བསྒྲུབ་བརྒྱུད་ཤིང་རྟ་བརྒྱད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༧ཉིན།
རྩ་གསུམ་ཀུན་འདུས་སློབ་དཔོན་པདྨ་འབྱུང༌། །
མཁན་ཆེན་ཞི་འཚོ་ཆོས་རྒྱལ་ཁྲི་སྲོང་ཞབས། །
གནུབས་ཆེན་སངས་རྒྱས་ཉང་སྟོན་ཉི་མ་འོད། །
བཀའ་གཏེར་ཤིང་རྟ་ལྔ་ལ་གསོལ་བ་འདེབས། །

རྙིང་མའི་ཆོས་ལུགས་ནི་བོད་དུ་ནང་པའི་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན་ཞིང༌། རྙིང་མའི་ཆོས་ལ་བརྒྱུད་པ་མི་འདྲ་བའི་སྒོ་ནས་གསུམ་སྟེ། པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པའི་རིང་བརྒྱུད་བཀའ་མ་དང༌། སློབ་དཔོན་པདྨ་འབྱུང་གནས་སོགས་ནས་བརྒྱུད་པའི་ཉེ་བརྒྱུད་གཏེར་མ༑ བླ་མ་འགའ་ཞིག་ལ་ཡི་དམ་ལྷས་ཞལ་གཟིགས་ནས་དངོས་སུ་གསུངས་པའི་ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་གསུམ་བྱུང༌། རྙིང་མའི་ཆོས་དར་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་གར་ནས་སློབ་དཔོན་ཀུ་མཱ་ར་དང༌། བྲམ་ཟེ་ཤཾ་ཀ་ར༑ བལ་པོའི་སློབ་དཔོན་ཤིའ་ལ་མཛཉུ། རྒྱ་ནག་གི་སློབ་དཔོན་མ་ཧཱ་ཡཱ་ན་སོགས་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་མང་པོ་བསྒྱུར་ཅིང་བསྟན་པའི་སྲོལ་གཏོད། དངོས་སུ་འཆད་ཉན་རྒྱ་ཆེར་མ་བྱུང་ཡང་རྒྱལ་པོ་རང་གིས་སྐལ་ལྡན་དུ་མར་ལྐོག་ཆོས་སུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་སྩལ་ནས་ཉམས་ལེན་མཛད་པ་སོགས་གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་མདོ་ཙམ་བྱུང་ཞིང༌། རྒྱ་ཆེ་བ་ནི་མི་རབས་ལྔ་སོང་རྗེས་ཁྲི་སྲོང་གི་སྐབས་སུ་འཕགས་ཡུལ་ནས་མཁན་ཆེན་ཞི་འཚོ་གདན་དྲངས་ཏེ་དགེ་བ་བཅུ་སོགས་ལས་བརྩམས་པའི་ཐུན་མོང་མདོ་ཕྱོགས་ཀྱི་ཆོས་ཚུལ་མཐའ་དག་གསུངས་ཤིང༌། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་རྒྱས་འབྱུང་བའི་ཆེད་དུ་སློབ་དཔོན་པདྨ་འབྱུང་གནས་སྤྱན་འདྲེན་དགོས་པའི་ལུང་བསྟན་བཞིན། ཕྱི་ལོ་ ༨༡༠ ལོར་རྒྱལ་པོས་སློབ་དཔོན་བོད་དུ་གདན་དྲངས། རྗེ་འབངས་ཉེར་ལྔ་སོགས་སློབ་མ་མང་པོར་ལུང་ཨ་ནུ་ཡོ་ག་དང༌། བསྐྱེད་པ་མ་ཧཱ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་བཅས་ཡོ་ག་རྣམ་གསུམ་སོགས་དབང་དང་མན་ངག་མང་པོ་གསུངས་ཤིང་བོད་ཡུལ་གྱི་ནག་ཕྱོགས་ལྷ་འདྲེ་མཐུ་བོ་ཆེ་རྣམས་ཐུགས་རྗེས་གཟིར་ཞིང་དམ་བཞག་མཛད། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་རྙིང་མའི་ཆོས་ལུགས་འདི་བྱུང་ཞིང༌། ཁྲི་སྲོང་ལྡེའུ་བཙན་གྱི་དུས་ནས་དར་རྒྱས་བྱུང༌། རྙིང་མ་ཞེས་པའི་དོན་མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མ་བྱུང་བས། གསང་སྔགས་ཀྱི་སྒོ་ནས་བཞག་པ་ཡིན།

མཁན་སློབ་ཆོས་གསུམ་བཀའ་བགྲོས་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ། མཁན་སློབ་གཉིས་ཀྱིས་རབ་གནས་ཀྱི་ཆོ་ག་དང་རྟེན་འབྲེལ་དགའ་སྟོན་བཅས་གྲུབ་པ་ན། རྒྱལ་པོའི་ཐུགས་ལ་མདོ་སྔགས་ཀྱི་བསྟན་པ་དངོས་གཞི་འཛུགས་པར་དགོངས་ཏེ། བོད་ཕྲུག་བློ་གསལ་རྣམས་ལ་ལོ་ཙཱ་བསླབས། རྒྱ་གར་ནས་པཌཎི་ཏ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་བི་མ་ལ་མི་ཏྲ་སོགས་མཁས་གྲུབ་ཀྱི་མཆོག་གྱུར་དུ་མ་སྤྱན་དྲངས་ནས་སད་མི་བདུན་རབ་ཏུ་བྱུང༌།  བཻ་རོ་ཙ་ན་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་བཀའ་བསྟན་གལ་ཆེ་རྣམས་བསྒྱུར་ཏེ་གཏན་ལ་ཕབ།  བཻ་རོ་ཙ་ནས་སློབ་དཔོན་ཤྲིའ་སིང་ཧ་ལས་རྫོགས་པ་ཆེན་པོ་དང༌།  ནམ་མཁའི་སྙིང་པོས་ཧཱུཾ་ཀ་ར་ལས་ཡང་དག་གི་ཆོས་སྐོར་གསན་ཅིང་ཉམས་སུ་བླངས་ཤིང་བསྒྲུབས་པས་གྲུབ་པའང་ཐོབ་ནས་བོད་དུ་སྣོད་ལྡན་རྣམས་ལ་སྤེལ་བས་འཇའ་ལུས་གྲུབ་ཅིང་རྟགས་ཐོན་པ་མང་པོ་བྱུང༌།

གཞན་ཡང་སློབ་དཔོན་ཆེན་པོ་པདྨས་སྐལ་ལྡན་གྱི་རྗེ་འབངས་འགའ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བཞིས་སྨིན་པར་མཛད་དེ་གྲུབ་པའི་དབང་ཕྱུག་ཉེར་ལྔ་སོགས་རྣལ་འབྱོར་ཆེན་པོ་གྲངས་ལས་འདས་པ་དང༌། མཚན་ཉིད་ཐེག་པའི་བཤད་སྒྲ། གསང་སྔགས་ཀྱི་སྒོམ་གྲྭ་དུ་མས་བོད་ཀྱི་ཁྱོན་ཀུན་ཏུ་ཁྱབ། དབུ་ཟླུམ་མདོ་དང༌། ལྕང་ལོ་སྔགས་སྟེ་རྗེ་འབངས་རྣམས་ཀྱི་དབུ་ཡི་མཆོད་གནས་རྣམ་གཉིས་སུ་བཀས་བཅད། ཆབ་སྲིད་དམ་པའི་ཆོས་ཀྱིས་བསྐྱངས་པའི་དུས་སྐབས་འདི་ཙམ་ན་བོད་ཀྱི་བདེ་སྐྱིད་ལྷ་དང་མཉམ་པར་གྲགས། སྙིགས་དུས་ཀྱི་འགྲོ་ལ་ལྷག་པར་ཐུགས་བརྩེ་བས་གཟིགས་ཏེ་མ་འོངས་ལུང་བསྟན་ལྷམ་མེར་སྩལ་པ་དང༌།  མ་འོངས་པར་ཟབ་མོའི་ཆོས་ལ་རྟོག་གེའི་བསྲེ་བསླད་མི་ཞུགས་ཤིང་བསྟན་པ་སྲུང་བའི་ཆེད་དུ་དྲག་སྔགས་ཀྱི་རིགས་ཀྱང་མང་དུ་གསུངས་ཤིང༌།  མཁའ་འགྲོའི་བརྡ་ཡིག་སོགས་དཔེ་དུ་མ་བོད་ཀྱི་རི་བྲག་མཚོ་གསུམ་དང༌། ལས་ཅན་གྱི་དགོངས་པའི་ཀློང་དུ་བསྟིམ་པ་སོགས་མི་ཤིགས་པའི་རྒྱས་བཏབ་ནས་གཏེར་སྲུང་རྣམས་ལ་གཉེར་དུ་གཏད། ནམ་ཞིག་དུས་ལ་བབ་པའི་ཚེ་སྐལ་ལྡན་གྱི་སྐྱེས་བུ་སོ་སོས་གཏེར་ནས་བཏོན་ཏེ། བསྙེན་སྒྲུབ་ཡན་ལག་རྣམ་བཞིས་ཉམས་སུ་བླངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ད་ལྟའང་མཐོང་ཆོས་སུ་ཡོད། འཛམ་གླིང་གི་འགྲོ་བ་རྣམས་སྲོག་གི་འཇིགས་པ་ལས་སྒྲོལ་ཕྱིར་འཆི་མེད་པདྨ་འབྱུང་གནས་ཉིད་ལྷོ་ནུབ་སྲིན་ཡུལ་ཟངས་མདོག་དཔལ་རིར་རྫུ་འཕྲུལ་གྱི་བཀོད་པ་དུ་མ་དང་བཅས་འཇིག་རྟེན་འདི་མ་སྟོང་བར་གཡོ་མེད་རྟག་ཁྱབ་ཆེན་པོར་བཞུགས་པར་གྲགས།                དེ་ནས་མངའ་བདག་ཁྲི་རལ་གྱིས་ཡབ་མེས་ཀྱི་བཀའ་སྲོལ་ལྟར་གཙུག་ལག་ཁང་མང་དུ་མ་བཞེངས། སྔར་བསྒྱུར་བའི་གསུང་རབ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རྒྱལ་པོའི་དབུ་སྐྲ་ལ་དར་ཡུག་གཉིས་བཏགས་པའི་སྣེར་རབ་བྱུང་ངུར་སྨྲིག་གི་སྡེ་དང༌། གོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་བཞུགས་སུ་གསོལ་ཞིང་དབུ་ཡི་མཆོད་གནས་སུ་བཀུར། དེ་རྗེས་བསྟན་པའི་འཕེལ་གྲིབ་ཙམ་ལས་ད་ལྟའི་བར་རྒྱལ་བསྟན་དྲི་མ་མེད་པ་གསལ་བར་འཛིན་པའི་ཆེ་བ་དྲུག་ལྡན་གྱི་གསང་སྔགས་སྔ་འགྱུར་རྙིང་མའི་བཞེད་སྲོལ་འདི་ཉིད་དར་ཞིང་རྒྱས་པར་གནས་སོ།།

གངས་རིའི་ལྗོངས་སུ་ཐུབ་བསྟན་སྣང་བའི་སྒོ། །
ཐོག་མར་འབྱེད་མཛད་མཁན་སློབ་ཆོས་རྒྱལ་གསུམ། །
ལོ་པཎ་རིག་འཛིན་རྗེ་འབངས་ཐུགས་བསྐྱེད་མཐུས། །
གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །

བཀའ་གདམས་པའི་གྲུབ་མཐའ།

འོད་དཔག་མེད་མགོན་དཔལ་ལྡན་མར་མེ་མཛད། །
རྒྱལ་བའི་འབྱུང་གནས་སྤྱན་སྔ་ཚུལ་ཁྲིམས་འབར། །
རིན་ཆེན་གསལ་དང་གཞོན་ནུ་རྒྱལ་མཚན་ཞབས། །
བཀའ་གདམས་བཤེས་གཉེན་ལྔ་ལ་གསོལ་བ་འདེབས། །

བཀའ་གདམས་པའི་གྲུབ་མཐའ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་༼༩༨༢། ༡༠༥༤༽ ནས་དབུ་བརྙེས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ ༼༡༠༠༥། ༡༠༦༤༽ ཀྱིས་སྲོལ་ཕྱེ། པོ་ཏོ་བ་ ༼༡༠༣༡། ༡༡༠༥༽ སོགས་བཀའ་གདམས་སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད་པའི་རྒྱལ་བའི་བཀའ་ན་གཅིག་ཀྱང་འདོར་དུ་མེད་པར་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་གོ་བའི་བཀའ་གདམས་པ་ཞེས་ལྷ་ཆོས་བདུན་ལྡན་གྱི་གསེར་གྱི་ཕྲེང་བ་ལྟ་བུའི་བསྟན་པ་བོད་དུ་ཇི་ལྟར་དར་ཚུལ་ནི། དེ་ཡང་གླང་དར་གྱིས་བསྟན་པ་བསྣུབས་རྗེས་སྟོད་སྨད་གཉིས་ནས་འདུལ་བའི་བསྟན་པ་དར་ཡང༌། བོད་དུ་ཆོས་ལོག་དུ་མ་དར་བས་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཚུལ་དེ་ཐུགས་ཀྱིས་མ་བཟོད་པར་ཆོས་ལོག་སྤེལ་མི་ཆོག་པའི་བཀའ་བཅད་མཛད་པ་སོགས་ཐབས་ཤེས་ཇི་ལྟར་མཛད་ཀྱང་མ་ཕན་སྟབས། རྒྱ་བརྩོན་འགྲུས་སེངྒེ་སོགས་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་པར་བཏང་ཡང་སྤྱན་མ་འདྲོངས། དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་དུས་སུ་ནག་ཚོ་ལོ་ཙཱ་བས་གདན་དྲངས་ཏེ་ཇོ་བོ་རྗེ་བོད་དུ་ལོ་བཅུ་བདུན་བཞུགས། སྐལ་ལྡན་རྣམས་ལ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་ཤིང༌།  བསྟན་བཅོས་བྱང་ཆུབ་ལམ་སྒྲོན་རྩ་འགྲེལ་དང༌། སྤྱོད་བསྡུས་སྒྲོན་མེ། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་ཆོས་ཚན་བརྒྱ་རྩ་བརྒྱད་ལྗགས་རྩོམ་མཛད། ཕ་ཆོས་བུ་ཆོས་གཉིས་ཀྱི་ཁྱད་པར་ནི། གཉིས་ཀ་ཇོ་བོའི་གསུང་ཡིན་ནའང༌། ཕ་འབྲོམ་སྟོན་པས་ཞུས་པའི་ལེའུ་ཉི་ཤུ་རྩ་དྲུག་ཡོད་པ་དེ་ལ་ཕ་ཆོས་དང༌། བུ་ཁུ་རྔོག་གཉིས་ཀྱིས་ཞུས་པའི་ལེའུ་ཞེ་དགུ་ཡོད་པ་དེ་ལ་བུ་ཆོས་ཟེར།

བཀའ་གདམས་པ་རྣམས་ཀྱིས་ཡི་དམ་དུ་བསྟེན་པའི་ལྷ་བཞི་དང་ཆོས་གསུམ་སྟེ་ལྷ་ཆོས་བདུན་ལྡན་ལས། ལྷ་བཞི་ནི། ༡ བསྟན་པའི་བདག་པོ་སྟོན་པ་ཐུབ་པའི་དབང་པོ༑ ༢ སྙིང་རྗེའམ་ཞི་བའི་ལྷ་ཐམས་ཅད་གཅིག་ཏུ་འདུས་པ་སྤྱན་རས་གཟིགས། ༣ ཁྲོ་བོའི་ལྷ་ཐམས་ཅད་གཅིག་ཏུ་འདུས་པ་མི་གཡོ་བ། ༤ འཕྲིན་ལས་སམ་ལྷ་མོ་ཐམས་ཅད་གཅིག་ཏུ་འདུས་པ་རྗེ་བཙུན་སྒྲོལ་མ་བཅས་ཡིན་ཅིང༌། ཆོས་གསུམ་ནི། ༡ ལྟ་བ་ཤེས་རབ་ཀྱི་སྐོར་རྒྱས་པར་སྟོན་པ་མངོན་པའི་སྡེ་སྣོད། ༢ སྒོམ་པ་ཏིང་ངེ་འཛིན་གྱི་སྐོར་རྒྱས་པར་སྟོན་པ་མདོ་སྡེའི་སྡེ་སྣོད། ༣ སྤྱོད་པ་ཚུལ་ཁྲིམས་ཀྱི་སྐོར་རྒྱས་པར་སྟོན་པ་འདུལ་བའི་སྡེ་སྣོད་བཅས་ཉམས་ལེན་གྱི་ཁུངས་དང་རིགས་པའི་གཞུང་ལུགས་ཡིན་པས་བཀའ་གདམས་ལྷ་ཆོས་བདུན་ལྡན་ཟེར། བཀའ་གདམས་པའི་གཞུང་ལུགས་ནི། སྐྱེས་ཚོམས་གཉིས། མདོ་བྱང་གཉིས། བསླབ་སྤྱོད་གཉིས་སོ།།

བཀའ་གདམས་བརྒྱུད་པ་གསུམ་ནི། ༡ དགེ་བཤེས་པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་ནས་ལོ་ཙཱ་བ་ཆེན་པོ་སྐྱབས་མཆོག་དཔལ་བཟང་པོ་བར་དུ་བརྒྱུད་པའི་བཀའ་གདམས་གཞུང་པའི་བརྒྱུད་པ་དང༌། ༢ དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར་ནས་དགེ་བཤེས་བྱ་ཡུལ་བ་ལ་བརྒྱུད་པ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱི་བར་བརྒྱུད་པའི་བཀའ་གདམས་མན་ངག་བརྒྱུད་པ་དང༌། ༣ དགེ་བཤེས་དགོན་པ་བ་ནས་དགེ་བཤེས་སྣེའུ་ཟུར་བ་ལ་བརྒྱུད་པ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་བར་བརྒྱུད་པ་ལ་བཀའ་གདམས་ལམ་རིམ་པ་ཞེས་བརྗོད་པ་ཡིན། བརྒྱུད་པ་དེ་གསུམ་ཀ་རྗེ་ཙོང་ཁ་པ་ཆེན་པོས་གསན་པས་དེ་ནས་བརྒྱུད་པ་གསུམ་ཀ་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཡིན། དེ་ལྟར་བཀའ་གདམས་པ་ནི་ཇོ་བོ་རྗེ་ནས་རིམ་བཞིན་འབྲོམ་སྟོན་པ། པོ་ཏོ་བ། ཕུ་ཆུང་བ། སྤྱན་སྔ་བ། གླང་ཤར་གཉིས་སོགས་ཀྱིས་བཀའ་གདམས་པའི་ཆོས་ལུགས་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང༌། ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བཀའ་གདམས་པའི་དགོན་པའི་ཐོག་མ་རྭ་སྒྲེང་ཕྱག་བཏབ་པ་ནས་བཟུང་ཆོས་གཞི་བཟུང་སྟེ། ཇོ་བོ་རྗེའི་དགོངས་པ་དང་མཐུན་པའི་ལྟ་སྤྱོད་གཙང་མར་སྤེལ་བའི་སློབ་མ་འགའ་ཞིག་བསྐྱངས་པ་ནས་དར་སྤེལ་བྱུང༌། ཇོ་བོ་རྗེ་ལ་རྒྱ་བོད་གཉིས་ཀར་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་བའི་གཙོ་བོར་ཁུ་བརྩོན་འགྲུས་གཡུང་དྲུང་དང༌། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྔོག་ལེགས་པའི་ཤེས་རབ་སོགས་བཤེས་གཉེན་ཆེན་པོ་དུ་མས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རིང་ལུགས་སྒོ་ཀུན་ནས་གསལ་བར་མཛད་པ་ལ་བརྟེན་ནས་དར་ཞིང་རྒྱས་པར་གྱུར་ཏོ།།

སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱལ་བའི་བཀའ། །
གདམས་པ་སྐྱེས་བུ་གསུམ་དུ་ལེགས་བསྒྲིགས་པ། །
ལྷ་ཆོས་བདུན་ལྡན་བཀའ་གདམས་གསེར་གྱི་ཕྲེང༌། །
གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །

དཔལ་ས་སྐྱ་པའི་གྲུབ་མཐའ།

རྡོ་རྗེ་འཆང་དངོས་བླ་ཆེན་སྙིང་པོའི་ཞབས། །
བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་དང༌། །
ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །
རྗེ་བཙུན་གོང་མ་ལྔ་ལ་གསོལ་བ་འདེབས། །

དཔལ་ལྡན་ས་སྐྱ་པའི་བཞེད་སྲོལ་ནི་མཚན་མཆོག་གསུམ་ལྡན་གྱི་གདུང་ལས་བྱུང་སྟེ། ༡ དེ་ཡང་འོད་གསལ་གནམ་ལྷ་གཡུ་རིང་བསིལ་ལྗོངས་སུ་བབས་པ་ནས་གཡའ་སྤང་སྐྱེས་བར་གྱི་གདུང་རབས་ལྔ་ལ་ལྷ་རིགས་ཞེས་གྲགས། ༢  དེ་དང་སྲིན་པོ་འཁོན་པའི་བར་དུ་སྲས་གཅིག་འཁྲུངས་པས་འཁོན་བར་སྐྱེས་ནས་གདུང་རབས་བཅུའི་རིང་ལ། འཁོན་གྱི་གདུང་ཞེས་བྱ། ༣ དེ་ནས་འཁོན་དཀོན་མཆོག་རྒྱལ་པོས་གསང་སྔགས་གསར་མའི་གྲུབ་མཐའ་འཛིན་པའི་དབུ་བཙུགས་ཤིང༌། དབོན་པོ་རི་ལ་ས་དཔྱད་ལེགས་པར་གཟིགས་ཏེ་ས་དཀར་ལོགས་སུ་དགོན་པ་བཏབ་པས་གནས་ལ་མིང་ཆགས་ཏེ། དཔལ་ལྡན་ས་སྐྱ་པ་ཞེས་གྲགས། ཆོས་བརྒྱུད་འདི་ནི་གསང་སྔགས་གསར་མའི་ཁོངས་སུ་གཏོགས་ལ། གཙོ་བོར་འབྲོག་མི་ལོ་ཙཱ་ ༼༩༩༣༽ བས་གདན་དྲངས་པའི་གསུང་ངག་ལམ་འབྲས་ཏེ༑ ཡི་དམ་དགྱེས་པ་རྡོ་རྗེའི་རིམ་གཉིས་ཡན་ལག་དང་བཅས་པ་རྣམས་སོ།།

འཁོན་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོས་ ༼༡༠༩༢། ༡༡༥༨༽ བཀའ་བསྟན་ཕལ་མོ་ཆེ་འབྲོག་མིས་གཙོས་ལོ་ཙཱ་བ་ཆེན་པོ་བཞི་ཡིས་ལེགས་པར་བཀྲལ་བའི་ཆོས་བརྒྱུད་ཀྱིས་མཚོན་གངས་ལྗོངས་སུ་དར་བའི་སྡེ་སྣོད་ཟབ་དོན་རྒྱ་མཚོའི་བཀའ་བབས་ཤིང་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོར་གྱུར། དེའི་སྲས་ཀུན་དགའ་འབར་ནི་འཕགས་ཡུལ་མ་ག་དྷར་གཞོན་དུས་ནས་གཤེགས། སློབ་དཔོན་བསོད་ནམས་རྩེ་མོ་ ༼༡༡༤༢། ༡༡༨༢༽ ནི། རབ་འབྱམས་གཞུང་ལུགས་ཟབ་མོར་གསན་བསམ་མཐར་ཕྱིན་ཏེ་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས། གདན་སར་བཞུགས་ནས་ཆོས་འཁོར་བསྐོར། མཐར་ཆོས་ཁྲིའི་སྟེང་ནས་འཇའ་ལུས་འོད་སྐུར་གཤེགས་པར་ཡོངས་སུ་གྲགས།

རྗེ་བཙུན་གྲགས་པ་རྒྱལ་མཚན་ ༼༡༡༤༧། ༡༢༡༦༽ ནི། དགུང་ལོ་བཅུ་གཅིག་སྐབས་ནས་ཆོས་གསུང་ཞིང༌། བཤད་པ་ཤིན་ཏུ་ཟབ་པའི་རྐྱེན་གྱིས་ཐམས་ཅད་ཡ་མཚན་དུ་གྱུར། ཕྱི་ནང་གི་ཆོས་ལ་སྒྲ་འདོགས་ཆོད་དེ་ཐུགས་དམ་ཁོར་ཡུག་གི་ལམ་རྟགས་མངོན་དུ་གྱུར་པས་འཕགས་ཡུལ་གྱི་ཁ་ཆེའི་པཎ་ཆེན་ཤ྄ཱཀྱ་ཤིའ་བྷ་དྲ་སོགས་ཀྱིས་རྡོར་འཛིན་བྱེ་བའི་གཙུག་རྒྱན་དུ་མཆོད། དཔལ་ཆེན་འོད་པོའི་སྲས་ས་སྐྱ་པཌཎི་ཏ་ཀུན་དགའ་རྒྱལ་མཚན་ ༼༡༡༨༢། ༡༢༥༡༽ ནི། སྐུའི་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང༌། འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་འགྲན་ཟླ་བྲལ་བའི་གྲགས་སྙན་ས་ཡི་ཁྱོན་ལ་ཁྱབ་ཅིང༌། བོད་ལྗོངས་སུ་བཅུ་ཕྲག་རིག་པ་ཞེས་པའི་མཚན་དོན་གཉིས་ཀ་དེ་ནས་བྱུང་བར་གྲགས། ཆེན་པོ་ཧོར་གྱི་རྒྱལ་པོས་གདན་དྲངས། རྒྱལ་བའི་བསྟན་པ་མཐའ་ཁྱབ་ཏུ་སྤེལ་བར་མཛད།

ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི། རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་ཕྱག་རྗེས་ཆེ་ཞིང༌། ཧོར་སེར་ཆེན་རྒྱལ་པོ་དང་མཆོད་ཡོན་དུ་འབྲེལ། ཆོས་སྲིད་ཀྱི་མངའ་ཐང་ཆེ་བས་བོད་ཆོལ་ཁ་གསུམ་གྱི་བདག་པོར་གྱུར། བོད་བླ་མས་རྒྱལ་པོ་གནང་བའི་ཐོག་མ་ཡིན། དེའི་སྐུ་མཆེད་འགྲོ་མགོན་ཕྱག་ན་རྡོ་རྗེ་ཞེས་བརྟུལ་ཞུགས་གྲུབ་པའི་ས་སྐྱོང་དང༌། གངས་ལྗོངས་མདོ་སྔགས་ཀྱི་ཤིང་རྟ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཏེ་རིགས་གསུམ་མགོན་པོ་དང༌། འཇམ་དབྱངས་བདུན་བརྒྱུད་དུ་གྲགས་པ་སོགས་ས་ཆེན་གོང་མ་རྣམས་དང༌། དེ་དག་གི་སློབ་རྒྱུན་གྲངས་ལས་འདས་པ་རྣམས་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་ནས་བཟུང་སྟེ་གངས་ལྗོངས་སུ་དར་བའི་ཐུབ་བསྟན་ཡོངས་རྫོགས་ལ་འཆད་ཉན་སྤེལ་གསུམ་ཧ་ཅང་དར་ཞིང་རྒྱས་པས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཕལ་མོ་ཆེ་ས་སྐྱའི་སློབ་རྒྱུན་དུ་མ་གཏོགས་པ་མེད་པ་ལྟ་བུར་གྱུར།

ས་སྐྱ་པའི་བསྟན་འཛིན་གྱི་སྐྱེས་བུ་མང་ཞིང༌། དེ་ཡང་མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་གཞོན་རོང་གསུམ། སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་ཚར་གསུམ་ལ་སོགས་པའི་སློབ་མ་ཡང་སློབ་དང་བཅས་མཁས་པའི་རྩེར་སོན་པའི་དབང་ཕྱུག་སྐྱེས་བུ་དམ་པ་དེང་སང་གི་བར་རིམ་བྱོན་རྣམས་ཀྱིས་བཀའ་སྡེ་སྣོད་རབ་འབྱམས་དང་དགོངས་འགྲེལ་བསྟན་བཅོས་པོད་ཆེན་དྲུག གྲགས་ཆེན་བཅོ་བརྒྱད་སོགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་དང༌། སྔགས་ལ་ཟབ་དོན་མཐར་ཐུག་སྙན་བརྒྱུད་ཚད་མ་བཞི་ལྡན་གསུང་ངག་ལམ་འབྲས་ཀྱིས་མཚོན་མཆོག་མཐུན་གྱི་དངོས་གྲུབ་སྒྲུབ་པའི་རྒྱུད་སྡེ་ཆེན་པོ་བཞི་ཡི་དབང་བསྐུར་རྒྱུད་བཤད་མན་ངག་སྙན་བརྒྱུད་མཐའ་དག་བཅས་ལ་འཆད་ཉན་སྒོམ་པ་མཐར་ཕྱིན་པའི་ཉམས་བཞེས་ཀྱིས་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། རིང་ལུགས་འཛིན་པའི་འདུས་སྡེ་སྟོད་རྒྱ་བལ་ལ་དྭགས་མངའ་རིས་མན་ཆད་ནས་སྨད་ཙི་ན་སོག་པོ་རྒྱལ་རོང་ཨ་མདོ་ཡན་ཆད་དུ་དགོན་སྡེ་ཆེ་ཕྲ་གྲངས་ལས་འདས་པ་ཕྱག་བཏབ་ཅིང་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཁྲུལ་བའི་དྲི་བྲལ་འཇམ་མགོན་ས་སྐྱ་པའི་རིང་ལུགས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཏོ།།

ཕྱི་ནང་རིག་གནས་མདོ་སྔགས་གཞུང་བརྒྱའི་གནད། །
འཆད་རྩོད་རྩོམ་པས་ཐུབ་བསྟན་སྐྱོང་མཁས་པ། །
ལྷ་རིགས་འཁོན་སྟོན་བརྩེ་ཆེན་ས་སྐྱ་པ། །
གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག།

བཀའ་བརྒྱུད་པའི་གྲུབ་མཐའ།

དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །
མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །
དུས་གསུམ་མཁྱེན་པ་འགྲོ་མགོན་བསོད་ནམས་གྲགས། །
བཀའ་བརྒྱུད་གོང་མ་ལྔ་ལ་གསོལ་བ་འདེབས། །

མཉམ་མེད་སྒྲུབ་བརྒྱུད་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་ནི། བོད་ཕྱི་འགྱུར་ལོ་ཙཱ་བའི་རྩེ་མོར་སོན་པ་མར་པ་ཆོས་ཀྱི་བློ་གྲོས་ ༼༡༠༡༢། ༡༠༩༧༽  དེ་ཉིད་འཕགས་ཡུལ་དུ་ལན་གསུམ་དང༌། བལ་ཡུལ་དུ་ལན་བཞིར་ཕེབས་ཏེ། དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་བཅུད། གསང་ཆེན་རྒྱུད་སྡེ་རབ་འབྱམས། བཀའ་བབ་རྣམ་བཞིའི་བླ་མ་བརྒྱུད་པ་ལས་བྱུང་བའི་གདམས་པའི་མཛོད་འཛིན་པཎ་ཆེན་ནཱ་རོ་པ་དང༌། མངའ་བདག་མཻ་ཏྲི་པ་གཙོ་བོར་གྱུར་པའི་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་བསྟེན་ནས་དེ་དག་གི་གདམས་ངག་ཆོས་ཀྱི་བདུད་རྩི་ལྷག་མེད་བཞེས་ཤིང༌། རྟོགས་པའི་ཡེ་ཤེས་མཐར་ཕྱིན་པ་ཐུགས་རྒྱུད་ལ་འཁྲུངས། ནཱ་རོ་མཻ་ཏྲིའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། ཁ་བ་ཅན་པའི་མཆོག་ཏུ་བསྔགས་པ་བཞིན་བོད་ཡུལ་དུ་སྣོད་ལྡན་གྱི་སློབ་མ་མང་པོ་སྨིན་གྲོལ་དུ་འགོད་པར་མཛད་པའི་བཀའ་བབས་བཞིའི་གདམས་པ་རྣམས་འཆད་སྤེལ་མང་དུ་མཛད་པ་ལས། བཤད་བརྒྱུད་འཛིན་པའི་ཐུགས་སྲས་ཐུ་བོ་ཀ་ཆེན་བཞི་སྟེ། མི་ལ་རས་པ། མེས་སྟོན་ཚོན་པོ། རྔོག་སྟོན་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ་བཅས་བྱུང་ཞིང༌། རྗེ་བཙུན་མི་ལ་རས་པ་དང་དེའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སྒྲུབ་རྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་འཕེལ་རྒྱས་བྱུང་བར་བརྟེན། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་བཅས་རིམ་བཞིན་བྱུང་བ་ཡིན། ཀ་ཆེན་བཞི་ལ་གཙོ་བོ་བཤད་བརྒྱུད་ཀྱི་བཀའ་བབ་པས། སློབ་བརྒྱུད་རིམ་བྱོན་དང་བཅས་པས་གསང་བདེ་དགྱེས་རྡོར་སོགས་ཀྱི་དབང་དང་རྒྱུད་བཤད་རྒྱ་ཆེར་སྤེལ། ཀ་ཆེན་བཞི་པ་རྗེ་བཙུན་མི་ལ་རས་པ་ནི་སྒྲུབ་པའི་བཀའ་བབ་མཆོག་ཏུ་གྱུར་ལ། སྐུ་ཚེ་དེར་དཀའ་སྤྱད་དང་བརྩོན་འགྲུས་སུས་ཀྱང་འགྲན་ཟླ་མེད་པའི་སྒོ་ནས་སྒྲུབ་པའི་རྒྱལ་མཚན་ཡུན་རིང་དུ་བཙུགས། སྤངས་རྟོགས་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཚེ་གཅིག་གིས་མངོན་དུ་མཛད། ཡ་མཚན་གྱི་གྲུབ་པའི་རོལ་རྩེད་བཅས་གདུལ་བྱ་མང་པོ་སྨིན་གྲོལ་ལ་འགོད་པར་མཛད་པ་ལས། ཐུགས་སྲས་གཙོ་བོ་སྙན་བརྒྱུད་འཛིན་པ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་གཉིས་ཡིན། རས་ཆུང་བའི་སློབ་མ་རྒྱལ་བ་ཁྱུང་ཚང་བ་ལ་སྙན་བརྒྱུད་ཀྱི་མཛོད་གཏད། ཚིག་བརྒྱུད་ཀྱི་བཀའ་རྒྱ་ཆོས་རྗེ་རྒྱ་རས་པ་ནས་བཀྲལ་ཞིང་དར་རྒྱས་སུ་གྱུར། ཕྱིས་མཉམ་མེད་དྭགས་པོ་ལྷ་རྗེས་མར་མི་ལས་བྱུང་བའི་བཀའ་སྲོལ་སྤྱི་དང༌། ཁྱད་པར་མདོ་སྔགས་ཀྱི་ལྟ་བའི་གནས་ལ་ཕྱག་རྒྱ་ཆེན་མོའི་བརྡ་ཆད་ཀྱིས་མཚོན་ཏེ་གདུལ་བྱ་མཆོག་དམན་སོ་སོའི་མོས་པ་དང་འཚམ་པར་འཁྲིད་པའི་བཀའ་སྲོལ་ཡངས་པོར་ཕྱེས་པར། དྭགས་པོ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་ཤིང༌། འབའ་རོམ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཀརྨ་དུས་གསུམ་མཁྱེན་པ་ལས་ཀརྨ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། ཞང་ཚལ་པ་འགྲོ་བའི་མགོན་པོ་ལས་ཚལ་པ་བཀའ་བརྒྱུད་དེ། བཀའ་བརྒྱུད་ཆེ་བཞི་དང༌། དབོན་སྒོམ་ཚུལ་ཁྲིམས་སྙིང་པོ་ལས་དྭགས་པོ་རྩ་བའི་གདན་བརྒྱུད་བཅས་ལྔར་གྱེས།

ཕག་གྲུ་བཀའ་བརྒྱུད་ལ་ནང་གསེས། སྐྱོབ་པ་འཇིག་རྟེན་གསུམ་མགོན་ལས་འབྲི་གུང་བཀའ་བརྒྱུད། སྟག་ལུང་ཐང་པ་རིན་པོ་ཆེ་ལས་སྟག་ལུང་བཀའ་བརྒྱུད། རྒྱལ་ཚ་དང་ཀུན་ལྡན་གཙང་པ་སྐུ་མཆེད་ལས་ཁྲོ་ཕུ་བཀའ་བརྒྱུད། གྲུབ་ཐོབ་གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། སྨར་པ་ཤེས་རབ་སེངྒེ་ལས་སྨར་པ་བཀའ་བརྒྱུད། ཟ་ར་བ་སྐལ་ལྡན་ཡེ་ཤེས་སེངྒེ་ལས་གཡའ་བཟང་བཀའ་བརྒྱུད། གྱེར་སྒོམ་ཆོས་ཀྱི་སེངྒེ་ལས་ཤུག་གསེབ་བཀའ་བརྒྱུད་དེ་བཀའ་བརྒྱུད་ཆེ་བཞིཆུང་བརྒྱད་དུ་གྲགས་པའི་གདམས་བརྒྱུད་རྒྱ་ཆེར་འཕེལ་ཡང་དུས་ཕྱིས་བསྟན་རྒྱུན་མ་ཉམས་པར་བཞུགས་པ་ནི། ཀམ་ཚང༌། འབྲི་སྟག་འབྲུག་པ་བཞིར་ངེས་ལ། ཀམ་ཚང་ལའང༌། མཚུར་ཕུ་དང༌། དཔལ་སྤུངས་ཏེ་རྩ་བའི་གདན་ས་ཆེན་པོ་གཉིས་ཡན་ལག་དང་བཅས་པ་ཀརྨ་བཀའ་བརྒྱུད་དངོས་དང༌། དེ་ལས་ཁྱད་པར་ཅུང་ཟད་ཀྱིས་ཕྱེ་བ་ཟུར་མང་གདན་ས་མཐིལ་དང༌། ཡང་རི་སྒར་སོགས་དབུས་བརྒྱུད་དང༌། ལྷོ་བརྒྱུད། གཏེར་བརྒྱུད་བཅས་ཀྱི་ཆོས་གཞིས་དགོན་གནས་མང་དུ་ཡོད། སྟག་ལུང་ལའང་ཡར་ཐང་མར་ཐང་གཉིས་ལས་གྱེས་པའི་སྨད་བརྒྱུད་པ་ལེ་ལག་བཅས་དང༌། གླིང་རས་བཀའ་བརྒྱུད་ལ། འགྲོ་མགོན་གཙང་པ་རྒྱ་རས་ནས་བཟུང་འབྲུག་པ་བཀའ་བརྒྱུད་དུ་མིང་འཕོས། དེའི་སློབ་བརྒྱུད་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་སའི་དྲེག་པ། བར་འབྲུག་ཆུ་ཁའི་བྱེ་མ། གདན་ས་བརྒྱུད་པ་ལ་གདུགས་ཐོགས་ཁོ་ན་ཉིས་སྟོང་ལྔ་བརྒྱ་ཞེས་མང་བའི་ཚད་དུ་གྲགས། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་འཇིག་རྟེན་གྱི་ཁ་གཏམ་དུ་གླེང་བའང་བྱུང༌། འབྲུག་པ་ཆོས་རྗེ་ངག་དབང་རྣམ་རྒྱལ་གྱིས་མོན་པ་ཚོ་བཞི་གྲུབ་རྟགས་ཀྱིས་བཏུལ་ནས་ཆོས་སྲིད་ཟུང་དུ་སྐྱོང་བ་ལ་ལྷོ་འབྲུག་པར་གྲགས་པ་སོགས་བརྒྱུད་སྲོལ་མང་དུ་གྱེས་ཤིང༌། ཆོས་གཞི་དགོན་གནས་ཀྱིས་རྒྱ་ཆེར་ཁྱབ་པས་མཚོན་ད་ལྟའི་བར་དུ་ཚད་མར་གྱུར་པའི་སྐྱེས་མཆོག་མཁས་གྲུབ་ཀྱི་རྣམ་ཐར་མཆོག་ཏུ་མངའ་བ་དག་བར་མ་ཆད་པར་བྱོན་ནས། བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་ལེགས་པར་བསྒྲུབས་ཏེ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཡུན་རིང་དུ་གསལ་བར་མཛད་པ་ལ་བརྟེན་ནས། ཆོས་གཞིས་དགོན་གནས་ཆེ་ཕྲ་སློབ་བརྒྱུད་དང་བཅས་བོད་ཙམ་དུ་མ་ཟད། རྒྱ་སོག བལ་འབྲུག་འབྲས་གསུམ་སོགས་ཀྱི་ཁྱོན་ཀུན་ཏུ་རྒྱ་ཁྱབ་ཏུ་བཞུགས་བཞིན་པའོ།།

སྒྲ་བསྒྱུར་མར་པ་བཞད་པའི་རྡོ་རྗེ་སོགས། །
བྱིན་རླབས་འབྱུང་གནས་བཀའ་བརྒྱུད་ནོར་བུའི་མཛོད། །
མཚུངས་མེད་རིམ་བྱོན་བཀའ་སྲོལ་རྨད་བྱུང་བ། །
གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །

 

རི་བོ་དགེ་ལྡན་པའི་གྲུབ་མཐའ།

བསྟན་པའི་འཁོར་ལོ་རྗེ་བཙུན་ཙོང་ཁ་པ། །
རྒྱལ་ཚབ་ཆོས་རྗེ་མཁས་གྲུབ་དགེ་ལེགས་དཔལ། །
དགེ་འདུན་གྲུབ་པ་པཎ་ཆེན་ཆོས་ཀྱི་རྒྱལ། །
འཇམ་མགོན་ཡབ་སྲས་ལྔ་ལ་གསོལ་བ་འདེབས། །

དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བཞེད་སྲོལ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ ༼༡༣༥༧། ༡༤༡༩༽ ཆེན་པོ་ནས་བྱུང་བ་ཡིན་ལ། རྗེ་འདི་ཉིད་ནི་རྣམ་འདྲེན་ཤ྄ཱཀྱ་སེངྒེས། འཇམ་དཔལ་རྩ་བརྒྱུད་སོགས་མདོ་དང་རྒྱུད་སྡེ་རྣམས་ནས་ལན་གཅིག་མིན་པར་རྣམ་གྲངས་དུ་མའི་སྒོ་ནས་རྒྱལ་བའི་མཛད་པ་ཅན་དུ་ལུང་བསྟན་པ་ལྟར། བོད་ཆེན་པོའི་ཡུལ་གྲུ་མདོ་སྨད་ཙོང་ཁའི་ཡུལ་དུ་རིགས་གསུམ་གཅིག་འདུས་ཀྱི་ངོ་བོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཕྱི་ལོ་ ༡༣༥༧ ལོར་སྐུ་བལྟམས། ཀརྨ་རོལ་པའི་རྡོ་རྗེ་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཀུན་དགའ་སྙིང་པོ་ཞེས་དང༌། ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ནས་མཚན་བློ་བཟང་གྲགས་པའི་དཔལ་ཞེས་གསོལ།

དགུང་ལོ་བཅུ་དྲུག་ལ་དབུས་གཙང་དུ་བྱོན་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྙེ་ཐང་བ་བཀྲ་ཤིས་སེངྒེ་སོགས་བསྟེན་ནས་གཞུང་ལུགས་རབ་འབྱམས་རྒྱ་མཚོར་སྦྱངས་པ་མཛད་ཅིང༌། མཁན་པོ་ཚུལ་ཁྲིམས་རིན་ཆེན་དང༌། འདུལ་འཛིན་ཆེན་པོ་ཤེས་རབ་མགོན་པོ་གཉིས་ཀྱིས་མཁན་པོ་དང་ལས་སློབ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ་མདོར་ན་ཇི་ལྟར་མནོས་པའི་སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་རགས་རྣམས་མིག་འབྲས་ལྟར་སྲུང་བར་མཛད་ནས་ཞི་དུལ་ཚངས་སྤྱོད་ཀྱི་བརྟུལ་ཞུགས་འཛིན་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར། གཞན་ཡང་བླ་མ་དབུ་མ་པ། རྗེ་བཙུན་རེད་མདའ་བ་ཆེན་པོ་སོགས་དང༌། ལྷག་པར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དངོས་སུ་དགེ་བའི་བཤེས་གཉེན་མཛད་ནས་ཤིང་རྟ་ཆེན་པོ་རྣམ་གཉིས་སོགས་འཕགས་བོད་མཁས་གྲུབ་ཡོངས་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མཐའ་དག་ལ་དམིགས་ཕིག་པའི་ཐོས་བསམ་སྒོམ་གསུམ་དཔྱིས་ཕྱིན་པར་མཛད་དེ་གཞུང་དོན་སྤྱི་དང༌། ཁྱད་པར་དབུ་མ་ཐལ་འགྱུར་བའི་བཞེད་སྲོལ་ཟབ་མོ་དབུ་མའི་ལྟ་བ་ཕྲ་ཞིང་ཕྲ་བ་མཐའ་དག་མངོན་སུམ་དུ་གཟིགས་ནས་དེ་དང་འབྲེལ་བའི་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་གནས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་གྲུབ་ཀྱི་གོ་འཕང་མངོན་དུ་མཛད།

ཕྱི་ལོ་ ༡༤༠༩ ལོར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ཅིང༌། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་ལུང་བསྟན་པ་ལྟར་གདན་སའི་མིང་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་བཏགས་པར་བརྟེན་གདན་ས་ཆོས་ལུགས་འདིའི་རིང་ལུགས་འཛིན་པ་མཐའ་དག་ལའང་དེ་ནས་བཟུང་དགེ་ལྡན་རིང་ལུགས་འཛིན་པ་ཞེས་པའི་མིང་ཆགས། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་མཆོད་གསར་འཛུགས་མཛད་ཅིང༌། དབུས་གཙང་གི་ཆོས་སྡེ་ཆེན་པོ་རྣམས་སུ་སྡེ་སྣོད་འཛིན་པ་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལ་གཞུང་ཆེན་བཅོ་ལྔའི་བཤད་པ་དུས་གཅིག་ཏུ་གནང་བ་སོགས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྨད་བྱུང་གི་མྱོང་བ་ཐོན་ངེས་ཀྱི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཇི་ལྟར་འདོམས་པའི་ཚིག་དོན་གྱི་ཆ་ཕྲ་མོར་ཡང་སྒྲུབ་ངག་དང༌། སུན་འབྱིན་སོགས་ལམ་དང་ལམ་མ་ཡིན་པ་འབྱེད་པའི་རིགས་པ་བརྒྱ་ཕྲག་གིས་གཏན་ལ་ཕབ་སྟེ་ཐེག་པ་གོང་འོག་སོ་སོའི་གཞི་ལམ་འབྲས་བུའི་འཇོག་ཚུལ། དགག་སྒྲུབ་ཀྱི་གནད་སོགས་མ་ནོར་མ་འདྲེས་པར་གསལ་བར་མཛད་པས། གདུལ་བྱ་རྣམས་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཐེ་ཚོམ་གྱི་རྒྱ་ལས་གྲོལ་བར་མཛད། རང་ཉིད་ཀྱིས་ཇི་ལྟར་གཤེགས་པའི་ལམ་དུ་གདུལ་བྱ་གཞན་རྣམས་བཀྲི་བའི་སླད་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་གནད་ཡོངས་སུ་ཚང་བའི་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་གསུང་རབ་ཤིན་ཏུ་མང་པོ་བརྩམས་པར་མཛད་པ་སོགས་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་འཁྲུལ་བ་དང་བྲལ་བ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་ཉིན་མོ་ལྟར་གསལ་བར་མཛད།

རྗེ་རྒྱལ་བ་གཉིས་པ་འདི་ཉིད་ཀྱིས་རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དངོས་སློབ་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བདུན་བྱུང་ཞིང༌། དེའི་ནང་ནས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང༌། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རྒྱལ་དབང་དགེ་འདུན་གྲུབ་པ། རྗེ་བཙུན་ཤེས་རབ་སེངྒེ༌། རྒྱུད་ཆེན་ཀུན་དགའ་དོན་གྲུབ་སོགས་བུ་སློབ་རྣམས་ཀྱིས་སེར་འབྲས་བཀྲས་ལྷུན་དང༌། རྒྱུད་སྟོད་སྨད་སོགས་མཐའ་དབུས་ཀུན་ཏུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཤིང༌། བརྒྱུད་འཛིན་གྱི་སྐྱེས་བུ་དམ་པ། ྋགོང་ས་ྋརྒྱལ་བའི་དབང་པོ་སྐུ་ཕྲེང་དང་པོ་ནས་བཞི་པ་བར་དང༌། དེ་ནས་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནས་བཟུང་བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་ཆོས་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་མངའ་དབང་བསྒྱུར་ནས་སྐུ་ཕྲེང་ན་རིམ་རིས་སུ་མ་ཆད་པའི་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་གྱུར།

གཞན་ཡང་པཎ་ཆེན་སྐུ་ཕྲེང་རིམ་པ།  དགའ་ལྡན་ཁྲི་ཐོག་རིམ་བྱོན་སོཊ་དམ་པའི་ཁྱུ་མཆོག་ས་ཆེན་པོའི་རྡུལ་གྱི་གྲངས་ལ་ཅོ་འདྲི་བ་ལྟ་བུས་གསེར་མདོག་ཅོད་པན་འཛིན་པའི་རིང་ལུགས་འདི་ཉིད་བཤད་སྒྲུབ་གཉིས་ཀྱིས་སྤེལ་ཞིང༌། དབུས་གཙང་གི་ཆོས་སྡེ་ཆེན་པོ་བཞི་དང༌། རྒྱུད་གྲྭ་སྟོད་སྨད་གཉིས། མདོ་སྨད་དུ་སྐུ་འབུམ་ཆོས་སྡེ། རྗེའི་དངོས་སློབ་སྟོད་ཤེས་རབ་བཟང་པོས་ཆུ་བོ་སི་ཏའི་ཆུ་བརྒྱུད་དུ་མངའ་རིས་མང་ཡུལ་དུ་སྟག་མོའི་ཆོས་སྡེ་སོགས་དང༌། སྨད་ཤེས་རབ་བཟང་པོས་ཆབ་མདོའི་དགོན་པ་ཕྱག་བཏབ་པ་སོགས་དངོས་སློབ་ཡང་སློབ་བརྒྱུད་འཛིན་དང་བཅས་པས་བཏབ་པའི་དགེ་འདུ་གྱི་སྡེས་བལ་བོད་རྒྱ་དཀར་ནག་སོག་ཡུལ་སོགས་ས་ཆེན་པོ་ཡོངས་ལ་ཁྱབ་སྟེ་དྲི་བྲལ་ཐུབ་པའི་བསྟན་པ་འདི་ཉིད་དར་རྒྱས་སུ་གྱུར་ཏོ།།

ཟབ་མོ་དབུ་མའི་ལྟ་དང་ཉེར་འབྲེལ་བའི། །
གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ། །
ཟབ་གསལ་སྤེལ་མཁས་བློ་བཟང་རྒྱལ་བའི་བསྟན། །
གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །

ཞི་བྱེད་པའི་གྲུབ་མཐའ།

༈ ཞི་བྱེད་པ་ནི། དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་དང་བཅས་པ་བྱུང་ཚུལ་ནི། གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས་ནས་ཡོངས་སུ་དར་བ་ཡིན་པས། ཕ་དམ་པ་སངས་རྒྱས་ནི་རྒྱ་གར་ལྷོ་ཕྱོགས་བེ་ཏཱའི་ཡུལ་གྱི་ཙ་ཏ་སེངྒེའི་བྱེ་བྲག་ཁྲོན་པའི་གླིང་དུ་སྐུ་འཁྲུངས། དགུང་ལོ་ལྔ་བརྒྱ་བདུན་ཅུ་བཞུགས་པར་གྲགས། ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པ་དང༌། ཡང་གསེར་གླིང་པའི་སློབ་མ་ཡང་ཡིན་འདུག་པས་སྐུ་ཚེ་རིང་པོར་བཞུགས་པ་བདེན་པར་སྣང༌། གྲུབ་ཐོབ་གང་དེ་བོད་དུ་ལན་ལྔ་བྱོན་པར་གྲགས་ཀྱང་ལོ་དུས་མི་གསལ་ཡང་རྗེ་བཙུན་མི་ལ་དང་དུས་མཚུངས་སུ་བྱོན་པ་ཡིན། ཁོང་གིས་སྤེལ་བའི་ཞི་བྱེད་ཅེས་པ་ནི། ཤེར་ཕྱིན་གྱི་མན་ངག་ལ་བརྟེན་ནས་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པར་དེ་ཡིན། ཞི་བྱེད་ཅེས་པའི་དམ་ཆོས་བརྒྱུད་པའི་དབང་དུ་བྱས་ན་སྔ་ཕྱི་བར་གསུམ་བྱུང་བར་གསུངས་ཏེ༑ བརྒྱུད་པ་དང་པོ་ནི་རྒྱ་གར་གྱི་ཁ་ཆེ་ཉཱཛ་ན་གུ་ཧྱ་ལ་བཤད་པའི་ཞི་བྱེད་སྒྲོལ་མ་སྐོར་གསུམ་སོགས་ཡིན། བརྒྱུད་པ་གཉིས་པ་ནི་དམ་པ་སངས་རྒྱས་བོད་ལ་ཐེངས་ལྔར་བྱོན་པའི་ཐེངས་བཞི་པའི་དུས་སུ་རྨ་ཆོས་ཀྱི་ཤེས་རབ་དང༌། སོ་ཆུང་དགེ་འདུན་འབར་བ། ཀརྨ་ཡེ་ཤེས་རྒྱལ་མཚན་གསུམ་ལ་གནང་བ་དེ་ཡིན། བརྒྱུད་པ་ཕྱི་མ་ནི་ཐེངས་ལྔ་པའི་དུས་སུ་དིང་རི་གླང་སྐོར་དུ་དམ་པ་ཕྱར་ཆེན་ཕྱར་ཆུང༌། བཛ་ཀྲོ་དྷ་དང༌། དམ་པ་ཀུན་དགའ་བཞི་ལ་གནང༌། བརྒྱུད་པ་བར་པའི་དུས་སུ་དགེ་བཤེས་འབན་གུང་རྒྱལ་དང༌། མ་གཅིག་ལབ་སྒྲོན་ལའང་གནང་བར་བཤད་ཅིང་བརྒྱུད་པ་དེ་དག་ལས་རིམ་བཞིན་དར་བ་ཡིན་པར་གསུངས་ཤིང༌། བརྒྱུད་པ་གསུམ་ཀ་ཕྱིས་རོག་བདེ་གཤེགས་ཆེན་པོར་བབས། དེ་ནས་རིམ་པར་བརྒྱུད་པ་སྨིན་གླིང་ལོ་ཆེན་དྷརྨ་ཤྲིའས་གསན་ཅིང་ཡིག་ཆ་བཀླག་ཆོག་ཏུ་མཛད་ཅིང་དབང་ཁྲིད་སྤེལ་བ་ལས་དེང་དུས་མ་ནུབ་པར་སྣང་ངོ༌།།

ཡན་ལག་གཅོད་ཡུལ་ལ། ཕོ་གཅོད་དང་མོ་གཅོད་གཉིས། སྔ་མ་ནི་ཕ་དམ་པས་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ལ་གནང་བ་ནས་བཟུང་མཁས་གྲུབ་རིམ་པར་རྒྱུད་པ་རྣམས་ལས་འཕེལ་བ་ནི་ཕོ་གཅོད་དུ་གྲགས་པའོ། །མོ་གཅོད་ནི། ཡུམ་ཆེན་མོ་མི་མོར་སྣང་བ་མ་གཅིག་ལབ་སྒྲོན་ལས་བརྒྱུད་པ་ལ་མོ་གཅོད་དུ་གྲགས་པའི་ཞི་བྱེད་ཀྱི་ཡ་གྱལ་གཅོད་ལ་ཕོ་གཅོད་དང་མོ་གཅོད་ཀྱི་ཐ་སྙད་ཀྱང་གྲགས། དམ་ཆོས་སྡུག་བསྔལ་ཞི་བར་བྱེད་པའི་ཞི་གཅོད་ཀྱི་བཞེད་སྲོལ་འདི་ད་ལྟ་ཆོས་རྒྱུད་ཆེན་པོ་བཞིའི་ནང་དུ་ཁྱབ་ནས་ཡོད་པ་ལས་ལོགས་སུ་འཆད་ཉན་འཛིན་པའི་ཆོས་ལུགས་མེད་ཀྱང་དགོན་སྡེ་ཁ་ཤས་ནང་ཉམས་ལེན་གྱི་གཙོ་བོར་བཟུང་སྟེ་གསང་མཚམས་ཆུ་མིག་བརྒྱ་རྩ་སོགས་སྒྲུབ་པ་བསྟེན་མཁན་མང་ངོ༌།།

མདོར་ན་བཤད་པའི་ཀ་ཆེན་རྣམ་བཅུ་དང༌། །
སྒྲུབ་བརྒྱུད་ཤིང་རྟ་སྤྱི་དང་ཞི་བྱེད་སོགས། །
མདོ་སྔགས་ཟུང་འབྲེལ་མན་ངག་དུ་མས་ཕྱུག །
གངས་ལྗོངས་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །

རྒྱལ་བ་ཇོ་ནང་བའི་གྲུབ་མཐའ།

༈ རྒྱལ་བ་ཇོ་ནང་བའི་རིང་ལུགས་ནི། རྩ་བ་ཇོ་ནང་ཡུ་མོ་མི་བསྐྱོད་རྡོ་རྗེ་ལས་བརྒྱུད། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ ༼༡༢༤༣། ༡༣༡༣༽ ཀྱིས་ཇོ་མོ་ནང་དུ་དགོན་པ་གསར་དུ་བཏབ། ཀུན་སྤངས་ཞེས་པའི་མཚན་ནི་དམ་པ་འདིས་ཉང་སྟོད་རྐྱང་འདུར་གྱི་གདན་ས་སོགས་སྤངས་ཤིང༌། འཆད་ཉན་གྱི་སྤྲོས་པ་དོར་ཏེ་སྒོམ་པ་ལ་ཆེས་ཆེར་གཞོལ་བའི་ཆ་ནས་བཏགས་པར་བཤད། ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་གྱིས་ཇོ་ནང་དུ་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། མདོ་སྔགས་ཀྱི་གཞུང་བཤད་རྒྱ་ཆེར་གནང་བས་སློབ་མའང་ཉིས་སྟོང་ལྷག་ཙམ་མ་ཆད་པར་འདུས། དེ་ནས་ཇོ་ནང་པའི་གྲུབ་མཐའ་ཞེས་གྲགས། ཇོ་ནང་བ་ཞེས་པ་ནི་ས་མིང་ཆོས་རྒྱུད་འཛིན་པ་ལ་ཆགས་པ་ཞིག་ཡིན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་སོག་འདུལ་འཛིན་དང༌། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་སོགས་ལས་དམ་ཆོས་མང་དུ་གསན། དམ་པ་འདིའི་ཐུགས་རྒྱུད་དུ་འཁྲུངས་པའི་གཞན་སྟོང་གི་ལྟ་བ་ཀུན་མཁྱེན་དོལ་བུ་བས་ཡིག་འཇོག་བརྩམས་སྤེལ་གནང་བ་ལས་བྱུང་བ་ཡིན།

ཁྱད་པར་དུ་ཟླ་མགོན་གྱི་སློབ་མ་སྒྲོ་སྟོན་གནམ་ལ་བརྩེགས་ལས་དུས་འཁོར་རྒྱུད་འགྲེལ་མན་ངག་དང་བཅས་པ་དང༌། བདེ་གཤེགས་སྙིང་པོའི་མདོ་དང༌། དུས་འཁོར། ཆོས་དབྱིངས་བསྟོད་པ་སོགས་དྲང་དོན་གྱི་མདོ་རྣམས་སྒྲ་ཇི་བཞིན་པར་བཟུང་སྟེ་དོན་དམ་པའི་བདེན་པ་རྟག་བརྟན་ཐེར་ཟུག་བརྟན་གཡོ་ཀུན་ལ་ཁྱབ་པར་འདོད་པས་གཞན་སྟོང་གི་ལྟ་བ་ཐུགས་ལ་ཤར། དུས་འཁོར་ལ་མཁྱེན་པ་ཧ་ཅང་རྒྱས་པར་གྲགས་ཤིང་དུས་འཁོར་སྐོར་གྱི་གསུང་རྩོམ་ཀྱང་ཡོད། འདིའི་སློབ་མ་གཙོ་བོ་ནི། བྱང་ཆུབ་རྒྱ་ཡེ་དང༌། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་བྱོན། ཁྱད་པར་དུ་དོལ་བུ་བ་ཤེས་རབ་རྒྱལ་མཚན་བྱོན་ཏེ་ཇོ་ནང་གི་གདན་ས་མཛད། གཞན་སྟོང་གི་གྲུབ་མཐའ་ཟུར་དུ་བཙུགས། དེའི་སློབ་མ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ ༼༡༣༠༦། ༡༣༨༦༽ གྱིས་ཇོ་ནང་དང་ངམ་རིང་གཉིས་ཀྱི་གདན་ས་མཛད། དེའི་ཕྱིས་སུ་ངེས་དོན་ཇོ་ནང་བསྟན་པའི་མངའ་བདག་རྗེ་བཙུན་ཏཱ་ར་ནཱ་ཐ་བྱོན་ཏེ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱི་གད་རྒྱངས་ས་གསུམ་ཀུན་ལ་བསྒྲགས་ཤིང༌། དཔྱོད་ལྡན་མགུ་བ་སྦྱིན་པའི་ཡིག་ཆ་མང་དུ་མཛད་པས་ད་ལྟ་ཡང་ཇོ་ནང་པའི་གྲུབ་མཐའི་སྲོལ་བཟང་མ་ནུབ་པར་དར་རྒྱས་སུ་གྱུར་ཏོ།།

ཇོ་ནང་པའི་གཞན་སྟོང་གི་ལྟ་བའི་འདོད་ཚུལ་ནི། བཅོམ་ལྡན་འདས་ཀྱི་གསུང༌། དེ་བཞིན་གཤེགས་སྙིང་པོའི་མདོ་སོགས་དང༌། ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བ་ལ་བསྟོད་པ་སོགས་མདོ་བསྟན་བཅོས་དེ་དག་ལ་བརྟེན་ནས་གཞན་སྟོང་གི་ལྟ་བར་ཁས་ལེན་ལ། དེ་ཡང་ཆོས་ཐམས་ཅད་ཀྱི་ཡིན་ལུགས་དོན་དམ་པའི་བདེན་པ་དེ་རྟག་བརྟན་ཐེར་ཟུག་པ་དེ་ཉིད་ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་ཡོད་པའི་ཡེ་ཤེས་དང༌། དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་དང༌། བརྟན་གཡོ་ཀུན་ལ་ཁྱབ་པའི་དབྱིངས་རིག་དབྱེར་མེད་ཀྱི་ལྷ་ཚོགས་དང༌། བདེ་གཤེགས་སྙིང་པོ་དང༌། རང་བཞིན་གནས་རིགས། རྒྱུད་སྡེ་ནས་གསུངས་པའི་རིགས་བརྒྱ་སོགས་དང་དོན་གཅིག་ཡིན་ཅིང༌། གཞི་འབྲས་དབྱེར་མེད་ཀྱི་རྒྱུད་དུ་བཞུགས། གཞི་ལ་རྟག་ཏུ་བཞུགས་ཀྱང་རྣམ་ཤེས་ལ་གཏན་མི་སྣང་བར་འདོད། གཞིའི་གནས་ཚུལ་དེ་ཉིད་ལམ་དུས་སུ་རྣལ་འབྱོར་དྲུག་གི་རིམ་པས་ཉམས་སུ་བླངས་པས་འབྲས་སུ་ཆོས་ཉིད་ཀྱི་སྐུ་མངོན་དུ་འགྱུར་བར་འདོད་དོ། །ཀུན་རྫོབ་ཀྱི་ཆ་འདི་རྣམས་ནི་རང་སྟོང་དང་ཆད་སྟོང་ཡིན་པས་ཐར་འདོད་རྣམས་ཀྱིས་དོར་བར་བྱའོ། །དེ་ལྟ་བུའི་གཞན་སྟོང་ཆེན་པོ་སེམས་ཅན་ཀུན་ལ་ཁྱད་མེད་དུ་གནས་པ་དེ་ཉིད་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལ་ཕུང་ཁམས་སྐྱེ་མཆེད་ཀྱི་གོས་ཡོངས་སུ་དཀྲིས་ནས་གནས་པའོ། །མདོར་ན་གཞན་སྟོང་གི་ལྟ་བ་དང༌། དུས་འཁོར་གྱི་སྦྱོར་དྲུག་སྦྱར་ནས་ཉམས་སུ་ལེན་པ་ལ་བརྟེན་ནས་ནང་གི་སྟོང་གཟུགས་མངོན་དུ་འགྱུར་བར་འདོད་དོ། །ལྟ་བ་འདི་སྔོན་བྱོན་མཁས་པ་མང་པོས་མི་འཐད་པར་གཟིགས་ནས་དགག་པ་རྒྱས་པར་མཛད་དེ་ཕྱོགས་ཀུན་ཏུ་བསྒྲགས། འོན་ཀྱང་ྋགོང་ས་མཆོག་གིས་ཆོས་རྒྱུད་འདིའི་སྦྱོར་དྲུག་གི་ཉམས་ལེན་སོགས་ལ་བསྔགས་པར་མཛད་དོ།།

བོ་དོང་བའི་གྲུབ་མཐའ།
༈ བོ་དོང་བའི་གྲུབ་མཐའི་བཞེད་སྲོལ་ནི། བོ་དོང་ཨེ་བཤད་གྲྭ་ཆེན་པོ་བྱུང་ཞིང་དེར་མཁས་གྲུབ་ཀྱང་མང་དུ་བྱོན་ཞིང༌། ཁྱད་པར་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ ༼༡༣༧༥། ༡༤༥༡༽ ལམ། འཇིགས་མེད་གྲགས་པ། ཆོས་ཀྱི་རྒྱལ་མཚན་སོགས་མཚན་གྱི་རྣམ་གྲངས་འགའ་ཞིག་མཆིས། བདག་ཉིད་ཆེན་པོ་འདི་ནི་ལྷག་པའི་ལྷ་མང་པོ་དང༌། ཡང་སྒོས་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་བས་མདོ་སྔགས་རིག་གནས་ཐམས་ཅད་ལ་ཟླ་མེད་པའི་མཁས་པར་གྱུར། མཁན་ཆེན་དཔལ་ལྡན་གྲགས་པས་རྒྱ་གར་གྱི་པཌཎི་ཏ་དབྱིག་གཉེན་དང༌། ཙདྲན་གོ་མི་ལྟར་ཐུབ་པའི་གསུང་རབ་མཐའ་དག་འདིས་ནི་སློབ་དཔོན་གྱི་ཁ་ལས་མ་ཐོབ་པར་རང་ཉིད་ཀྱིས་ཟབ་རྒྱས་ཀྱི་བཤད་པ་ལྷུར་ལེན་བྱེད་པ་འདི་འདྲ་དག་ནི་སྔོན་ཆད་བོད་འདིར་མ་བྱུང་ངོ་ཞེས་བསྔགས་པ་རྒྱ་ཆེར་མཛད་ཅིང༌། གངས་ལྗོངས་མཁས་པ་ཕལ་ཆེར་རྩོད་པས་ཕམ་པར་བྱས་ཤིང༌། རྡོ་རྗེ་སེམས་དཔའ་སོགས་དཀྱིལ་འཁོར་གཙོ་བོ་རྣམས་ཀྱི་གསང་བའི་མཛོད་བྱིན་པས་དེ་ཉིད་བསྡུས་པ་པོ་ཏི་བརྒྱ་ལྷག་པ་རྩོམ་པ་སོགས་མཛད་འཕྲིན་ཕུལ་དུ་གྱུར་པ་དེས་དཔལ་མོ་ཆོས་སྡིངས་སོགས་དགོན་སྡེ་ཁ་ཤས་བཏབ། ཨེ་ཆོས་སྡེའི་གདན་ས་མཛད་ནས་མངོན་པ་ལ་སོགས་པའི་གསུང་རབ་མཐའ་དག་འཆད་ཉན་གྱིས་གཏན་ལ་ཕབ་པ་དང༌། མངོན་པ་ཀུན་བཏུས་དང༌། ཕར་ཕྱིན། རྣམ་འགྲེལ་སོགས་གཞུང་ཆེན་གྱི་འགྲེལ་པ་དང༌། ཨེའི་གནས་སྟོད་སོགས་གསུང་རྩོམ་མང་དུ་ལྗགས་རྩོམ་མཛད། རིག་པའི་གནས་ལྔ་ལ་ནང་བྱན་ཆུད་པས་མཁས་པའི་ཡང་རྩེར་སོན། དེ་ཉིད་འདུས་པ་སོགས་པོད་བརྒྱ་དང་བཞི་བཅུ་ལྷག་གི་བཀའ་རྩོམ་བཞུགས་ལ། སྐབས་ཤིག་རིང་རང་རྐང་གི་གྲུབ་མཐའ་བཙུགས་པར་བཞེད་དེ་དཔལ་མོ་ཆོས་སྡིངས་སོགས་དགོན་པ་ཁ་ཤས་བཏབ་ནས་དེར་འཆད་ཉན་མཛད་པས་བོ་དོང་པའི་གྲུབ་མཐའ་བྱུང་བ་སོགས་བསྟན་འགྲོའི་དོན་ཁོ་ན་མཛད། གང་གི་གསུང་ལས་སྐྱེས་པའི་སློབ་མ། བཀའ་བབས་ཉི་ཤུ་རྩ་གསུམ། འཁོར་གྱི་གདུང་རྒྱུད་གསུམ། རིག་སྔགས་འཆང་བ་གཅིག ཉི་ཟླ་ལྟར་གྲགས་པའི་མཁས་པ་གཉིས། འཇིག་རྟེན་མིག་གསུམ། ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག མདོ་སྔགས་ཡོངས་སུ་རྫོགས་པ་བཅུ་གསུམ། ཤ྄ཱཀྱ་ཤྲིའི་གདན་ས་གཉིས། གཙུག་རྒྱན་བཅུ་དྲུག མཚན་ཉིད་རབ་འབྱམས་སྨྲ་བ་བཞི། སྔགས་རབ་འབྱམས་པ་གཉིས། སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི། སྔགས་འཆང་དྲག་པོ་གཉིས། གྲུབ་ཆེན་ལྔ་བཅུ། དཀའ་བཅུ་སྨྲ་བ་སྟོང་ཕྲག་གཅིག དཀའ་བཞི་སྨྲ་བ་ཉིས་སྟོང༌། ཕར་ཚད་ཤེས་པ་ཁྲི་ཕྲག་བརྒལ་བ་སོགས་བྱོན་ཅིང༌། གྲུབ་མཐའི་ཁས་ལེན་ཅུང་མི་འདྲ་བ་མཛད་པས་བོ་དོང་གྲུབ་མཐའ་ཞེས་གྲགས། ཆོས་རྒྱུན་དེ་ཡུན་རིང་དར་རྒྱས་མ་བྱུང་ཡང་ལོ་རོ་དང༌། ཡར་འབྲོག་བསམ་སྡིངས་སོགས་དགོན་གནས་ཁ་ཤས་ཡོད་དོ།།

མཁསྃ་པས་རབ་འབྱམས་གཞུང་བརྒྱའི་ཕ་མཐར་སོན། །
བཙུནྃ་པས་བཅས་རང་ཁྲིམས་ལས་འདའ་བ་མེད། །
བཟངྃ་བས་གཞན་ཕན་ལྷག་བསམ་རྣམ་པར་དག །
ཨེ་མ་སྐྱེས་མཆོག་མཛད་འཕྲིན་དཔག་པར་དཀའ། །
ཅེས་ངལ་གསོའི་ཚིགས་སུ་བཅད་པའོ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (11)
11 ༡༨༢༠༡༩༢༡༥༨
ཡོན་ཏན་དགོན་པོ།
དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་རྒྱུད་ལོགས་སུ་འཆད་ཉན་འཛིན་མཁན་་ཡོ་རེད། ཕ་དམ་པ་སངས་རྒྱས་ཀྱི་ཐུགས་སྲས་ཕ་རྒྱ་སྒོམ་པའི་གདུང་བརྒྱུད་ཞི་བྱེད་བསྟན་པའི་བདག་པོ་ཟུར་ཁང་བླ་མའི་གདུང་རུས་བར་མ་ཆད་པ་ད་ལྟ་ཡང་གནས་ཐུབ་ཡོད་རེད། ཞི་བྱེད་ཕ་དམ་པའི་གདན་ས་དིང་རི་གླང་འཁོར་དགོན་དུ་ཞི་བྱེད་བསྟནཔ་མ་གཏོང་ཙམ་གནས་ཐུབ་ཡོད་རེད་ལ་་དེ་འཛིན་མཁན་ཡང་ཡོ་རེད། བལ་ཡུལ་དུ་ཡང་ཞི་བྱེད་བསྟན་བདག་ཟུར་ཁང་བླ་མ་གདུང་འཛིན་དམ་པ་སངས་རྒྱས་རིན་པོ་ཆེའི་ཡང་ཆད་ཉན་གནང་གི་རོ་རེད།།
10 ༡༨༢༠༡༩༢༡༥༦
ཡོན་ཏན་དགོན་པོ།
དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་རྒྱུད་ལོགས་སུ་ཆད་ཉན་འཛིན་མཁན་་ཡོ་རེད། ཕ་དམ་པ་སངས་རྒྱས་ཀྱི་ཐུགས་སྲས་ཕ་རྒྱ་སྒོམ་པའི་གདུང་བརྒྱུད་ཞི་བྱེད་བསྟན་པའི་བདག་པོ་ཟུར་ཁང་བླ་མའི་གདུང་རུས་བར་མ་ཆད་པ་ད་ལྟ་ཡང་གནས་ཐུབ་ཡོད་རེད། ཞི་བྱེད་ཕ་དམ་པའི་གདན་ས་དིང་རི་གླང་འཁོར་དགོན་དུ་ཞི་བྱེད་བསྟནཔ་མ་གཏོང་ཙམ་གནས་ཐུབ་ཡོད་རེད་ལ་་དེ་འཛིན་མཁན་ཡང་ཡོ་རེད། བལ་ཡུལ་དུ་ཡང་ཞི་བྱེད་བསྟན་བདག་ཟུར་ཁང་བླ་མ་གདུང་འཛིན་དམ་པ་སངས་རྒྱས་རིན་པོ་ཆེའི་ཡང་ཆད་ཉན་གནང་གི་རོ་རེད།།
9 ༡༢༢༠༡༨༢༡༤༧
ཨོཾ་དཀར་པོ།
དྲི་བ་དྲིས་ལན། དོགས་གཅོད།

སྙན་རྒྱུད་ཚད་མ་བཞི་ལྡན་སྐོར་རགས་ཙམ་འབྲི་རོགས།
8 ༡༢༢༠༡༨༢༡༤༢
ཨོཾ་དཀར་པོ།
དྲི་བ་དྲིས་ལན། དོགས་གཅོད།
7 ༢༦༢༠༡༣༢༢༢༧
ཡག་པོ་འདུག
6 ༡༠༢༠༡༢༡༡༣༩
བོ་དོང་བའི་གྲུབ་མཐའ་ཟེར་བ་ད་ལན་གོ་བ་དང་པོ་ཡིན། བུ་བསྟོན་གྲུབ་མཐའ་དང་བོ་དོང་གཉིས་ནོར་བ་ནི་ཨེ་ཡིན། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་ལས། མདོ་རྒྱུད་གཞན་དང་ཞེས་པ་ནས་་་་་་་་་་་བུ་ཇོ་ལུགས་ཟུང་གི་བར།
5 ༠༩༢༠༡༡༡༩༤༥
དངོས་གནས་ཡག་པོ་འདུག ཐུགས་རྗེ་ཆེ།
ཤེས་རབ་ཟེར་བའི་མིང་ཅན་ན་རེ། མིང་ལ་ཤེས་རབ་ཟེར་ནའང་དོན་དུ་ཤེས་རྨོངས་པ་ཡིན་པ་གསལ་རྟོགས་བྱུང། ད་བར་དྲྭ་བའི་ནང་ཁྱེད་ཀྱིས་བྲིས་པའི་བསམ་ཚུལ་འམ་རྙོགས་གཏམ་ཐེངས་གཉིས་མཐོང་བྱུང་ཡིནའང་གྲུབ་དོན་གང་ཡིན་མི་ཤེས་པར་གཞན་གྱི་ཤེས་ཡོན་ཆུ་ཚད་ལ་དམའ་འབེབས་དང་གྲུབ་མཐའ་གཞན་ལ་སྐྱོན་འདོགས་བྱེད་པ་དེ་ཕོ་འཇོན་པའི་འཇོག་རྟགས་སུ་མི་ངོམས་རོགས་ཞུ་རྒྱུ་ཡིན། དགོས་པའི་མཆོད་རྟེན་ནག་པོར་ཞག མེད་དགོས་བྲག་ལ་སྐུ་དཀར་གསོལ། ཞེས་པའི་དཔེ་དེ་གོ་ཐོས་བྱུང་ཨེ་མྱོང། ཁྱོད་རྩོད་གླེང་བྱེད་ཆོག་ཆོག་ཡིན་ཞེས་ལབ་བདེ་མདོག་ཁ་པོ་བྱུང་། བྱས་ན། དེ་ལ་ལན་འམ་ཡང་ན་བོད་བརྒུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་ཐད་ཉམས་ཞིབ་ནན་ཏན་གྱིས་ནས་ཆོས་འབྱུང་ཚད་ལྡན་ཞིག་བོད་འབངས་སྐྱེ་འགྲོ་ཀུན་ལ་ཕན་སེམས་ཀྱི་ཆེད་དུ་ད་བར་བྲིས་རྩོམ་བྱས་མེད་པའི་དགོས་དོན་ཅི་ཡིན། རབ་ཡིན་ན་ཆོས་འབྱུང་ཞིག་ངེས་པར་དུ་བྲིས་རྩོམ་གནང་རོགས་གནང་གཞན་དེ་བར་དམིགས་གསལ་ཞུ་རྒྱུ་མེད།
ངས་རྣམ་གྲྭ་ཐུབ་བསྟན་ཡང་འཕེལ་ལ་འདྲི་བ་འདི་ལན་རྒྱུ་ཡོད། ཁྱོད་རང་གིས་དུས་ཕྱིས་བསྟན་རྒྱུན་མ་ཉམས་པ་བ།ཞུགས་པ་ནི་ཀམ་ཚང་འབྲི་སྟག་འབྲུག་པ་བཞིར་ངེས་ལ། ཞེས་ཟེར་པའི་མ་ཉམས་པ་བཞུགས་ངེས་པའི་གོ་དོན་དེ་ཁ་གསལ་ཞིག་ལན་འདེབས་ན་རྩོད་གྮེང་བྱེད་ཆོག་ཆོག་རེད། ངས་ལན་སྒུག་ཡ་དེ་རྣམ་གྲྭ་ཐུབ་བསྟན་ཡིན། ཁྱོད་ཀྱིས་གོ་བ་དེ་ཤར་རྒྱལ་ཙོང་ལོ བཟང་གྲགས་པ་ལ་ན་མོ་ཟེར་བ་འདྲ་པོ་ཞིག་བླངས་འདུག་ ཁྱོད་རང་མགོ་མ་མཐོང་གོང་ནས་རྔ་མ་མཐོང་འདོག་མ་བྱེད་ཨང་།
ཉི་མ་རྡོ་རྗེ་། ཤེས་རབ། ལྷག་བསམ། གསུམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བསྟན་པར་ཞེན་ཁོགས་ཡོད་ན་རང་ཉིད་ཀྱིས་ངེས་པར་གནད་དོན་དང་ཚིག་གི་ནང་དོན་དེ་བས་མཁྱེན་དགོས་། གལ་ཏེ་ཁྱེད་རྣམ་པ་གསུམ་ནས་རྒྱུད་པ་ཆད་པ་དང་ཉམས་པ་ཞེས་པའི་ཚིག་འབྲུའི་ནང་དོན་གསལ་པོ་དང་དབྱེ་འབྱེད་མཁྱེན་ན་སྟབས་ལེགས། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་གང་ཟག་གཞན་གྱི་བྲིས་པའི་དཔེ་དེབ་ནང་རྒྱུད་པ་ཆད་ཅེས་པའི་ཚིག་འབྲུ་ཙམ་ཡང་སྣང་རྒྱུ་མེད་བཞིན་དུ་རང་གིས་གོ་བ་ལེན་སྟངས་ཞན་པའམ་ནོར་འཁྲུལ་ཅན་གྱི་བློ་རྨོངས་དེ་མི་གཞན་གྱི་མགོ་ལ་སྒྲོ་འདོགས་ན་དོན་དངོས་དང་མི་མཐུན་པ་ཙམ་མ་ཟད་ཟུར་གནས་སྐྱེ་བོ་ཀུན་གྱིས་བཞད་གད་ཀྱི་གནས་ལས་མ་འདས། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་དཔེ་དེབ་ནང་ལན་མང་བལྟ་མི་དགོས་པར་ཚར་གཅིག་གི་མཐོང་ཐུབ། དུས་ཕྱིས་བསྟན་རྒྱུན་མ་ཉམས་པ་བཞུགས་པ་ནི་ཞེས་སོགས་འཁོད་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་ཡང་རྒྱུད་པ་ཆད་པ་ཟེར་བའི་ཚིག་འབྲུ་ཙམ་ཡང་སྣང་རྒྱུ་མེད། ཉམས་པ་དང་རྒྱུད་པ་ཆད་པ་ཞེས་པ་གཉིས་ཀྱི་བར་ལ་མི་འདྲ་བའི་ཆ་ཇི་ཙམ་ཡོད་མེད་མི་མཁྱེན་པ་ནི་ཨེ་ཡིན། ནོར་འཁྲུལ་ལ་ནོར་འཁྲུལ་འཛིན་ཤེས་ན་མཁས་པ་ཡིན། ཁྱེད་རྣམ་པ་གསུམ་ནས་དོ་སྣང་གནང་ནས་ལྗགས་ལན་ཞིག་བྲིས་ན་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།
ང་ཆོས་པ་མིན་ལ་གྲྭ་སྨྱོནཞིག་ནི་དེ་བས་ཀྱང་མིན། ངས་དྲང་པོ་བལྟས་ན་ཐུབ་བསྟན་ཡང་འཕེལ་གྱིས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལོ་རྒྱུས་དེ་ནང་དུ་བཤད་ནོར་མི་ཉུང་བ་ཞིག་བྱས་འདུག་སྙམ། ཆེད་པར་དུ་དཔྱད་ཞིབ་གཏན་ནས་མེད་པར་ཆོས་ལུགས་ཁག་གི་ལོ་རྒྱུས་ནར་དུ་འདྲེ་ལག་ཉུལ་འགྲོ་བ་དེ་འོས་མཚམས་ཤིག་མ་རེད། ཉི་མ་དང་ཤེས་རབ་ལ་ཐུགས་ཁ་མི་འདུག་བསམ། རང་མི་རྩར་བཞག་མི་རང་རྩར་བཞག་ནས་བཤད་ན། ཚང་མས་ཨ་མ་ཕུར་པ་གཙང་མ་ཡིན་ཟེར་མཁན་ཞེ་གཅིག་རེད། སྐད་ཆ་དེ་རིགས་ཆོས་ལུགས་ཀྱི་ན་ཚ་སྐྱར་འདོན་བྱེད་རྩིས་ཤིག་རེད་འདུག་པས་རྣམ་གྲྭ་ཐུབ་བསྟན་ནས་དོན་མེད་ཀྱི་ཚིག་སྐམ་དེ་ཕྱིར་ཕྱུང་དགོས་ངེས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།