བསྟན་པ་སྔ་དར་དང་ཕྱི་དར།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན། བསྟན་པ་སྔ་དར་དང༌། བསྟན་པ་ཕྱི་དར་གཉིས།  བསྟན་པའི་གནས་ཚད།  བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་ཐོག་ཉེར་བདུན་བར་བོད་ཀྱི་གདོད་མའི་ཆོས་ལུགས་བོན་ཆོས་དར་བ་ལས་སངས་རྒྱས་བསྟན་པའི་མིང་ཙམ་ཡང་མ་གྲགས་པར་གསུངས། དེ་རྗེས་རྒྱལ་ཐོག་ཉེར་བརྒྱད་པ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་མདོ་སྡེ་ཟ་མ་ཏོག་སོགས་ཕྱག་རྒྱ་དྲུག་པོ་ཕྱག་ཏུ་འབྱོར་བ་ལ་བརྟེན་ནས་བོད་རྒྱལ་དེའི་རིང་ལ་བོད་ལ་སངས་རྒྱས་བསྟན་པའི་དབུ་ཐོག་མར་བརྙེས།

རྒྱལ་ཐོག་སོ་གསུམ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སློབ་དཔོན་ཐོན་མི་སམ་བྷོ་ཊ་འཕགས་ཡུལ་དུ་ཡི་གེ་སློབ་པར་མངགས་ཤིང༌། ཡི་གེ་སློབ་པ་མཐར་ཕྱིན་ནས་ཕྱིར་ཕེབས་རྗེས་སྐུ་མཁར་མ་རུ་ཕ་བོང་མཁར་ཞེས་བྱ་བར་བོད་ཡིག་གསར་དུ་བཟོས་ཏེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་སྐད་དུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཟང་གཏོད།

དེ་རྗེས་རྒྱལ་རབས་སོ་བརྒྱད་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་མཁན་སློབ་རྣམ་གཉིས་སྤྱན་དྲངས་ཏེ་བོད་ཀྱི་དགོན་པའི་ཐོག་མ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་ནས་མཁན་ཆེན་ཞི་འཚོས་སད་མི་བདུན་རབ་ཏུ་བྱུང་བར་མཛད་དེ་སོ་ཐར་འདུལ་བའི་བསྟན་པ་བོད་དུ་ཐོག་མར་དར། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྗེ་འབངས་ཉེར་ལྔ་སོགས་ལ་གསང་སྔགས་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་ནས་རྒྱལ་བསྟན་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད།

དེ་རྗེས་རྒྱལ་ཐོག་ཞེ་གཅིག་པ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཆོས་རྒྱལ་ཁྲི་པ་རལ་པ་ཅན་གྱི་སྐུ་དུས་སུ་ཆོས་རྒྱལ་གོང་མ་རྣམས་ཀྱི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་ཤིང༌། སྲོལ་བཟང་གཏོད་པ། དར་ཞིང་རྒྱས་པར་མཛད་པ་རྣམས་འཛིན་སྐྱོང་སྤེལ་གསུམ་སོགས་ཀྱི་སྒོ་ནས་ཆེས་ཆེར་དར་རྒྱས་གོང་འཕེལ་དུ་གཏོང་གནང་མཛད།

                དེ་རྗེས་རྒྱལ་ཐོག་ཞེ་གཉིས་པ་གླང་དར་འུ་དུམ་བཙན་པོ་རྒྱལ་སར་བཞུགས་ཤིང༌། འུ་དུམ་བཙན་པོས་རང་གི་གཅུང་མངའ་བདག་ཁྲི་རལ་བཀྲོངས་རྗེས་སུ་བོད་ཀྱི་འདུལ་བའི་བསྟན་པ་བསྣུབས་ནས་མི་ལོ་བདུན་ཅུ་ལྷག་ལོན་པ་དང་བཅས་པ་དེའི་ཡན་ཆད་ལ་བསྟན་པ་སྔ་དར་ཞེས་བརྗོད་པ་དང༌། དེ་ནས་བསམ་ཡས་བཙན་པོ་ཡེ་ཤེས་རྒྱལ་མཚན་ཡབ་སྲས་ཀྱི་རིང་ལ་དབུས་གཙང་གི་མི་བཅུ་མདོ་སྨད་དན་ཏིག་ཏུ་མངགས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་ནས་སོ་ཐར་དགེ་སློང་གི་སྡོམ་རྒྱུན་བླངས་ཏེ་སླར་དབུས་གཙང་དུ་བྱོན་འཕྲལ། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་དོན་དང་ལྡན་པའི་ཆེ་བརྗོད་ལྟར་ཡང་བསྐྱར་འདུལ་བའི་བསྟན་པ་སྤེལ་བ་ནས་བཟུང་བསྟན་པ་ཕྱི་དར་ཞེས་བརྗོད་ལ། སྨད་འདུལ་ཞེས་གྲགས་པ་ཡང་དེ་ལས་བརྒྱུད་པ་ལ་བཞེད་དོ།།

                སྟོད་འདུལ་དུ་གྲགས་པ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱིས། རྒྱ་གར་ཤར་ཕྱོགས་ཀྱི་པཌཎི་ཏ་དྷརྨ་པཱ་ལ་དང༌། དེའི་སློབ་མ་པཱ་ལ་གསུམ་དུ་གྲགས་པ་གདན་དྲངས། དེ་དག་ལས་ཞང་ཞུང་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བཞེས་ཤིང༌། བལ་ཡུལ་དུ་བྱོན་ནས་འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བའི་ཕྱག་ལེན་ཞུས་ཤིང་དེ་ལས་བརྒྱུད་པ་ལ་སྟོད་འདུལ་ཞེས་གྲགས་སོ།།

                བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་ཁྱད་པར་འབྱེད་ཆོས་དམ་པའི་ཆོས་འདུལ་བའི་བསྟན་པ་ཁོ་ནས་འབྱེད་དགོས་ཤིང༌། གླང་དར་མས་བསྟན་པ་བསྣུབས་ཞེས་པ་ཡང་འདུལ་བའི་བསྟན་པ་ཡིན་གྱིས་ནང་དུ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་དང༌། གསང་སྔགས་ཀྱི་རིམ་གཉིས་ལ་སོགས་པ་ནི་བདུད་སྡེ་སྟོབས་ཅན་གང་གིས་ཀྱང་བསྣུབས་པར་མི་ནུས་ཞེས་གསུངས་ལ། འདུལ་བ་གཞུང་དམ་པ་ལས། སོ་སོར་ཐར་པ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བཞག་པར་བྱའོ་ཞེས་དང༌། སོ་ཐར་གྱི་མདོ་ལས། ང་ནི་མྱ་ངན་འདས་འགྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱི་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་མིན་བསླབ་པ་རིན་པོ་ཆེ་གནས་མིན་ལ་རག་ལས་པ་སྟེ། ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། །རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །ཞེས་པ་ལྟར། རྒྱལ་བ་རང་ཉིད་ཀྱི་ལུང་ལས་ཀྱང༌། གང་ན་ལས་ཀྱང་ཡོད། ནན་ཏན་བྱེད་པའང་ཡོད་ན་དོན་དམ་པའི་ཆོས་གནས་པ་ཞེས་བགྱིའོ། །གང་ན་ལས་ཀྱང་མེད། ནན་ཏན་བྱེད་པའང་མེད་པ་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བགྱིའོ། །ཞེས་བསྟན་པ་གནས་མིན་ནི་གསོ་སྦྱོང་གི་གཞི་དང༌། དབྱར་གནས་ཀྱི་གཞི། དགག་དབྱེའི་གཞི་བཅས་གཞི་གསུམ་གྱི་ཉམས་ལེན་ཏེ་འདུལ་བའི་ཕྱག་ལེན་ཡོད་མེད་ཀྱི་སྒོ་ནས་འཇོག་པར་གསུངས་ཤིང༌། ཚུལ་ཁྲིམས་ཀྱང་སྔགས་ཀྱི་ཐུན་མོང་མ་ཡིན་པ་གཅིག་པུས་མི་ཆོག་གི་སོ་ཐར་ནི་བསྟན་པའི་རྩ་བ་ཡིན་པས་དེ་ཤིན་ཏུ་གཙོ་བོར་མཛད་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་གཙོར་འདོད་ཕྱིར། །ཞེས་གསུངས་པས་སོ།།

                བསྟན་པའི་གནས་ཚད་ནི། རྒྱལ་བསྟན་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་འཇིག་རྟེན་འདིར་ཡུན་ཇི་ཙམ་གནས་མིན་བཤད་པ་ནི། ལུང་ཕྲན་ཚེགས་དང༌། མདོ་སྡེ་བསྐལ་བཟང་སོགས་སུ་བསྟན་པ་ལོ་སྟོང་དུ་གནས་པར་གསུངས་པ་ནི་གྲོལ་བ་ཐོབ་པ་ཤས་ཆེ་བ་ལ་དགོངས། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། བསྟན་པའི་གཟུགས་བརྙན་དང་བཅས་པ་བསྡོམས་པའི་ལོ་སྟོང་དང་ལྔ་བརྒྱར་གནས་པར་གསུངས། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་བསྟན་པའི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་གསུངས་པ་ནི། འབྲས་བུ་ལ་ཞུགས་པ་དང༌། ལུང་ལ་སློབ་པའི་དབང་དུ་མཛད་པ་ཡིན། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་སྣང་བའི་མདོ་དང༌། རྡོ་རྗེ་གཅོད་པའི་འགྲེལ་པར་བསྟན་པ་ལོ་ཉིས་སྟོང་ལྔ་བརྒྱའི་བར་དུ་གནས་པར་གསུངས་པ་ནི་ཕལ་ཆེར་ལྟ་བ་དང་སྒྲུབ་པ་མཐུན་པའི་དབང་དུ་མཛད་པ་ཡིན། ཡུམ་གསུམ་གནོད་འཇོམས་དང༌། ཌཾ་ཊཥ་སེ་ནའི་འབུམ་ཊིཀ་ཏུ་བསྟན་པ་ལོ་ལྔ་སྟོང་སྟེ་ལྔ་བརྒྱ་བ་ཕྲག་བཅུ་གནས་པར་གསུངས། དེ་ཡང་ལོ་ལྔ་སྟོང་ཕྱེད་ཕྱེད་དུ་བགོས་པའི་ལྔ་བརྒྱ་པ་ཕྲག་བཅུ་ཡོད། གཞན་ཡང་ངེས་དོན་ཤེས་རབ་ཀྱི་རྒྱུད་རྣམས་ནི། བསྟན་པ་རིན་པོ་ཆེ་ནམ་ཡང་ནུབ་པར་མི་འགྱུར་བས་གནས་ཚད་བཞག་ཏུ་མེད་པར་འདོད་དོ།།

བསྟན་པ་ཕྱི་དར་སྐབས་བོད་ཀྱི་ནང་པའི་ཆོས་རྒྱུད་གྲུབ་མཐའ་ཇི་སྙེད་བྱོན་ཚུལ་རགས་བཤད།

             ༈ དཔལ་ལྡན་ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ་དང་རིམ་པར་བརྒྱུད་པ་ལ་བཀའ་གདམས་པ།

                བཀའ་བརྒྱུད་མར་མི་དྭགས་གསུམ་ལས། མཉམ་མེད་དྭགས་པོའི་སློབ་མ་ཁོ་ན་ལ་བསྒོམ་ཆེན་བརྒྱད་བརྒྱ། གདུགས་ཐོག་ལྔ་བྱུང་བར་གྲགས།

                དབོན་བསྒོམ་ཚུལ་ཁྲིམས་སྙིང་པོ་ནས་བླ་མ་ཞང་ལ་བརྒྱུད་པ་ལ་ཚལ་པ་བཀའ་བརྒྱུད། གྲུབ་ཐོབ་ཀརྨ་མི་གསུམ་གྱི་ཀརྨ་པ་དུས་གསུམ་མཁྱེན་པ་ནས་བརྒྱུད་པ་ཀམ་ཚང་བཀའ་བརྒྱུད། ཅེས་གྲགས་པ་ལས་ཟུར་དུ་གྱེས་པ་ཟུང་མང་བཀའ་བརྒྱུད་དང༌། གནས་མདོ་བཀའ་བརྒྱུད། འབའ་རམ་དར་མ་བྱང་ཆུབ་ཀྱི་སློབ་བརྒྱུད་ལ་འབའ་རམ་བཀའ་བརྒྱུད།

                ཕག་གྲུའི་སློབ་བརྒྱུད་གླིང་རས་དང་རྒྱ་རས་ནས་བརྒྱུད་པ་ལ་འབྲུག་པ་བཀའ་བརྒྱུད། དེ་ལའང་སྟོད་འབྲུག་གནམ་གྱི་སྐར་མ༌། སྨད་འབྲུག་ས་ཡི་རྩི་ཐོག བར་འབྲུག་སྟེ་དཔལ་ལྡན་འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཚུན་ཆད་དུ་ཁྱབ་སྟེ། མི་ཕྱེད་དེ་འབྲུག་པ། འབྲུག་ཕྱེད་དེ་སྤྲང་པོ། སྤྲང་ཕྱེད་དེ་གྲུབ་ཐོབ་ཏུ་བྱུང་བར་གྲགས།

                སྐྱོབ་པ་འཇིག་རྟེན་མགོན་པོ་ནས་གྲུབ་ཐོབ་གཉོས་མགར་ཆོས་གསུམ་ལ་བརྒྱུད་པ་འབྲི་གུང་བཀའ་བརྒྱུད། རི་ཐམས་ཅད་འབྲི་གུང་རི་པ། ཐང་ཐམས་ཅད་འབྲི་གུང་དགོན་པ། སློབ་མ་དགེ་འདུན་ཁྲི་ཚོ་བཅོ་བརྒྱད་བྱུང་བར་གྲགས།

སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྲུབ་ནས་སངས་རྒྱས་ཡར་བྱོན་དང་སངས་རྒྱས་དབོན་སོགས་རིམ་པར་བརྒྱུད་པ་ལ་སྟག་ལུང་ཡར་ཐང་མར་ཐང་སོགས་སྟག་ལུང་བཀའ་བརྒྱུད།

                གཞན་ཡང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ། ཁྲོ་ཕུ་བཀའ་བརྒྱུད། དམར་ཚང་བཀའ་བརྒྱུད། ཡེལ་པ་བཀའ་བརྒྱུད། གཡའ་བཟང་བཀའ་བརྒྱུད། ཤུག་གསེབ་བཀའ་བརྒྱུད། དེ་དག་ཐམས་ཅད་ཕག་གྲུའི་སློབ་ཁོངས་ཤ་སྟག་གོ།

                དེ་ཙམ་དུ་མ་ཟད། བོད་གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་བྱོན་པ་ལས།

                སྔ་འགྱུར་བཀའ་གཏེར་རིམ་བྱོན་ཐེག་མཆོག་བསྟན་པའི་མཛོད་འཛིན་གདམས་སྔགས་རྙིང་མ་བ།

                གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་ནས་ཤངས་པ་རིན་ཆེན་བདུན་བརྒྱུད་ལ་བརྒྱུད་པ་ཤངས་པ་བཀའ་བརྒྱུད།

                ས་སྐྱའི་རྗེ་བཙུན་གོང་མ་རྣམ་ལྔ་ནས་འཇམ་དབྱངས་བདུན་བརྒྱུད་སོགས་ལ་རིམ་པར་བྱོན་པ་ལ་དཔལ་ལྡན་ས་སྐྱ་བ་ཞེས་ཡོངས་སུ་གྲགས། དེ་ལས་ཟུར་དུ་གྱེས་པ་ཚར་ངོར་རྫོང་གསུམ།

                འཇམ་དཔལ་དབྱངས་དངོས་རྗེ་ཙོང་ཁ་པ་ཆེན་པོ་ནས། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ། འདུལ་འཛིན་གྲགས་པ་རྒྱལ་མཚན། རྗེ་ཤེས་རབ་སེངྒེ༌། རྗེ་དགེ་འདུན་གྲུབ་པ་སོགས་རིམ་པར་བྱོན་པ་ལས་དཔལ་མཉམ་མེད་རི་བོ་དགེ་ལུགས་པ་ཞེས་ཡོངས་སུ་གྲགས་པ་བྱོན།

                རྗེ་བཙུན་དམ་པ་སངས་རྒྱས་ནས་བཀའ་བབ་སྔ་ཕྱི་བར་གསུམ་ལས་བྱོན་པ་དམ་ཆོས་སྡུག་བསྔལ་ཞི་བར་བྱེད་པས་ཞི་བྱེད།

                ཡུམ་ཆེན་དངོས་བྱོན་མ་ཅིག་ལབ་སྒྲོན་ནས། སྲས་བརྒྱུད་དང་སློབ་བརྒྱུད་སོགས་ལས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ།

                པཎ་ཆེན་དུས་ཞབས་ཆེ་ཆུང༌། ཟླ་བ་མགོན་པོ། ར་འབྲོ་རྩ་གསུམ་སོགས་ནས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་པ། གྲུབ་ཆེན་ཨོ་རྒྱན་པས་རྡོ་རྗེ་ཕག་མོ་དངོས་ལ་གསན་པའི་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབས་རྒྱུད་པ།

                གྲུབ་ཆེན་ཞི་བ་སྦས་པ་དང་པཎ་ཆེན་ནགས་རིན་སོགས་ནས། ཀུན་མཁྱེན་དོལ་པོ་བ་དང༌། རྗེ་བཙུན་གྲོལ་ཆོག གསང་བདག་ཏ་ར་ན་ཐཱ་སོགས་ལ་བརྒྱུད་པ་ཇོ་ནང་པ།

 དེ་དག་ལ་ཤིང་རྟ་ཆེན་པོ་བརྒྱད་ཅེས་ཡོངས་སུ་གྲགས་ཤིང་གྲུབ་མཐའ་རིས་སུ་མ་ཆད་པ་འདི་དག་གིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ།།

སྔོན་བྱོན་མཁས་དབང་གྲུབ་བརྙེས་སྒྲ་བསྒྱུར་ལོ་ཙཱ་བ། །
བཀའ་བསྟན་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་པཌཎི་ཏ། །
རྒྱལ་སྲིད་ཆོས་བཞིན་སྐྱོང་མཛད་རྗེ་བློན་བྱང་སེམས་ཀྱི། །
ཐུགས་རྗེ་བཀའ་དྲིན་བསམ་བརྗོད་ལས་འདས་ཕྱག་གི་ཡུལ། །

བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
༄༅། །ཤམ་བྷ་ལ་ཕོ་ཉའི་དྲྭ་ཚིགས་འདི་དེ་སྔ་ལྟ་རྒྱུའི་དུས་སྐབས་དང་དོ་དབྱིངས་དེ་ཙམ་མ་བྱུང། ཉེ་ཆར་དྲྭ་ཚིགས་འདི་མཐོང་སྐབས་དགའ་སྣང་དང། ཡི་རངས་གཉིས་ཀའི་ཚོར་བ་བྱུང། གང་གིས་ན་དྲྭ་ཚིགས་འདི་ནི་ཆེས་རྣམ་གྲངས་མང་ལ་ཆ་ཚང་བ། བོད་ཀྱི་རྩ་ཆེའི་ཆོས་རིག་གི་ཆེ་བ་གསོན་ཉམས་དོད་པོའི་ངོ་སྤྲོད་བྱེད་པ་དེ་གོ་བདེ་ཞིང་ཁུངས་ལུང་དག་པ་དང་། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་ཕུན་ཚོགས་པ་འདུག་ཅེས་ཞུ་འདོད་བྱུང། ད་དུང་ཡར་རྒྱས་ལ་མཐའ་མེད་སྟབས་གོམ་པ་མདུན་སྤོས་ཀྱི་མགྱོགས་ཚད་མངོན་ཐོན་ཅན་གྱི་རྗེས་སུ་བསྙེགས་ཐུབ་པའི་རེ་སྨོན་ཞུ། བསམ་འཆར་མེད།
5 ༡༠༢༠༡༢༡༡༠༧
ས་ངོར་ཚར་གསུམ་ཞེས་པ་ཡིག་ཆ་མང་པོ་ཡོད། ཚར་ངོར་རྫོང་གསུམ་ཞེས་པ་ད་ལན་ཐོས་པ་དང་པོ་ཡིན་པས་གུས་པ་བསོད་ནམ་ཆེ་བ་ལ།
4 ༢༣༢༠༡༡༡༠༠༢
མཁྱེན་རྒྱ་ཡངས་པའི་རྒན་གྲགས་རྣམ་ལགས། ཁྱེད་ཀྱི་ངོ་མ་རྟགས་བསལ་ཚ་པོ་བཏང་འདུག་པས། ཕྲན་ནས་དགའ་བསུ་ཞུ། ད་དུང་ཁྱེད་ཀྱི་རྩོམ་ཡིག་མང་ཙམ་ཤམ་བྷ་ལའི་དྲ་རྒྱ་ནང་འགོད་ཐུབ་ན་ངེས་ཀྱི་ཀློག་ངེས་ཡིན། ཁྱེད་ནི་གངས་དཀར་ལྷུན་པོའི་དཔའ་རྒོད་ཞིག་ཀྱང་རེད། ཁྱེད་ཀྱི་རྩོམ་ཡིག་གང་མགྱོགས་བལྟ་འདོད་འདུག་ན་མྱུར་དུ་འགོད་རོགས་ཞུ། ག་ལེར་བཞུགས།
3 ༢༢༢༠༡༡༢༡༤༢
༸རྒྱལ་བ་རིན་པོ་ཆེས་ཇོ་ནང་ནི་དུས་འཁོར་གྱི་རྩ་རྒྱུད་ཁུངས་གཏུགས་ས་ཡིན་ཞེས་བསྔགས་བརྗོད་གནང་བ་ཁྱེད་ཀྱི་མི་ཐོས་སམ། ཚང་མའི་ནང་ནས་གལ་འགངས་ཆེ་ཤོས་ནི་ཆོས་ལུགས་མཐུན་འབྲེལ་ཡིན་པ་ལས་རྩིས་མི་རྩིས་ཀྱི་གནད་དོན་ནི་ཆུང་ཙག་རེད་སྙམ།
2 ༢༡༢༠༡༡༡༣༠༨
སྔོན་གྱི་བགདོན་མའི་ཆོས་ལུགས་ཀྱི་བྱེད་པོ་གཤེན་རབས་ནས་བཟུང་བླ་མ་རེ་ནས་ཆོས་རྒྱུད་རེ་བྱུང་བ་ད་དུང་གྲངས་ཀྱི་མི་ལོང་།་ འོན་ཀྱང་འཐབ་རྩོད་ཀྱི་སྙོགས་འཛང་དང་ད་ལྟའི་འུ་ཅག་གི་གནས་བབས་ལ་ཞུགས་ན་དར་བ་ལས་མ་དར་ན་ལེགས་སྙམ་བྱུང་།
1 ༣༠༢༠༡༠༢༡༠༤
གསར་རྙིང་ཇོ་གསུམ་བོན་དང་བཅས་ཞེས་པའི་སྔོན་གྱི་ཚིག་བརྗོད་ལས་གསར་ཞེས་པའི་ཆོས་བརྒྱུད་གང་དག་ཡོད་དམ།



བརྗོད་གཞི་གཞན་ཁག་ལ་གཟིགས།