟན་གྱི་མཚོན་དོན་ཡིན། སྤྱིར་བོན་གྱི་བསྟན་པ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་དེ། སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་གྲོལ་ལམ་རྫོགས་པ་ཆེན་མོའི་བསྟན་པ་སྤེལ་བ་ལ་གསང་རྒྱུད་དང༌། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་སྔ་རྒྱུད། ཕྱིས་སུ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོས་སྤེལ་བའི་མདོ་ཕྱོགས་ཀྱིས་གཙོས་པའི་བསྟན་པ་ལ་ཕྱི་རྒྱུད་ཅེས་གྲགས། ཕྱི་རྒྱུད་བོན་གྱི་གཞུང་ལུགས་ཚང་མ་ཐེག་པ་རིམ་དགུའམ། བོན་སྒོ་བཞི། མཛོད་སོགས་སུ་འདུས་ཤིང༌། ཐེག་པ་རིམ་དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི་དང༌། དགེ་བསྙེན། དྲང་སྲོང༌། ཨ་དཀར། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི་དང༌། ཁྱད་པར་ཆེན་པོའི་ཐེག་པ་གཅིག་དང་བཅས་དགུའོ། །ལྷ་བོན་སྒོ་བཞིའི་ཁོངས་སུ་མོ་དང༌། པྲ། གཏོ་བཅོས། རྩིས། སྨན་དཔྱད་སོགས་ཀྱང་འདུས་ཡོད།

                དེ་ཡང་སྟོན་པ་དེ་ཉིད་ཀྱིས་རྣམ་པར་བཞེས་པ་དང་རྣམ་པར་སྤེལ་བ་སོགས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་བསྟན་ཞིང༌། མཛད་ཆེན་དེ་རྣམས་ཀྱི་ཁོངས་སུ་བཀའ་འཁོར་རིམ་པ་གསུམ་བསྐོར་བའི་ཐོག་མ་ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་བཀའ་འཁོར། བར་པ་བདེན་གཉིས་ཟུང་འབྲེལ་བརྗོད་བྱའི་གཙོ་བོར་སྟོན་པའི་བཀའ་འཁོར། ཐ་མ་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་བཀའ་འཁོར་བཅས་བསྐོར་ཞིང༌། འཁོར་ལོ་གསུམ་པོ་འདིའི་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པ་གདུང་འཚོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་གིས། མདོ་སྡེ། འབུམ་སྡེ། རྒྱུད་སྡེ། མཛོད་སྡེ་དང་བཞི་རུ་ཕྱེ་ནས་དེ་དག་སོ་སོ་ལ་དོན་གྱི་དགོངས་འགྲེལ་གྱི་བཀའ་བསྟན་བརྩམས་ཤིང༌། སློབ་ཚོགས་བསྐྱངས་པའི་ནང་ནས་མཆོག་ཏུ་གྱུར་པ་རྫུ་འཕྲུལ་གྱི་ཞབས་དང་ལྡན་པའི་ལོ་ཙཱ་བ་ཆེན་པོ་སྟག་གཟིག་གི་མཁས་པ་དབུ་མ་ཚ་ཏྲ་ཧེདང༌། ཞང་ཞུང་ལ་ཁྲི་ཐོག་སྤར་ཙ། སུམ་པ་ལ་འགུ་ཧུ་ལི་སྦར་ཡ༑ རྒྱ་གར་བ་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་པ་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་ཞིང་བོན་རྣམས་རང་རང་གི་ཡུལ་དུ་དྲངས་ཏེ་སོ་སོའི་རང་སྐད་དུ་བསྒྱུར་ནས་བསྟན་པ་དར་སྤེལ་མཛད་དོ།།

                སྟག་གཟིག་དང་ཞང་ཞུང་རྒྱ་གར་བྲུ་ཤ་སོགས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་དྲུང་དུ་བློ་གྲོས་ཀྱི་རྩལ་རྫོགས་པ་ཞང་ཞུང་སྟོང་རྒྱུད་མཐུ་ཆེན། སེ་བོན་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་བོན་གྱིམ་ཚ་རྨ་ཆུང་བཅས་སྨད་ཀྱི་མཁས་པ་མི་བཞིས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ས་གནས་སུ་གཡུང་དྲུང་གི་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་སྨར་གྱི་སྐད་ལས་པུར་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ༑ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་གངས་ཅན་གྱི་ཞིང་དུ་དར་བར་མཛད་དོ།།

                གཞན་ཡང་ཕྱི་ལོའི་སྔོན་གྱི་ལོ་ ༡༡༩༦ ལ་སྟག་གཟིག་གི་མཁན་ཆེན་རྫུ་འཕྲུལ་ཡེ་ཤེས་དང༌། དེ་མིན་སྙ་ཆེན་ལི་ཤུ་སྟག་རིང་དང༌། ཁྱུང་པོ་སྟག་སྒྲ་དོན་གཙུག བྷེ་ཤོད་ཀྲམ། གཙོ་བོ་ཁྲི་གཙུག་བཅས་བོད་ཀྱི་བོན་པོ་རིག་པ་གསལ་བ་བཞི་པོས་ཞང་ཞུང་གི་མཁས་པ་བཞི་དང༌། སྟག་གཟིག་གི་མཁས་པ་གསུམ་སོགས་བླ་མ་དུ་མར་གཏུགས་ཤིང་བོན་གྱི་ཡང་བཅུད་ཁྲི་ཕྲག་མང་པོ་བསྣམས་ཏེ་ཏི་སེ་བརྒྱུད་བོད་ཡུལ་དབུས་སུ་ཕེབས་ནས་བོན་རྣམས་རྗེ་ལ་གཟིགས་སུ་ཕུལ་ཞིང་བོད་སྐད་དུ་བསྒྱུར་ནས་དར་སྤེལ་མཛད། རྫུ་འཕྲུལ་དང་ལྡན་པ་མང་པོས་སྟག་གཟིག་ནས་བོད་དུ་གདན་དྲངས་པའི་བོན་རྣམས་བོད་མི་འགའ་རེས་སྤྱོད་པ་ཙམ་མིན་པར་བོད་ཀྱི་རྒྱལ་སྲིད་ལུགས་གཉིས་ཟུང་དུ་སྦྲེལ་ཏེ་རྩ་བ་རྒྱལ་བུས་བཀའ་ཁྲིམས་སྩལ་བའི་མདོ་སོགས་ལ་གཞིར་བཟུང་རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གིས་གཉའ་མནན། བོན་ཁྲིམས་དར་གྱི་མདུད་པས་དམ་དུ་བསྡམས་ནས་བོད་ཀྱི་རྒྱལ་པོ་ཐོག་མ་མི་ཡི་མགོན་པོ་ལྷ་ཡིས་བསྐོས་པ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ། གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག ཆུ་ཡི་ལྡེ་བརྒྱད། ཚིགས་ཀྱི་བཙན་ལྔ༌། ཕུན་སུམ་ཚོགས་པའི་བོན་རྒྱུད་དམ་རིག་པ་ཅན་གྱི་རྒྱལ་པོ་བཞི་བཅས་རྒྱལ་རབས་སོ་གཉིས་རིང་ལ་མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཆེ། ཚེ་སྲོག་གཤེན་གྱིས་བཙས་པས་སྐུ་ཚེ་རིང༌། ལས་སྤྱོད་དགེ་བར་སྤྱོད་པས་ལམ་རྒྱུད་གཙང༌། ཞེས་གྲགས་པ་ལྟར་བོད་རྒྱལ་དེ་དག་ལ་ཐར་ལམ་འདྲེན་པའི་སྐུ་གཤེན་རེ་དང༌། སྐད་རིགས་བསྒྱུར་བའི་ལོ་པཎ་རེ། བྱ་བཞག་མཛད་པའི་གསས་མཁར་རེ་བཞེངས་ཏེ་གཡུང་དྲུང་གི་བོན་རིན་པོ་ཆེ་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་ལ་བརྟེན་ནས་འཇའ་ལུས་འཕོ་ཆེན་ཉེར་བཞི། གསང་སྔགས་གྲུབ་པའི་དབང་པོ་རྒྱལ་ཁམས་དང་གྲོང་ཁྱེར་མང་པོ་འདྲེན་ནུས་པའི་རིག་འཛིན་གྲུབ་ཆེན་བརྒྱད་ཅུ། མཐུ་བོ་ཆེན་པོ་རི་བོ་ཕྱག་གིས་འདེགས་པ། རྒྱ་མཚོ་ཧུབ་ཀྱིས་འཐུང་བ། ཉི་ཟླ་ཕྱག་གིས་འཛིན་པ་སོགས་ཀྱི་ཆོ་འཕྲུལ་འགྱེད་པའི་མི་དགུ། གཞན་ཡང་གཡུང་དྲུང་གི་བོན་ཐེག་པ་རིམ་དགུ་སོ་སོ་ལ་སྤྱོད་པའི་གང་ཟག་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། དེ་དག་གི་དུས་སུ་ཡང་རིག་པའི་གནས་ལྔ་ལ་བརྟེན་ནས་ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། ནད་ཀྱིས་གདུང་བ་སྨན་གྱིས་གསོས། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ་ཏེ་རྒྱལ་ཁམས་བདེ་ལ་བཀོད་ནས་གངས་ཅན་བོན་གྱི་བསྟན་པ་དར་རྒྱས་བྱུང་བའི་སྐོར་རོ།།

བྱེ་བྲག་སྨྲ་བའི་གྲུབ་མཐའ།

                ༈ རང་སྡེ་བྱེ་བྲག་སྨྲ་བ་ནི་ཀུན་མཁྱེན་ཆེན་པོའི་གྲུབ་མཐའི་རྩ་བ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ལས། བྱེ་བྲག་བཤད་མཚོ་གཙོ་བོར་སྨྲ་ཕྱིར་དང༌།།

རྫས་ཀྱི་བྱེ་བྲག་སྨྲ་བས་བྱེ་སྨྲ་བ། །ཞེས་པ་ལྟར་རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་བྱེ་བྲག་སྨྲ་བའི་ངོ་བོ་དང༌། སྒྲ་བཤད་ནི་བྱེ་བྲག་བཤད་མཚོ་ཆེན་མོ་གཙོ་བོར་སྨྲ་བའི་ཕྱིར་དང་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་དེ་ལྟར་བརྗོད།

                འདིའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་ལས་གཞིའི་འདོད་ཚུལ་ནི། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ།།

བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པ་ལྟར་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་ནི་ཀུན་རྫོབ་བདེན་པའི་དོན་དང༌། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་ནི་དོན་དམ་བདེན་པའི་དོན་ནོ། །མཚན་གཞི་ནི། རྫ་བུམ་ཐོ་བས་བཅོམ་པ་ན། རྫ་བུམ་དུ་འཛིན་པའི་བློ་འདོར་བ་དང༌། ཕྲེང་རྡོག་སོ་སོར་བསལ་བ་ན། ཕྲེང་བར་འཛིན་པའི་བློ་འདོར་བས་རྫ་བུམ་དང་ཕྲེང་བ་ལྟ་བུ་ནི་ཀུན་རྫོབ་བདེན་པའི་མཚན་གཞི་དང༌། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང༌། ཤེས་པ་སྐད་ཅིག་ཆ་མེད་སོགས་ནི་བཅོམ་པའམ་བློ་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་བློ་མི་འདོར་བས་དོན་དམ་བདེན་པའི་མཚན་གཞི་ཡིན་ནོ།།

                ལམ་གྱི་འདོད་ཚུལ་ལ། ལམ་གྱི་དམིགས་པ་དང༌། ལམ་གྱི་སྤང་བྱ། ལམ་གྱི་རང་བཞིན་གསུམ་ལས། དང་པོ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ཡིན་ལ། གཉིས་པ་ལམ་གྱི་སྤང་བྱ་ལ། ཉོན་མོངས་ཅན་དང༌། ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་གཉིས་ལས། དང་པོས་ནི་གཙོ་བོར་ཐར་པ་འཐོབ་པ་ལ་བར་དུ་གཅོད་པ་སྟེ། མཚན་གཞི་ནི། གང་ཟག་གི་བདག་འཛིན་དང༌། དེའི་དབང་གིས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ལྟ་བུའོ། །གཉིས་པ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གཙོ་བོར་བར་དུ་གཅོད་པ་སྟེ། མཚན་གཞི་ནི༑ དེ་བཞིན་གཤེགས་པའི་ཆོས་ཟབ་ཅིང་ཕྲ་བ་རང་སྟོབས་ཀྱིས་མི་ཤེས་པ་ལྟ་བུ་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་གཉིས་ལམ་གྱི་སྤང་བྱ་ཡིན་ལ། ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་གྱི་ལམ་ལ་ཚོགས་ལམ་དང༌། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལམ་ལྔའི་རྣམ་གཞག་ཁས་ལེན་ཀྱང་ས་བཅུའི་རྣམ་གཞག་མི་འདོད། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་སྐད་ཅིག་མ་བཅོ་ལྔ་ནི་མཐོང་ལམ་དང༌། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་ཡིན་ལ། དེ་རྣམས་ར་ཟམ་པར་འགྲོ་བ་ལྟར་རིམ་ཅན་ཁོ་ནར་སྐྱེ་བར་འདོད་དོ།།

                འབྲས་བུའི་རྣམ་གཞག་ནི། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་མི་རྟག་སོགས་བཅུ་དྲུག་ལ་ཚེ་གསུམ་ལ་སོགས་པའི་བར་དུ་གོམས་པར་བྱས་ནས་མཐར་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ཉོན་མོངས་ཅན་གྱི་སྒྲིབ་པ་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ཀྱིས་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་བསྐལ་ཆེན་བརྒྱ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་སྦྲེལ་ཏེ། ཚོགས་ལམ་ཆེན་པོ་མན་ཆད་དུ་ཉམས་སུ་བླངས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །བྱང་སེམས་རྣམས་ཀྱིས་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་པར་བྱེད་ཅིང༌། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ཏེ་སྲིད་པ་ཐ་མའི་ཚེ་བྱང་ཆུབ་ཤིང་དྲུང་དུ་ཏིང་ངེ་འཛིན་གྱི་སྒོ་ནས་སྲོད་ལ་ལྷའི་བུའི་བདུད་བཏུལ། གུང་ལ་མཉམ་པར་བཞག་པའི་ཚེ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་གསུམ་མངོན་དུ་བྱས་ནས་ཐོ་རེངས་སྐྱ་རེང་ཤར་བ་ཙམ་ན་མི་སློབ་ལམ་མངོན་དུ་བྱེད་དོ།།

མདོ་སྡེ་པའི་གྲུབ་མཐའ།

                ༈ མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ནི། རང་རིག་དང་ཕྱི་དོན་གཉིས་ཀ་བདེན་ཞེན་གྱིས་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ཡིན་ལ། དེ་ཡང༌། གྲུབ་མཐའི་རྩ་བ་ལས། མདོ་སྡེ་ཚད་མར་སྨྲ་བས་མདོ་སྡེ་པ། །དབྱེ་ངོ་ལུང་རིགས་རྗེས་འབྲང་རྣམ་པའི་གསུམ། །ཞེས་གསུངས་པ་ལྟར་སྒྲ་བཤད་ནི། བྱེ་བྲག་བཤད་མཚོ་ཆེན་མོའི་རྗེས་སུ་མི་འབྲང་བར་གཙོ་བོར་བཅོམ་ལྡན་འདས་ཀྱི་མདོ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་ཞེས་དང༌། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པར་མཁས་པས་ན་དཔེ་སྟོན་པ་ཞེས་ཀྱང་བརྗོད་དོ།།

                དེ་ལ་དབྱེ་ན། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང༌། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས། དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ་དང༌། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུའོ།།

                གཞི་ལམ་འབྲས་གསུམ་གྱི་འདོད་ཚུལ་ལས་དང་པོ་གཞིའི་འདོད་ཚུལ་ནི༑ སྒྲ་དང་རྟོག་པས་བཏགས་པ་ལ་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་དེ་དོན་དམ་བདེན་པའི་མཚན་ཉིད། དངོས་པོ་དང༌། དོན་དམ་བདེན་པ། རང་མཚན། མི་རྟག་པ། འདུས་བྱས། བདེན་གྲུབ་རྣམས་དོན་གཅིག་ཡིན། རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། དངོས་མེད་ཀྱི་ཆོས་དང༌། ཀུན་རྫོབ་བདེན་པ༑ སྤྱི་མཚན། རྟག་པ། འདུས་མ་བྱས། རྫུན་པར་གྲུབ་པ་རྣམས་དོན་གཅིག་ཡིན། བདེན་གཉིས་ཀྱི་འཇོག་ཚུལ་འདི་རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་ལུགས་ཡིན་ལ། ལུང་གི་རྗེས་འབྲང་གི་མདོ་སྡེ་པས་བདེན་གཉིས་ཀྱི་རྣམ་གཞག་བྱེ་བྲག་སྨྲ་བ་དང་མཐུན་པར་ཁས་ལེན་ནོ།།

                གཉིས་པ་ལམ་གྱི་འདོད་ཚུལ་ལ་གསུམ་ལས། དང་པོ་ལམ་གྱི་དམིགས་པ་ནི། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་པོ་འདི་ཉིད་ཡིན་ལ། བདག་མེད་ཕྲ་མོ་དང་གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད་ཅིང༌། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང༌། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་འདོད་དོ།།

                གཉིས་པ་ལམ་གྱི་སྤང་བྱ་ནི། གང་ཟག་གི་བདག་འཛིན་དང་ཉོན་མོངས་ཅན་དང༌། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་སོགས་ཀྱི་ཐ་སྙད་ཙམ་ཞིག་མ་གཏོགས་ཆོས་ཀྱི་བདག་འཛིན་དང་ཤེས་སྒྲིབ་སོགས་ཁས་མི་ལེན་པ་བྱེ་སྨྲ་དང་འདྲའོ།།

                གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་གྱི་ལམ་ལ་ལམ་ལྔའི་རྣམ་གཞག་བྱེད་ཅིང༌། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་མཐོང་ལམ་དུ་འདོད་ལ། མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་ཞིག་དགོས་པས་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་གིས་དབེན་པའི་འདུ་བྱེད་ཀྱི་ཕུང་པོ་དངོས་སུ་རྟོགས་ནས་དེའི་སྟེང་གི་བདག་མེད་ཕྲ་མོ་ཤུགས་ལ་རྟོགས་པར་འདོད་དོ།།

                གསུམ་པ་འབྲས་བུའི་རྣམ་གཞག་ནི། དགྲ་བཅོམ་པ་སྤང་རྟོགས་ལས་ཉམས་མི་སྲིད་པ་དང༌། སངས་རྒྱས་ཀྱི་སྐུ་གཟུགས་སངས་རྒྱས་སུ་ཁས་ལེན་པ་མ་གཏོགས། ཐེག་པ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་ཚུལ་སོགས་བྱེ་སྨྲ་དང་མཚུངས་སོ།།

སེམས་ཙམ་པའི་གྲུབ་མཐའ།

                ༈ ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་སེམས་ཙམ་པ་ནི། ཕྱི་དོན་ཁས་མི་ལེན་ཞིང་གཞན་དབང་བདེན་གྲུབ་ཏུ་འདོད་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་སེམས་ཙམ་པའི་ངོ་བོ་དང༌། གྲུབ་མཐའི་རྩ་བ་ལས། ཁམས་གསུམ་རྣམ་རིག་ཉིད་དང་སེམས་ཙམ་དུ། །སྨྲ་བས་རྣམ་རིག་པ་དང་སེམས་ཙམ་པ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པར་སྨྲ་བས་སེམས་ཙམ་པའམ་རྣམ་རིག་པ་ཞེས་བརྗོད། གྲུབ་མཐའི་རྩ་བ་ལས། དབྱེ་ན་ལུང་རིགས་རྗེས་འབྲང༌། ཞེས་གསུངས་པ་ལྟར་དེ་ལ་དབྱེ་ན། ལུང་གི་རྗེས་འབྲང་དང༌། རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་གཉིས་ཡོད། དེ་གཉིས་ཀྱི་སྒྲ་བཤད་ནི། གཙོ་བོར་ས་སྡེ་ལྔའི་རྗེས་སུ་འབྲང་ནས་རང་གི་གྲུབ་མཐའ་སྨྲ་བས་ན།  ལུང་གི་རྗེས་འབྲང་དང༌། གཙོ་བོར་ཚད་མ་ཀུན་བཏུས་ཀྱི་རྗེས་སུ་འབྲང་ནས་རང་གི་གྲུབ་མཐའ་སྨྲ་བས་ན་རིགས་པའི་རྗེས་འབྲང་གི་སེམས་པ་ཞེས་བྱ་ཞིང༌། ཡང་སེམས་ཙམ་པ་ལ་དབྱེ་ན། སེམས་ཙམ་པ་རྣམ་བདེན་པ་དང༌། སེམས་ཙམ་པ་རྣམ་རྫུན་པ་གཉིས་ཡོད། དེས་ན་སེམས་ཙམ་པ་གང་ཞིག དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་འདོད་པ་དེ་སེམས་ཙམ་པ་རྣམ་བདེན་པའི་མཚན་ཉིད་དང༌། སེམས་ཙམ་པ་གང་ཞིག དབང་ཤེས་ལ་རགས་པ་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པ་དེ་སེམས་ཙམ་པ་རྣམ་རྫུན་པའི་མཚན་ཉིད། རྣམ་བདེན་པ་ལ་དབྱེ་ན། གཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་བ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད། རྣམ་རྫུན་པ་ལ་དབྱེ་ན་གཉིས། དྲི་བཅས་པ་དང༌། དྲི་མེད་རྣམ་རྫུན་པ་གཉིས་སོ།།

                གཞི་ལམ་འབྲས་གསུམ་ལས། དང་པོ་གཞིའི་འདོད་ཚུལ་ནི། ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པར་འདོད་དེ། འདུས་བྱས་ཐམས་ཅད་གཞན་དབང༌། ཆོས་ཉིད་ཐམས་ཅད་ཡོངས་གྲུབ། དེ་ལས་གཞན་པ་རྣམས་ཀུན་བཏགས་སུ་འདོད་པའི་ཕྱིར། རང་གི་རྒྱུ་རྐྱེན་གཞན་གྱི་དབང་ལ་བརྟེན་ནས་བྱུང་ཞིང༌། ཡོངས་གྲུབ་ཀྱི་རྟེན་དུ་གྱུར་པ་དེ་གཞན་དབང་གི་མཚན་ཉིད་དང༌། གང་ལ་དམིགས་ནས་ཤེས་སྒྲིབ་ཟད་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དེ་ཡོངས་གྲུབ་ཀྱི་མཚན་ཉིད། རང་འཛིན་རྟོག་པས་བཏགས་ཙམ་དུ་གྲུབ་པ་དེ་ཀུན་བཏགས་ཀྱི་མཚན་ཉིད། གཞན་དབང་ལ་དབྱེ་ན་སངས་རྒྱས་ཀྱི་མཚན་དཔེ་ལྟ་བུ་དག་པའི་གཞན་དབང་དང༌། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ་མ་དག་པའི་གཞན་དབང་དང་གཉིས་སོ། །ཡོངས་གྲུབ་ལ་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་འཕགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང༌། ཆོས་ཉིད་ལྟ་བུ་འགྱུར་མེད་ཡོངས་གྲུབ་དང་གཉིས་སོ། །ཀུན་བཏགས་ལ་དབྱེ་ན་སྤྱི་མཚན་ལྟ་བུ་རྣམ་གྲངས་པའི་ཀུན་བཏགས་དང༌། བདག་གཉིས་ལྟ་བུ་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་དང་གཉིས་སོ། །ཡང་ཤེས་བྱ་ལ་དབྱེ་ན་བདེན་པ་གཉིས་ཏེ། ཐ་སྙད་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རྙེད་པའི་དོན་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། བརྫུན་པ་དང༌། ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ་རྣམས་དོན་གཅིག དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་པའི་དོན་དེ་དོན་དམ་བདེན་པའི་མཚན་ཉིད། སྟོང་ཉིད། ཆོས་དབྱིངས། ཡོངས་གྲུབ། དོན་དམ་བདེན་པ། ཡང་དག་མཐའ། དེ་བཞིན་ཉིད་རྣམས་དོན་གཅིག་གོ།

                ལམ་གྱི་འདོད་ཚུལ་ལ་བཞི་ལས། དང་པོ་ལམ་གྱི་དམིགས་པ་ནི། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་དང༌། ཕྱི་རོལ་དོན་དུ་གྲུབ་པས་སྟོང་པའི་སྟོང་ཉིད་ལམ་གྱི་དམིགས་པ་དང༌། གཉིས་པ་ལམ་གྱི་སྤང་བྱ་ནི། ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས། དང་པོ་ནི་གང་ཟག་གི་བདག་འཛིན་ཕྲ་རགས་གཉིས་ས་བོན་དང་བཅས་པ་དང༌། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་ལྟ་བུའོ། །གཉིས་པ་ནི། ཆོས་ཀྱི་བདག་འཛིན་བག་ཆགས་དང་བཅས་པ་ལྟ་བུའོ། །གསུམ་པ་ལམ་གྱི་རྣམ་བཞག་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ཚོགས་སྦྱོར་གཉིས། མཐོང་སྒོམ་གཉིས་མི་སློབ་ལམ་དང་བཅས་ལྔ་ལྔའི་རྣམ་བཞག་བྱེད་ལ། ཐེག་ཆེན་ལ་དེའི་སྟེང་དུ་ས་བཅུའི་རྣམ་བཞག་ཀྱང་ཁས་ལེན་ནོ།།

                གསུམ་པ་འབྲས་བུའི་རྣམ་གཞག་ནི། ཐེག་དམན་རིགས་ངེས་རྣམས་ཀྱིས་གང་ཟག་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་བསྒོམ་བྱའི་གཙོ་བོར་བྱས་ཏེ། གོམས་པ་མཐར་ཕྱིན་པ་ན་ཐེག་དམན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་ཐེག་དམན་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །ཉན་རང་གཉིས་ཀྱིས་བསྒོམ་བྱའི་བདག་མེད་དང་སྤང་བྱའི་ཉོན་མོངས་ལ་ཁྱད་པར་ཅུང་ཟད་ཀྱང་མེད། འོན་ཀྱང་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་དང་ཡུན་རིང་ཐུང་གི་དབང་གིས་འབྲས་བུ་ལ་མཆོག་དམན་ཡོད་པར་འདོད། ཐེག་ཆེན་རིགས་ངེས་རྣམས་ཀྱིས་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་བསྒོམ་བྱའི་གཙོ་བོར་བྱས་ཏེ། གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྒྲིབ་གཉིས་ཟད་པར་སྤངས་ཏེ། འོག་མིན་དུ་རང་དོན་སྤངས་རྟོགས་ཕུན་ཚོགས་ཆོས་སྐུ་དང༌། གཞན་དོན་འཕྲིན་ལས་ཕུན་ཚོགས་གཟུགས་སྐུ་གཉིས་མངོན་དུ་བྱེད་དོ།།

དབུ་མ་པའི་གྲུབ་མཐའ།

                ༈ རང་སྡེ་ཐེག་ཆེན་གྲུབ་མཐའ་སྨྲ་བའི་ཡ་རྒྱལ་དབུ་མ་པ་ནི། བདེན་པར་གྲུབ་པའི་ཡོད་མཐའ་དང་ཐ་སྙད་དུ་ཡང་མེད་པའི་ཆད་ལྟ་ལེགས་པར་འགོག་ཅིང་བདེན་མེད་ཞལ་གྱིས་བཞེས་པའི་ནང་པའི་གྲུབ་མཐའ་སྨྲ་བ་ནི་དབུ་མ་པའི་ངོ་བོ་དང༌། ཅིའི་ཕྱིར་དབུ་མ་པ་ཞེས་བྱ་ཞེ་ན། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་དང༌། ཆོས་རྣམས་ལ་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་པ་ནི་སྒྲ་བཤད་དོ། །དེ་ལ་དབྱེ་ན། དབུ་མ་རང་རྒྱུད་པ་དང༌། ཐལ་འགྱུར་བ་གཉིས་ལས། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ། རང་རྒྱུད་པའི་མཚན་ཉིད། སྒྲ་བཤད་ནི། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་ན་དབུ་མ་རང་རྒྱུད་པ་ཞེས་བྱའོ།།རང་རྒྱུད་པར་དབྱེ་ན། སློབ་དཔོན་ཞི་འཚོ་ལྟ་བུ་ཕྱི་དོན་ཁས་མི་ལེན་ཞིང༌། རང་རིག་ཁས་ལེན་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུ་རང་རིག་ཁས་མི་ལེན་ཞིང༌། ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་སོ། །དེ་གཉིས་ཀྱི་སྒྲ་བཤད་ནི། གཞིའི་རྣམ་གཞག་སེམས་ཙམ་པ་དང་ཕྱོགས་ཙམ་མཐུན་པར་ཁས་ལེན་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་དང༌། མདོ་སྡེ་པ་ལྟར་རྡུལ་ཕྲ་རབ་བསགས་པའི་ཕྱི་རོལ་གྱི་དོན་ཁས་ལེན་པས་ན་མདོ་སྡེ་སྤྱོད་པའི་དབུ་མ་བ་ཞེས་བརྗོད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཡང་རྣམ་བདེན་པ་དང་མཐུན་པའི་དབུ་མ་བ་དང༌། རྣམ་རྫུན་པ་དང་མཐུན་པའི་དབུ་མ་བ་གཉིས་ཡོད། དང་པོ་ནི་ཀ་མ་ལ་ཤིའ་ལ་དང༌། གཉིས་པ་ནི་ཛེ་ཏཱ་རི་ལྟ་བུའོ།།

                གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལས། དང་པོ་གཞིའི་འདོད་ཚུལ་ནི༑ རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ། དོན་དམ་བདེན་པའི་མཚན་ཉིད་དང༌། དེ་ལ་རྒྱས་པར་དབྱེ་ན། སྟོང་ཉིད་བཅུ་དྲུག་དང་བསྡུ་ན་སྟོང་ཉིད་བཞིར་ཡོད། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན་ཆུ་ལྟ་བུ་ཡང་དག་ཀུན་རྫོབ་དང༌། སྨིག་རྒྱུའི་ཆུ་ལྟ་བུ་ལོག་པའི་ཀུན་རྫོབ་གཉིས་སོ།།

                གཉིས་པ་ལམ་གྱི་འདོད་ཚུལ་ལ་གསུམ་ལས། དང་པོ་ལམ་གྱི་དམིགས་པ་ནི། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང༌། གང་ཟག་རང་སྐྱ་ཐུབ་པའི་རྫས་སུ་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང༌། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་དོ། །གཉིས་པ་ལམ་གྱི་སྤང་བྱ་ནི། གང་ཟག་གི་བདག་འཛིན་ཉོན་སྒྲིབ་དང་ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་ཏུ་འདོད་ཅིང༌། དེ་གཉིས་ལམ་གྱི་སྤང་བྱར་འདོད་དོ། །གསུམ་པ་ལམ་གྱི་རང་བཞིན་ནི། ལམ་ལྔ་གསུམ་བཅོ་ལྔ་ཁས་ལེན་པ་འདྲ་ལ། ཁྱད་པར་ནི་རང་རྒྱལ་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་ལ་གཉིས་སྟོང་གི་རྣམ་པ་ཅན་དགོས་པར་ཁས་ལེན་ནོ།།

                གསུམ་པ་འབྲས་བུའི་རྣམ་གཞག་ནི། ཉན་ཐོས་རིགས་ངེས་རྣམས་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱེད། རང་རྒྱལ་རིགས་ངེས་རྣམས་ཀྱིས་གཟུང་འཛིན་གཉིས་སྟོང་གི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱེད། ཐེག་ཆེན་རིགས་ངེས་རྣམས་ཀྱིས་ཆོས་ཀྱི་བདག་མེད་བསྒོམ་བྱའི་གཙོ་བོར་བྱས་ནས་བསྒོམས་ཤིང༌། བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་ཚོགས་གཉིས་རྒྱ་ཆེན་པོ་བསགས་ཏེ་མཐར་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་སྒྲིབ་གཉིས་མ་ལུས་པ་སྤངས་པ་ན། བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་དོ།།

                མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་གཞི་ལམ་འབྲས་གསུམ་ལས། དང་པོ་གཞིའི་འདོད་ཚུལ་ནི། ཕྱི་དོན་འདོད་ཅིང་རང་རིག་ཁས་མི་ལེན་པ་ཙམ་མ་གཏོགས་རྣལ་འབྱོར་སྤྱོད་པ་བ་དང་འདྲའོ།།

                གཉིས་པ་ལམ་གྱི་ཁྱད་པར་ལ། ཉན་རང་རིགས་ངེས་རྣམས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་ཅིང༌། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ཡེ་ཤེས་ཁས་མི་ལེན་ལ། ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཡང་ཤེས་སྒྲིབ་ཏུ་མི་འདོད་དོ།།

                གསུམ་པ་འབྲས་བུའི་རྣམ་གཞག་ནི། ཉན་རང་གཉིས་སྤང་བྱའི་སྒྲིབ་པ་དང༌། རྟོགས་བྱའི་བདག་མེད་ལ་ཕྲ་རགས་མེད་པས་རྟོགས་རིགས་མི་འདྲ་བ་མེད་ཅིང༌། ཞུགས་གནས་བརྒྱད་ཀྱི་རྣམ་གཞག་གཉིས་ཀ་ལ་བྱེད་དོ། །ཁྱད་པར་དེ་ཙམ་ལས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་མཐུན་ནོ།།

                དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མི་བཞེད་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ་ཐལ་འགྱུར་བའི་ངོ་བོ་དང༌། མཚན་གཞི་ནི། སངས་རྒྱས་བསྐྱངས་དང༌། ཟླ་བ་གྲགས་པ། ཞི་བ་ལྷ་ལྟ་བུ་འོ། །སྒྲ་བཤད་ནི། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་ཐལ་འགྱུར་བ་ཞེས་བརྗོད་དོ།།

                ཐལ་འགྱུར་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལས། དང་པོ་གཞིའི་འདོད་ཚུལ་ནི། གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་ཁས་ལེན། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག ཐ་སྙད་དཔྱོད་ཀྱི་ཚད་མ་རང་ཉིད་ལ་ལྟོས་ཏེ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ་རང་ཉིད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་ལྟ་བུའོ། །དེ་ལ་དབྱེ་ན། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་སུ་འབྱེད་ཀྱང༌། སྤྱིར་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་མི་འབྱེད། མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་ལྟོས་ཏཻ་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་སོང་བ་དེ་རང་ཉིད་དོན་དམ་བདེན་པ་ཡིན་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་རང་བཞིན་གྱིས་མ་གྲུབ་པ་ལྟ་བུའོ། །བློ་ལ་ཚད་མ་དང༌། ཚད་མིན་གྱི་བློ་གཉིས་བཞེད་ཀྱང་གྲུབ་མཐའ་འོག་མ་དང་མི་འདྲ་བས་ཡུལ་རྟོགས་པའི་བློ་ཐམས་ཅད་ཚད་མར་འདོད། རང་རིག་མངོན་སུམ་མི་འདོད། འཕགས་པའི་མཉམ་གཞག་ཡེ་ཤེས་མ་ཡིན་པའི་སེམས་ཅན་རྒྱུད་ཀྱི་ཤེས་པ་ལ་འཁྲུལ་ཤེས་ཀྱིས་ཁྱབ་པ་དང༌།  སོ་སྐྱེའི་རྒྱུད་ལ་རྣལ་འབྱོར་མངོན་སུམ་ཡོད་པ། མངོན་སུམ་བཅད་ཤེས་ཡིན་ན་མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ་པ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་ངོ༌།།

                གཉིས་པ་ལམ་གྱི་འདོད་ཚུལ་ལ་གསུམ་ལས། དང་པོ་ལམ་གྱི་དམིགས་པ་ནི། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང༌། གང་ཟག་བདེན་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་དོ༑ ༑བདག་མེད་ཕྲ་མོ་གཉིས་སྟོང་གཞིའི་སྒོ་ནས་འབྱེད་པ་ལས་དགག་བྱའི་སྒོ་ནས་མི་འབྱེད། གང་ཟག་གི་བདག་མེད་ཕྲ་མོ་དང་ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་ལ་ཕྲ་རགས་མེད་ཅིང་གཉིས་ཀ་གནས་ལུགས་མཐར་ཐུག་ཏུ་འདོད་དོ། །གཉིས་པ་ལམ་གྱི་སྤང་བྱ་ནི། གང་ཟག་དང༌། ཆོས་ཀྱི་བདག་འཛིན་གཉིས་ཉོན་སྒྲིབ་དང༌། དེ་གཉིས་ཀྱི་བག་ཆགས་ཤེས་སྒྲིབ་ཏུ་འདོད། གསུམ་པ་ལམ་གྱི་རང་བཞིན་ནི། ཐེག་པ་གསུམ་པོ་རེ་རེ་ལའང་ལམ་ལྔའི་རྣམ་གཞག་དང༌། ཐེག་ཆེན་ལ་ས་བཅུའི་རྣམ་གཞག་ཀྱང་བྱེད་དོ།།

                གསུམ་པ་འབྲས་བུའི་འདོད་ཚུལ་ལ། ཐེག་དམན་རིགས་ངེས་རྣམས་ཀྱིས་གང་ཟག་གི་བདག་མེད་པའི་ལྟ་བ་རིགས་པ་མདོར་བསྡུས་ཙམ་གྱིས་བསྒོམ་པ་ལ་བརྟེན་ནས། མཐར་ཐེག་དམན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདེན་འཛིན་ས་བོན་དང་བཅས་པ་སྤངས་པ་དང་མཉམ་དུ་རང་གི་བྱང་ཆུབ་མངོན་དུ་བྱེད་དོ།།

                ཐེག་ཆེན་གྱི་བྱང་ཆུབ་མངོན་དུ་བྱེད་ཚུལ་ནི། བྱང་སེམས་རྣམས་ཀྱིས་བདག་མེད་པའི་ལྟ་བ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱས་པར་བསྒོམས་ཏེ་སྒྲིབ་པ་སྤོང་བར་བྱེད་ལ། དེ་ཡང་ཉོན་སྒྲིབ་ཟད་པར་མ་སྤངས་པར་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་ལ། ཤེས་སྒྲིབ་སྤོང་བའི་འགོ་ས་བརྒྱད་པ་ནས་རྩོམ་པ་ཡིན་ཞིང༌། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་རྣམས་ཀྱིས་ས་བརྒྱད་པ་ཐོབ་པ་ན་ཉོན་སྒྲིབ་ཟད་པར་སྤངས་ཏེ། མཐར་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་ཤེས་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་དོ།།

མཐོྃང་ན་མཚན་དཔེའི་སྐུྃ་ལ་དད་པ་སྐྱེས། །
ཐོསྃ་ན་སྙན་པའི་གསུངྃ་གིས་ཡིད་རབ་འཕྲོག །
དྲནྃ་ན་ཟབ་ཡངས་ཐུགྃས་རྗེས་སྐྱོང་མཛད་པའི། །
མཁས་གྲུབ་ལོ་པཎ་མཛད་བཟང་ཨེ་མ་མཚར། །
བར་གྱི་ངལ་གསོའི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༢༤༢༠༡༨༠༣༤༨
སྐལ་བཟང་ཚུལ་ཁྲིམས
མི་རིགས་སུ་དང་སུ་་ཡིན་ན་རང་རང་གི་སྐད་ཡིག་ལ་ཐང་ཆེན་དང་དོ་སྣང་མེད་མཁན་གཅིག་ཀྱང་་ཡོད་མི་སྲིད།
2 ༢༣༢༠༡༥༡༥༡༨
དོན་གཉེར་ཆེན་པོ་ཡོད།
དབུ་མ་པའི་མཚན་ཉིད་ནི། ཐེག་ཆེན་པ་གང་ཞིག དོན་དམ་པར་བདེན་དངོས་ཁས་མི་ལེན་པ་དེ་འཇོག་དགོས་གྱི། ཁྱོད་རང་གིས་བཞགས་པ་ལྟར་ན་མ་ཁྱབ་ཀྱི་སྐྱོན་ཡོད་དེ།
ཡོངས་གྲུབ་བདེན་གྲུབ་དུ་ཁས་ལེན་པའི་དབུ་མ་པ་ཡོད་པའི་ཕྱིར། དེར་ཐལ། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དབུ་མ་པ་ལ། རག་པ་ཕྱིའི་དབུ་མ་དང་། ཕྲ་བ་ནང་གི་དབུ་མ་གཉིས་ཡོད་པར་གངས་ལྗོངས་ཀྱི་མཁས་པ་མང་པོས་གསུངས་འདུག་དག་ལ་མཐོང་རྒྱ་ཡངས་བར་བྱོས་ཤིག



བརྗོད་གཞི་གཞན་ཁག་ལ་གཟིགས།