༄༅། །རྟེན་འབྲེལ་བསྟོད་པའི་འགྲེལ་པ་བཞུགས་སོ།།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། དེ་རིང་ང་ཚོས་ཆོས་འབྲེལ་བྱ་རྒྱུ་ནི། རྗེ་རིན་པོ་ཆེའི་གསུང་རྟེན་འབྲེལ་བསྟོད་པའི་བཤད་པ་ཅུང་ཟད་རེ་བྱ་རྒྱུ་དང༌། དེའི་རྒྱུ་མཚན་ནི་རྟེན་འབྲེལ་བསྟོད་པའི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ངོ་འཕྲོད་པ་ཞིག་དང༌། སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ། ཟབ་གནད་ཇི་འདྲ་ཞིག་ཡོད་པ་དེ་དག་རྟེན་འབྲེལ་བསྟོད་པའི་ནང་ནས་ཤེས་ཐུབ་པ་ཞིག་རེད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་དེ་སྟོན་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་དེ་རྟེན་འབྲེལ་བསྟོད་པའི་ནང་ནས་གསལ་པོར་ཐོན་ཡོང་བས་ན། རྟེན་འབྲེལ་བསྟོད་པའི་བཤད་པའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་ལྟ་བུ་ཞིག་ཡོང་གི་འདུག

     རྟེན་འབྲེལ་བསྟོད་པ་ནི་སྟོན་པ་ཐུབ་པའི་དབང་པོའི་བསྟོད་པ་ཡིན་ལ། སྟོན་པ་ཐུབ་པའི་དབང་པོའི་བསྟོད་པ་ལ་སྤྱིར་མི་འདྲ་བ་མང་དུ་ཡོད་ཀྱང༌། འདི་ནི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རྟེན་འབྱུང་རང་དབང་གིས་འདོམས་པར་མཛད་པ་དེ་དངོས་གནས་རྨད་དུ་བྱུང་བ་ཞིག་རེད་འདུག་ཅིང༌། དེས་ན་སྨྲ་བ་བླ་ན་མེད་པའི་ཆ་ནས་སྟོན་པ་ཟླ་མེད་པ་རེད་ཅེས་གཙོ་བོ་གསུང་རྗེས་བསྟན་གྱི་ཆོ་འཕྲུལ་ལམ། རྟེན་འབྱུང་རང་དབང་གི་ཐོག་ནས་འདོམས་པར་མཛད་པའི་སྟེང་ནས་བསྔགས་པར་མཛད་པ་ཞིག་རེད།

                འདི་ནི་གཙོ་བོ་རྒྱ་གར་འཕགས་ཡུལ་གྱི་ཀླུ་སྒྲུབ་ཡབ་སྲས་དང༌། ལྷག་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྟོན་པ་ཐུབ་པའི་དབང་པོར་བསྟོད་པ་མཛད་པའི་ཚིགས་སུ་བཅད་པ་ཕལ་མོ་ཆེ། རྟེན་འབྱུང་རང་དབང་དུ་འདོམས་པ་འདིའི་སྟེང་ནས། བསྟོད་པ་མཛད་པ་ཤུགས་ཆེན་པོ་ཡོང་གི་འདུག་ལ། བསྟོད་པ་འདི་ཡང་བཅོམ་ལྡན་འདས་ཀྱིས། རྟེན་འབྱུང་གི་ཚུལ་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་སྟེང་ནས་བསྔགས་པར་མཛད་པ་ཞིག་ཡིན།

                རྟེན་འབྲེལ་བསྟོད་པ་མཛད་པ་པོ་ནི། བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོའི་ཡ་གྱལ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པ་ཞིག་ཡིན་ལ། ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན།

                ངས་ཁྱེད་རང་ཚོར་བརྗོད་འདོད་པ་ཞིག་ལ། རྗེ་རིན་པོ་ཆེས་གཙོ་བོ་དབུ་སེམས་ཀྱི་གྲུབ་མཐའི་སྐོར་གྱི་ཟབ་མོ་སྟོང་པ་ཉིད་དང༌། གཙོ་བོ་དབུ་སེམས་ཀྱི་གྲུབ་མཐའི་སྐོར་དྲང་ངེས་ལེགས་བཤད་སྙིང་པོ་མཛད་ཡོད་ཅིང༌། ལེགས་བཤད་སྙིང་པོ་རྒྱ་གར་སྐད་དུ་བསྒྱུར་ནས་ལོ་ཁ་ཤས་ཕྱིན་ཟིན་པ་རེད། འདི་རྒྱ་གར་སྐད་དུ་བསྒྱུར་བ་པོ་ཁོང་ནི། རྒྱ་གར་གྱི་ལེགས་སྦྱར་སྐད་དང༌། ནང་ཆོས་ལ་ཧ་ཅང་མཁས་པ་ཞིག་རེད། ཁོང་རང་ནང་པའི་ཆོས་གནང་མཁན་ཞིག་རེད། དེར་བརྟེན་ཁོང་གིས་ལེགས་བཤད་སྙིང་པོ་བསྒྱུར་ཟིན་རྗེས་ངས་ཁོང་ལ་སྐད་ཆ་དྲིས་པ་ཡིན། རྗེ་རིན་པོ་ཆེ་ནཱ་ལེདྲནའི་མཁས་པའི་གྲས་སུ་ཚུད་པ་འདུག་གམ་མི་འདུག་ཅེས་སྐད་ཆ་དྲིས་པར། ཁོང་གིས་ཐེ་ཚོམ་མེད་པར་ནཱ་ལེདྲནའི་ཁས་པའི་གྲས་ལ་ཚུད་པ་ཙམ་མིན་པར་མཁས་པའི་ཡང་རྩེའི་གྲས་སུ་སླེབས་ཀྱི་རེད་ཅེས་གསུངས་ཀྱི་འདུག

                དེས་ན་རྗེ་རིན་པོ་ཆེས་ལེགས་བཤད་སྙིང་པོ་དེ་ཉིད་སྐབས་གང་འདྲ་ཞིག་ལ་མཛད་པ་རེད་དམ་ཞེ་ན། རྗེ་རིན་པོ་ཆེ་ཐོག་མར་སློབ་གཉེར་སྐྱོན་པའི་སྐབས་སུ་མཛད་པའི་གསུང་ཡང་ཡོད་ལ། དཔེར་ན། ལེགས་བཤད་གསེར་ཕྲེང་ལྟ་བུ་ཕར་ཕྱིན་གྱི་རྣམ་གཞག་ངོ་མཚར་ཁྱད་དུ་འཕགས་ཤིང༌། རྒྱ་འགྲེལ་ཉེར་གཅིག་དེ་དག་ཚང་མའི་དོན་བསྡུས་པ་ཧ་ལས་པ་ཞིག་རེད། དེ་དག་རྗེ་རིན་པོ་ཆེས་ཐོག་མར་སློབ་གཉེར་སྐྱོན་པའི་སྐབས་སུ་མཛད་པ་རེད།

                རྟེན་འབྲེལ་བསྟོད་པ་འདི་ནི་སློབ་གཉེར་གྲུབ་པའམ། བར་དུ་སྔོན་འགྲོ་བསགས་སྦྱངས་སོགས་རྩེ་གཅིག་སྒྲུབ་པ་ཉམས་ལེན་མཛད་པ་དང༌། གཙོ་བོ་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བའི་སྐོར་ལ་བསགས་སྦྱངས་དང་འབྲེལ་བའི་ཐོག་ནས་གནད་དུ་སྨིན་པའི་སྒོམ་སྐྱོན་ནས་བཞུགས་པའི་སྐབས་ཤིག་ཏུ་མཚན་ལམ་ལ་རྒྱལ་སྲས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། ཨརྱ་དེ་ཝ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། འགའ་ཞིག་གིས་སློབ་དཔོན་ལེགས་ལྡན་དང༌། ལ་ལས་ཀླུ་བྱང་ཡང་གསུངས་ཀྱི་འདུག་མོད། མདོ་དོན་གང་ཞིག་ཡིན་ན་ཡང་རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ་པོ་མཚན་ལམ་དང་ཉམས་གྱི་ཚུལ་དུ་ཧ་ཅང་གསལ་པོ་ཞིག་བྱུང་བ་རེད།

ལྷག་པར་དེའི་ནང་ནས་དཔལ་ལྡན་སངས་རྒྱས་བསྐྱངས་རེད་དགོངས་པའི་པཌཎི་ཏ་སྐུ་གཟུགས་ཅུང་ཟད་སྔོ་བསངས་ལྟ་བུ་ཡོད་པ་ཞིག་གིས་འགྲེལ་པ་བུདྡྷ་པཱ་ལི་ཏ་རྗེ་རིན་པོ་ཆེའི་དབུར་འདི་ལྟར་བཞག་གནང་མཛད་པའི་མཚན་ལམ་དེ་འདྲ་ཞིག་བྱུང་བ་རེད། དེ་ཉིན་བུདྡྷ་པཱ་ལི་ཏ་གཟིགས་སྐབས་བུདྡྷ་པཱ་ལི་ཏ་རྩ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པའི་ནང་གི་

གལ་ཏེ་ཕུང་པོ་བདག་ཡིན་ན། །

སྐྱེ་དང་འཇིག་པ་ཅན་དུ་འགྱུར། །

གལ་ཏེ་ཕུང་པོ་རྣམས་ལས་གཞན། །

ཕུང་པོའི་མཚན་ཉིད་མེད་པར་འགྱུར། །

                ཞེས་པའི་ཚིགས་བཅད་གཉིས་པའི་སྐབས་སུ་འདིའི་བཤད་པ་ཐོན་སའི་བུདྡྷ་པཱ་ལི་ཏའི་ཚིག་མཚམས་སུ། རྗེ་རིན་པོ་ཆེས་རྟེན་འབྲེལ་ཕྲ་མོའི་ཟབ་མོ་སྟོང་པ་ཉིད་ཀྱི་གོ་བ་མི་བདེ་བ་ཅུང་ཟད་ཙམ་ཡང་མེད་ཅིང༌། ཕུ་ཐག་ཆོད་པའི་ལྟ་བའི་དཔྱད་པ་རྫོགས་པ་ཞིག་བྱུང་བ་རེད། དེ་བྱུང་རྗེས་རྗེ་རིན་པོ་ཆེས་རྟེན་འབྲེལ་བསྟོད་པ་འདི་མཛད་པ་ཡིན།

                རྗེ་རིན་པོ་ཆེ་སྐུ་གཞོན་ནུའི་སྐབས་ནས་རབ་ཏུ་བྱུང་སྟེ། སྟོན་པའི་རྗེས་འབྲངས་ཆགས་ཡོད་ལ། སྟོན་པ་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་དད་པ་རྨ་མེད་པ་ཞིག་ཡོད། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ཟབ་མོ་སྟོང་པ་ཉིད་གསུངས་པ་དེར་དཔྱད་པ་རིམ་པར་གནང་སྟེ། ཐོས་པ་སྔོན་དུ་འགྲོ་བའི་ཐོག་ནས་སྒོམ་སྐྱོན་ཏེ་ཧ་ཅང་གི་དཔྱད་པ་གནང་བའི་ལག་རྗེས་སུ་སྣང་སྟོང་ཟུང་འཇུག་གམ། མདོར་ན་སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས་པོ་དེ་མི་བདེ་བ་ཅུང་ཟད་ཙམ་ཡང་མེད་པར་གཞི་གཅིག་གི་སྟེང་ནས་སྣང་བས་ཡོད་མཐའ་སེལ་བ་དང༌། སྟོང་པས་མེད་མཐའ་སེལ་བའི་ཐུན་མོང་མ་ཡིན་པའི་གོ་བ་འཁྲུངས་པའི་སྐབས། རྗེ་རིན་པོ་ཆེས་བསྟོད་པ་འདི་མཛད་པ་རེད། དེ་ཡང༌། བཅོམ་ལྡན་འདས་ལ་དམིགས་བསལ་གྱི་དད་པ་ལྷག་པར་དུ་འཁྲུངས་ནས་བསྟོད་པ་འདི་མཛད་པ་རེད། དེས་ན་བསྟོད་པ་འདི་བྱིན་རླབས་ཅན་ཞིག་རེད།

                ངས་འདིའི་ཁྲིད་ལུང་ཞུ་ས་ཁུ་ནུ་བ་རྒན་རིག་འཛིན་བསྟན་པའི་དྲུང་ནས་ཞུས་ཤིང༌། རྒན་རིག་འཛིན་བསྟན་པ་ཁུ་ནུ་བ་འབྲས་སྤུངས་ཀྱི་དགེ་བཤེས་ཤིག་རེད། ཁོང་གི་སྐུ་མདུན་ནས་ངས་རྟེན་འབྲེལ་བསྟོད་པའི་ཁྲིད་ལུང་ཞུས་པ་ཡིན། རྒན་བསམ་གྱིས་མི་ཁྱབ་པ་ཞིག་རེད། རྒན་ཧ་ཅང་བགྲེས་སོང་ཆགས་ཏེ་དགུང་ལོ་དགུ་བཅུ་གོ་གྲངས་བཞུགས་པ་རེད། དགུང་ལོ་ཧ་ཅང་བགྲེས་པོ་ཆགས་པའི་སྐབས་སུའང་ཕར་ཕྱིན་མངོན་རྟོགས་རྒྱན་དང༌། དབུ་མ་འཇུག་པ། མཛོད་རྩ་བ་དེ་དག་ཧ་ལམ་ཉིན་རེ་བཞིན་ཞལ་འདོན་ལྟ་བུར་གནང་གི་འདུག་ཅིང༌། བར་གསེང་ཡོད་དོ་ཅོག་ལ་བཀའ་འགྱུར་དང་དེ་ལྟ་བུའི་གཞུང་གཟིགས་ནས་བཞུགས་ཀྱི་ཡོད།

                དགུང་ལོ་ཧ་ཅང་གི་བགྲེས་པོ་ཆགས་སྟབས་ཙོག་པུར་བཞུགས་མ་ཐུབ་པར་བརྟེན་མར་གཟིམས་ཏེ་བཞུགས་ནས་ཕྱག་དཔེར་འདི་ལྟར་གཟིགས་བཞུགས་ཀྱི་འདུག ངས་ཁོང་གི་དྲུང་ནས་བཤད་ལུང་མང་པོ་ཞུས་པ་རེད། ཚོགས་ཕོར་ནག་པོ་ཞིག་ཡོད་པ་དེའི་ནང་གསོལ་ཇ་ཕུལ་རྗེས་ངེས་པར་དུ་སྣ་ཞག་སྐྱོན་གནང་གི་ཡོད། དངོས་དྲང་གནས་བཀའ་གདམས་པའི་དགེ་བཤེས་ཧ་ལས་པ་ཞིག་རེད།

                རྟེན་འབྲེལ་བསྟོད་པའི་འགྲེལ་པ་སྤེལ་མར་བསྟོད་པའི་ཁུངས་ནི། སྡེ་ཁྲི་ཡོངས་འཛིན་ཅོ་ནེ་བླ་མ་རིན་པོ་ཆེས་མཛད་པ་རེད། འདི་ངས་གླིང་རིན་པོ་ཆེའི་སྐུ་དྲུང་ནས་ཞུས་ཤིང༌། གླིང་རིན་པོ་ཆེས་ཅོ་ནེ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་གསན་པ་རེད། སྡེ་ཁྲི་ཞེས་བླ་མ་ཆེན་པོ་ཞིག་ཡོད་ཅིང༌། དེའི་ཡོངས་འཛིན་གནང་བས་ན། སྡེ་ཁྲིད་ཡོངས་འཛིན་ཞེས་གསུངས་ཀྱི་ཡོད། ཅོ་ནེ་བླ་མ་རིན་པོ་ཆེ་ནམ་རྒྱུན་ལྗགས་རྩོམ་ཧ་ལས་པའི་ཡག་པོ་རེད་ལ། ལྗགས་རྩོམ་གྱི་ནང་དུ་སྟོང་ཉིད་ཀྱི་སྐོར་ཧ་ཅང་མང་པོ་གསུངས་ཀྱི་ཡོད། དེར་བརྟེན་ཁོང་སྟོང་ཉིད་རྟོགས་ཡོད་མཁན་ཞིག་རེད

                 

ཐུབ་པའི་དབང་པོའི་བསྟོད་པ་ལེགས་བཤད་

སྙིང་པོ་ཞེས་བྱ་བ་བཞུགས་སོ།།

               

༄༅། །ན་མོ་གུ་རུ་མནྫུ་གྷོ་ཥཱ་ཡ།

གང་ཞིག་གཟིགས་ཤིང་གསུངས་པ་ཡིས། །

མཁྱེན་དང་སྟོན་པ་བླ་ན་མེད། །

རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །

གཟིགས་ཤིང་འདོམས་པ་དེ་ལ་འདུད། །

                ཞེས་པ་འདི་རྩ་བ་ཤེས་རབ་ལྟར་འཆད་པར་འགྱུར་བའི་གཞུང་འདིའི་སྟོན་པ་ཐུབ་པའི་དབང་པོར་བསྟོད་ཕྱག་མཛད་པ་རེད། བསྟོད་ཕྱག་མཛད་ལུགས་དེ་ཡང་གོང་ཞུས་ལྟར། སྟོན་པ་བཀའ་དྲིན་ཅན་གྱིས་རྟེན་འབྱུང་རང་དབང་གིས་འདོམས་པར་མཛད་པའི་སྒོ་ནས་བསྔགས་ཀྱི་ཡོད་པས་ན། རྟེན་འབྱུང་གི་དོན་མདོར་བསྡུས་པའི་ཚུལ་གྱིས་མཆོད་བརྗོད་ཀྱི་ནང་དུ་བསྟན་པའོ།།

                དེ་ལྟའི་མཆོད་བརྗོད་ཀྱི་ཚིགས་བཅད་དེར་བྱེད་པ་པོ་གང་གིས་དོན་གང་ཞིག་གཟིགས་པས་མཁྱེན་པ་བླ་ན་མེད་པར་འགྱུར་བ་དང༌། དོན་གང་ཞིག་རང་དབང་གི་སྒོ་ནས་གསུངས་པས་སྟོན་པ་བླ་ན་མེད་པར་འགྱུར་བར་བྱེད་པ་དེ་གང་ཞིག་རེད་དམ་ཞེ་ན། སྟོན་པ་བཀའ་དྲིན་ཅན་གྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ནང་གི་སྙིང་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདོམས་པར་མཛད་པ་དེ་ལ་བརྟེན་ནས་ཡོང་གི་རེད་ཅེས་གསུངས་པའོ།།

འདིའི་མཆོད་བརྗོད་ཀྱི་སྐབས་སུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་རྒྱལ་ཞེས་པ་ནི་བདུད་བཞིའི་གཡུལ་ལས་རྒྱལ་བ་དང༌། དེ་ཡང་ཉོན་སྒྲིབ་ཀྱི་དབང་དུ་བྱས་པའི་བདུད་བཞི་དང༌། ཤེས་སྒྲིབ་ཀྱི་དབང་དུ་བྱས་པའི་བདུད་བཞི་གཉིས་ཡོད་པས་ན། བདུད་བཞི་ཕྲ་རགས་མཐའ་དག་ལས་རྒྱལ་བ། དེའི་རྩ་བ་བཤད་པ་ཡིན་ན། ཉོན་མོངས་དང་དེས་བཞག་པའི་བག་ཆགས་ཤེས་སྒྲིབ་ཞེས་པའི་སྒྲིབ་པ་གཉིས་པོ་དེ་རེད། དེ་དང་འབྲེལ་བའི་སྒོ་ནས་བདུད་བཞི་ཕྲ་རགས་བཤད་ཀྱི་ཡོད། དེར་བརྟེན་བདུད་བཞི་ཕྲ་རགས་མཐའ་དག་ལས་རྒྱལ་བ་ཞེས་པའོ།།

                སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་གདུལ་བྱའི་ནང་དབང་པོ་རབ་འབྲིང་མང་པོ་ཡོད་པས་ན། དབང་པོ་ཐ་མའམ་ཡོངས་གྲགས་ཀྱི་གདུལ་བྱ་མང་པོ་ཞིག་གིས། སྟོན་པ་བཀའ་དྲིན་ཅན་སྐུ་ཚེ་སྟོད་ལ་བྱང་ཆུབ་སེམས་དཔའ་སོ་སྐྱེ་དང༌། དེ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང༌། ལོ་དྲུག་དཀའ་སྤྱད་ལ་སོགས་པ་མཛད་དེ་མཐར་རྡོ་རྗེ་གདན་གྱི་གནས་ལ་མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་མཛད་ཅིང༌། དེ་ནས་སངས་རྒྱས་པའི་མཛད་པ་བཤད་ཀྱི་ཡོད་ཅིང༌། དེ་ཡང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ཟིན་པའི་རྗེས་སུ་རིག་པའི་རྒྱུན་ལྟ་བུ་མེད་པར་འགག་ཀྱང༌། སྟོན་པ་ཐུབ་པའི་དབང་པོའི་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཐོག་ནས། ང་རང་ཚོས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་ནས་གསོལ་བ་བཏབ་པ་ལ་སོགས་བྱས་ཚེ་ཕན་ཡོན་ཆེན་པོ་ཡོད་པ་བཅས་ཡོངས་གྲགས་སུ་དེ་ལྟར་གསུངས་ཀྱི་ཡོད།

                དེ་འདྲའི་ཐོག་ནས་དཔྱད་པ་བྱས་ན། སྟོན་པ་བཅོམ་ལྡན་འདས་ཀྱིས་གྲངས་མེད་གསུམ་གྱི་བར་དུ་སངས་རྒྱས་མང་པོར་བརྟེན་ནས་ཚོགས་མཐའ་ཡས་པ་ཞིག་བསགས་པར་མཛད་པ་དང༌། རྒྱུ་དཔག་ཏུ་མེད་ཅིང་ཚོགས་མཐའ་ཡས་པ་བསགས་པའི་འབྲས་བུར་རྡོ་རྗེ་གདན་ལ་མངོན་པར་རྫོགས་པའི་སངས་རྒྱས་ནས། རྩྭ་མཆོག་གྲོང་དུ་མྱ་ངན་ལས་མ་འདས་པའི་བར་ལོ་བཞི་བཅུ་ཞེ་གྲངས་དེའི་རིང་སངས་རྒྱས་ཀྱི་མཛད་པ་མཛད་པ་དེ་ཙམ་ཞིག་ལས་མེད་པ་ཡིན་ན། རྒྱུ་མཐའ་ཡས་པ་ཞིག་ལ་དེའི་འབྲས་བུ་མཐའ་ཡོད་ཚད་ཅན་ལྟ་བུ་ཞིག་ཆགས་ཀྱི་ཡོད།

                གཞན་ཡང་བྱང་ཕྱོགས་སོ་བདུན་གྱི་ལམ་ཙམ་ཉམས་བཞེས་གནང་སྟེ། དེ་ལྟ་བུའི་ཐོག་ནས་མངོན་པར་རྫོགས་པའི་སངས་རྒྱས་ཐུབ་པ་ཞེས་པ་དེ། བྱང་ཕྱོགས་སོ་བདུན་གྱི་ལམ་ལ་བརྟེན་ནས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ཡོང་གི་ཡོད་ལ། དམན་པའི་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ཡང་ཡོང་གི་ཡོད། ལམ་སྤྱི་དེ་དེ་ཙམ་ཞིག་གི་ཐོག་ནས་རྫོགས་པའི་བྱང་ཆུབ་མངོན་དུ་མཛད་པ་ཞེས་པ་དེ། རྒྱུ་ལ་དེ་ཙམ་མཆོག་དམན་མེད་པ་ཞིག་ལ། འབྲས་བུར་མཆོག་དམན་ཆེན་པོ་ཡོང་ཐུབ་པ་དེ་ཡང་ཅུང་ཟད་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད།

                ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་ཉམས་ལེན་དང༌། མངོན་པ་འོག་མའམ་ཐེག་པ་ཐུན་མོང་བ་ཡོངས་གྲགས་ཀྱི་གཞུང་དེ་དག་ཡོད་པའི་ཐོག་ལ། ཤེར་ཕྱིན་གཙོ་བོར་གྱུར་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མང་པོ་ཞིག་བོད་ལ་ཡོད་ཅིང༌། དེ་དང་འབྲེལ་བའི་རྒྱུད་སྡེ་བཞིའི་གསང་སྔགས་ཀྱི་ཆོས་འཁོར་མང་པོ་ཞིག་ཀྱང་ཡོད། ཡོད་པ་དེ་རྣམས་ཤེས་བྱའི་རྣམ་གྲངས་ཙམ་མིན་པར། དེ་དག་ལ་གཞི་བཅོལ་ནས་སེམས་འདུལ་ཐབས་ཀྱི་ཉམས་ལེན་གནང་བའི་ལག་རྗེས་སུ་མྱོང་བ་ཁྱད་པར་ཅན་སྐྱེས་པ་གོང་ཞུས་ལྟར་དང༌། རྗེ་རིན་པོ་ཆེར་ཡང་ཉམས་མྱོང་ཐུན་མོང་མ་ཡིན་པ་དེ་འདྲ་ཡོད་པ་རྗེ་རིན་པོ་ཆེའི་གསང་བའི་རྣམ་ཐར་ནང་དུའང་གསལ་གྱི་ཡོད།

                གཙོ་ཆེ་ཤོས་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་མཛད་པའི་གསུང་ལ་འདི་ལྟར་ཞིབ་འཇུག་བྱས་ན། ལྷག་པར་སྐུ་ཚེ་སྨད་ལ་མཛད་པའི་གསུང་དེ་དག་ཉམས་མྱོང་གི་སྟེང་ནས་གསུངས་པ་ཧ་ཅང་གསལ་པོ་རེད། དེས་ན་ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གཞུང་དེ་དག་ནས་བཤད་པའི་ལམ་དེ་ཉམས་ལེན་བྱེད་སྐབས། ཉམས་རྟོག་སྐྱེ་རྒྱུ་ཡོད་པ་ཞིག་དང༌། ཉམས་མྱོང་ཁྱད་པར་ཅན་ཡོང་རྒྱུ་ཡོད་པ་ཕལ་ཆེར་བཤད་ཐུབ་པ་ཞིག་དང༌། ཚོད་དཔག་བྱེད་ཐུབ་པ་ཞིག་རེད།

                རྗེ་བླ་མས་མཚོན་པའི་བོད་གངས་ཅན་ལྗོངས་ཀྱི་སྔོན་གྱི་སྐྱེས་ཆེན་དམ་པ་དེ་དག་གི་ཉམས་མྱོང་རྨད་དུ་བྱུང་ཞིང་ཡ་མཚན་ཅན་དེ་འདྲ་ཡོང་བ་དེ་དག རྣམ་ཐར་འགའ་ཤས་ཅུང་ཟད་སྣོན་མ་བརྒྱབ་པ་ཡོད་ཤས་ཆེ། འོན་ཀྱང་རྣམ་ཐར་ཚང་མ་སྣོན་མ་བརྒྱབ་པའི་སྒྲོ་བཏགས་ཤ་སྟག་རེད་ཅེས་རྩ་བ་ཉིད་ནས་བརྗོད་མི་ཐུབ།

                དེ་ལྟར་བརྗོད་མི་ཐུབ་པའི་སྒྲུབ་བྱེད་གཅིག་ནི། དཔེར་ན་ང་རང་ཚོའི་ད་ལྟའི་མི་ཐོག་འདིའི་བར་དུ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ལམ་གྱི་འགྲོ་སྟངས་གཞིར་བཞག་གིས་ཉམས་ལེན་བྱེད་མཁན་དེ་འདྲར་ཉམས་མྱོང་ཡ་མཚན་ཅན་དེ་འདྲ་ཡོང་གི་འདུག་ཅིང༌། ད་ལྟ་ཡིན་ན་ཡང་ཡོད་པ་ཞིག་རེད། དེར་བརྟེན་ང་རང་ཚོའི་ཉམས་མྱོང་ཕལ་པ་དེར་དཔག་ན། སྔོན་གྱི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དང༌། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེས་མཚོན། མདོར་ན་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོར། ཐུན་མོང་མ་ཡིན་པའི་ཉམས་རྟོག་ཁྱད་པར་ཅན་འཁྲུངས་པའི་ལོ་རྒྱུས་ཡོད་པ་དེ་དག་ཕལ་ཆེར་ཏན་ཏན་ཡོང་ཆོག་པ་ཞིག་རེད་འདུག་བསམ་པའི་ཚོད་དཔག་ཐུབ་པ་ཞིག་རེད།

                རྗེ་རིན་པོ་ཆེ་ལྟ་བུར་ཆ་བཞག་ན། རྗེ་རིན་པོ་ཆེས་ཉམས་བཞེས་གནང་བ་དེ་དག་གི་རྩ་བའི་གཞི་འཛིན་ས། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དེ་རྣམས་རྩ་བར་འཛིན་ནས་ཉམས་བཞེས་གནང་གི་ཡོད།

                ཀླུ་སྒྲུབ་ཡབ་སྲས་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་དེ་དག་ཡོངས་གྲགས་ཡིན་ལ། གསང་སྔགས་ཀྱི་ཆོས་འཁོར་ཀླུ་སྒྲུབ་ཀྱིས་མཛད་པ་དེ་དག་ལ་རིགས་གཅིག་གིས་ཐེ་ཚོམ་བྱེད་མཁན་ཡོང་གི་ཡོད་ཀྱང༌། གཟུ་བོའི་བློས་འདི་ལྟར་དཔྱད་ན། ཨརྱ་དེ་ཝས་སྔགས་ཀྱི་གཞུང་མཛད་ཡོད་ལ། དེ་བཞིན་ཟླ་བ་གྲགས་པ་དང༌། ཇོ་བོ་རྗེ་ལྷ་གཅིག་དིའ་བཾ་ཀ་རས་ཀྱང་སྔགས་ཀྱི་གཞུང་མཛད་ཡོད།

                ཇོ་བོ་རྗེ་ལྷ་གཅིག་དིའ་བཾ་ཀ་ར་བོད་དུ་ཕེབས་ཤིང༌། ཇོ་བོ་རྗེ་རང་ཉིད་བོད་སྐད་མཁྱེན་གྱི་ཡོད་མེད་མི་ཤེས་ཀྱང༌། བོད་དུ་ཕེབས་ཏེ་ལོ་བཅུ་བདུན་རིང་བཞུགས་ཏེ་གསང་སྔགས་ཀྱི་ཆོས་གསུངས་པ་དང༌། དེ་ཡང་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་བ་ཞིག་རེད། ཇོ་བོ་རྗེའི་གསུང་སྒྲོས་ད་ལྟའི་བར་དུ་ཡོད་པ་དེ་དག་མི་ཐོག་གཅིག་ནས་གཅིག་ཏུ་ཟམ་ཆད་པར་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་ལས། བར་དུ་ཡུན་རིང་གསལ་པོ་དེ་ཙམ་མེད་པར་དེ་ནས་མར་བྱུང་བ་ཞིག་ཕལ་ཆེར་མ་རེད།

                དེར་བརྟེན་ཇོ་བོ་རྗེས་ཀྱང་སྔགས་ཀྱི་སྐོར་གསུངས་ཀྱི་ཡོད་པ་འདི་དག་ལ་ཚོད་དཔག་བྱས་ན། སྔགས་ཀྱི་གཞུང་མཛད་པ་པོ་དཔལ་ལྡན་ཟླ་བ་གྲགས་པ་དང༌། སློབ་དཔོན་ཨརྱ་དེ་ཝ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་བཅས་ཀྱི་མཚན་དེ་དག་མཚན་མཐུན་པ་ཙམ་མ་ཡིན་པར། དབུ་མའི་བསྟན་བཅོས་མཛད་མཁན་གྱི་བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་པའི་ཀླུ་སྒྲུབ་རང་ཉིད་ཀྱིས་ཕལ་ཆེར་ཚོད་དཔག་བྱེད་ཐུབ་ཀྱི་རེད།

                གོང་ཞུས་རྗེ་རིན་པོ་ཆེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་སྒྱུར་བ་པོ་རྒྱ་གར་གྱི་མཁས་པ་ཁོ་རང་གིས་བླ་མ་ལྟ་བུར་བརྩི་ཡི་ཡོད། ཧ་ལམ་བླ་མའམ་ཆོས་གྲོགས་ལྟར་བརྩི་བའི་ཨུ་པཱ་དེ་ཝ་ཁོང་གཤེགས་ཚར་བ་རེད། ཁྱེད་རང་ཚོ་ཁ་ཤས་ཀྱིས་གོ་ཡོད་ཅིང༌། ཁོང་ལེགས་སྦྱར་སྐད་ལ་ཧ་ལས་པའི་མཁས་པ་རེད། ཁོང་སྔོན་མ་ལོ་སུམ་ཅུ་སོ་ལྔ་སོ་དྲུག་ཙམ་གྱི་གོང་ཐོག་མར་ཁོང་དང་མཇལ་ཞིང༌། སྐད་ཆ་འཕྲོས་ཏེ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་ལེགས་སྦྱར་སྐད་དུ་ཡོད་ཅིང༌། ངས་སྐད་ཆ་དྲིས་ཏེ་ཁྱེད་རང་གིས་ཚིག་གསལ་གྱི་མཆོད་བརྗོད་དེ་གཅིག་བསྐྱོར་དང་ཞེས་བརྗོད་པ་ཡིན། ཁོང་གིས་ལེགས་སྦྱར་སྐད་ཀྱི་གདངས་ལྟ་བུ་བཏང་སྟེ་བསྐྱོར་སོང་བས་ང་སེམས་ཧ་ཅང་སྐྱོ་སྟེ་མིག་ཆུ་ཡང་ཤོར་སོང༌། ཁོང་ཧ་ཅང་མཁས་པ་རེད།

                སྐབས་ཤིག་ཁོང་གིས་དུས་འཁོར་འགྲེལ་ཆེན་དྲི་མེད་ཀྱི་སྐོར་ཉམས་ཞིབ་གནང་སྐབས། དེའི་མ་དཔེ་བལ་ཡུལ་དུ་གཅིག་ཡོད་འདུག་པས་དེའི་དོན་དུ་ཁོང་བལ་ཡུལ་དུ་ཐེངས་འགའ་ཤས་ཕྱིན་ཏེ། འགྲེལ་ཆེན་དྲི་མེད་འོད་ལེགས་སྦྱར་གྱི་སྐད་དུ་ཡོད་པ་དེར་ཁོང་གིས་ཉམས་ཞིབ་བྱས་པའི་སྐབས།  ཡང་ཁོང་གིས་ལེགས་སྦྱར་གྱི་སྐད་ནང་ཡོད་པའི་སྔགས་གཞུང་ཤོག་རྐྱང་ཞིག་མཐོང་འདུག་པ་དེ་ཁོང་གིས་ཀློག་སྐབས། དེའི་ལེགས་སྦྱར་གྱི་འབྲི་སྟངས་དེ་དབུ་མ་བཞི་བརྒྱ་པའི་ལེགས་སྦྱར་འབྲི་སྟངས་དང་གཅིག་པ་གཅིག་རྐྱང་རེད་འདུག་ཅེས་གསུངས་ཀྱི་འདུག

                དེས་ན་སྔགས་གཞུང་དེ་ཉིད་མཛད་པ་པོ་ནི། དབུ་མ་བཞི་བརྒྱ་པ་མཛད་པ་པོ་སློབ་དཔོན་ཨརྱ་དེ་ཝ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་ཀྱི་འདུག་ཅེས་གསུངས་ཀྱི་འདུག ད་ལྟ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བསྟན་པའི་རྣམ་གཞག་དང༌། ཐེག་དམན་གྱི་བསྟན་པའི་རྣམ་གཞག ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། སྔགས་ཀྱི་ཐེག་པ་བཅས་ཡོད་པ་དེ་དག་ཚིག་དུམ་རེ་ཚུར་བླངས་ནས། དེའི་ངོ་གདོང་གི་བསྟན་ཚོད་ཤིག་ཡོད་པ་དེ་ཙམ་ཞིག་གི་སྟེང་ནས་བཤད་པ་ཡིན་ན་འགལ་འདུ་ཧ་ཅང་མང་པོ་མཐོང་གི་རེད།

                ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གཞུང་གི་ཁོག་ལེགས་པོ་ཞིག་སྒྲིག་ཤེས་པར་བྱས་ཏེ། གཞུང་གི་ཁོག་གམ་གནད་དེ་དག་ལེགས་པོ་ཞིག་ཤེས་པའི་ཐོག་ནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གཞུང་གོང་འོག་དེ་དག་གི་བསྟན་དོན་སྙིང་པོའི་ལམ་གྱི་འགྲོ་སྟངས་ལེགས་པོ་ཞིག་ཤེས་པ་ཡིན་ན། ཐེག་པ་འོག་མ་ནས་གསུངས་པ་དེ་དག་གོང་ནས་གོང་དུ་ཁྱད་ཞུགས་པའི་ཚུལ་གྱིས་ཚང་མ་ཡར་ལྡན་གྱི་ཚུལ་དུ་ཚང་བ་ཞིག་ལས་འགལ་འདུ་མེད།

                དེ་ལྟར་ང་རང་ཚོས་ད་ལྟ་དངོས་སུ་ཉམས་སུ་མྱོང་རྒྱུ་དང༌། སློབ་སྦྱོང་བྱེད་རྒྱུ་ཡོད་ཅིང༌། བསམ་བློ་གཏོང་ས་ཡོད་པའི་ཐོག་ནས་ཉམས་ལེན་བྱས་པ་ཡིན་ན། བསམ་བློའི་ནང་འགྱུར་བ་ཐེབས་རྒྱུ་ཡོད་པ་ཞིག་དང༌། ཉམས་མྱོང་ལྟ་བུ་གང་འཚམས་ཡོང་བ་དེ་འདྲའི་ལམ་དེ་འདི་ལྟར་རིམ་བཞིན་དེད་སྐབས་གོང་ཞུས་ལྟར། བོད་གངས་ཅན་ལྗོངས་ཀྱི་ཚད་ལྡན་གྱི་སྐྱེས་བུ་མང་པོས་ཉམས་བཞེས་གནང་ནས་ཡོད་པ་ཞིག་དང༌། དེ་དག་ལ་ཁུངས་གཏུགས་ཀྱི་ཡོད་པ་ཞིག་དང༌། དེ་ནས་ཡར་དེད་སྐབས་རྒྱ་གར་མཁས་པ་ཡོངས་གྲགས་རྩོད་མེད་ཁུངས་ཐུབ་ཀྱི་མཁས་པ་དང༌། གྲུབ་པའི་དབང་ཕྱུག་དེ་དག་ལ་གཏུགས་པ་ལྟ་བུའི་བཟོ་ལྟ་ཞིག་ཆགས་པ་ཡིན་ན། དེ་ཐམས་ཅད་ཀྱི་རྩ་བ་དེ་བསྟན་པའི་བདག་པོ་སྟོན་པ་བཀའ་དྲིན་ཅན་དང༌། ཀླུ་སྒྲུབ་རང་ཉིད་ཀྱི་གཞུང་གཙོ་བོ་རྩ་བ་ཤེས་རབ་རེད། རྩ་བ་ཤེས་རབ་ཀྱི་དབུར།

གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །

འགག་པ་མེད་པ་སྐྱེ་མེད་པ། །

ཆད་པ་མེད་པ་རྟག་མེད་པ། །

འོང་བ་མེད་པ་འགྲོ་མེད་པ། །

ཐ་དད་དོན་མིན་དོན་གཅིག་མིན། །

སྤྲོས་པ་ཉེར་ཞི་ཞི་བསྟན་པ། །

རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །

དམ་པ་དེ་ལ་ཕྱག་འཚལ་ལོ། །

                ཞེས་ཧ་ཅང་གི་བསྟོད་བསྔགས་མཛད་ཡོད། དེ་བཞིན་རྩ་བ་ཤེས་རབ་ཀྱི་མཇུག་ཏུ་ཡང༌། སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་བསྟོད་ཕྱག་མཛད་སྐབས།

གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །

ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །

དམ་པའི་ཆོས་ནི་སྟོན་མཛད་པ། །

གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །

                ཞེས་པའི་ཚིགས་སུ་བཅད་པ་འདི་གསུངས་ནས། སྟོན་པ་ཐུབ་པའི་དབང་པོར་རྟེན་འབྱུང་རང་དབང་གི་སྒོ་ནས་འདོམས་པ་དེར་ཧ་ཅང་གི་བསྟོད་བསྔགས་གནང་ཡོད། 

                དེས་ན་སྟོན་པ་སངས་རྒྱས་རང་ཉིད་ཀྱིས་མ་མཁྱེན་པ་ཞིག་ཀླུ་སྒྲུབ་ཀྱིས་གསར་པ་བཟོས་པ་ཞིག་ཕལ་ཆེར་མ་རེད། དེ་བཞིན་རྒྱ་གར་མཁས་པས་མ་མཁྱེན་པ་ཞིག་བོད་གངས་ཅན་གྱི་མཁས་པ་ཚོས་གསུངས་པ་ཞིག་ཀྱང་ཕལ་ཆེར་མ་རེད། དེར་བརྟེན་ཚད་ཐུབ་ཀྱི་ལམ་འདི་ཡར་ཁུངས་གཏུགས་སྐབས་སྟོན་པ་བཀའ་དྲིན་ཅན་ལ་ཐུག་དགོས་པ་ཞིག་རེད་ལ། ཐུག་པ་ཞིག་ཕལ་ཆེར་རེད།

                དེས་ན་བསྟན་པའི་བདག་པོ་སྟོན་པ་བཀའ་དྲིན་ཅན། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ལམ་ཆ་ཚང་བ་དེ་དག་རྩ་བའམ་ཐོག་མར་གསུང་མཁན་གྱི་བསྟན་པའི་བདག་པོ་དེ། སྐུ་ཚེ་སྟོད་དུ་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་ཞིག་དང༌། སྐུ་ཚེ་སྨད་ལ་གཞི་ནས་མངོན་པར་རྫོགས་པའི་སངས་རྒྱས་ནས་བདེན་བཞིའི་ཆོས་འཁོར་ཙམ་གསུངས་པ་ལྟ་བུ་དེ་ཙམ་ཞིག་བཤད་པ་ཡིན་ན་འགལ་འདུ་ཧ་ཅང་མང་བས་དེ་ལྟར་ཕལ་ཆེར་མ་རེད། དེར་བརྟེན་དེ་ཚང་མ་སྟོན་པ་བཀའ་དྲིན་ཅན་གྱིས་གསུངས་པ་ཞིག་ཆགས་ཀྱི་ཡོད།

                སྟོན་པ་མྱ་ངན་ལས་འདས་ཟིན་པའི་རྗེས་སུ་དགྲ་བཅོམ་པ་ཚོས་སྡེ་སྣོད་གསུམ་པོ་བཀའ་བསྡུ་གནང་ཡོད། ཐེག་ཆེན་བཀའ་བསྡུ་གནང་བ་དང༌། སྔགས་ཀྱི་སྐོར་བཀའ་བསྡུ་གནང་བའི་སྐད་ཆ་མི་འདུག་པས།  དེ་གང་འདྲ་རེད་དམ་ཞེ་ན། ངས་ནམ་རྒྱུན་འདི་ལྟར་དྲན་གྱི་ཡོད། སྟོན་པ་བཀའ་དྲིན་ཅན་གྱིས་ཡོངས་གྲགས་བྱས་ཏེ་གསུངས་པ་ཞིག་དང༌། དེ་ལྟར་ཡོངས་གྲགས་མིན་པར་གདུལ་བྱ་ལས་དག་ཐུན་མོང་མ་ཡིན་པའི་ངོར་གསུངས་པའི་ཆོས་འཁོར་གཅིག དག་པའི་སྣང་བ་ལ་གསུངས་པའི་ཆོས་འཁོར་དེའི་ནང་དུ་ཤེར་ཕྱིན་གྱི་མདོ་སྡེ་ལ་སོགས་པའི་ཐེག་ཆེན་གྱི་མདོ་སྡེ་དེ་དག་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་དག་ཅིག་གསུངས།

                དེ་ནས་རིམ་བཞིན་ག་ལེར་སྔགས་ལ་དཀྲིས་པ་ཞིག་གསུངས་སྐབས་ཐོག་མར་ཆགས་བྲལ་གྱི་རྣམ་པའམ་དགེ་སློང་གི་རྣམ་ཅན་དེ་ཉིད། དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་བཞུགས་པའི་སྔགས་ཀྱི་ཆོས་འཁོར་ཡང་གསུངས་པ་བྱ་རྒྱུད་ནང་ཡོད་པ་དེ་རེད། དཔེར་ན། ཐུབ་པ་དམ་ཚིག་གསུམ་བཀོད་ལྟ་བུའོ།།

                དེ་ནས་ཡར་རིམ་བཞིན་སྟོན་པ་ལྷ་ཡི་རྣམ་འགྱུར། ཉམས་ལེན་གྱི་གནད་ལ་ཐིམ་པའི་ལྷ་ཡི་རྣམ་འགྱུར་མི་འདྲ་བ་ཆགས་ཏེ། དེ་འདྲའི་དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་བཞེངས་ནས་གསུངས་པ་གཅིག་སྟེ། དེ་ནི་གདུལ་བྱ་ལས་དག་ནང་གི་ལས་དག་ཐུན་མོང་མ་ཡིན་པའི་ངོར་གནང་བ་ཞིག་ལས་ཡོངས་གྲགས་ལ་མེད། དེས་ན་སྟོན་པ་བཀའ་དྲིན་གྱིས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་འཁོར་དེ་དག་ཡོངས་གྲགས་བྱས་ཏེ་གསུངས་པ་ཞིག་ཡིན་དགོས་ཀྱི་མི་འདུག་བསམ་པ་དྲན་གྱི་འདུག དེང་སྐབས་སུའང་དཔེར་ན། མི་རྣམ་དཔྱོད་ཧ་ལས་པ་ཡོད་པ་ཞིག་གམ། ཡང་ན་དཔོན་རིགས་མཐོ་པོ་ཞིག་ཡོད་ན། དེས་ཡོངས་གྲགས་མ་བཤད་པ་ཙམ་གྱིས་དེས་མ་བཤད་པར་ང་ཚོས་བཤད་ཐུབ་ཀྱི་མེད་པ་ལྟར་རོ།།

                དེ་ཉིད་སྐབས་དང་དུས་མ་རན་པ་ཞིག་ཡོད་ན། ཡོངས་གྲགས་མ་བཤད་པ་ཞིག་ཡོང་གི་རེད། དེར་བརྟེན་དེ་ཐམས་ཅད་སྟོན་པ་བཀའ་དྲིན་ཅན་གྱི་དགོངས་པ་ཡིན་པ་ཞིག་དང༌། སྟོན་པ་བཀའ་དྲིན་ཅན་གྱིས་གསུངས་པ་ཞིག་ཡིན་ན། གསུངས་པ་པོ་སྟོན་པ་བཀའ་དྲིན་ཅན་དེ་ཉན་ཐོས་ཀྱི་ཐེག་པའི་གཞུང་ནས་གསུངས་པ་ལྟར་སངས་རྒྱས་ཞིག་ལ་འཇོག་དགོས་བྱུང་ན་ཧ་ཅང་ཁག་པོ་རེད།

                དེས་ན། ཐེག་པ་ཆེན་པོ་རྒྱུད་བླ་མའི་གཞུང་ནས་གསུངས་པ་ལྟར། སྟོན་པ་བཅོམ་ལྡན་འདས་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་སངས་རྒྱས་ཟིན་པའི་སངས་རྒྱས་ཤིག་ཚེ་ལོ་བརྒྱ་པའི་དུས་སུ། རྩ་བའི་སྤྲུལ་པ་པོ་སྤྲུལ་གཞིའི་ལོངས་སྐུ་དེ་ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ། མཉམ་བཞག་དེ་ལས་ལྡང་བ་མེད་པར་མཉམ་རྗེས་འདྲེས་ནས་ཡོད་པའི་མཉམ་བཞག་དེ་ལས་གཡོ་བ་མེད་བཞིན་དུ། གཟུགས་སྐུའི་རོལ་པ་སྣ་ཚོགས་དག་མ་དག་གི་འཇིག་རྟེན་ཁམས་སུ་རང་གི་ངང་གིས་འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་ཤར་བ་ཞིག་དང༌། འོ་ན་དེའི་སྐུ་བཞིའི་རྣམ་གཞག་གསུངས་པའི་སྐུ་བཞིའི་རྣམ་གཞག་ཡིན་ན། དེར་སྐུ་བཞིའི་རྣམ་གཞག་གསུངས་ཀྱི་འདུག་ཅིང༌། སྐུ་བཞིའི་རྣམ་གཞག་གསུངས་པ་དེར་བསམ་བློ་གཏོང་རྒྱུ་འདུག་བསམ་པ་ཞིག་དྲན་པ་འདུག

                དེ་ཡང་སྐུ་བཞི་ཞེས་བརྗོད་སྐབས། རྩ་བ་ངོ་བོ་ཉིད་སྐུའི་སྟེང་ནས་བསམ་བློ་གཏོང་དགོས་ཤིང༌། འདི་ང་རང་ཚོས་མྱང་འདས་བཤད་སྐབས་རང་བཞིན་མྱང་འདས་ཞེས་པ་དེའི་སྟེང་ནས། མྱང་འདས་ཞེས་སྐད་གྲགས་ཆེན་པོ་ཞིག་ཡོང་ཐུབ་པ་རང་བཞིན་མྱང་འདས་ཤིག་ཡོད་པས་ན། དྲི་མ་གློ་བུར་བ་ཆགས་པ་རེད། དེ་འདྲའི་སྟེང་དུ་བསམ་བློ་གཏོང་རྒྱུ་ཞིག་ཡོང་གི་འདུག དེར་བརྟེན་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཞེས་བརྗོད་སྐབས། གཞི་ནས་ང་རང་ཚོས་ད་ལྟ་ཉམས་ལེན་བྱ་རྒྱུ་ཡོད་པ་དེ་དག་དང༌། སྟོན་པ་སངས་རྒྱས་དེ་དང༌། དེ་ཡང་སྐུ་བཞིའི་བདག་ཉིད་བཅས་མར་བརྩི་བའི་སྐབས་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་གསུངས་པའི་ཆོས་ཚུལ་ཡོངས་རྫོགས་གཞི་ནས་ལྷུ་ཞིག་བསྒྲིགས་ཏེ་ཐར་པ་ཞེས་པ་ཡིན་རྒྱུ་བདེན་བཞི་གསུངས་པའི་སྐབས་ནས་འགོག་བདེན་ཞེས་པ་ཞིག་གསུངས་ཡོད་ཀྱང༌། འགོག་བདེན་ཟེར་ན་གང་འདྲ་ཞིག་ཡིན་བརྩད་དཔྱད་ན། དྲི་མ་སྤངས་པའི་བྲལ་བ་ཙམ་རེད་ཅེས་བརྗོད་ཀྱང༌། དེ་ཙམ་ཞིབ་ཚགས་པོའི་སྟེང་ནས་བསམ་བློ་གཏོང་རྒྱུ་ཅུང་ཟད་ཁག་པོ་ཡོད།

                ད་ལྟ་ངས་འགྲེལ་བཤད་བརྒྱབ་པ་འདི། ལམ་འབྲས་ཀྱི་སྐབས་ནས་འདི་ལྟར་གསུངས་པ་སྟེ། ལུང་ཚད་མ་དང༌། བསྟན་བཅོས་ཚད་མ། བླ་མ་ཚད་མ། མན་ངག་ཚད་མ་བཅས་གསུངས་ཤིང༌། བྱུང་བའི་རིམ་པའི་དབང་དུ་བྱས་ན། ལུང་ཚད་མ་ཐོག་མར་བྱུང་ཞིང༌། བསྟན་བཅོས་ཚད་མ་གཉིས་པ་དང༌། བླ་མ་ཚད་མ་གསུམ་པ། ཉམས་མྱོང་ཚད་མ་བཞི་པར་གསུངས་སོ།།

                ང་རང་ཚོས་ཚད་མའམ་སེམས་ལ་ངེས་པ་འདྲེན་པའི་རིམ་པའི་དབང་དུ་བྱས་པའམ། ངེས་པ་སྐྱེས་རུང་གི་དབང་དུ་བྱས་ན། ཐོག་མར་སོ་སོའི་ཉམས་མྱོང་ཚད་མ་དང༌། ཉམས་མྱོང་ཚད་མ་ཞེས་བརྗོད་སྐབས་ཉམས་མྱོང་དེ་ལྟ་བུ་ཡོང་བའི་ལམ་སྟོན་གྱི་བླ་མ་སླེབས་ཤིང༌། དེ་ནི་གཞི་ནས་སྐྱེ་བོའི་འདོད་དོན་འགྲུབ་པ་ལ་བསླུ་བ་མེད་པའི་ལམ་སྟོན་མཁན་གྱི་བླ་མ་ཚད་མ་ངེས་པ་རྙེད་ཐུབ་པ་ཞིག་དང༌། དེ་ལྟ་བུའི་བླ་མ་ཡོང་བ་དེ་མདོ་བསྟན་བཅོས་སམ་མདོ་རྒྱུད་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་གནང་བའི་ཐོག་ནས་ཡོང་བས་ན། གཞི་ནས་གདམས་ངག་སྟོན་པའི་རྒྱ་གར་མཁས་པའི་གཞུང་དེ་དག་དངོས་གནས་ཚད་ཐུབ་རེད་འདུག་བསམ་པའི་བསྟན་བཅོས་ཚད་མ། དེ་ཡང་ཁུངས་གཏུགས་ས་དེ་སྟོན་པ་བཀའ་དྲིན་ཅན་གྱི་བཀའ་ལ་ཐུག་ཡོད་སྟབས་བཀའ་ཚད་མར་ངེས་པ་རྙེད་པ་ཞིག་ཡོང་གི་འདུག དེའི་ཐོག་ནས་བསམ་བློ་གཏོང་སྟངས་གཅིག་རེད།

                ཡང་བསམ་བློ་གཏོང་སྟངས་གཅིག་ནི། སྔོན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སྲས་ཀྱི་ཐུ་བོ་བཀའ་གདམས་སྐུ་མཆེད་གསུམ་གྱི་ནང་ནས། བཀའ་གདམས་གཞུང་པ་བའི་བསྟན་པའི་བདག་པོ་ལྟ་བུ།  བཀའ་གདམས་གཞུང་པ་བའི་ཐོག་མ་པོ་ཏོ་བ་རིན་ཆེན་གསལ་རེད། པོ་ཏོ་བ་བཞུགས་བཞིན་པའི་སྐབས་སུ་གྲོང་པའི་ཕ་དྲན་རྒྱུ་རྒོད་པོ་ཞིག་ཡོད་པ་རེད། གྲོང་པའི་ཕ་རྒན་དེས་པོ་ཏོ་བར་སངས་རྒྱས་བཅོམ་ལྡན་འདས་ཡོད་པ་སུས་ཤེས་སམ་ཞེས་བརྗོད་པ་རེད། པོ་ཏོ་བས་རིག་པ་མགོ་མཚུངས་ཤིག་བཏང་སྟེ། ཕ་རྒན་དེའི་མི་ཐོག་མང་པོའི་སྔོན་གྱི་པ་ཕ་ཞིག་ཡོད་ཅིང༌། པ་ཕ་དེ་ཡོད་པ་སུས་ཤེས་ཀྱི་རེད་དམ་གསུངས་པ་རེད། དེ་རྗེས་གྲོང་པའི་ཕ་རྒན་དེས་ང་ཚོས་སྔ་མོ་སྔ་མོའི་མེས་པོ་ཡོད་པ་དེ་དག་ངས་ཏན་ཏན་ཤེས་ཀྱི་ཡོད། ངའི་པ་ལགས་འདི་དང་འདི་ཞེས་དང༌། དེའི་གོང་གི་ཕ་ཡང་འདི་དང་འདི་རེད་ཅེས་ཕ་རྒན་དེ་ལྟར་བཤད་པ་རེད།

                དེ་རྗེས་པོ་ཏོ་བས་ཀྱང་འདི་ནས་ཡར་ལྟོས་ཏེ་མགོན་པོ་ཀླུ་སྒྲུབ་དང༌། དེ་ནས་ཡར་གཏུགས་ཏེ་བཅོམ་ལྡན་འདས་རེད་ཅེས་དེ་ལྟར་གཏུགས་པ་རེད། བཅོམ་ལྡན་འདས་ནས་གཏད་རབས་བདུན་བར་རིམ་པར་བྱུང་ཞིང༌། དེ་རྗེས་ཀླུ་སྒྲུབ་ཡབ་སྲས་ནས་དང༌། དེ་ནས་ཇོ་བོ་རྗེ་ལྷ་གཅིག་དིའ་པཾ་ཀ་ར། དེ་ནས་འབྲོམ་སྟོན་པ། དེའི་བུ་མགོ་དམར་བ་ང་ཡིན་ཞེས་གསུངས་པ་རེད། པོ་ཏོ་བ་ཁོང་དབུ་དམར་པོ་ཡིན་འདུག་པས་དེས་ན་དེའི་བུ་མགོ་དམར་བ་ང་ཡིན་ཞེས་གསུངས་སོ།།

                བོད་ཀྱི་མཁས་པ་དེ་དག་དངོས་གནས་མཁས་པ་རེད་འདུག དགེ་བཤེས་པོ་ཏོ་བའི་སྲས་ཀྱི་ཐུ་བོ་ཤ་ར་བ་དང་དུས་མཚུངས་སུ་པ་ཚབ་ལོ་ཙཱ་བས་དབུ་མ་འཇུག་པ་ཐོག་མར་བསྒྱུར་བ་རེད། དེར་བརྟེན་ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་དབུ་མ་འཇུག་པ་བསྒྱུར་མེད་ཅིང༌། སྐབས་དེར་རྟོག་གེ་འབར་བ་དང༌། དབུ་མ་སྙིང་པོ། རྩ་བ་ཤེས་རབ་དེ་དག་སྔར་ནས་ཡོད། ཇོ་བོ་རྗེས་རྟོག་གེ་འབར་བའི་བཤད་ཁྲིད་མང་པོ་གནང་གི་ཡོད་ཅེས་གསུངས།

                དེས་ན་དབུ་མ་འཇུག་པ་མེད་ལ། དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་དང་བཅས་པ་དེ་དག་པ་ཚབ་ལོ་ཙཱ་བས་བསྒྱུར་བ་ཡིན། པ་ཚབ་ལོ་ཙཱ་བས་དབུ་མ་འཇུག་པ་བསྒྱུར་གནང་མཛད་ནས། བསྒྱུར་དང་པོའི་ཟིན་བྲིས་ཐོག་མ་དེ་ཉིད་ཤ་ར་བར་སྤྱན་འབེབས་གནང་ཞིང༌། ཤ་ར་བས་དེ་ཉིད་གཟིགས་ཏེ། ཐོག་མར་བསྒྱུར་བ་ཡིན་སྟབས་ད་སྔར་དབུ་མ་འཇུག་པར་གཟིགས་མྱོང་མེད་སྟབས། ཤ་ར་བས་འདི་ལྟར་གཟིགས་སྐབས་འདིའི་སྐབས་སུ་འདི་འདྲ་ཞིག་ཡོད་དགོས་ཤིང༌། སྐབས་འདིར་འདི་འདྲ་ཞིག་ཀྱང་ཡོད་དགོས་པ་མིན་ནམ་ཞེས་གསུངས་པ་རེད།

                རྗེས་སུ་པ་ཚབ་ལོ་ཙཱ་བས་བསྐྱར་དུ་རྒྱ་དཔེར་གཏུགས་ཏེ་གཟིགས་སྐབས་ཤ་ར་བས་གསུངས་པ་དེ་དག་ཏག་ཏག་ར་འཕྲོད་པ་ཞིག་བྱུང་ཞིང༌། ཤ་ར་བས་ལེགས་སྦྱར་སྐད་སྦྱངས་གནང་མཛད་མེད་ཅིང༌། ལེགས་སྦྱར་སྐད་མཁྱེན་གྱི་མེད་ཀྱང༌། སོ་སོའི་བོད་སྐད་ཀྱི་ཐོག་ནས་དངོས་གནས་དྲང་གནས་མཁས་གྲུབ་གཉིས་ལྡན་ཞིག་རེད།

                པ་ཚབ་ལོ་ཙཱ་བས་རྨད་དུ་བྱུང་བའི་ལེགས་བཤད་གསར་པ་ཞིག་བོད་སྐད་དུ་བསྒྱུར་ནས་བྱུང་བས་ན་ཤ་ར་བ་ཐུགས་ཧ་ཅང་དགྱེས་པོ་བྱུང་སྟེ། ཉིན་ཞིག་གསུང་ཆོས་གནང་སར་བུ་རམ་གྱི་སྐུ་འགྱེད་སྐྱོན་མཁན་ཞིག་བྱུང་ཞིང༌། ཤ་ར་བ་རང་ཉིད་ལ་བུ་རམ་གྱི་འགྱེད་ཕུལ་བ་དེ་ཉིད་ཕྱག་ཏུ་བཞེས་ནས་ཚོགས་པའི་དབུས་སུ། མཁས་པའི་དབང་པོ་པ་ཚབ་ལོ་ཙཱ་བ་མཆོད་ཅེས་ཕུལ་གནང་མཛད་པའི་ལོ་རྒྱུས་ཡོད་པ་རེད། དེས་ན་ཧ་ལས་པའི་མཁས་པ་རེད།

དེ་ལྟར་ང་རང་ཚོའི་བོད་གངས་ཅན་གྱི་ལྗོངས་ལ་ད་ལྟའང་བཤད་པ་དང་སྒྲུབ་པ་གཉིས་ཀའི་རྒྱུན་ཉམས་པ་མེད་པར་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་བསྟན་པ་འདི། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ནས་ཉེ་བར་བརྒྱུད་ནས་ཡོད་པ་ཞིག་རེད། ཇི་སྐད་དུ།

གང་གིས་མོས་པས་ཡིད་བྱེད་པ། །

དེ་ཡི་མདུན་དུ་ཐུབ་པ་བཞུགས། །

                ཞེས་གསུངས་པ་ལྟར་ཁྱེད་རང་ཚོས་མང་པོས་གོ་ཡོད་ཅིང༌། ཁྱེད་རང་ཚོ་གསར་པ་འགའ་ཞིག་གིས་གོ་ཐོས་བྱུང་མེད་ན། འདི་ཕྱི་ལོ་ ༡༩༨༠ ནང་དུ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་བོད་ནས་ཚུར་ཕེབས་ཟིན་པའི་རྗེས་སུ་བལ་ཡུལ་དང་འབྲས་ལྗོངས་ཁུལ་དུ་བཞུགས་པའི་སྐབས་ཤིག་ལ། དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་མདུན་ནས། སྟག་ལུང་ཆོས་བརྒྱུད་ཀྱི་དབང་གང་འཚམས་ཤིག་གསན་འདུག་ཅིང༌། དེ་གསན་པའི་སྐབས་སྟག་ལུང་ཞབས་དྲུང་རིན་པོ་ཆེས་དིལ་མགོན་མཁྱེན་བརྩེ་རིན་པོ་ཆེར་དབང་ལུང་དེ་དག་ཕུལ་གནང་མཛད་པའི་སྐབས། ཉིན་ཞིག་གསུང་ཆོས་གནང་སའི་ཚོམས་ཆེན་གྱི་གདུང་མའི་ལོགས་སུ་གསུང་ཆོས་ཕུལ་གནང་རྒྱུའི་རྩ་བརྒྱུད་ཀྱི་བླ་མ་དེ་དག་ཡོངས་རྫོགས་ཁྲ་ལྷམ་མེར་འདུག་གསུངས་ཤིང༌། དེ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་ཁོ་རང་གིས་ང་ལ་གསུངས་བྱུང༌། ཁོང་ཞེ་ས་མ་ཞུས་ན་ཀྲོག་ཀྲོག་དང༌། མེད་པ་ཞིག་ལ་ཡོད་མདོག་གནང་མཁན་དེ་འདྲ་རྩ་བ་ཉིད་ནས་མ་རེད། བླ་མ་སྐྱིད་སྡུག་ཧ་ཅང་མྱངས་ནས། དེ་སྔ་རག་ཤག་གི་མི་ཚང་དྲག་གྲས་ཀྱི་སྲས་ཀྱི་རྒྱུད་པ་རེད། ཁོང་ཉིད་སྟག་ལུང་དགོན་གྱི་ཁུག་ཀྱོག་རི་ཁྲོད་ལྟ་བུར་བཞུགས་པ་རེད།

                ཕྱིས་སུ་ ༡༩༥༩ རྗེས་སུ་རྒྱ་མིས་བཙོན་དུ་བཅུག་ནས་བཙོན་ཁང་ནང་ལོ་མང་བཞུགས་དགོས་བྱུང་བ་རེད། རྗེས་སུ་རིམ་བཞིན་ཕྱི་ལོ་ ༡༩༨༠ ལོ་མགོ་ཙམ་ལ་ཚུར་ཕེབས་ཐུབ་པ་རེད། ཁོང་ནི་རེ་དོགས་དང་རྣམ་རྟོག་རྩ་བ་ཉིད་ནས་མེད་མཁན་ཞིག་རེད། དེ་འདྲ་བྱུང་ཞེས་ཁོང་རང་གིས་ང་ལ་གསུངས་པ་རེད། ཁོ་རང་ཡ་མཚན་མཚན་དང༌། ཧ་ལས་ལས་གང་ཡང་གནང་གི་མི་འདུག ཁོང་གིས་དེ་ལྟར་ཕུལ་རྒྱུ་བྱུང༌། སྐབས་དེར་ཡ་གིའི་གདུང་མའི་གདུང་འཁོར་གྱི་ནང་དུ་རྩ་བརྒྱུད་ཀྱི་བླ་མ་དེ་དག་ཡོངས་རྫོགས་ཁྲ་ལྷམ་མེར་འདུག་གསུངས་པ་རེད། དེར་བརྟེན་དེ་ཚོའི་གྲས་ཧ་ཅང་ཁྱད་མཚར་ཞིག་འདུག་ཅིང༌།

                ཁོང་ཉིད་ཐོག་མར་རྒྱ་མིས་འཛིན་བཟུང་གིས་བཙོན་ཁང་ནང་བཞུགས་པའི་སྐབས། རིན་པོ་ཆེ་བཞུགས་སའི་བཙོན་ཁང་ནང་དུ་སྟག་ལུང་དགོན་པའི་སྲུང་མ་དེ། རིན་པོ་ཆེ་བཅུག་སའི་བཙོན་ཁང་ནང་དུ་སླེབས་བྱུང་ཞེས་གསུངས་ཀྱི་འདུག དུས་ཚོད་ཧ་ཅང་ཁག་པོ་བྱས་སོང་ཞེས་པ་ཙམ་ལས་རིན་པོ་ཆེ་བཙོན་ཁང་ནས་སྐྱབས་ཐུབ་མི་འདུག་ཀྱང༌། རིན་པོ་ཆེ་བཞུགས་སའི་བཙོན་ཁང་དེར་འཚམས་འདྲིར་སླེབས་འདུག

                དེ་ལྟར་རྒྱལ་བ་ཞེས་བརྗོད་སྐབས་བདུད་བཞི་ལས་རྒྱལ་བ།  བདུད་བཞི་ལས་རྒྱལ་ཞེས་པ་དེ། གང་གིས་རྒྱལ་བ་རེད་དམ། གང་དུ་བདུད་བཞི་གང་གི་དབྱིངས་སུ་ནུབ་པ་རེད་དམ། འདི་དག་ངོ་བོ་ཉིད་སྐུའི་སྟེང་ནས་བསམ་བློ་གཏོང་རྒྱུ་རེད། དེས་ན་རྒྱལ་བ་ཞེས་པ་དེས་སྤངས་པའི་ཡོན་ཏན་ནམ་བྲལ་བའི་ཡོན་ཏན་དང༌། གཙོ་བོ་རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་དང༌། རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུའི་སྟེང་ནས་གློ་བུར་རྣམ་དག་ཡོང་རྒྱུ་རེད། དེར་བརྟེན་ངོ་བོ་ཉིད་སྐུ་དེ་རེད།

                དེའི་གཤམ་དེར། གཟིགས་ཤིང་ཞེས་བརྗོད་སྐབས་དེ་ལྟ་བུའི་བདུད་བཞི་ཕྲ་རགས་མཐའ་དག་ལས་རྒྱལ་བའི་ཡེ་ཤེས་སམ་རིག་པ་ཡེ་ཤེས་དེ་སྤང་བྱ་མཐའ་དག་སྤངས་པ་རེད། སྒྲིབ་བྱ་མཐའ་དག་བྲལ་བ་རེད། དེས་ན་ཤེས་བྱ་མཐའ་དག་ལ་ཆགས་ཐོགས་མེད་པར་འཇུག་པའི་མཁྱེན་པ་ཡོང་གི་རེད།

                གང་ལགས་ཤེ་ན། གསལ་རིག་གི་ཤེས་པ་འདི་ལ་ཡུལ་རིག་པའི་ནུས་པ་རང་ཆས་སུ་ཡོད་པ་རེད། རྒྱུ་དང་རྐྱེན་གྱིས་གློ་བུར་དུ་དཔྱོད་མི་དགོས་པ་རེད། ཤེས་པ་དེས་ཡུལ་རིག་པ་ལ་བར་དུ་གཅོད་པའི་སྒྲིབ་བྱེད་ཡོད་པའི་རིང་དེར། ཤེས་བྱ་ཉི་ཚེ་བ་ཞིག་རིག་པ་ལས། ཤེས་བྱ་མཐའ་དག་ཤེས་པ་ཞིག་མེད་པ་རེད། སྒྲིབ་བྱེད་བྲལ་སྐབས་གསལ་རིག་གི་ནུས་པ་ཡོངས་སུ་རྫོགས་པ་གསལ་ཡོང་སྐབས་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཁྱེན་ཅིང་གཟིགས་པ་དེ་ཡོང་གི་ཡོད་སྟབས།

གཟིགས་ཤིང་འདོམས་པ་དེ་ལ་འདུད། །

                ཅེས་གཟིགས་ཤིང་ཞེས་པ་དེས་ཡེ་ཤེས་ཆོས་སྐུ་དང༌། འདོམས་པ་ཞེས་བརྗོད་སྐབས་གསུང་གི་འཕྲིན་ལས་སམ་གསུང་རྗེས་བསྟན་གྱི་ཆོ་འཕྲུལ་གྱིས་གདུལ་བྱར་བླང་དོར་གྱི་གནས་འདོམས་པར་མཛད་པས་ན། འཕྲིན་ལས་ཕུན་སུམ་ཚོགས་པ་ཡང་བསྟན་གྱི་ཡོད་ཅིང༌། འཕྲིན་ལས་དེ་གསུང་རྗེས་བསྟན་ཆོ་འཕྲུལ་གྱི་ཐོག་ནས་གསུང་གི་འཕྲིན་ལས་དེ་འཇུག་གི་ཡོད་སྟབས། གསུང་གང་དུ་བརྟེན་སའི་ལུས་རགས་པ་ཞིག་དགོས་ཤིང༌། དེས་ན་གཞན་དོན་གཟུགས་སྐུ་དང་ལོངས་སྤྲུལ་གཉིས་བཅས་སྐུ་གསུམ་ཏག་ཏག་སླེབས་ཡོང་གི་ཡོད།

                ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ། ལོངས་སྤྲུལ་གཉིས་བཅས་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་དང༌། དེའི་ཡོན་ཏན་དེ་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ངོ་མཚར་ཆེན་པོ་རེད་བརྗོད་པ་ཙམ་མ་ཡིན་པར། དེའི་གསུང་ལ་བརྟག་དཔྱད་བྱས་ཏེ་གཟིགས་སྐབས་མཁྱེན་པ་བླ་ན་མེད་པ་ཡིན་པ་ཞིག་དང༌། སྨྲ་བ་བླ་ན་མེད་པའམ་སྨྲ་བ་ཟླ་མེད་པའི་སྟོན་པ་དེ་འདྲ་ཞིག་ཡོང་བར། གང་སྟོན་རྒྱུའི་དོན་དེ་རང་ལ་ལྐོག་ཏུ་མ་གྱུར་བའི་མཁྱེན་པ་བླ་ན་མེད་པ་དེ་ཉིད་མེད་ན་སྟོན་པ་བླ་ན་མེད་པ་ཡོང་ཐུབ་ཐབས་མེད།

                མཁྱེན་པ་བླ་ན་མེད་པ་ཞེས་པ་དེ། ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པའི་དྲི་མ་མཐའ་དག་བསལ་བའི་བྲལ་བའི་ཡོན་ཏན་དང་ལྡན་པའི་ཡེ་ཤེས་ཆོས་ཀྱི་སྐུ་དེ་མཁྱེན་པ་མཐར་ཐུག་པ་ཆགས་ཀྱི་ཡོད། ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པའི་སྒྲིབ་པ་དང་བྲལ་ཞེས་པ་ནི། སྒྲིབ་པའི་གཉེན་པོ་སྐྱེས་པའི་སྒོ་ནས་སྒྲིབ་པ་དང་བྲལ་དགོས་པ་ལས། རང་དགར་སྒྲིབ་པ་དག་འགྲོ་བ་ཞིག་ཡོང་གི་མེད།

                ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པའི་སྒྲིབ་པ་སྤོང་བྱེད་ཀྱི་གཉེན་པོ་དེ་ཤེས་རབ་རྐྱང་པས་མི་ཆོག་པར། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་འཕགས་པ་ཐམས་ཅད་ལ་ཡོད། ཉོན་སྒྲིབ་སྤོང་བ་ལའང་སྟོང་ཉིད་རྟོགས་པའི་ཤེས་རབ་དགོས་ཤིང༌། དེས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་དང་འདྲ་མཚུངས་ལ། ཤེས་བྱའི་སྒྲིབ་པའི་གཉེན་པོར་འགྱུར་ཐུབ་པ་དེ་གང་གིས་བྱུང་བ་རེད་དམ་ཞེ་ན། ཐབས་ཀྱི་ཆ་ནས་ཡོང་གི་ཡོད་ཅིང༌། ཐབས་ཀྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་པ་དེ་རེད། ཕྱོགས་གཅིག་ནས་མཁྱེན་པའི་ཡེ་ཤེས་མཐར་ཐུག་པ་ཞིག་ཡོང་བ་ལ་བརྩེ་བའི་གྲོགས་དང་བཅས་པའི་སྒོ་ནས་ཡོང་དགོས་པ་དེ་ཧ་ཅང་གསལ་པོ་རེད། མདོར་ན་མགོན་པོ་ཀླུ་སྒྲུབ་ཀྱིས།

གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །

                ཞེས་གསུངས་པ་དེ་ཐུགས་རྗེ་ཆེན་པོའི་དབང་དུ་གྱུར་པའི་སྒོ་ནས་སམ། ཐུགས་རྗེ་ཆེན་པོ་འབའ་ཞིག་གི་དབང་ལས་གདུལ་བྱའི་སྡུག་བསྔལ་མི་འདོད་ཅིང༌། བདེ་བ་འདོད་པའི་གདུལ་བྱའི་རྒྱུད་ཀྱི་སྡུག་བསྔལ་གྱི་རྩ་བ་དྲུངས་ནས་འབྱིན་པའི་སླད་དུ་ཕྱིན་ཅི་ལོག་གི་ལྟ་བ་སེལ་བའི་ཆེད་དུ། ཕྱིན་ཅི་མ་ལོག་པའི་ལྟ་བ་སྐྱེ་དགོས་པས་ན། ཕྱིན་ཅི་མ་ལོག་པའི་ལྟ་བའི་ཚུལ་འདོམས་པར་མཛད་པའི་གསུང་རྗེས་བསྟན་གྱི་ཆོ་འཕྲུལ་མཛད་མཁན་གྱི་སྟོན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།།

                དེ་ལྟ་བུའི་མཁྱེན་པ་བླ་ན་མེད་པ་ཡོང་བ་དང༌། བརྩེ་བ་བླ་ན་མེད་པ་དེའི་སྟེང་ནས་ཡོང་གི་ཡོད་ཅིང༌། ལམ་དུས་ཀྱི་གནས་སྐབས་ལ་མཁྱེན་བརྩེ་གཉིས་པོ་ཟུང་དུ་འབྲེལ་ནས་ཐབས་ཀྱི་མཆོག་སྙིང་རྗེ་གཙོ་བོར་གྱུར་པའི་བཟང་པོའི་ཡོན་ཏན་དེ་དག་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་པའི་རྣམ་དཔྱོད་ཀྱི་ཡོན་ཏན་གཉིས་པོ་ཟུང་དུ་འབྲེལ་བའི་ཐོག་ནས་མཁྱེན་པ་བླ་ན་མེད་པ་དེ་མངོན་དུ་མཛད་པ་རེད།

                བཅོམ་ལྡན་འདས་རང་ཉིད་ཐོག་མ་ཉིད་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཆགས་པ་མིན་པར། མདོ་ཡི་ལུང་དུ་སངས་རྒྱས་བཅོམ་ལྡན་འདས་གནམ་ནས་བབས་པ་ཡང་མ་རེད། ས་ནས་འཁྲུངས་པ་ཡང་མ་རེད། སངས་རྒྱས་བཅོམ་ལྡན་འདས་ང་རང་ཚོ་དང་མཚུངས་པར་སྐྱོན་ཅན་གྱི་གང་ཟག་ཅིག་ག་ལེར་ཕྱིན་ཅི་མ་ལོག་པའི་བློ་གསར་པ་སྐྱེས་ཤིང༌། ཕྱིན་ཅི་ལོག་གི་བློ་དེ་དག་རིམ་བཞིན་སེལ་ཏེ་འདི་ལྟར་བྱས་ཏེ་སངས་རྒྱས་པ་རེད་ཅེས་གསུངས་པ་ལྟར་རེད།

                སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱང༌། སློབ་པ་ལམ་གྱི་གནས་སྐབས་སྔོན་དུ་འགྲོ་བའི་ཐོག་ནས། སྐུ་བཞིའི་བདག་ཉིད་ལ་མངོན་པར་རྫོགས་པའི་སངས་རྒྱས་པ་ཞིག་རེད། དེས་ན་ཚིགས་སུ་བཅད་པ་འདི་ཉིད་བཏོན་ནས་སྟོན་པའི་བཀའ་དྲིན་དྲན་སྐབས། སྟོན་པ་རང་ཉིད་མཁྱེན་པ་དང་བརྩེ་བའི་བདག་ཉིད་དམ་མཁྱེན་བརྩེའི་གོང་བུ་ལྟ་བུ་ཆགས་ཀྱི་ཡོད། དེ་ལྟ་བུའི་མཁྱེན་བརྩེའི་བདག་ཉིད་ཀྱི་སྐྱེས་བུ་དམ་པ་དེ་འདྲ་ཞིག་ཡོང་བ་དེ་ཡང༌། བསྐལ་པ་དཔག་ཏུ་མེད་པའི་རིང་མཁྱེན་པ་དང་བརྩེ་བའི་ཡོན་ཏན་མ་སྐྱེས་པ་སྐྱེས། སྐྱེས་པ་གོང་ནས་གོང་དུ་འཕེལ་བའི་འབད་བརྩོན་རིམ་པར་གནང་སྟེ་བྱུང་བ་ཞིག་ཡིན་པ་དེ་ང་ཚོའི་བློར་ཤར་བའི་ཐོག་ནས། སྟོན་པ་བཀའ་དྲིན་ཅན་དེས་མངོན་པར་རྫོགས་པའི་སངས་རྒྱས་ནས། ང་རང་ཚོར་བླང་དོར་གྱི་གནད་སྟོན་སྐབས་ཀྱང་སྙིང་རྗེ་རྩ་བར་གྱུར་པའི་འཚེ་བ་མེད་པའི་ལམ་འདི་དང༌། ལྟ་བ་རྟེན་འབྱུང་གི་ལྟ་བ་འདི་ལ་བརྟེན་ནས་ཡོང་གི་ཡོད། ང་རང་ཚོས་འདི་ཚུལ་བཞིན་དུ་བསམ་བློ་བཏང༌། ངེས་པ་རྙེད་པ་ཞིག་བྱས་ཏེ་ཉམས་ལེན་བྱ་རྒྱུ་དེ་རེད།

                སྟོན་པ་ཐུབ་པའི་དབང་པོར་བསྟོད་པའི་གཞུང་འདིའི་བརྗོད་བྱ་རྩ་བ་རྟེན་འབྱུང་ཞེས་པ་དེ་ཡིན་ཞིང༌། རྟེན་འབྱུང་ཞེས་པ་གོང་ཞུས་ལྟར།

རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །

གཟིགས་ཤིང་འདོམས་པ་དེ་ལ་འདུད། །

                ཅེས་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་རང་གིས་ཇི་བཞིན་དུ་གཟིགས་ཤིང༌། དེའི་དོན་གཞན་ལ་ཚུལ་བཞིན་དུ་འདོམས་པར་མཛད་པ་ཞེས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་གང་འདྲ་ཞིག་རེད་དམ་ཞེ་ན། སྤྱིར་འཕྲད་ལྟོས་རྟེན་གསུམ་རྣམ་གྲངས་པར་གསུངས་ལ། རྟེན་འབྲེལ་ཞེས་པ་ལེགས་སྦྱར་སྐད་དུ་པྲཏིའ་ཏ྄་ས་མུདྤཱཿཞེས་པའི་ཚིག་དེ་འཕྲི་བསྣན་བྱས་ཏེ། ཚིག་ལེགས་སྦྱར་སྐད་དེ་མང་པོར་འགྱུར་བ་ཞིག་འདུག་ཅིང༌། ཚིག་རྩ་བ་གཅིག་ལ། དེར་ཚིག་གྲོགས་བསྣན་པའི་ཐོག་ནས་དོན་འདྲ་མིན་དུ་མར་འགྱུར་འགྲོ་བ་ཡོང་གི་འདུག

                མདོར་ན་རྟེན་འབྲེལ་ཞེས་པའི་དོན་དེ་ཧ་ཅང་རྒྱ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དཔྱིས་ཕྱིན་པ་ང་རང་གིས་ཀྱང་ཤེས་ཀྱི་མེད། མདོ་དོན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ། གོང་ཞུས་ལྟར་མི་རྟག་ཅིང་མི་བརྟན་པའི་རང་བཞིན་ཅན་གྱི་འགྱུར་བ་འགྲོ་བའི་ཆོས་དེ་དག་ཚང་མ་རྒྱུ་མེད་པ་ལས་བྱུང་བ་མ་རེད།

                དཔེར་ན། རྒྱང་འཕེན་པ་ལྟ་བུས་རྒྱུ་མེད་པ་ལས་གློ་བུར་དུ་བྱུང་བ་རེད་ཅེས་བརྗོད་པ་དེ་འདྲ་ཡང་མ་རེད། ཡང་གྲངས་ཅན་པས་ལྟ་བུ་སྤྱི་གཙོ་བོ་ཞེས་དོན་དམ་བདེན་པ། རྟག་པ་དེ་འདྲ་ཞིག་བཤད་ཅིང༌། དེ་སྤྱི་གཙོ་བོའི་རྣམ་འགྱུར་ལྟ་བུའི་ཐོག་ནས་བྱུང་བ་ཞིག་བཤད་པ་ཡིན་ན། རྟག་པའི་རྒྱུ་ལས་ཡོང་གི་ཡོད་པ་རེད། དེ་བཞིན་དབང་ཕྱུག་འགྲོ་བའི་རྒྱུ་ལས་བཤད་པ་ཡིན་ན། དབང་ཕྱུག་རྟག་པ་ཡིན་སྟབས། དེ་ཡང་རྟག་པའི་རྒྱུ་ལས་ཡོང་གི་ཡོད། འོན་ཀྱང་གཅིག་དེ་ཀུན་སློང་གཡོ་བ་དེ་འདྲ་ཨེ་ཡོད། བྱེད་པ་པོའི་དཀོན་མཆོག་ཅིག་བཤད་སྐབས་ཀུན་སློང་གི་གཡོ་བ་སྔོན་དུ་འགྲོ་བའི་ཐོག་ནས་བྱེད་པ་པོས་སྤྲུལ་པ་དེ་འདྲ་ཞིག་མ་རེད།

                དེ་འདྲའི་རྒྱུ་མེད་ལས་སྐྱེ་བར་འདོད་པ་དང༌། རྟག་པའི་རྒྱུ་ལས་སྐྱེ་བར་འདོད་པ་དང༌། སྐྱེད་བྱེད་བྱེད་པ་པོའི་རྒྱུ་ལས་སྐྱེས་པ་ལྟ་བུའི་འདོད་ཚུལ་དེ་འདོད་མཁན་ཞིག་ཡིན་ཕྱིན་ཆད། མཐར་གཏུགས་ན་རྒྱུ་དང་རྐྱེན་ཙམ་གྱིས་འགྱུར་བའི་སྟེང་ནས་སྐྱེས་པ་ཞིག་འདོད་ཀྱི་མེད། དེར་བརྟེན་རྟེན་འབྱུང་མི་འདོད་པ་རེད།

                སྤྱིར་མྱུ་གུའི་ས་བོན་ལས་མྱུ་གུ་སྐྱེས་པ་ཞིག་ང་རང་ཚོ་ཚང་མས་འདོད་ཀྱི་ཡོད་ཀྱང༌། དེ་ལྟའི་སྐད་ཆ་མིན་པར། རྒྱུ་ཡར་མཐར་གཏུགས་སྐབས་ཡང་ན་རྒྱུ་མེད་དང༌། ཡང་ན་རྟག་པའི་རྒྱུ། ཡང་ན་བྱེད་པ་པོ་ཞིག་གིས་བསྐྲུན་པ། དེ་འདྲའི་སྐད་ཆ་མིན་པར་རྒྱུ་མཐར་གཏུགས་ཀྱང་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་སྐྱེས་ཤིང༌། འཇིག་པའི་བདག་ཉིད་ཁོ་ནའི་དབང་དུ་འགྲོ་བ་ཞིག་སྟེ། ནང་པས་འདི་བཤད་ཀྱི་ཡོད་པས་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་རྒྱུ་རྐྱེན་ཙམ་གྱི་འགྱུར་བ་ལ་བརྟེན་ནས་རྣམ་འགྱུར་སྣ་ཚོགས་ཡོང་བ་ཞིག་དང༌། རྣམ་འགྱུར་དེ་དག་རང་འདྲའི་རྒྱུ་དང་རྐྱེན་བྱས་ཏེ་སྐྱེས་ཡོང་མཁན་བཅས་འདི་ལྟར་འགྲོ་བ་ཞིག་རེད། དེ་ཙམ་ཞིག་ལས་མགོ་ཞིག་བཞག་སྟེ་དེ་ནས་གསར་དུ་བྱུང་བ་བྱེ་བྲག་པ་དེ་འདྲ་ཡོང་གི་རེད། སྤྱི་ཡོངས་ཀྱི་རྒྱུན་ལྟ་བུར་བསམ་བློ་གཏོང་སྐབས་ཐོག་མ་མེད་པ་ཞིག་ཤེས་ཡོང་བས་ན། ནང་པའི་གཞུང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་བཤད་ཀྱི་ཡོད།

                རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་འབྱུང་ཞིང༌། འཕོ་འགྱུར་སྣ་ཚོགས་བྱེད་མཁན་ཞིག་ཡིན་སྟབས། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་སོ། །དེ་ནི་འདུས་བྱས་ཀྱི་རྟེན་འབྲེལ་དང༌། སེམས་ཙམ་པ་ལྟ་བུས་འདུས་བྱས་རྟེན་འབྲེལ་གསུངས་ཀྱི་ཡོད་ལ་བཞེད་ཀྱི་ཡོད་པ་རེད།

                རྟེན་འབྲེལ་གྱི་དོན་གཅིག་ནི། ཆ་ཤས་ལ་ལྟོས་པའམ་ཆ་ཤས་ལ་བརྟེན་ནས་འབྱུང་བ། དཔེར་ན། ཆ་ཅན་གྱི་དངོས་པོ་གང་ཞིག་ཡིན་ན་ཡང༌། རང་རང་གི་ཆ་ལ་བརྟེན་ནས་ཡོང་དགོས་པ་དེ་བཞིན་དུ། འདུས་བྱས་མ་བྱས་ཀྱི་ཆོས་གང་དང་གང་ཡིན་ན་ཡང༌། ཆ་ཤས་ལ་བརྟེན་ནས་ཆ་ཅན། ཆ་ཅན་དེ་ལ་བརྟེན་ནས་དེ་དང་དེའི་ཆ་ཤས་འཇོག་དགོས་པ་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད། དེ་འདྲའི་ལྟོས་ནས་གྲུབ་པའམ་བརྟེན་ནས་འབྱུང་བའི་རྟེན་འབྱུང་གི་གོ་བ་དེའི་ཐོག་ནས་བཤད་ན། འདུས་བྱས་མ་བྱས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་རེད་ཅེས་གསུངས་པ་ཞིག་དང༌།

                ཡང་རྟེན་འབྲེལ་གྱི་དོན་གཅིག་ནི། དེ་འདྲའི་ཆ་ལ་ལྟོས་པའི་རྟེན་འབྱུང་ཞེས་བརྗོད་པ་ཡིན་ན། འདུས་བྱས་མ་བྱས་ཀྱི་ཆོས་གང་ཞིག་ཡིན་ན་ཡང༌། ཆ་ལ་ལྟོས་པའི་རྟེན་འབྱུང་ཞེས་རྒྱུ་འབྲས་ཀྱི་རྟེན་འབྱུང་ཁས་བླངས་པའི་ཐོག་ལ། ད་དུང་སྣོན་མ་གཅིག་ནི་ཆ་ལ་བརྟེན་ནས་ལྟོས་པའི་རྟེན་འབྱུང་ཞེས་བརྗོད་སྐབས་འདུས་བྱས་མ་བྱས་ཐམས་ཅད་ལ་ཁྱབ་པ་ཞིག་གསུངས་པ་དེ་དབུ་མ་པ་ཚོས་བཞེད་ཀྱི་ཡོད་པ་རེད།

                དབུ་མ་པའི་ནང་ནས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེད་མཁན་ཞིག་དང༌། ཞལ་གྱིས་མི་བཞེད་མཁན་ཞིག་བཅས་གཉིས་ཆགས་ཀྱི་ཡོད་སྟབས། ཐ་སྙད་དུ་རང་མཚན་མི་བཞེད་མཁན་དེས་ཆོས་གང་དང་གང་ཡིན་ན་ཡང༌། ཐ་སྙད་འདོགས་ས་དེའི་ངོས་ནས་ཆོས་དེ་དང་དེ་རྩ་བ་ནས་གྲུབ་མེད་པ་ཞིག་སྟེ། གདགས་གཞིའི་ངོས་ནས་གྲུབ་མེད་པས་ན། འདོགས་བྱེད་རྟོག་པ་ལ་བརྟེན་ནས་གྲུབ་པའམ་རྟོག་པའི་དབང་གིས་འཇོག་པ་སྟེ། རྟོག་པའི་དབང་གིས་རྟོག་པ་ལ་བརྟེན་ནས་གྲུབ་པ་ཡིན་སྟབས་རྟོག་པ་ལ་ལྟོས་ནས་གྲུབ་པའམ་རྟོག་པ་ལ་བརྟེན་ནས་འབྱུང་བ་རེད་ཅེས་པ་དེས་རྟེན་འབྲེལ་ཕྲ་མོ་དེ་བཤད་ཡོང་གི་ཡོད། མིང་ཙམ་བཏགས་ཙམ་གྱི་རྟེན་འབྲེལ་ཕྲ་མོའི་སྟེང་ནས་བསམ་བློ་བཏང་ཡོང་གི་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་དེ་རྒྱ་ཆེ་ཆུང་དང༌། གཏིང་ཟབ་ཚད་མི་འདྲ་ཁག་གསུམ་ཡོང་གི་འདུག

                རྟེན་འབྲེལ་གྱི་མདོའི་ནང་དུ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ༌། །སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ༌། །ཞེས་གསུངས་སོ། ། དེས་ན་འདི་ལྟར་བཀྲལ་ཆོག་གི་མེད་དམ། སུས་འདུས་བྱས་རྟེན་འབྲེལ་གྱི་ཚུལ་མཐོང་བ་དེས། ལས་དང་འབྲས་བུའི་རྣམ་གཞག་སྤྱིར་འཕོ་འགྱུར་སྣ་ཚོགས་ཡོང་བ་དེ། རྒྱུ་དང་རྐྱེན་ཙམ་གྱི་དབང་གིས་ཡོང་གི་ཡོད་པ་དང༌། བྱེ་བྲག་ཏུ་ང་རང་ཚོར་བདེ་སྡུག་གི་ཚོར་བ་ཞིག་ཡོད་ཅིང༌། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡོད་པ་དེའི་སྟེང་ནས་ཚོར་བ་བདེ་སྡུག་གི་འབྲས་བུའི་ཆོས་ཡོང་བ་དེ། རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་དང༌། དེས་ན་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་ལས། བྱེད་པ་པོ་ཞིག་གིས་བཀོད་པ་མ་རེད། བྱེད་པ་པོ་ཞིག་གིས་བཀོད་པ་ཡིན་ན། བྱེད་པ་པོ་དེར་གསོལ་བ་བཏབ་ན་དེ་ཙམ་གྱིས་འགྲིགས་པ་ལྟ་བུ་ཞིག་གཅིག་བྱས་ན་རེད།

                དེར་བརྟེན་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བས་ན། རང་ཉིད་ཀྱི་སྡུག་བསྔལ་སེལ་རྒྱུ་དང༌། སྡུག་བསྔལ་འགོག་ཐབས་བྱ་རྒྱུ་དང༌། བདེ་བ་སྒྲུབ་ཐབས་བྱ་རྒྱུ་དེ། རང་ཉིད་ཀྱིས་རྒྱུ་དང་རྐྱེན་དེ་བསྒྲུབ་དགོས་པ་ཞིག་དང༌། རང་ཉིད་བདེ་བ་འདོད་པ་ཡིན་པས་ན། བདེ་བའི་རྒྱུ་ལྷུར་བླངས། བླང་བར་བྱ། སྡུག་བསྔལ་མི་འདོད་པས་ན། སྡུག་བསྔལ་གྱི་རྒྱུ་སྤོང་བར་བྱ། སྤངས་པ་དེ་འདྲ་ཡིན་པ་རེད།

                སུས་དེ་ལྟ་བུའི་རྒྱུ་འབྲས་རྟེན་འབྲེལ་གྱི་རྟེན་འབྱུང་མཐོང་བ་དེས། ལས་འབྲས་སྤང་བླང་འཇུག་ལྡོག་གི་ཆོས་དེ་ཤེས་ཡོང་གི་ཡོད། དེ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་གཟུགས་སྐུ་ལ་སྦྱར་ན། སངས་རྒྱས་ཀྱི་སའི་གཟུགས་སྐུ། མདོར་ན་ལས་དང་འབྲས་བུའི་ཚུལ་ཞེས་བརྗོད་སྐབས་སྣ་ཚོགས་པ་རེད། དེའི་སྡིག་པ་སྤངས། དགེ་བ་སྒྲུབ། བསོད་ནམས་བསགས་དེ་འདྲའི་བྱེད་ཐབས་ཀྱི་ཐོག་ནས། རྒྱུ་ཚོགས་འདིའི་སྟེང་ནས་འབྲས་བུ་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པ། གདུལ་བྱའི་ཁམས་དང་མོས་པ་དང་མཐུན་པ་སྣ་ཚོགས་པའི་བདག་ཉིད་ཅན། དུ་མའི་རང་བཞིན་གྱི་གཟུགས་སྐུ་ཤར་བ་དེ་འདྲར་སྦྱར་ཆོག་གི་མེད་དམ་བསམ་པ་དྲན་གྱི་འདུག དེ་ལྟ་བུའི་གཟུགས་སྐུ་དེ། དེ་བཞིན་གཤེགས་པ་ཞེས་བརྗོད་སྐབས་ཆོས་སྐུའི་དབྱིངས་སུ་ཤར་བ་ཡིན་སྟབས།  དེ་བཞིན་ཉིད་ཀྱི་ངང་ལས་ཤར་བའམ་དེ་བཞིན་ཉིད་ཀྱི་ངང་ལས་གཤེགས་པ་ཡིན་པས་ན། དེ་བཞིན་གཤེགས་པ་ཞེས་གོ་རྒྱུ་འདུག

                ཡང་རྟེན་འབྱུང་ཕྲ་མོའི་སྟེང་དུ་བསམ་བློ་བཏང་ན། སྣང་བ་རྟེན་འབྲེལ་ཞེས་བརྗོད་སྐབས། སྣང་ཕྱོགས་སམ་ཀུན་རྫོབ་རྣམ་ཅན་ལྟ་བུ་ཞིག་རེད། འོན་ཀྱང་དེའི་གོ་བ་དེ་ལྟོས་པ་ཡིན་སྟབས། གཞན་ལ་རག་ལས་པ་རེད། གཞན་ལ་རག་ལས་པ་ཡིན་པས་ན། གཞན་ལ་རག་མ་ལས་པའི་རང་བཞིན་ནམ་ངོ་བོས་སྟོང་པ་རེད་ཅེས་མདོར་ན་སྟོང་པའི་གོ་བ་དྲངས་པ་ཞིག་གོ།

                རྟེན་འབྱུང་ཕྲ་མོའི་སྟེང་ནས་རང་བཞིན་མེད་པ་དེ་ངེས་པ་འདྲེན་སྐབས། རྟེན་འབྱུང་ཕྲ་མོའི་གོ་བའི་སྟེང་ནས་དོན་དམ་བདེན་པ་སྟོང་པ་ཉིད་ཀྱི་ཆོས་མཐོང་བ་ཞིག་དང༌། དེ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ཞེས་བརྗོད་སྐབས། དེ་བཞིན་ཉིད་ཀྱི་ངང་དུ་ཚུར་གཤེགས་པ་མིན་པར་ཕར་གཤེགས་པ། དེ་བཞིན་ཉིད་ཀྱི་ངང་དུ་ཕར་གཤེགས་པ་ཞེས་པའི་ཆོས་ཀྱི་སྐུ་སྤྲོས་པ་ཉེར་ཞི་ཞེས་པ། སྤྲོས་པ་མཐའ་དག་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་གྱི་ཆོས་སྐུའི་དབྱིངས་སུ་གཤེགས་པས་ན་ཆོས་སྐུ་དེ་རེད། དེ་ལྟ་བུའི་རྟེན་འབྱུང་མཐོང་བས། དོན་དམ་བདེན་པའི་ཆོས་མཐོང༌། དོན་དམ་བདེན་པས་སྟོང་པ་ཉིད་མཐོང༌། དེ་ལ་བརྟེན་ནས་ཆོས་སྐུའི་དེ་བཞིན་གཤེགས་པ་མཐོང་གི་རེད་ཅེས་དེ་འདྲ་ཞིག་ལ་སྦྱར་ཆོག་གི་མེད་དམ།

                དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟེན་འབྱུང་ལས། གཙོ་བོ་ཐུན་མོང་མ་ཡིན་པའི་རྟེན་འབྱུང་ངམ་རྟེན་འབྱུང་ཕྲ་མོ་རང་དབང་གིས་འདོམས་པར་མཛད་པའི་སྟོན་པ་བཀའ་དྲིན་ཅན་དེར་འདུད་དོ་ཞེས་སོ།།

                སྤེལ་མར་བསྟོད་པའི་ཚིག་སྤེལ་བ་ལས་ཇི་སྐད་དུ།

སྲིད་གསུམ་མངའ་སྒྱུར་ཀུན་སློང་མའི། །

ཡང་བྲན་གྱུར་ཀྱང་ཐར་པའི་ལམ། །

སྟོན་པར་ཁས་འཆེས་ལྦུ་བ་ཡི། །

རྐང་པས་འཆའ་ལ་སུ་ཞིག་འགོམ། །

                ཞེས་རང་ཉིད་སྲིད་པ་གསུམ་ལ་མངའ་སྒྱུར་མཁན་གྱི་ཀུན་སློང་མའི་མ་རིག་པའི་གཞན་དབང་དུ་ཡོད་བཞིན་པ་ལ། བྲན་གྱི་ཡང་བྲན་དུ་གྱུར་ཀྱང་སྟོན་པར་ཁས་འཆེས་པ་ཞེས་པ་འདི། སྟོན་པ་འཕྲལ་སེལ་གྱི་དོན་སྟོན་པ་ཡོང་གི་ཡོད་པ་ལས། དེ་མིན་མཐར་ཐུག་གི་སྐྱབས་སྟོན་མཁན་གྱི་སྟོན་པ་ཆགས་ཐུབ་ཀྱི་མེད། དེ་ལྟ་བུའི་མ་རིག་པའི་བྲན་ཁོལ་དུ་གྱུར་པའམ། མ་རིག་པའི་བྲན་གྱི་ཡང་བྲན་དུ་གྱུར་པ་ཞིག་གིས་གཞན་ལ་མཐར་ཐུག་གི་སྐྱབས་གནས་སམ་ཐར་པར་བགྲོད་པའི་ལམ་སྟོན་ཐུབ་ཀྱི་མ་རེད་ཅེས་དང༌།

                དཔེར་ན། ཆུ་ཡི་ལྦུ་བ་ལ་རྐང་རྟེན་འཆའ་བ་ལྟར། དེ་ལྟ་བུར་སྐྱབས་བཅོལ་ན་འགྲིགས་ཀྱི་མ་རེད་ཅེས་དེའི་ལྡོག་ཕྱོགས་གསུངས་ནས། དེའི་ལན་དུ།

གང་ཞིག་གཟིགས་ཤིང་གསུངས་པ་ཡིས། །

མཁྱེན་དང་སྟོན་པ་བླ་ན་མེད། །

རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །

གཟིགས་ཤིང་འདོམས་པ་དེ་ལ་འདུད། །

                ཞེས་པ་ལྟར་ཚིགས་སུ་བཅད་པ་འདིར་ཡག་པོ་ཞིག་བསམ་བློ་བཏང་ན། འདིའི་ཐོག་ནས་སྟོན་པར་གཞན་དང་མི་འདྲ་བའི་ཡིད་ཆེས་དང༌། དད་པ་སླེབས་ཐུབ་པ་ཞིག་དང༌། སྐྱབས་གནས་བསླུ་བ་མེད་པར་མཐོང་ཐུབ་པ་ཞིག་རེད། དེ་ཡང་གཙོ་བོ་སངས་རྒྱས་པའི་ཆོས་ཞེས་པ་ནི་དྷརྨ་སྟེ་འཛིན་པའམ། སྐྱོབ་པ་ཞེས་བརྗོད་སྐབས་ཆོས་ཞེས་པ་འདིས་ཉོན་མོངས་པའི་འཇིགས་པ་ལས་སྐྱོབ་པ་དང༌། སྡུག་བསྔལ་ལས་སྐྱོབ་བྱེད་ཞིག་སྟེ། རང་དགར་སྡུག་བསྔལ་ལས་སྐྱོབ་ཞེས་པའི་སྐད་ཆ་ཞིག་མིན། སྡུག་བསྔལ་གྱི་རྒྱུ་དེ་ལས་ཐར་དགོས་ཤིང༌། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ལས་ཐར་སྐབས་སྐྱབས་པ་སྟེ། སྡུག་བསྔལ་གྱི་འཇིགས་པ་ལས་ཐར་བ་རེད། སངས་རྒྱས་པའི་ཆོས་ཞེས་བརྗོད་སྐབས་ཆོས་མྱང་འདས་ལ་བརྩི་དགོས་པ་རེད།

                འདོད་ཆགས་དང་བྲལ་བའི་ཆོས་ཞེས་པ་འདི། སྲིད་པ་འཁོར་བར་འཁོར་བའི་རྩ་བ་མ་རིག་པས་བྱས་ན་ཡང༌། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐུན་མོང་གི་ཐོག་ནས་གསུངས་སྐབས། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བདེ་སྨོན་ལས།

འདོད་སྲེད་ཞགས་པས་འཁོར་བའི་བཙོན་རྭར་བཅིངས། །

                ཞེས་པའི་འདོད་སྲེད་དེས་འཁོར་བར་བཅིངས་ཀྱི་ཡོད། ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་སྐབས་ཆོས་མྱང་འདས་ལ་བརྗོད་ཀྱི་ཡོད་ཅིང༌། ཆོས་མྱང་འདས་སམ་སངས་རྒྱས་པའི་ཆོས། འཇིགས་པ་ལས་སྐྱོབ་མཁན་གྱི་ཆོས་ཞེས་པ་དེ་མྱང་འདས་ཀྱི་ཆོས་དེར་བསམ་བློ་གཏོང་དགོས། མྱང་འདས་དེ་ཉེར་ཞིའི་དབྱིངས་སམ་ཆོས་ཉིད་སྟེང་ནས་བསམ་བློ་གཏོང་དགོས་པ་རེད། གློ་བུར་བའི་དྲི་མ་གང་གི་དབྱིངས་སུ་དག་གམ་ཞེ་ན། སེམས་ཀྱི་ཆོས་ཉིད་ཀྱི་སྟེང་དུ་དག་དགོས་ཤིང༌། སེམས་ཀྱི་ཆོས་ཉིད་ཅིག་ཡོད་པས་ན། གློ་བུར་རྣམ་དག་ཡོང་གི་ཡོད། རང་བཞིན་མྱང་འདས་ཡོད་པས་ན། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཞེས་པ་དེ་དག་ཡོང་གི་ཡོད།

                ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཚུལ་བཞིན་སྟོན་མཁན་གྱི་སྟོན་པ་དེ། དེ་ལྟ་བུའི་ཆོས་མྱང་འདས་སྒྲུབ་བྱེད་ཀྱི་ཐབས་སྟོན་མཁན་གྱི་ཚད་མའི་སྐྱེས་བུ་བསླུ་བ་མེད་པའི་སྐྱབས་གནས་ཆགས་ཀྱི་ཡོད།

                སྟོན་པ་བཀའ་དྲིན་ཅན་གྱིས་རྟེན་འབྱུང་གི་ཚུལ་གསུངས་དགོས་པའི་རྒྱུ་མཚན་གང༌། རྟེན་འབྱུང་དེ་གནད་འགག་ཆེན་པོ་ཆགས་དགོས་དོན་གང་ཞེ་ན། གཤམ་གྱི་ཚིགས་སུ་བཅད་པ་འདི་གསུངས་སོ།།

འཇིག་རྟེན་རྒུད་པ་ཇི་སྙེད་པ། །

དེ་ཡི་རྩ་བ་མ་རིག་སྟེ། །

གང་ཞིག་མཐོང་བས་དེ་ལྡོག་པ། །

རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །

                ཞེས་པའི་འཇིག་རྟེན་ནི། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་གཉིས་ཀར་འགྲོ་ཡི་ཡོད། བཅུད་ཀྱི་འཇིག་རྟེན་ནི་ང་རང་ཚོ་སེམས་ཅན་དེ་དག་གང་ལ་གནས་ཤིང་འཚོ་བའི་སྣོད་ཀྱི་འཇིག་རྟེན་དང༌། དེ་ལྟའི་བཅུད་ཀྱི་འཇིག་རྟེན་གྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སོགས་པ་དང༌། སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བ་འཁྲུག་པ་དང༌། ཁོར་ཡུག་གི་སྐྱོན། ས་གཞི་མྱ་ངམ་ཐང་ལྟ་བུས་ང་རང་ཚོར་སྡུག་བསྔལ་ཡོང་བའི་རྐྱེན་བྱེད་ཀྱི་ཡོད། མདོར་ན། སྣོད་བཅུད་ཀྱི་རྒུད་པ་བཀྲ་མི་ཤིས་པ་གང་དག་ཡོད་པ་དེའི་རྒྱུ་ཆགས་སྡང་གི་ལས་བསགས་ཤིང༌། ལས་དེ་དག་ཀུན་ནས་སློང་བྱེད་ཀྱི་ཆགས་སྡང་གི་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་མ་རིག་པ་རེད། གཅིག་ནས་གཉིས་སུ་བརྒྱུད་ནས་རྩ་བ་ཐུག་ས་དེ་མ་རིག་པར་ཐུག་ཡོད།

                སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་གནད་གསུངས་ཏེ་དེ་དག་ཞིབ་ཏུ་དཀྲལ་བའི་སྐབས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་གསུངས་ཡོད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་དང་པོ་དེ་མ་རིག་པ་རེད། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་རེད། དེའི་རྒྱུ་མཚན་ལ་བསམ་བློ་བཏང༌། དཔྱད་པ་བྱས་ཏེ་བདེ་བ་འདོད་པ་ཞིག་དང༌། སྡུག་བསྔལ་མི་འདོད་པའི་སྐད་ཆ་མིན་པར། དེ་དག་རང་གི་ངང་གིས་ཡོང་བ་ཞིག་རེད།

                དེ་ལྟ་ན་ཡང༌། ང་རང་ཚོའི་འདོད་པ་འདིའི་ཐོག་ནས་བཤད་ན། ནམ་དུ་ཡང་བདེ་བའི་རྒྱུ་བསྒྲུབ་དགོས་པ་ཞིག་དང༌། སྡུག་བསྔལ་གྱི་རྒྱུ་སྤོང་དགོས་པ་ཞིག་རེད། འོན་ཀྱང་དེ་ལྟར་མི་ཡོང་བ་དེ་རྨོངས་པའི་དབང་གིས་ཡོང་གི་ཡོད། ང་རང་ཚོས་མི་འདོད་བཞིན་དུ་མྱང་དགོས་པའི་སྡུག་བསྔལ་འཛད་མཐའ་མེད་པ་ཞིག་ཡོང་བའི་རྩ་བ་མ་རིག་པའི་དབང་གིས་རེད། གནས་ལུགས་ལ་མ་རིག་པའི་དབང་གིས་བྱུང་བའམ་མི་ཤེས་པའི་དབང་གིས་བྱུང་བ་རེད། དེ་ཡང༌། སྤེལ་མར་བསྟོད་པ་ལས།

འཁོར་འདས་བརྟན་གཡོའི་དངོས་པོ་ཀུན། །

རྒྱུ་མེད་པ་ལས་འགའ་མི་འབྱུང༌། །

འབྲས་གྱུར་ཟུག་རྔུས་བསུན་པ་བདག །

འགྲུབ་བྱེད་རྒྱུ་ནི་འགོག་པར་གཅེས། །

                ཞེས་འཁོར་བ་དང་མྱང་འདས་ཀྱི་ཕྱོགས་ཀྱིས་བསྡུས་པའི་བརྟན་པ་དང༌། གཡོ་བའི་བཀོད་པ་མཐའ་དག་རྒྱུ་དང་རྐྱེན་གྱི་དབང་གིས་བྱུང་བ་ཤ་སྟག་རེད་ཅེས་སོ། །དེས་ན་འབྲས་བུར་གྱུར་པའི་ཟུག་རྔུའམ་སྡུག་བསྔལ་གྱིས་བསུན་པ་ཞིག་ཡིན་ན། སྡུག་བསྔལ་འགྲུབ་བྱེད་ཀྱི་རྒྱུ་འགོག་པ་དེ་མཁས་པའི་བྱེད་སྟངས་རེད་ཅེས་གསུངས་སོ།།

                དེར་བརྟེན་མི་ཤེས་པ་ཞེས་པ་དེ་གང་འདྲ་ཞིག་རེད་དམ། མི་ཤེས་པ་ཙམ་དེ་ཡང་སྐྱོན་ཡིན་པས་མི་ཤེས་པ་སེལ་དགོས་པ་ཞིག་རེད། འོན་ཀྱང་མི་ཤེས་པ་ཙམ་ལ་ཆགས་སྡང་འདྲེན་པའི་ངེས་པ་ཆེར་མེད་ཅིང༌། ད་ལྟའི་མ་རིག་པའམ་མི་ཤེས་པ་ཞེས་པ་འདི་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་དམ་ཞེ་ན།

མ་རིག་མུན་རྩ་རྫུན་སོགས་བཞིན། །

                ཞེས་གསུངས་པ་ལྟར། མ་རིག་པ་ཞེས་པ་དེ་རིག་པའམ་ཤེས་པའི་བློའི་འགལ་ཟླ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཞིག་ལ་བརྗོད་ཀྱི་ཡོད། དེས་ན་མ་རིག་པ་ཞེས་པ་དེ་མི་ཤེས་པ་ཙམ་མ་ཡིན་པར། ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཞིག་ལ་བརྗོད་ཀྱི་ཡོད།

                འོ་ན་ཕྱིན་ཅི་ལོག་ཏུ་འཛིན་སྟངས་དེ་གང་འདྲ་ཞིག་རེད་དམ་ཞེ་ན། ཡུལ་གྱི་གནས་ལུགས་སམ་ཡུལ་གྱི་དེ་ཁོ་ན་ཉིད་ཀྱི་རྣམ་གཞག་འདོད་ཚུལ་ལ་ཕྲ་རགས་ཡོད་པས་ན། དེའི་ལྡོག་ཟླ་འཛིན་པའི་མ་རིག་པ་དེ་ལའང་ཕྲ་རགས་མང་པོ་ཞིག་ཡོང་གི་ཡོད། ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་བཞིན་མ་རིག་པ་དེ་གང་འདྲ་ཞིག་ལ་འཇོག་དགོས་སམ་ཞེ་ན། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་ལས།

སྲིད་པའི་ས་བོན་རྣམ་ཤེས་ཏེ། །

ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །

ཡུལ་ལ་བདག་མེད་མཐོང་ནས་ནི། །

སྲིད་པའི་ས་བོན་འགག་པར་འགྱུར། །

 

                ཞེས་སྲིད་པའི་ས་བོན་རྣམ་པར་ཤེས་པ་རེད་ཅེས་གསུངས་ཤིང༌། དེ་ཡང་རྣམ་པར་ཤེས་པ་སྤྱི་ཙམ་ལ་བརྗོད་ཀྱི་མེད། རྣམ་པར་ཤེས་པ་གང་འདྲ་ཞིག་རེད་དམ་ཞེ་ན། ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་མ་རིག་པ་ཞིག་ལ་བྱ་ཞིང༌། དེ་འདྲའི་མ་རིག་པ་དེ་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་པས་ན། ཕྱིན་ཅི་ལོག་གི་ལོག་འཛིན་དེ་བསལ་བ་ལ། ཡུལ་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་ཇི་ལྟར་ཡིན་པ་དེ་གཏན་ལ་ཕབ་སྟེ་དེ་ཉིད་ཤེས་པ་ཞིག་བྱུང་ན། དེ་ལས་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་དེ་ལྡོག་གི་རེད་ཅེས་གསུངས་སོ།།

                དེས་ན། སྲིད་པའི་ས་བོན་རྣམ་པར་ཤེས་པ་ཞེས་པ་འདི། མ་རིག་པའམ་མི་ཤེས་པ་དེ་ཡུལ་ལ་བདག་ཏུ་འཛིན་པ་ཞིག་ཡིན་སྟབས། ཡུལ་ལ་བདག་ཏུ་འཛིན་པའི་བློ་དེ་བསལ་བ་ལ། བློ་དེའི་འཛིན་སྟངས་ཀྱི་ཡུལ་བདག་ཏུ་གྲུབ་པ་མེད་པ་ཞིག་མཐོང་དགོས་ཤིང༌། བདག་ཏུ་གྲུབ་པ་མེད་པར་མཐོང་བ་དེ་བདག་ཏུ་གྲུབ་པ་མེད་པ་རེད་བསམ་པའི་སྨོན་ལམ་བརྒྱབ་པ་ལྟ་བུ་དང༌། རང་དགར་བདག་ཏུ་འཛིན་པ་ལྡོག་པ་ཙམ་གྱིས་བདག་འཛིན་ལྡོག་གི་མེད། བདག་ཏུ་མེད་པ་དེ་མཐོང་དགོས་ཞེས་གསུངས་སོ།།

ཡུལ་ལ་བདག་མེད་མཐོང་ནས་ནི། །

སྲིད་པའི་ས་བོན་འགག་པར་འགྱུར། །

                ཞེས་འོ་ན་ཡུལ་ལ་བདག་ཏུ་ཞེན་པ་དེ་གང་འདྲ་ཞིག་རེད་དམ་ཞེ་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོང་ཉིད་བདུན་ཅུ་པ་ལས།

རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས། །

ཡང་དག་ཉིད་དུ་རྟོག་པ་གང༌། །

དེ་ནི་སྟོན་པས་མ་རིག་གསུངས། །

དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །

                ཞེས་པ་ལྟར། རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་ཞིག་ཡིན་ན། རང་དབང་གིས་གྲུབ་ཀྱི་མེད་ཅིང༌། རྒྱུ་དང་རྐྱེན་ལས་འབྱུང་བ་དེ་བསམ་བློ་ཞིབ་ཚགས་པོའི་སྒོ་ནས་བཏང་ན། རྒྱུ་རྐྱེན་ལ་ལྟོས་པ་ཞིག་ཡིན་ན་དེ་བཅོས་སུ་ཡོད་པ་ཞིག་རེད། དེ་བཅོས་སུ་ཡོད་པ་ཞིག་ཡིན་ན། དེ་བཅོས་མེད་རང་བྱུང་རང་དབང་བ་ཡིན་པ་ཤེས་ཀྱི་མ་རེད།

                རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་རྣམས། དོན་དངོས་པོའི་གནས་ཚུལ་ལ་ལྟོས་པ་མེད་པར་རང་དབང་གིས་གྲུབ་པ་ཞིག་ཡོང་མི་ཤེས་པ་ཞིག་ལ། ལྟོས་མེད་རང་དབང་དུ་སྣང་ཞིང་སྣང་བ་ལྟར་ཞེན་པར་འཛིན་པའི་བློ་དེ་མ་རིག་པ་རེད།

དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །

                ཞེས་ཡང་ན་མ་རིག་པ་དེ་ཆོས་ཀྱི་བདག་འཛིན་ལ་བཞག་ན། ཕུང་སོགས་ཀྱི་ཆོས་བདག་ཏུ་འཛིན་པའི་བདེན་འཛིན་གྱི་མ་རིག་པ་དེ་ཆོས་ཀྱི་བདག་འཛིན་ལ་བཞག་ནས། དེའི་དབང་གིས་འཇིག་ལྟ་ཡོང་བ་དེ་དམིགས་པ་གང་ལ་བརྟེན་ནས་ངའོ་སྙམ་པ་སྐྱེས་སའི་ཡུལ་དེ་ཉིད་ལ་དམིགས་ནས་བདག་ཏུ་ཞེན་པའི་བདེན་ཞེན་འཇིག་ལྟ་སྐྱེས་ཡོང་གི་ཡོད་ཅེས་གསུངས་སོ།།

                མདོར་ན་ཆོས་རྣམས་རང་བཞིན་གྱིས་ཡོད་པར་འཛིན་པའམ། ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པར་ང་རང་ཚོར་སྣང་གི་ཡོད་ཅིང༌། སྣང་བ་ལྟར་དུ་ཞེན་པའི་བློ་དེ་མ་རིག་པ་རེད་ཅེས་གསུངས་ཀྱི་ཡོད།

                དེ་ལྟ་བུའི་བློ་དེ་ཕྱིན་ཅི་ལོག་ཡིན་པ་དེ་ཇི་ལྟར་ཤེས་དགོས་སམ་ཞེ་ན། གོང་ཞུས་ལྟར་ཡུལ་གྱི་གནས་ལུགས་ཇི་ལྟར་སྣང་བ་ལྟར་གྲུབ་ཡོད་མེད་བརྟག་དཔྱད་གནང་རྒྱུ་དེ་རེད། ཡང་བཞི་བརྒྱ་པ་ལས།

གང་ལ་བརྟེན་ནས་འབྱུང་ཡོད་པ། །

དེ་ནི་རང་དབང་མི་འགྱུར་རོ། །

འདི་ཀུན་རང་དབང་མེད་པ་སྟེ། །

དེས་ན་བདག་ནི་ཡོད་མ་ཡིན། །

                ཞེས་ཕྱི་དང་ནང་གི་ཆོས་གང་དང་གང་ཡིན་ན་ཡང༌། རང་ཉིད་གྲུབ་པ་དེ་རྐྱེན་གཞན་ལ་ལྟོས་ནས་གྲུབ་དགོས་པ་དང༌། རྐྱེན་གཞན་ཞིག་ལ་རག་ལས་པའི་སྒོ་ནས་འབྱུང་དགོས་པ་ཞིག་ཡིན་ན།

གང་ལ་བརྟེན་ནས་འབྱུང་ཡོད་པ། །

དེ་ནི་རང་དབང་མི་འགྱུར་རོ། །

                ཞེས་པ་དེ་གཞན་ལ་རག་ལས་པ་ཉིད་ཀྱིས་གཞན་ལ་ལྟོས་པ་མེད་པའི་རང་དབང་བ་ཞིག་དང༌། རང་དབང་གིས་གྲུབ་པ་ཞིག་ཆགས་མེད་ཅེས་དང༌། དེ་ལྟ་བུའི་རང་དབང་བ་དེར་བདག་ཞེས་མིང་བཏགས་ནས་དེ་འདྲའི་བདག་དེ་མེད་ཅེས་གསུངས་ཤིང༌། དེས་ན་བདག་དང༌། རྟག་པ་དང༌། བདེན་པ་དེ་དག་གི་དོན་ལེགས་སྦྱར་སྐད་དུ་འདྲ་མཚུངས་ལྟ་བུ་ཡོང་གི་ཡོད་ས་རེད། ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་ལས།

རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །

                ཞེས་རྣམ་པ་བདུན་གྱིས་བཙལ་སྐབས་ཕྱི་དང་ནང་གི་ཆོས་གང་ཞིག་ཡིན་ན་ཡང༌། རང་རང་གི་གདགས་གཞི་དེ་དང་གཅིག་ཏུ་ཡོད་དམ། བདག་ཉིད་ཐ་དད་དུ་ཡོད་དམ། དེ་ཚོགས་པ་ཙམ་རེད་དམ། དེ་འདྲའི་རྣམ་པ་བདུན་གྱི་སྒོ་ནས་བཙལ་བའི་སྐབས་རྙེད་རྒྱུ་རྩ་བ་ནས་མེད་པ་ཞིག་རེད། རྙེད་རྒྱུ་མེད་པ་དེ་འཚོལ་སའི་ཡུལ་དེའི་གསེབ་ནས་ཇི་ལྟར་ཡོད་པ་ཤེས་ཀྱི་རེད་དམ། བཙལ་ནས་མ་རྙེད་པ་རེད།  ཡོད་ན་བཙལ་ནས་རྙེད་དགོས་ཤིང༌། དེས་ན།

རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །

ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད། །

                རྣལ་འབྱོར་པས་ཞེས་བརྟག་དཔྱད་བཏང་སྟེ། རྩེ་གཅིག་པའི་བློས་དཔྱད་པའི་རྣལ་འབྱོར་བའམ། དེ་འདྲའི་ལྟ་བ་སྒོམ་མཁན་གྱི་མི་དེས་ཕར་བཙལ་བའི་སྐབས་དེ་ཉིད་ཡུལ་སྟེང་ནས་གྲུབ་པ་ཞིག་རྩ་བ་ནས་རྙེད་རྒྱུ་མེད་ཅིང༌། དེ་མེད་པས་ན་ཡུལ་སྟེང་ནས་གྲུབ་པ་མེད་པ་དེ་བསྟན་པ་རེད་ཅེས་དང༌།

                དེ་ལྟར་ཐ་སྙད་དུ་བྱ་བ་བྱེད་མཁན་གྱི་བུམ་པ་ལྟ་བུ་དེ་ཉིད་རང་གི་སྡོད་ལུགས་དེ་གང་འདྲ་ཡོད་མེད་དཔྱད་ཅིང༌། དཔྱད་ནས་མ་རྙེད་པ་དེ་རང་གི་རང་བཞིན་ནམ་གནས་ལུགས་རེད་ཅེས་བརྗོད་ཀྱི་ཡོད། ཐ་སྙད་དུ་དེའི་ངོ་བོ་གང་འདྲ་ཞིག་ཡིན་མིན་དཔྱད་ནས་མ་རྙེད་པ་དེ་མེད་པའི་སྐད་ཆ་མིན་ཞིང༌། ཡོད་ནི་ཡོད་པ་རེད། ཡོད་ལུགས་དེ་ཡང་ལྟོས་པའི་དབང་གིས་ཡོད་པའམ་རྐྱེན་ཚོགས་པའི་དབང་གིས་ཡོད་པ་ཞིག་ལས། དོན་སྟེང་ནས་མེད་པ་ཞིག་མཐོང་སྐབས། བརྟག་ཅིང་དཔྱད་སའི་ཆོས་དེའི་གནས་ལུགས་འདིས་ཤེས་ཡོང་གི་ཡོད། རང་གི་གནས་ལུགས་དེ་རང་ངོས་ནས་གྲུབ་པས་སྟོང་པ་ཞིག་ཡིན་པ་ལས། དགག་གཞི་གཞན་ཞིག་དང་དགག་བྱ་གཞན་ཞིག་གིས་སྟོང་པའམ། གཅིག་ཤོས་གཅིག་གིས་སྟོང་པ་མིན། རང་སྟོང་ཞེས་པ་དེ་རེད། རང་གིས་སྟོང་པ་དེ་གསུངས་ཀྱི་ཡོད་པ་རེད།

དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །

འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །

                ཞེས་གསུངས་པ་ལྟར། བརྟག་ཅིང་དཔྱད་ནས་མ་རྙེད་པ་དེ་མེད་པ་རེད་དམ་ཞེ་ན། མེད་པ་མ་རེད། ཡོད་པ་རེད། ཕན་ནུས་འབྲེལ་གྱི་ཡོད་ཅིང༌། ཡོད་ལུགས་གང་ཞིག་རེད་དམ་ཞེ་ན། མིང་གི་དབང་གིས་ཡོད་པ་དེ་འོས་མེད་ཀྱིས་གྲུབ་པ་རེད། མིང་གི་དབང་གིས་ཡོད་པ་མིན་པར་དོན་སྟེང་ནས་གྲུབ་པ་མེད་ཅེས་བརྗོད་སྐབས། དེ་ཁོ་ན་ཉིད་ལ་འགྱུར་འགྲོ་ཡི་འདུག མདོར་ན་ང་རང་ཚོས་དོན་སྟེང་ནས་གྲུབ་པར་འཛིན་པའི་བློ་དེ་ཕྱིན་ཅི་ལོག་གི་བློ་ཡིན་པ་དེ། བཏགས་དོན་བཙལ་ནས་དཔྱད་པ་བྱེད་སྐབས་རྙེད་པ་དེ་དང་རྩ་བ་ཐ་དད་དམ་གོ་ལྡོག་རེད། དེ་བཞིན་དབུ་མ་འཇུག་པ་ལས།

དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །

རྣམ་པ་བདུན་གྱིས་འགྲུབ་གྱུར་མིན་མོད་ཀྱི། །

རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །

རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །

                ཞེས་དེ་ཁོ་ན་ཉིད་ཀྱི་ངང་ལས་ཆོས་ཅན་འདི་རྩ་བ་ནས་འཇོག་ཐུབ་ཐབས་མེད་ཅིང༌། ཐ་སྙད་དུ་ཡང་ཆོས་ཅན་དེ་བཙལ་ནས་རྙེད་རྒྱུ་རྩ་བ་ནས་མེད། ཕན་གནོད་འདྲེས་པའི་ཆོས་ཅན་འདི་ཇི་ལྟར་འགྲུབ་དགོས་སམ་ཞེ་ན།

རྣམ་པ་བདུན་གྱིས་འགྲུབ་གྱུར་མིན་མོད་ཀྱི། །

རྣམ་དཔྱད་མེད་པར་

                ཞེས་སྣང་ཙམ་དེས་ཚིམ་ནས་རྣམ་དཔྱད་དེ། དཔྱད་པ་མི་བྱེད་པར་འཇིག་རྟེན་ཉིད་ལས་ཏེ་གྲགས་པའི་དབང་གིས་ཡོད་པ་རེད། འཇིག་རྟེན་གྲགས་པའི་དབང་གིས་རང་གི་ཡན་ལག་བརྟེན་ནས་བཏགས་པ་རེད། མདོར་ན་གདགས་གཞི་ལ་བརྟེན་ནས་བཏགས་པ་ཞིག་རེད། བཏགས་དོན་བཙལ་ན་གདགས་གཞིའི་གསེབ་ནས་ཆོས་ཅན་དེའི་མཚན་གཞི་རྩ་བ་ནས་མེད་ཅེས་གསུངས་ཀྱི་ཡོད།

                དེས་ན་ཐ་སྙད་དུའང་རང་མཚན་མེད་ཅེས་གསུངས་པ་རེད། ང་རང་ཚོར་སྣང་ཞིང་གང་ཞིག་སྣང་ན་ཡང༌། སྣང་བའི་ཆ་དེ་དག་དོན་སྟེང་ནས་ཡོད་པ་ཞིག་སྣང་ཡོང་གི་ཡོད། འདིའི་དགག་བྱ་སྣང་ཚུལ་དོན་སྟེང་ནས་གྲུབ་པ་ཞིག་སྣང་བ་དེ་དག་དགག་བྱ་སྣང་ཚུལ་ཆགས་ཡོད་པ་རེད། ང་རང་ཚོར་དོན་སྟེང་ནས་གྲུབ་པ་ཞིག་སྣང་བ་འདི་ཐ་སྙད་དུ་ཡོད་པའི་རྟེན་འབྱུང་ཕྲ་མོའི་སྟེང་གི་སྐད་ཆ་མིན་ཞིང༌། དེ་དགག་བྱ་སྣང་བ་རེད་ཅེས་གསུངས་ཀྱི་ཡོད་ས་རེད། འདི་འདྲའི་གསུངས་སྟངས་དེས་ཐ་སྙད་དུའང་རང་མཚན་མི་བཞེད་པ་རེད།

                སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུས་གང་ཟག་སྣང་ཙམ་དེས་མ་ཚིམ་པར། གང་ཟག་ཞེས་པ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་མེད་དཔྱད་པའི་སྐབས། མཚན་གཞིའི་ཡིད་ཀྱི་རྣམ་ཤེས་དེ་གང་ཟག་གི་མཚན་གཞིར་བཞག་གི་ཡོད། ཕུང་པོའི་གསེབ་ནས་གང་ཟག་ཅིག་བཞག་ཡོང་གི་ཡོད་པ་རེད།

                བུམ་པ་ཞེས་པ་ཞིག་བཙལ་སྐབས་ལྟོ་ལྡིར། ཞབས་ཞུམ། ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཞེས་བརྗོད་སྐབས། བུམ་པ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཞིག་ཡིན་ན་ཡང༌། དེའི་ནང་ནས་གཙོ་བོ་དབྱིབས་གཟུགས་དེ་དག་གི་ཐོག་ནས་བཞག་གི་ཡོད་ས་རེད། དེས་ན་བུམ་པའི་མཚན་གཞི་ཡུལ་སྟེང་ནས་བཞག་ཡོང་གི་འདུག་ཅིང༌། དེ་ལ་སོགས་པའི་དངོས་པོ་གང་ཞིག་ཡིན་ན་ཡང༌། ཐ་སྙད་བཏགས་སའི་ཡུལ་དེ་ཉིད་ཀྱི་གསེབ་ནས་དེའི་ཡིན་རྒྱུའི་ངོ་བོ་ཞིག་བཞག་ཡོང་སྐབས། ཐ་སྙད་དུ་རང་མཚན་བཞེད་ཀྱི་ཡོད་པ་རེད།

                དོན་དམ་གཏན་ལ་ཕབ་སྐབས། འདི་སྐབས་སུ་དོན་དམ་པའི་དབང་དུ་བྱས་ན་དགག་བྱའི་ཁྱད་པར་སྦྱར་དགོས་ཀྱི་ཡོད། ཁྱད་པར་ཞིག་ཐོན་ཡོང་གི་ཡོད། ཐ་སྙད་དུའང་རང་མཚན་ཞལ་གྱིས་བཞེད་མཁན་ཞིག་དང༌། ཞལ་གྱིས་མི་བཞེད་མཁན་གཅིག་བཅས་དབུ་མ་པ་གཉིས་ཡོང་བ་དེ་དག་གི་ཐོག་ནས་ཧ་ཅང་གསལ་པོ་ཆགས་ཡོང་གི་འདུག་ཅིང༌། བཞེད་མི་བཞེད་ཀྱི་ཁྱད་པར་ཆེན་པོ་བྱུང་བས་ན། མཐའ་བཞིའི་སྐྱེ་བ་བཀག་པའི་སྐབས་གཞན་སྐྱེ་ཐ་སྙད་དུ་འདོད་མི་འདོད་ཀྱི་ཁྱད་པར་བྱུང་བ་རེད།

                དེ་བཞིན་ཆོས་ཅན་མཐུན་སྣང་བ་ཡོད་མེད་ཀྱི་བཞེད་པ་མི་འདྲ་བ་གཉིས་ཡོང་གི་ཡོད། རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་བཞེད་པའི་རང་རྒྱུད་པ་ཞེས་པ་ཞིག་དང༌། རང་རྒྱུད་གྱི་གཏན་ཚིགས་ཞལ་གྱིས་མི་བཞེད་པའི་སྟེང་ནས་ཐལ་འགྱུར་བ་ཞེས་པའི་ཐ་སྙད་གཉིས་པོ་དེ་སླེབས་ཡོང་གི་ཡོད།

འཇིག་རྟེན་རྒུད་པ་ཇི་སྙེད་པ། །

དེ་ཡི་རྩ་བ་མ་རིག་སྟེ། །

                ཞེས་གསུངས་སྐབས་ཉོན་མོངས་ཀྱི་རྩ་བ་དུག་གསུམ་དང༌། དུག་གསུམ་གྱི་རྩ་བ་གཏི་མུག་མ་རིག་པ་ཞེས་པ་དེ་གསུངས་པ་རེད། གཏི་མུག་མ་རིག་པས་རྩ་བ་བྱེད་ལུགས་ཇི་འདྲ་རེད་དམ་ཞེ་ན། ཉོན་མོངས་གཞན་ཐམས་ཅད་མ་རིག་པ་དེ་ལ་བརྟེན་ནས་ཡོང་བ་ཞིག་དང༌། དེ་དང་འདྲེས་པ་ཞིག་སྟེ། དེ་ཡང་ཕལ་ཆེར་ཆགས་སྡང་རགས་པ་དེ་དག་མ་རིག་པའི་རྒྱུ་བྱས་ཏེ་ཡོང་བ་དང༌། ཆགས་སྡང་ཤིན་ཏུ་ཕྲ་མོ་དེ་དག་མ་རིག་པ་དང་མཚུངས་ལྡན་དུ་ཡོང་བ་དེ་འདྲ་ཡང་ཡོད། མདོ་དོན་ཡང་སྙིང༌། ཉོན་མོངས་ཕྲ་རགས་གང་ཞིག་ཡིན་ན་ཡང༌། དེ་ཐམས་ཅད་རྩ་བ་མ་རིག་པ་ལ་བརྟེན་པ་ཞིག་ཡིན་པས་ན། དབུ་མ་བཞི་བརྒྱ་པ་ལས།

ལུས་ལ་ལུས་དབང་ཇི་བཞིན་དུ། །

གཏི་མུག་ཀུན་ལ་གནས་གྱུར་ཏེ། །

དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌། །

གཏི་མུག་བཅོམ་པས་བཅོམ་པར་འགྱུར། །

                ཞེས་གསུངས་པ་དེ། མིག་གི་དབང་པོ་ལ་སོགས་པ་སྟེ། མིག་གི་དབང་པོས་རྣ་བའི་དབང་པོར་མ་ཁྱབ་ཅིང༌། རྟེན་སོ་སོར་ཡོད་པ་རེད། ལུས་ཀྱི་དབང་པོ་དེ་མིག་གི་དབང་པོར་ཡང་ཁྱབ་ཡོད་ལ།  རྣ་བའི་དབང་པོར་ཡང་ཁྱབ་ཡོད་ཅིང༌། དབང་པོ་མཐའ་དག་ལ་ཁྱབ་ཡོད་པ་རེད།

                དེ་བཞིན་ལུས་དབང་མིག་དབང་ལ་སོགས་པ་ཐམས་ཅད་ལ་ཁྱབ་ཡོད་པ་ལྟར། འདོད་ཆགས་ཀྱིས་ཞེ་སྡང་ལ་ཁྱབ་པ་ལྟ་བུ་དང༌། གཏི་མུག་ལ་ཁྱབ་པ་ཞིག་མ་རེད། གཏི་མུག་དེ་འདོད་ཆགས་ཞེ་སྡང་ཚང་མར་ཁྱབ་ཡོད། ཚང་མ་གང་ལ་བརྟེན་སའི་གཞི་མ་རིག་པ་དེའི་གཉེན་པོ་སྐྱེས་པ་ཡིན་ན། ཉོན་མོངས་གཞན་ཐམས་ཅད་ཀྱི་གཉེན་པོར་འགྲོ་ཡི་ཡོད། དབུ་མ་ཚིག་གསལ་གྱི་སྐབས་སུ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམས་པ་གསུངས་པ་འདི་འདོད་ཆགས་ཀྱི་གཉེན་པོར་འགྲོ་ཡི་ཡོད།

                འོན་ཀྱང་དེ་གཏི་མུག་གི་གཉེན་པོར་འགྲོ་ཡི་མེད། དེ་བཞིན་བྱམས་པ་བསྒོམས་པ་དེ་ཞེ་སྡང་གི་གཉེན་པོར་འགྲོ་ཡི་ཡོད་ཀྱང༌། འདོད་ཆགས་ཀྱི་གཉེན་པོར་འགྲོ་ཡི་མེད། གཉེན་པོ་སོ་སོ་བ་ཆགས་འགྲོ་ཡི་ཡོད་ཀྱང༌། གཏི་མུག་གི་གཉེན་པོར་གསུངས་པ་དེ་ཐམས་ཅད་ཀྱི་གཉེན་པོར་འགྲོ་ཡི་ཡོད། སྐབས་འདིར་གཏི་མུག་གི་གཉེན་པོར་གསུངས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་དེ་རེད། བདག་མེད་རྟོགས་པའི་ཤེས་རབ་དེ་སྤོང་བའི་གཉེན་པོ་ཞེས་པ་ཞིག་ཆགས་ཀྱི་ཡོད། རྩ་བ་ནས་སྤོང་མཁན་གྱི་བག་ལ་ཉལ་སྤོང་བར་བྱེད་མཁན་གྱི་གཉེན་པོ་ཆགས་ཀྱི་ཡོད་སྟབས། སྤོང་བའི་གཉེན་པོ་ཞེས་བརྗོད་པ་ཡིན།

                ཞེ་སྡང་གི་གཉེན་པོར་བྱམས་པ་སྒོམ་པ་ལྟ་བུ་དང༌། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་ཞེས་པ་དེ་དག་ལ་བསུན་འབྱིན་པའི་གཉེན་པོ་ཞེས་བྱ་སྟེ། གནས་སྐབས་དེར་ཆགས་སྡང་གི་བློ་ཅུང་ཙམ་ཤུགས་ཆུང་དུ་བཏང་བའམ། ཆགས་སྡང་གི་བློ་བསུན་འབྱིན་ནས་ཅུང་ཟད་ཤུགས་ཆུང་དུ་བཏང་བའི་གཉེན་པོ་དེ་ཙམ་བྱེད་ཀྱི་ཡོད་པས་ན། བསུན་འབྱིན་པའི་གཉེན་པོ་ཞེས་བྱའོ། །དེ་ལྟ་བུའི་གཏི་མུག་བདེན་འཛིན་མ་རིག་པ་དེ་གང་གིས་ལྡོག་གམ་ཞེ་ན།

གང་ཞིག་མཐོང་བས་དེ་ལྡོག་པ། །

རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །

                ཞེས་གསུངས་སོ། །མ་རིག་པའི་འཛིན་སྟངས་འགལ་བའམ། དངོས་སུ་གནོད་བྱ་གནོད་བྱེད་དུ་སོང་བའི་སྟོང་ཉིད་མཐོང་བའི་བློའམ། དགག་བྱ་བཀག་ཙམ་གྱིས་སྟོང་པ་ཉིད་མཐོང་བའི་བློ་དེས་བདེན་འཛིན་ལ་འཛིན་སྟངས་འགལ་བའི་སྒོ་ནས་ཏག་ཏག་གནོད་པ་ཞིག་རེད། སྟོང་པ་ཉིད་ཅེས་གསུངས་པ་ཡིན་ན། སྟོང་ཉིད་མཐོང་བའི་བློ་དེས་མ་རིག་པ་ལྡོག་པ་རེད། འོན་ཀྱང་སྟོང་པ་ཉིད་གསུངས་པ་ཡིན་ན། དབུ་སེམས་ཚང་མས་སྟོང་ཉིད་བསྒོམས་ཏེ་མ་རིག་པ་ལྡོག་དགོས་ཀྱི་རེད་ཅེས་ཚང་མས་གསུངས་ཀྱི་རེད། དེས་སྟོང་པ་ཉིད་ཀྱི་དོན་ཕྲ་ཞིང་ཕྲ་བ་ཕྱིན་ཅི་མ་ལོག་པར་ངེས་པ་ཞིག་དང༌། མཐའ་གཉིས་སེལ་བའི་ནུས་པ་ཡོད་པའི་སྟོང་པའི་གོ་བ་མཐར་ཐུག་པ་ཞིག་ཡོང་བ་ལ། རྟེན་འབྱུང་གི་གོ་བའི་སྟེང་ནས་སྟོང་པ་ཉིད་ཀྱི་ངེས་པ་འདྲེན་ཐུབ་པ་ཞིག་བྱུང་བ་ཡིན་ན། སྟོང་ཉིད་ཀྱི་གོ་བ་མཐར་ཐུག་དེ་ཡོང་གི་ཡོད་ས་རེད།

                དེ་འདྲའི་ཐོག་ནས་རྟེན་འབྲེལ་སྟོང་པ་ཉིད་དུ་མཐོང་བ་ཞིག་དང༌། རྟེན་འབྱུང་སྟོང་པ་ཉིད་དུ་མཐོང་བ། སྟོང་ཉིད་རྟེན་འབྱུང་ལ་ཤར་ཐུབ་པའི་སྟོང་པ་རྟེན་འབྱུང་ཟུང་འཇུག་གི་གོ་བ། སྟོང་དང་རྟེན་འབྱུང་གཉིས་པོ་དེ། སྟོང་པ་ལ་ངེས་པ་འདྲེན་སྐབས་རྟེན་འབྱུང་ལའང་ཚུར་གོ་བ་སླེབས་ཐུབ་མཁན་ཞིག་དང༌། རྟེན་འབྱུང་གི་ངེས་པ་དྲངས་སྐབས་སྟོང་པའི་གོ་བ་བདེ་བླག་ཏུ་དྲངས་ཐུབ་མཁན་ཞིག རྟེན་འབྱུང་ཕྲ་མོའི་དོན་སྟོང་པ་ཉིད་ངེས་ཐུབ་པ་ཞིག་བྱུང་ན་སྟོང་ཉིད་ཕྲ་མོ་ངེས་པ་རེད། བདེན་འཛིན་ཕྲ་མོ་ལ་གནོད་ཐུབ་པའི་སྟོང་ཉིད་ཀྱི་གནས་ལུགས་མཐར་ཐུག་དེ་གོ་ཐུབ་པ་རེད་ཅེས་གསུངས་ཀྱི་ཡོད་ས་རེད། དེ་འདྲའི་དོན་དུ་གསུངས་པ་མིན་ནམ་སྙམ།

དེ་ཚེ་བློ་དང་ལྡན་པ་ཡིས། །

རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །

ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །

ཇི་ལྟར་ཁོང་དུ་ཆུད་མི་འགྱུར། །

                ཞེས་རྒྱུ་མཚན་དེ་ལྟར་ཡིན་སྟབས། དེ་ཚེའམ་དེའི་ཕྱིར་ཞེས་བརྗོད་པ་ལྟ་བུ་ཡིན་ས་རེད། རྒྱུ་མཚན་འདི་ལྟར་ལ་བརྟེན་ནས། རྟོག་དཔྱོད་བྱས་ཏེ་རྒྱུ་མཚན་བསམ་བློ་བཏང་བའི་ཐོག་ནས་དངོས་གནས་སྟོན་པའི་ཁྱད་ཆོས་མཐོང་བའི་ཐོག་ནས། སྟོན་པའི་བསྟན་པ་ལ་ངེས་པ་རྙེད་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་འདི་རྩ་བར་ཐུག་ཡོད་ཅེས་གསུངས་སོ།།

                དེ་ཚེ་བློ་དང་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་མམ་གནད་འདི། ཁྱོད་ཀྱི་བསྟན་པའི་གནད་དམ་སྙིང་པོ་དམ་པ་ཉིད་དུ་ཇི་ལྟར་ཁོང་དུ་ཆུད་པར་མི་འགྱུར་ཏེ། བློ་དང་ལྡན་པ་ཞིག་ཡིན་ན། དེས་བསྟན་པའི་གནད་དམ་པར་མཐོང་བ་ཞིག་རེད་གསུངས་པའོ།།

དེ་ལྟ་ལགས་ན་མགོན་ཁྱོད་ལ། །

བསྟོད་པའི་སྒོར་ནི་སུ་ཞིག་གིས། །

བརྟེན་ནས་འབྱུང་བ་གསུངས་པ་ལས། །

ངོ་མཚར་གྱུར་པ་ཅི་ཞིག་རྙེད། །

                རྒྱུ་མཚན་དེ་ལྟ་བས་ན། མགོན་པོ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་བཀའ་དྲིན་ཅན་ཁྱོད་ལ། བསྟོད་པའི་སྒོ་སྐུའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་དང༌། གསུང་གི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ། བརྩེ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་ལྟ་བུ་མང་དུ་ཡོད་ཀྱང། དེ་ཐམས་ཅད་ཀྱི་ནང་ནས་གཞན་དང་མི་འདྲ་ཞིང༌། ཐུན་མོང་མ་ཡིན་པའི་བསྟོད་པའི་སྒོ་ནི། རྟེན་འབྱུང་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་དེའི་སྒོ་ནས་བསྟོད་ན། དེ་ལས་ངོ་མཚར་དུ་གྱུར་པ་ཅི་ཞིག་ཡོད་དེ་མེད་ཅེས་གསུངས་སོ། །རྟེན་འབྱུང་གི་དོན་དེར། སྟོང་པ་རྟེན་འབྱུང་དུ་གསུངས་པའི་དོན་གང་ཞིག་རེད་དམ་ཞེ་ན།

གང་གང་རྐྱེན་ལ་རག་ལས་པ། །

དེ་དེ་རང་བཞིན་གྱིས་སྟོང་ཞེས། །

གསུངས་པ་འདི་ལས་ཡ་མཚན་པའི། །

ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །

                ཅེས་སྟོན་པ་བཀའ་དྲིན་ཅན་གྱིས་ཐེག་པ་ཆེ་ཆུང་གི་མདོ་སྡེ་མང་པོའི་ནང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་གསུངས་པ་དང༌། བདག་མེད་པ་གསུངས་པ། དེ་ལས་གསལ་དུ་བཏང་སྟེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། འགག་པ་མེད་པ། གནས་པ་མེད་པ་ཞེས་གསུངས་པའི་གསུང་དེ་དག་ཚང་མ་རྩ་བ་དགོངས་པ་བཞེས་ས་ནི། ཆོས་དེ་དང་དེ་རྒྱུ་རྐྱེན་ཚོགས་པ་གཞན་གྱི་དབང་གིས་གྲུབ་པ་ཞིག་ཆགས་ཡོད་པ་རེད།

                རྒྱུ་མཚན་འདིའི་ཐོག་ནས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང༌། བདག་མེད་པ་ཞེས་གསུངས་པ་རེད། བདག་མེད་པ་ཞེས་གསུངས་པའི་དགོངས་པ་མཐར་ཐུག་འདི་རེད་ཅེས་གསུངས་ཏེ། མདོར་ན། ཕྱི་དང་ནང་གི་ཆོས་གང་དག་རང་རང་གྲུབ་པ་དེ་རང་ལས་གཞན་པའི་ཆོས་ཀྱི་རྒྱུ་དང་རྐྱེན་དག་ལ་རག་ལས་པའི་སྒོ་ནས་གྲུབ་དགོས་པ་ཞིག་ཡིན་ཕྱིན་ཆད་ལ། དེ་རང་དབང་གི་སྒོ་ནས་སམ། གཞན་ལ་ལྟོས་པ་མེད་པའི་སྒོ་ནས་གྲུབ་པ་ཞིག་མིན་པ་རེད། གཞན་ལ་ལྟོས་མེད་དུ་གྲུབ་རྒྱུ་མ་བྱུང་བར་གཞན་ལ་རག་ལས་པའི་སྒོ་ནས་གྲུབ་པ་རེད། གཞན་ལ་རག་ལས་པ་དེ་རྒྱུ་མཚན་དུ་བྱས་ནས། གཞན་ལ་རག་ལས་པའི་ཆོས་གང་དང་གང་ཡིན་པ་དེ་དང་དེ། རང་བཞིན་གྱིས་གྲུབ་པའམ་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཞེས་གསུངས་འདུག་ཅིང༌། ཡོད་མཐའ་སེལ་བ་སྟེ།

གང་གང་རྐྱེན་ལ་རག་ལས་པ། །

                ཞེས་བརྗོད་སྐབས། རག་ལས་མཁན་ཞིག་ཡོད་པ་རེད། རག་ལས་པའི་སྒོ་ནས་གྲུབ་པ་རེད། མེད་པ་མ་རེད། དེས་ན་མེད་མཐའ་སེལ་བ་དང༌། གཞན་ལ་རག་ལས་པའི་སྒོ་ནས་གྲུབ་པ་ཡིན་སྟབས། གཞན་ལ་རག་མ་ལས་པ་དེ་མིན་ཞེས་བརྗོད་སྐབས་རྟག་མཐའ་སེལ་བ་རེད། དེ་ཡང་མ་དྲོས་པ་ཞུས་པའི་མདོ་ལས།

གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །

                ཞེས་ཆོས་རྣམས་མ་སྐྱེས་པ་རེད་ཅེས་གསུངས་པ་དེ་རྐྱེན་ལས་སྐྱེས་པ་ཡིན་པས་ན། མ་སྐྱེས་པ་ཞེས་གསུངས་པ་ཡིན་ཞེས་དང༌། རི་བོང་རྭ་བཞིན་གཏན་ནས་མེད་པ་ཞིག་ཡིན་ན། རྐྱེན་ལས་སྐྱེས་པ་མ་རེད། དེར་བརྟེན་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས་ཞེས་དང༌། མ་སྐྱེས་ཞེས་པའི་དོན་ནི། རྩ་བ་ནས་སྐྱེ་བ་མེད་པའི་སྐད་ཆ་མིན་ལ།

དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །

                ཞེས་དེ་ལ་སྐྱེ་བའི་རང་བཞིན་ནམ་སྐྱེ་བ་ལྟོས་མེད་རང་ཚུགས་ཐུབ་པ་མེད་པའི་དོན་ཡིན་པས་ན་དེ་ལྟར་གསུངས་པ་རེད། དེས་ན་སྐྱེ་བ་བཏགས་དོན་བཙལ་ནས་རྙེད་རྒྱུ་ཡོད་ན། མཐའ་བཞི་གང་རུང་ནས་ཡོད་དགོས་པ་རེད། བདག་ལས་སྐྱེ་བ་དང༌། གཞན་ལས་སྐྱེ་བ། གཉིས་ཀ་ལས་སྐྱེ་བ། རྒྱུ་མེད་ལས་སྐྱེ་བ་བཅས་མཐའ་བཞིའི་སྐྱེ་བ་བཤད་ཀྱི་འདུག་ཅིང༌། བུདྡྷ་པཱ་ལི་ཏ་ལས།

བདག་ལས་མ་ཡིན་གཞན་ལས་མིན། །

                ཞེས་སོགས་བཀོད་ནས། དེའི་མཇུག་སྡོམ་དེར། དེ་ལྟར་ན་སྐྱེ་བ་ཞེས་པ་ཐ་སྙད་ཙམ་དུ་གྲུབ་པ་ཡིན་ནོ། །ཞེས་ཐ་སྙད་པའི་སྐྱེ་བ་ཙམ་བཤད་ཀྱི་ཡོད་པ་ལས། བདེན་པའི་སྐྱེ་བ་མེད་པ་ཞིག་རེད། དེས་ན་བདེན་པའི་སྐྱེ་བ་མེད་པ་ཡིན་སྟབས། བདེན་པའི་གནས་པའང་ཡོང་གི་མ་རེད།

                གཉིས་ནས་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས་ཞེས། དེ་ཉིད་ཆོས་གང་དང་གང་ཡིན་ན་ཡང་ངོ་བོ་དེ། གདགས་གཞི་གཅིག་ལ་བརྟེན་ནས་གྲུབ་པ་ཞིག་ཆགས་ཡོད། དེ་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་དཔྱད་པ་བྱས་ན། དེ་ཡང་རྙེད་རྒྱུ་མེད་པ་རེད། ཆོས་གང་དང་གང་ཡིན་ན་ཡང་དེས་རང་རང་གི་འབྲས་བུ་སྐྱེས་ཡོང་གི་ཡོད་ཅིང༌། འབྲས་བུ་སྐྱེས་ཞེས་པ་དེ་ཡང་ཡོད་པ་ཞིག་སྐྱེ་ཡི་ཡོད་དམ། མེད་པ་ཞིག་སྐྱེ་ཡི་ཡོད་དཔྱད་པ་བྱས་ན། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ཞེས་གསུངས་སྐབས།  མདོར་ན་ཇི་འདྲ་ཞིག་འཇོག་ཀྱང་རྩ་བ་ནས་བདེ་པོ་མེད་པ་ཞིག་ཡོང་གི་ཡོད། དཔྱད་ཅིང་བཏགས་དོན་བཙལ་ནས་བསམ་བློ་བཏང་ན། རྩ་བ་ནས་རྙེད་རྒྱུ་མེད་པ་ཞིག་རེད།

                ང་རང་ཚོས་དུས་གསུམ་ཞེས་དངོས་པོ་རང་དབང་བ་ཡོད་པ་ལྟ་བུ་ཞིག་བློར་ཤར་གྱི་འདུག་སྟེ། ཕར་དཔྱད་ན་འདས་པ་དེ་དྲན་པའི་ཡུལ་ཙམ་རེད། མ་འོངས་པ་དེ་འབྱུང་འགྱུར་ལ་བསམ་བློ་བཏང་བའི་སྟེང་ནས་ང་ཚོས་རྣམ་གཞག་མང་པོ་ཞིག་བཞག་ཡོང་གི་ཡོད། དེ་དག་གྲགས་པ་ཙམ་དང༌། མིང་ཙམ་དང༌། བརྡ་ཙམ་གྱི་སྟེང་ནས་བཞག་ན། འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྣམ་གཞག་ཧ་ཅང་མང་པོ་ཞིག་སྐྱོན་མེད་དུ་འཇོག་ཐུབ་ཀྱི་འདུག འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྣམ་གཞག་དེ་དང་དེ་དོན་སྟེང་ནས་མཛུབ་མོ་འཛུགས་ས་ཡོད་པ་ཞིག་དགོས་ཀྱི་ཡོད་ན། རྩ་བ་ཉིད་ནས་བཞག་ཐུབ་རྒྱུ་མེད་ཅིང༌། གནས་ཚུལ་གང་ཞིག་བསམ་བློ་བཏང་ནའང་སྐྱོན་ཅན་ཞིག་ཡོང་གི་ཡོད། མདོ་དོན་སྙིང་པོ་དེ་མདོར་བསྡུས་སྐབས།

གང་གང་རྐྱེན་ལ་རག་ལས་པ། །

དེ་དེ་རང་བཞིན་གྱིས་སྟོང་ཞེས། །

                ཞེས་གསུངས་སོ།།

 

དུག་གསུམ་སྤངས་ནས་རང་

སེམས་དུལ་དགོས་ཚུལ་སྐོར།

                               

                དེ་ཡང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས།

བདག་ཉིད་དང་ནི་འཇིག་རྟེན་འདིས། །

བླ་མེད་བྱང་ཆུབ་འཐོབ་འདོད་ན། །

དེ་ཡི་རྩ་བ་བྱང་ཆུབ་སེམས། །

རི་དབང་རྒྱལ་པོ་ལྟར་བརྟན་དང༌། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །

གཉིས་ལ་མི་བརྟེན་ཡེ་ཤེས་ལེགས། །

                ཞེས་ཇི་སྐད་གསུངས་པ་བཞིན་ང་རང་ཚོ་རང་གཞན་སུ་དང་སུ་ཞིག་ཡིན་ན་ཡང༌། གཏན་དུ་བདེ་བ་འདོད་མཁན་ཞིག་ཡིན་ན། སྡུག་བསྔལ་གྱི་རྒྱུ་བག་ཆགས་དང་བཅས་པ་གཏན་ནས་སྦྱངས་ཤིང་སྤངས་རྟོགས་མཐར་ཕྱིན་པ་དེ་སངས་རྒྱས་ཀྱི་གོ་འཕང་རེད། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་སྙིང་རྗེས་རྩ་བ་བྱས་ཤིང༌། བྱང་ཆུབ་ཀྱི་སེམས་རྒྱུ་བྱས། ཕྱིན་དྲུག་གི་ཉམས་ལེན་སྤྱི་དང༌། ལྷག་པར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྒོ་ནས་རྣམ་མཁྱེན་བསྒྲུབ་དགོས་པ་རེད། དེ་ལས་གཞན་དུ་རྣམ་མཁྱེན་སྒྲུབ་པའི་ཐབས་ཚུལ་གཉིས་པ་ཞིག་མེད་ཅེས་གསུངས་པ་རེད།

                ང་ཚོ་རང་གཞན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། བདེ་སྡུག་དེ་ཡང་གཙོ་བོ་ལུས་ལ་བརྟེན་པའི་བདེ་སྡུག་གཅིག་དང༌། གཙོ་བོ་སེམས་རང་གི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བདེ་སྡུག་ཡོང་བ་གཅིག་བཅས་གཉིས་ཡོད་པ་ལས། གཙོ་བོ་སེམས་ལ་བརྟེན་པའི་བདེ་སྡུག་དེ་ནུས་ཤུགས་ཆེ་བ་ཡོད། དེ་ཡིན་པ་དེ་ལུས་ཀྱིས་སྡུག་བསྔལ་ཞིག་ཡོད་ཀྱང༌། དེ་དག་སྐབས་རེར་སེམས་ཀྱི་བདེ་སྐྱིད་ཅིག་ཡོད་ན། སེམས་ཀྱི་བསམ་བློ་གཏོང་སྟངས་དེས་རྐྱེན་པས། ལུས་ཀྱི་སྡུག་བསྔལ་དེ་ཟིལ་གྱིས་གནོན་ཐུབ་ཀྱི་ཡོད། དེ་ལས་ལྡོག་སྟེ་སེམས་མ་སྐྱིད་པའི་སྡུག་བསྔལ་ཆེན་པོ་ཞིག་ཡོད་ན། ལུས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་གྱི་ཡོད་ཀྱང༌། དེའི་བདེ་བས་སེམས་ཀྱི་སྡུག་བསྔལ་དེ་ཟིལ་གྱིས་ནོན་ཐུབ་ཀྱི་མེད།

                དེ་བཞིན་འཛམ་གླིང་འདིའི་སྟེང་གི་ད་ལྟ་ང་རང་ཚོས་མཐོང་བའི་དམག་འཁྲུག་དང༌། དེ་བཞིན་མུ་གེ གཞན་ཡང་ནད་རིགས་འདྲ་མིན་གྱི་སྡུག་བསྔལ་ཛ་དྲག་ཡོད་པ་དེ་དག་མང་པོ་ཞིག་ང་རང་ཚོ་མིའི་བྱ་སྤྱོད་རྒྱུ་མཚན་ལྡན་པ་ཡག་པོ་མ་ཤེས་པར་འཕྲལ་སེལ་གྱི་ཁོང་ཁྲོ་དང༌། ང་རྒྱལ། འདོད་རྔམས། ཆགས་སྡང་ཕྱོགས་རིས་ཀྱི་རྐྱེན་པས་ལས་ཀ་མང་པོ་ཞིག་ཕྱོགས་གཅིག་ནས་འཐུས་ཤོར་དུ་ཕྱིན་པ་དང༌། ཕྱོགས་གཅིག་ནས་ཤེས་བཞིན་དུ་གཏོར་བཤིག་གཏོང་བ་སོགས། མདོར་ན་ང་རང་ཚོ་ད་ལྟའི་སྡུག་བསྔལ་མང་པོ་ཞིག་ཧ་ལམ་མིས་ཆེད་མངགས་བཟོས་པ་ལྟ་བུ་ཆགས་ཀྱི་ཡོད།

                དེས་ན་འདི་དག་ཡག་པོ་ཞིག་ཞིབ་དཔྱད་བྱས་ན་རྩ་བ་ཉོན་མོངས་ཞེས་མིང་གང་ཞིག་བཏགས་ཀྱང༌། སེམས་མ་དུལ་བའི་དབང་གིས་ཆགས་སྡང་ཕྱོགས་ལྷུང་གི་གཞན་དབང་དུ་སོང་ཏེ། ཆགས་སྡང་ཕྱོགས་ལྷུང་གི་དབང་གིས་རྙོག་དྲ་དེ་དག་བྱུང་བ་གསལ་པོ་རེད། སངས་རྒྱས་པའི་ཆོས་ནས་ཉོན་མོངས་ཞེས་ང་རང་ཚོའི་ཤེས་པའི་རིགས་ཤིག་ལ། ཤེས་པ་དེ་སྐྱེས་ཙམ་ཉིད་ནས་རང་རྒྱུད་ལྡན་གྱི་གང་ཟག་འཕྲལ་དུའང་སེམས་རབ་ཏུ་མ་ཞི་བ་བྱེད་ཅིང༌། སེམས་མ་སྐྱིད་པར་བཟོ་མཁན། རང་རྒྱུད་ལྡན་གྱི་གང་ཟག་ཉོན་རྨོངས་པར་བྱེད་མཁན། ཉོན་མོངས་པ་ཟེར་ན་ཉམ་ཆུང་ཞིང་སྡུག་བསྔལ་བ་དེ་འདྲ་ཞིག་ལ་བརྗོད་ཀྱི་ཡོད།

                དེར་བརྟེན་རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པར་བྱེད་མཁན། མ་འོངས་པར་དེ་འདྲའི་བློས་རྐྱེན་བྱས་ཏེ། ང་རང་ཚོའི་ལུས་ངག་གི་སྤྱོད་པ་དེ་དག་ཀྱང་མ་ཞི་བར་གྱུར་པ་དང༌། དེས་རྐྱེན་པས་རང་གཞན་ཕུང་བའི་གནས་ཚུལ་ཡོང་མཁན་དེ་འདྲ་ཞིག་ལ་ཉོན་མོངས་ཞེས་མིང་བཏགས་པ་རེད།

                མདོ་དོན་ཡང་སྙིང༌། ང་རང་ཚོ་དངོས་ཡོད་གནས་ཚུལ་ལ་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་བཀྲ་མི་ཤིས་པ་ཡོང་བ་དེ་དག་ཞིབ་ཚགས་པོའི་ཐོག་ནས་ཕྱིན་པ་ཡིན་ན། ཕྱིའི་བྱ་སྤྱོད་ཅིག་གི་ཐོག་ནས་ནོར་འཁྲུལ་དེ་བྱུང་བ་རེད། བྱེད་སྟངས་དེ་ཡོང་དགོས་པ་དེ་གང་ལ་ཐུག་པ་རེད་དམ་ཞེ་ན། རྩ་བ་བསམ་བློའི་གཏོང་ཕྱོགས་ཀྱི་སྟེང་དུ་སླེབས་ཡོང་གི་ཡོད། བསམ་བློའི་གཏོང་ཕྱོགས་ཀྱི་སྟེང་སུ་ཞིག་ཡིན་ན་ཡང༌། བདེ་སྐྱིད་དང་ཡག་པོ་འདོད་མཁན་ཤ་སྟག་རེད། འོན་ཀྱང་བཀྲ་མི་ཤིས་པ་ཡོང་བ་དེ་ཆགས་སྡང་གི་གཞན་དབང་དུ་འགྲོ་མཁན་ཞིག་ཡིན་པ་དེ་གསལ་པོ་རེད།

                དེ་འདྲའི་རང་ཉིད་མ་རུང་བར་བྱེད་མཁན་གྱི་ཤེས་པ་ཉོན་མོངས་ཞེས་མིང་བཏགས་པ་དེ་བཟོ་བཅོས་རྒྱབ་རྒྱུ་ཡོད་པ་ཞིག་ཡིན་ནམ་མིན་ཟེར་ན། བཟོ་བཅོས་རྒྱབ་རྒྱུ་ཏན་ཏན་ཡོད། དཔེར་ན། ང་རང་ཚོར་མི་ཤེས་པ་ཞིག་ཡོད་ཅིང༌། ང་རང་ཚོ་སྐྱེས་པའི་སྐབས་ནས་སློབ་སྦྱོང་བྱ་མི་དགོས་པར་གང་ཞིག་ཡིན་ན་ཡང་ཚང་མ་རང་ཆས་སུ་ཤེས་མཁན་ཞིག་སུ་ཡང་མེད། དེ་ལྟ་བུའི་མི་ཤེས་པའི་ཆ་དེ་བུ་ཕྲུག་ཆུང་ཆུང་འགྲོ་སའི་སློབ་གྲྭ་ནས་བཟུང༌། ག་ལེར་སློབ་སྦྱོང་བྱེད་ཀྱིན་དུ་གསར་དུ་ཤེས་པའི་ཤེས་པ་རེ་རེ་སླེབས་སྐབས། དེས་མི་ཤེས་པའི་ཆ་དེ་སེལ་གྱིན་ཇེ་ཉུང་དུ་ཕྱིན་ཏེ། དེ་ལྟར་བྱས་ཏེ་ང་རང་ཚོའི་མི་ཤེས་པའི་ཆ་དེ་དག་འབད་བརྩོན་གྱིས་སེལ་ཡོང་གི་འདུག་ཅིང༌། མཁས་པ་ཞེས་པ་དེ་ཡང་སྐྱེས་པའི་ཉིན་མོ་དེ་ནས་མཁས་པ་ཡོང་རྒྱུ་མེད། སྦྱངས་ནས་མི་ཤེས་པའི་ཆ་སེལ་གྱི་ཡོད་ཅིང༌།

                དེ་བཞིན་ང་རང་ཚོ་མི་ཚེ་གཅིག་གི་ནང་དུ། མིའི་རྐྱེན་གྱི་དབང་གིས་ཚེ་སྟོད་ཀྱི་མི་དེའི་གཤིས་ཀ་དེ། ཚེ་སྨད་ལ་སྐབས་རེར་གཤིས་ཀ་སྡུག་ཏུ་འགྲོ་བ་ཡོང་གི་རེད། སྐབས་རེར་ཡག་ཏུ་འགྲོ་བའང་ཡོད་པ་རེད། སྐྱེས་ཙམ་ཉིད་ནས་སོ་སོའི་གཤིས་ཀ་ཇི་ལྟར་ཡོད་པ་དེ་ནམ་ཡང་འགྱུར་དུ་མེད་པ་ཞིག་མིན་ཞིང་དེ་འགྱུར་གྱི་ཡོད།

                དེས་ན། སེམས་ལ་བཟོ་བཅོས་རྒྱབ་རྒྱུ་ཡོད་པ་ཞིག་ཡིན། བཟོ་བཅོས་རྒྱབ་རྒྱུ་དེ་ཇི་ལྟར་བྱས་ཏེ་རྒྱབ་དགོས་སམ་ཞེ་ན། དཔེར་ན། མི་ཤེས་པ་ཞེས་པ་དེ་ཕར་སེལ་བར་གྱུར་ཅིག་ཅེས་སྨོན་ལམ་རྒྱབ་པ་ལྟ་བུའི་ཐོག་མི་ཤེས་པ་དེ་སེལ་ཐུབ་རྒྱུ་མེད། དེ་བཞིན་གཤགས་བཅོས་བྱས་པ་དང༌། ཡང་ན་ལུས་ཀྱི་ངལ་གསོ་བརྒྱབ་སྟེ། ལུས་ཀྱི་སྟོབས་འཕེལ་བ་ཡིན་ན་མི་ཤེས་པའི་ཆ་སེལ་འགྲོ་རྒྱུ་ཡང་མེད། མི་ཤེས་པའི་ཆ་སེལ་རྒྱུ་དེ་ཤེས་པ་རང་གི་སྟེང་ནས་སློབ་སྦྱོང་བྱས་ཏེ། ཤེས་པའི་ཆ་དེ་ཇི་ཙམ་གྱིས་ཤུགས་ཆེ་རུ་ཕྱིན་པ་དེའི་ཚོད་ཀྱིས་མི་ཤེས་པའི་ཆ་དེ་སེལ་འགྲོ་ཡི་འདུག་ཅིང༌། དེ་ལྟར་ཡོང་བ་དེ་ཤེས་པ་དང་མི་ཤེས་པ་གཉིས་པོ་འགལ་བ་རེད། ཤེས་པའི་ཆ་འཕེལ་ཡོང་སྐབས། མི་ཤེས་པའི་ཆ་དེ་དག་རང་བཞིན་གྱིས་ཉུང་དུ་འགྲོ་བ་ཞིག་ཡོང་གི་ཡོད།

                དེ་བཞིན་ང་རང་ཚོའི་ཉིན་རེའི་འཚོ་བའི་ནང་མི་ཤེས་པའི་ཆ་ཡོད་ན་སྐྱོན་གང་ཞིག་ཡོད་དམ་ཞེ་ན། མི་ཤེས་པ་དེ་ཡོད་ན། ང་རང་ཚོས་བདེ་བ་བསྒྲུབ་རྒྱུ་དང༌། སྡུག་བསྔལ་སེལ་རྒྱུའི་ཐབས་ཤེས་ལ་ཡང་རྨོངས་ཤིང༌། འཕྲལ་སེལ་གྱི་བདེ་སྡུག་ཡོང་བ་ཙམ་མིན་པར་ཕུགས་རྒྱང་རིང་པོའི་བདེ་སྡུག་ཡོང་བ་ལ་ཤེས་བྱ་ཡོན་ཏན་གྱིས་བསམ་བློ་གཏོང་རྒྱུ་མེད་ན། རྨོངས་པའི་དབང་གིས་ང་ཚོར་སྡུག་བསྔལ་ཡོང་གི་ཡོད། ཤེས་བྱ་ཤེས་པ་ཙམ་དོན་དུ་གཉེར་བ་མིན་ཞིང༌། མི་ཚེ་འདི་སྡུག་བསྔལ་ཉུང་བ་ཞིག་ཡོང་བ་དང༌། བདེ་བ་ཡག་པོ་ཞིག་ཡོང་བའི་དོན་དུ་དེར་དཔག་པའི་བླང་དོར་གྱི་གནས་ཤེས་པའི་དོན་དུ་སློབ་སྦྱོང་བྱས་ཏེ། ཆོས་ཀྱི་སྐད་ཆ་མིན་པར་སྤྱིར་བཏང་མི་ཚེ་སྐྱེལ་བ་ལ། མི་ཚེ་སྐྱེལ་སྟངས་ཡག་པོ་ཞིག་ཡོང་བ་དང༌། འཇོན་ཐང་ཡོང་བའི་དོན་དུ་འགལ་ཟླ་དང༌། དེར་གནོད་པའི་མི་ཤེས་པའི་ཆ་དེ་དག་སེལ་ནས་འདི་ལྟར་འགྲོ་ཡི་ཡོད།

                ང་རང་ཚོ་ད་ལྟའི་འཛམ་གླིང་འདིའི་སྟེང་དུ་ཤེས་བྱ་ཡོན་ཏན་ཞེས་པ་དེ་ཚང་མས་གལ་འགངས་ཆེན་པོར་བརྩི་ཡི་ཡོད། གལ་ཆེན་པོར་བརྩི་བ་ལྟར་ཤེས་བྱ་ཡོན་ཏན་གྱི་ཐོག་ལ་རྒྱལ་ཁབ་སྤྱིའི་ཐོག་ནས་འགྲོ་སོང་ཆེན་པོ་ཞིག་བཏང་གི་ཡོད་ཅིང༌། འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། ཁྱིམ་ཚང་རང་ངོས་ནས་ཀྱང་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། དེ་འདྲའི་འབད་བརྩོན་བྱས་པའི་ཉེར་ལེན་ལ་བརྟེན་ནས། སྤྱི་ཡོངས་ནས་བཤད་པ་ཡིན་ན། ང་རང་ཚོའི་འཛམ་གླིང་འདིའི་སྟེང་དུ་ཤེས་ཡོན་གྱི་གནས་ཚད་དེ་སྔ་ཕན་ཆད་དང་རྩིས་ན་ཧ་ཅང་གི་ཡར་རྒྱས་སུ་ཕྱིན་ནས། ཁྱེད་རང་ཚོ་ཐེ་ཝན་ལ་ཆ་བཞག་ན། དཔལ་འབྱོར་གནས་སྟངས་ཀྱང་ཡག་ཐག་ཆོད་ཡོད། ཤེས་བྱ་ཡོན་ཏན་གྱི་གནས་ཚད་ཀྱང་ཡག་ཐག་ཆོད་ཡོད་པ་རེད།

                འོན་ཀྱང་ཤེས་བྱ་ཡོན་ཏན་ཡོད་པ་གཅིག་པུས་མིའི་སེམས་སྐྱིད་པ་ཞིག་ཡོང་གི་འདུག་གམ་མི་འདུག་ཅེས་བརྗོད་པ་ཡིན་ན། ཡང་ཐེ་ཚོམ་ཞིག་འདུག་ཅིང༌། མིའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཡོན་ཏན་ཆེན་པོ་ཡོད་པ་ཞིག་དང༌། བསམ་བློ་གཏོང་རྒྱུ་ཧ་ཅང་ཡོད་ན་ཡང༌། རྣམ་རྟོག་འདྲ་མིན་མང་པོས་ཧ་ཅང་མ་སྐྱིད་པ་ཡོད་པ་ཞིག་དང༌། ཤེས་བྱ་ཡོན་ཏན་ཆེན་པོ་ཡོད་པ་དང༌། ཕྱུག་པོ་ཡིན་པ་ཞིག་ལ་ཧ་ཅང་མ་སྐྱིད་པ་ཡོང་བ་ཞིག་ང་ཚོར་མཐོང་རྒྱུ་ཡོད། དེ་དག་གང་གིས་ལན་པ་རེད་དམ། གང་ཞིག་མ་ཚང་བ་རེད་དམ། འདི་ལྟར་བསམ་བློ་བཏང་བ་ཡིན་ན། ཏན་ཏན་ང་རང་ཚོར་ཤེས་བྱ་ཡོན་ཏན་དང༌། དཔལ་འབྱོར་ཡོད་པ་གཅིག་པུས་མི་ཆོག་པར། སེམས་དུལ་བ་ཞིག་དགོས་ཀྱི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། ཇི་ཙམ་གྱི་སེམས་དུལ་བ་ཡོད་པ་དེའི་ཚོད་ཀྱིས་མི་དེ་སྐྱིད་པ་ཡོད་པ་གསལ་པོ་རེད།

                དཔེར་ན། དཔལ་འབྱོར་ལོངས་སྤྱོད་ཀྱི་ཐོག་ནས་དབུལ་ཕོངས་སྐྱོ་པོ་ཆགས་ཏེ། ཤེས་བྱ་ཡོན་ཏན་གྱི་ཐོག་ནས་དེ་ཙམ་མེད་མཁན་ཞིག་དང༌། ཡང་ན་ཤེས་བྱ་ཡོན་ཏན་ཡོད་མཁན་གང་ཞིག་ཡིན་ན་ཡང༌། སེམས་དུལ་བ་ཞིག་ཡོད་ན་སྐྱིད་པ་ཡོད་པ་དེ་ཕལ་ཆེར་གསལ་པོ་རེད། ང་རང་ཚོ་འཛམ་གླིང་འདིའི་སྟེང་དུ་ཆོས་ཁས་བླངས་རུང་མ་བླངས་རུང་སེམས་དུལ་མ་དུལ་གྱི་ཆ་ནས། ང་རང་ཚོའི་མི་ཚེ་སྐྱིད་མ་སྐྱིད་ཡོང་གི་ཡོད་པ་དང༌། མི་ཚེ་སྐྱིད་མ་སྐྱིད་དེ་སེམས་དུུལ་མ་དུུལ་ལ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་དང༌། གནད་འགག་ཆེན་པོ་ཡོད་པ་ཞིག་ཉམས་ཞིབ་བྱས་ན་ཤེས་ཀྱི་ཡོད།

                ང་རང་ཚོས་མིང་ཚིག་གཞན་ཞིག་བརྗོད་པ་ཡིན་ན། ཡ་རབས་སྤྱོད་བཟང་ཞེས་པ་སྟེ། མི་ཡ་རབས་དང་ལྡན་པ། སྤྱོད་པ་བཟང་པོ་ཞིག་བྱུང་ན། མི་དེ་དབུལ་ཕྱུག་དང་ཤེས་ཡོན་ཅན་ཡིན་མིན་ལ་མ་ལྟོས་པར་རང་བཞིན་གྱིས་སྐྱིད་པ་ཡོང་བ་དང༌། མི་དེ་ཉིད་སྐྱིད་པ་བྱུང་ན་རང་ཉིད་གང་དུ་ཡོད་པའི་ཁྱིམ་ཚང་དེའི་ནང་དུའང་སྐྱིད་པ། གང་དུ་ཡོད་པའི་སྤྱི་ཚོགས་ཀྱི་དེའི་ནང་དུ་ཡང་གནོད་པ་མི་བྱེད་ཅིང༌། རྙོག་དྲ་མི་བཟོ་བ་ཞིག་ཕལ་ཆེར་ཡོང་བ་རེད།

                ང་རང་ཚོའི་འཛམ་གླིང་འདིའི་སྟེང་དུ་དངོས་སུ་ཉམས་མྱོང་བྱུང་བའི་ཐོག་ནས་ང་ཚོར་བསླབ་བྱ་གང་ཞིག་སླེབས་ཀྱི་འདུག་གམ་ཞེ་ན། ད་ལྟ་ང་ཚོས་དངོས་པོ་ཡར་རྒྱས་གཏོང་རྒྱུ་དང༌། དེ་དང་འབྲེལ་བའི་ཤེས་བྱ་ཡོན་ཏན་ཡར་རྒྱས་ཕྱིན་པ་ཙམ་གྱིས་ཆོག་ཤེས་བྱས་ན་མི་འགྲིགས་པ་དང༌། འདང་གི་མེད་པ་ཞིག་གསལ་པོ་རེད། ནང་གི་ཡ་རབས་སྤྱོད་བཟང་གི་ཐོག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས་པ་དང༌། དེའི་ཐོག་ལ་འབད་བརྩོན་བྱེད་དགོས་པ་ཞིག་ཆགས་ཀྱི་འདུག

                དེས་ན་སེམས་དུལ་བ་ཞེས་པ་དེ། ཉོན་མོངས་ཀྱི་རིགས་དེ་དག་གིས་སེམས་མ་དུལ་བར་བྱེད་ཀྱི་ཡོད། སེམས་མ་ཞི་བར་བྱེད་ཀྱི་ཡོད། ཉོན་མོངས་ལ་རིགས་མང་པོ་ཡོད་པའི་ནང་ནས་ཐད་ཀར་མི་བདེ་ཞིང༌། རང་གཞན་གཉིས་ཀར་མི་བདེ་བ་བཟོས་ཡོང་མཁན་དེ་ཁོང་ཁྲོ་རེད། ཁོང་ཁྲོའི་ལྡོག་ཟླ་བྱམས་པ་དང་སྙིང་རྗེའམ་གཞན་ཕན་གྱི་བསམ་པ་བཟང་པོ་བྱས་པ་དེ། སྤོང་བའི་གཉེན་པོ་ཆགས་ཀྱི་ཡོད་མེད་མི་ཤེས་ཀྱང༌། བསུན་འབྱིན་པའི་གཉེན་པོ་བྱེད་ཀྱི་ཡོད།

                མི་ལ་བྱམས་བརྩེའི་བློ་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་པའི་མི་དེ། གཞན་ལ་གནོད་འཚེའི་བསམ་བློ་ཉུང་བ་ཡོད། དེར་བརྟེན་ང་རང་ཚོས་ཆོས་ཁས་བླངས་རུང་མ་བླངས་རུང༌། ང་ཚོ་མིའི་སྤྱི་ཚོགས་དེ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བཟོ་རྒྱུ་དེ་ཧ་ཅང་གི་གནད་འགག་ཆེན་པོ་རེད། བྱམས་བརྩེ་ཞེས་པ་དེ། མིའི་ལྷན་སྐྱེས་ལ་ཧ་ཅང་གི་ཚོར་བ་ཤུགས་ཆེན་པོ་ཡོད་པ་ཞིག་དང༌། མི་ལ་བྱམས་བརྩེ་ཞེས་པ་དེ་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ དང༌། མི་ཙམ་མ་ཡིན་པར་དུད་འགྲོ་ཞིག་ཡིན་ན་ཡང༌། བྱམས་བརྩེ་ཞེས་པ་དེ་རྩ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ལ། དགོས་མཁོ་དང་འབྲེལ་བ་ཡང་ཆེན་པོ་ཞིག་ཆགས་ཡོང་གི་ཡོད།

                དཔེར་ན། ང་རང་ཚོ་མངལ་དུ་ཡོད་པའི་གནས་སྐབས་སུའང༌། བྱིས་པ་མ་བཙས་གོང་ནས་ཕལ་ཆེར་ཨ་མའི་སྐད་དེ་ངོ་ཤེས་ཀྱི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག  མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་ཤེས་ཀྱི་མེད་ཀྱང༌། གང་ལ་གང་འཚམས་ཟླ་བ་ཁ་ཤས་ཕྱིན་པའི་མཚམས་སུ་ཨ་མའི་སྐད་ཀྱི་དོན་མི་ཤེས་ཀྱང༌། སྐད་ངོ་ཤེས་པ་ཞིག་ཡོང་གི་འདུག དེ་གང་ལགས་ཤེ་ན། བསམ་བློའི་ནང་དུ་རང་ཉིད་གང་དུ་གནས་སའི་ལུས་པོ་དེར་ཧ་ཅང་བརྟེན་དགོས་ཤིང༌། དེ་ལ་བརྟེན་དགོས་ཀྱི་ཡོད་པས་ན་རང་བཞིན་གྱིས་དེར་སྙིང་ཉེ་བའི་བསམ་བློ་ཞིག་ཕལ་ཆེར་ཡོང་གི་ཡོད་ས་རེད།

                བྱིས་པ་བཙས་པའི་རྗེས་སུ་ཕྲུ་གུར་བསླབ་མི་དགོས་པར་མ་ཡི་ནུ་ཞོ་འཐུང་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། དེར་བརྟེན་ཕྲུ་གུའི་ངོས་ནས་མ་དེར་རང་ཉིད་འཚོ་བ་མ་དེར་བརྟེན་དགོས་ཀྱི་ཡོད་པ་དེ་རང་བཞིན་ལྷན་སྐྱེས་ཀྱི་བློར་ཤར་བ་ཞིག་དང༌། དངོས་ཡོད་གནས་ཚུལ་ལ་ཡང་བརྟེན་དགོས་ཀྱི་ཡོད། མའི་ངོས་ནས་ཀྱང་བརྩེ་བའི་བསམ་པ་ཞིག་གི་སྟེང་ནས་ནུ་ཞོ་སླེབས་ཡོང་གི་ཡོད་ལ། གལ་ཏེ་མ་བུ་གང་ཡང་རུང་བ་ཞིག་གི་ངོས་ནས་སྙིང་ཉེ་བའི་བསམ་བློ་དེ་མེད་ན། མ་ལ་ནུ་ཞོ་མི་ཡོང་ཞིང་ཕྲུ་གུས་ཀྱང་ནུ་ཞོ་འཐུང་གི་མ་རེད། དེ་མེད་ན་ཕྲུ་གུ་འཚོ་ཡི་མ་རེད།

                ང་ཚོ་མིའི་མི་ཚེ་འདི་ཇི་ལྟར་བྱས་ཏེ་འགོ་ཚུགས་ཀྱི་འདུག་གམ། སྙིང་ཉེ་བའི་བྱམས་བརྩེའི་འཚོ་བ་ཞིག་གི་སྟེང་ནས་ང་ཚོའི་མི་ཚེ་འདི་འགོ་ཚུགས་པ་རེད། དེང་སྐབས་ཨེམ་རྗེའི་ཚན་རིག་པ་དག་གིས་ཀྱང་འདི་ལྟར་བརྗོད་ཀྱི་འདུག ཕྲུ་གུ་མ་ཡི་མངལ་ནས་བཙས་ཏེ་བདུན་ཕྲག་ཁ་ཤས་ཀྱི་རིང༌། མ་ལ་སོགས་པའི་ལུས་ཀྱི་ཤ་དྲོད་ལ་སྦྱར་ནས་བསྟེན་རྒྱུ་དེ་ཕྲུ་གུའི་ཀླད་པ་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་ཆེ་ཤོས་དེ་རེད་ཞེས་བརྗོད་ཀྱི་འདུག་ལ། དེ་བདེན་པ་རེད་འདུག

                ཕྲུ་གུར་ཤའི་དྲོད་ཀྱིས་སྦྱར་མཁན་ཞིག་ཡོད་ན། ཕྲུ་གུའི་བསམ་བློའི་ནང་དུ་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་པའི་ཚོར་བ་དེ་ཡོང་གི་ཡོད། ཕྲུ་གུ་དེ་ཤའི་དྲོད་ལ་མ་སྦྱར་བར་ཟུར་དུ་བཞག་ན། བསམ་བློའི་ནང་དུ་སྐྱབས་མེད་མགོན་མེད་ཀྱི་འདུ་ཤེས་དང་ཚོར་བ་ཞིག་སླེབས་ཀྱི་ཡོད་ས་རེད། མདོར་ན་བརྩེ་བའི་བསམ་བློ་དེ་མི་ཚེ་ཐོག་མར་འགོ་ཚུགས་སྐབས་ནས་དང༌། ལུས་པོ་འདི་ཡར་རྒྱས་འགྲོ་བའི་དོན་དུ་ཆ་བཞག་ཀྱང༌། བྱམས་བརྩེའི་འཚོ་བ་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

                ང་རང་ཚོ་མིའི་ལུས་འདི་ཐོག་མ་དེ་འདྲ་ཞིག་གི་ངང་ནས་ཆགས་པ་ཡིན་སྟབས། མིའི་སེམས་ཀྱི་ནང་དུ་བྱམས་བརྩེའི་ཚོར་བ་ཤུགས་ཆེ་བ་ཡོད་པའི་མི་དེའི་ལུས་པོ་ཡང་བདེ་བ་ཡོང་གི་རེད། སེམས་ཀྱི་ནང་ང་རྒྱལ་དང༌། ཕྲག་དོག་དང༌། གནོད་འཚེའི་བསམ་པ་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་པའི་མི་དེའི་ལུས་པོ་དེ་ཡང་མི་བདེ་བ་ཡོད་པ་བརྒྱ་ཆ་བརྒྱ་ཐམ་པའི་ཁྱབ་པ་མེད་ཀྱང༌། སྤྱི་ཡོངས་ནས་བཤད་ན་འདི་འདྲ་ཞིག་བཤད་ཀྱི་འདུག་ལ་ཡིན་ས་རེད། རང་བཞིན་ང་རང་ཚོའི་མིའི་ལུས་རྟེན་འདིའི་ངོས་ནས་བཤད་ཀྱང༌།  བྱམས་བརྩེའི་འཚོ་བ་ཞེས་པ་དེ་གནད་འགག་ཆེན་པོ་ཡོད་པ་དང༌། དེ་དང་འབྲེལ་བའི་ང་རང་ཚོའི་མི་ཚེ་ཐོག་མ་ཆགས་པའི་གནས་སྐབས་སུའང་བྱམས་བརྩེའི་ཚོར་བའི་ནང་འཚར་ལོངས་བྱུང་བ་ཞིག་དང༌། དེ་འདྲའི་ལུས་ཀྱི་རང་བཞིན་ལྡན་པའི་སྤྱི་ཚོགས་འདིའི་ནང་བྱམས་བརྩེའི་ཚོར་བ་ཞེས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

                ང་རང་ཚོའི་ཆོས་ལུགས་ཚང་མའི་ནང་ནས་བྱམས་པ་དང་སྙིང་རྗེ་ཞེས་པ་དེ་བསླབ་བྱ་ཚང་མའི་ནང་ལ་སྐྱོན་གྱི་ཡོད་པ་རེད། དེའི་ནང་ཚན་ནས་སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་བྱམས་སྙིང་རྗེ་ཞེས་པ་དེ་ཧ་ཅང་གི་རྩ་ཆེན་པོ་དང༌། ཧ་ཅང་གི་གལ་ཆེན་པོ་ཞིག་གསུངས་ཀྱི་ཡོད། ང་རང་ཚོ་སངས་རྒྱས་ཀྱི་ཆོས་བྱེད་མཁན་ཚོས་རང་ཉིད་ཀྱིས་བྱམས་བརྩེའི་ཉམས་ལེན་ཡག་པོ་ཞིག་བྱས་ཏེ། མིའི་སྤྱི་ཚོགས་ནང་ཕན་ཐོགས་ཐུབ་པ་ཞིག་དང༌། མིའི་སྤྱི་ཚོགས་ནང་ཕར་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་བྱེད་དགོས། དེ་ནི་ང་ཚོས་ནང་ཆོས་སྤེལ་བའི་སྐད་ཆ་མ་རེད། རང་ཉིད་ཀྱི་ནང་ཆོས་ཉམས་ལེན་གྱི་ཐོག་ནས་སྤྱི་ཚོགས་ནང་ཕན་བདེ་བསྒྲུབ་ཐུབ་པ་དང༌། མིག་ལྟོས་བྱེད་ཐུབ་པ་ཞིག་བྱ་རྒྱུ་དེ་གནད་འགག་ཆེན་པོ་འདུག

                ང་རང་ཚོ་སངས་རྒྱས་པའི་ཆོས་པ་ཡིན་ཞེས་བརྗོད་དེ། མི་སེམས་པ་ནག་པོ། རླུང་ལངས་པོ་དེ་འདྲ་བྱེད་རྒྱུ་མེད། གང་ཐུབ་ཀྱིས་བྱམས་པ་དང་སྙིང་རྗེ་ཞེས་པ་འདི་རང་གི་སྲོག་བཞིན་རྩ་ཆེན་པོ་རེད་བསམ་པའི་ཐོག་ནས་ཉམས་ལེན་ཡག་པོ་བྱེད་དགོས་པ་རེད། བཅོམ་ལྡན་འདས་ཀྱི་སྐྱེ་རབས་ནང་དུ། དེ་ལྟ་བུའི་ཁོང་ཁྲོའི་གཞན་དབང་དུ་མི་གཏོང་བར་བཟོད་པའི་ཉམས་ལེན་གནང་བའི་ལོ་རྒྱུས་ཧ་ཅང་མང་པོ་ཡོད།

                དཔེར་ན། རྒྱལ་པོ་བྱམས་པའི་སྟོབས་ཞེས་པ་དེས་རྒྱལ་པོ་རང་ཉིད་ལ་གནོད་པ་བྱེད་མཁན་ཞིག་གིས་ཞབས་འབྲེག་པ་དང༌། ཕྱག་འབྲེལ་པའི་རྗེས་སུ་ཁྱེད་རང་ཁོང་ཁྲོ་ཟ་ཡི་འདུག་གམ་ཞེས་བརྗོད་སྐབས། ཁོང་ཁྲོ་ཟ་ཡི་མི་འདུག་ཅེས་གསུངས་པ་དང༌། རྗེས་སུ་ཕྱག་ཞབས་ཚང་མ་འབྲེག་ཀྱང་ད་དུང་ཁོང་ཁྲོའི་རྣམ་པ་རྩ་བ་ནས་མེད་པ་ལྟ་བུ་གནང་འདུག

                དེ་ཡང་སྔར་གྱི་ལོ་རྒྱུས་གཅིག་པུ་མིན་ཞིང༌། དཔེར་ན། བར་སྐབས་བོད་ནང་དཀའ་ངལ་ཧ་ཅང་འཕྲད་པ་དེ་འདྲ་བྱུང་བའི་སྐབས་སུ་དངོས་གནས་ཆོས་པ་ཉམས་ལེན་བྱེད་མཁན་དེ་འདྲ་མང་པོ་ཞིག་བཙོན་དུ་བསྡད་པའི་སྐབས་ལ་ཉམས་ལེན་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་མཁན་དེ་འདྲ་མང་པོ་ཞིག་ཡོང་གི་འདུག

                དེ་བཞིན་ངའི་ངོ་ཤེས་པའི་ཆོས་པ་ཞིག་ཡོད། ཁོང་བཙོན་ཁང་དང་ངལ་རྩོལ་རུ་ཁག་གི་ནང་དུ་ལོ་བཅོ་བརྒྱད་ཙམ་བསྡད་པ་རེད། དེའི་རིང་ཉེན་ཁ་ལྟ་བུ་ཐེངས་འགའ་ཞིག་བྱུང་ཞེས་བརྗོད་ཀྱི་འདུག ཉེན་ཁ་གང་ཞིག་བྱུང་ངམ་ཞེས་དྲིས་པར། སྙིང་རྗེ་ཉམས་པའི་ཉེན་ཁ་ཅུང་ཙམ་བྱུང་ཞེས་དེ་འདྲ་ཞིག་བཤད་སོང༌། སྙིང་རྗེ་ཉམས་པ་ཡིན་ན་དེ་ཉེན་ཁར་བརྩི་ཡི་འདུག་ཅིང༌། ཁོང་ཁྲོ་ལངས་ན་དཔལ་དང་རྒྱན་ལ་མི་གཏོང་བར། སྙིང་རྗེ་དེ་ཉམས་ལེན་བྱེད་དགོས་པར་ངོས་འཛིན་བྱས་ཏེ། སྙིང་རྗེའི་ཤུགས་ཉམས་པ་ཡོང་བའི་སྐབས་ལ་དེ་ཉེན་ཁར་བརྩི་མཁན་དེ་འདྲ་ཡོད་ཅིང༌། མི་དེས་དེ་ལྟར་བཤད་སོང་བས་ང་ཧ་ལས་བྱུང༌།

                དེ་བཞིན་ཨ་མདོའི་ཁུལ་ནས་དགེ་བཤེས་ཤིག་བཙོན་དུ་ཚུད་དེ། མཐའ་མ་སྲོག་ཐོག་གི་ཉེས་པ་བཏང་ཞིང༌། སྲོག་ཐོག་གི་ཉེས་པ་བཏང་ཁར། མེ་མདའ་རྒྱབ་ལ་ཉེ་བའི་སྐབས་དེར་ཁོང་གིས།

དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །

མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །

མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌། །

བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །

འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །

                ཞེས་པའི་བླ་མ་མཆོད་པའི་ཚིགས་བཅད་དེ་གསུངས་ནས། དེ་རྗེས་མེ་མདའ་བརྒྱབ་པ་རེད། ཁྱེད་ཚོས་ཚིགས་བཅད་དེ་ཤེས་ཀྱི་ཡོད་དམ། བོད་པ་ཚང་མ་དེ་འདྲ་མ་རེད།

                ཡང་ངས་ངོ་ཤེས་པའི་ཨ་མདོ་བ་ཞིག་ཡོད། ངེད་གཉིས་ཉིན་ཞིག་སྐད་ཆ་བྱུང་ཞིང༌། ཁྱོད་རྒྱ་མི་གུང་ཁྲན་ལ་ཚིག་པ་ཟ་ཡི་འདུག་གམ་ཞེས་དྲིས་པར། མི་དེས་ཚིག་པ་ཟ་ཡི་འདུག་ཅེས་ལན་མ་རྒྱབ་པའི་སྔོན་དུ་གདོང་དམར་པོ་ཆགས་ཤིང༌། མཁུར་ཚོས་ཀྱང་ཕིག་ཕིག་བྱེད་ཀྱི་འདུག་ལ། ཚིག་པ་ཧ་ཅང་ཟ་ཡི་འདུག་ཅེས་བརྗོད་ཀྱི་འདུག

                མིའི་བསམ་བློ་དེ་ཉམས་ལེན་ནམ་རང་ཉིད་ཀྱི་འབད་བརྩོན་དང་ཐབས་ཤེས་བྱས་ཏེ་ལམ་ཡང་དག་པ་ཞིག་དང༌། ཐབས་ཤེས་ཡང་དག་པ་ཞིག་གི་སྟེང་ནས་འགྲོ་ཐུབ་ན། མིའི་བསམ་བློར་སྒྱུར་བཅོས་ཆེན་པོ་ཐེབས་རྒྱུ་འདུག་ཅིང༌། དངོས་ཡོད་གནས་ཚུལ་ལ་ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་དེ། དེང་སྐབས་འཛམ་གླིང་འདིའི་སྟེང་དུ་ནང་པ་ཡིན་མིན་ལ་མ་ལྟོས་པའི་འཛམ་གླིང་འདིའི་སྟེང་ཡོངས་གྲགས་ལ་སངས་རྒྱས་བཅོམ་ལྡན་འདས་ཞེས་བརྗོད་ན། འཚེ་བ་མེད་པའི་མཚོན་རྟགས་ཞིག་དང༌། སྙིང་རྗེའི་རྟགས་མཚན་ཡིན་པ་ལྟ་བུ་ཞིག་འཛམ་གླིང་ཡོངས་གྲགས་ཆགས་ཡོད།

                དེ་མིན་དཔེར་ན། ཡེ་ཤུའི་སྟོན་པ་སོགས་སྟོན་པ་མང་པོ་ཞིག་དངོས་གནས་ཧ་ཅང་བཟོད་པའི་ཉམས་ལེན་གནང་བ་དང༌། རང་ཉིད་ཀྱིས་སྡུག་བསྔལ་མང་པོ་ཁྱད་དུ་བསད་པའི་ལོ་རྒྱུས་མང་པོ་ཡོད་ཀྱང༌། ཡོངས་གྲགས་སངས་རྒྱས་བཅོམ་ལྡན་འདས་ཞེས་བརྗོད་སྐབས་སྙིང་རྗེའི་གོང་བུ་ལྟ་བུར་ནམ་རྒྱུན་ང་ཚོས་ངོས་འཛིན་གྱི་ཡོད། ང་རང་ཚོ་སྟོན་པ་བཀའ་དྲིན་ཅན་དེ་ལྟ་བུ་ཞིག་གི་རྗེས་སུ་འབྲངས་མཁན་རེད། དེར་བརྟེན་ཐོག་མར་རྣམ་གྲངས་མང་པོ་དང༌། རྒྱ་ཆེན་པོ་ཤེས་མིན་ཇི་ལྟར་ཡང༌། གཞན་ལ་གནོད་འཚེ་བྱེད་པ་ཞེས་པ་དེ་བྱེད་མི་རུང་བ་རེད་བསམ་པའི་ཐོག་ནས། ནམ་རྒྱུན་ཞུས་པ་དེ་རེད། རབ་ལ་བྱུང་ན་གཞན་ལ་ཕན་བཏགས་ཤིང༌། གལ་ཏེ་ཕན་བཏགས་མ་ཐུབ་ཀྱང་གནོད་པ་མི་བྱེད་པ་དེ་རྨི་ལམ་ཚུན་ཆད་ལ་དྲན་དགོས་པ་རེད།

                སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་གང་འདྲ་རེད་དམ་ཞེ་ན། ད་ལྟ་བཤད་མ་ཐག་པ་ལྟར་ཧ་ཅང་གི་གལ་ཆེ་ཞིང༌། ཕན་ཐོགས་ཡོད་པའི་བྱམས་པ་དང་བརྩེ་བ་ཞེས་པ་དེ། ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཐོག་ནས་གོང་ནས་གོང་དུ་སྤེལ་བ་ཞིག་བྱ་དགོས་ཤིང༌། དེས་ན་བྱམས་བརྩེ་ལ་སོགས་པའི་བློ་དོན་མཐུན་ནམ། བྱམས་བརྩེ་ལ་སོགས་པའི་སྒྲུབ་དགོས་པའི་བློའི་ཡོན་ཏན་དེ་དག་དམིགས་རྣམ་བསྐྱངས་པ་གཅིག་པུ་མིན་པར་དེའི་འགལ་ཟླ་ཁོང་ཁྲོ་དང༌། ང་རྒྱལ། གཞན་ལ་བརྙས་བཅོས་དང༌། མཐོང་ཆུང༌། ཁྱད་བསོད་བྱེད་པ་ལྟ་བུས་མཚོན་པའི་བློའི་སྐྱོན་དེ་དག་ལ་ཟུར་དུ་གཉེན་པོ་བསྟེན་ནས་འགྲོ་དགོས།

                དགོས་པའི་བློ་གང་དག་ཡིན་པ་དེ་ཐོག་མར་ངོས་འཛིན་ཅིང༌། དེ་དང་དེའི་འགལ་ཟླའི་བློ་གང་དང་གང་ཡིན་པ་དེ་དག་ཀྱང་ངོས་འཛིན་པའི་ཐོག་ནས། བསྒྲུབ་བྱའི་བློ་དེ་དག་གི་དམིགས་རྣམ་བསྐྱངས། དེ་དང་ཆབས་ཅིག་དེའི་འགལ་ཟླ་ཡིན་པ་དེར་གཉེན་པོ་བསྟེན་ཏེ་འདི་ལྟར་འགྲོ་དགོས།

                ད་ལྟ་ང་རང་ཚོའི་ནང་པའི་གཞུང་ནང༌། ཡང་ནས་ཡང་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་རེད། སྟོང་པ་རེད་ཅེས་ཧ་ཅང་གསུངས་དགོས་པའི་གནད་འགག་གང་ཞིག་ཆགས་ཀྱི་ཡོད་དམ། དེ་ང་རང་ཚོའི་བློ་མ་དུལ་བ་དེ་དག་དུལ་བའི་དོན་དུ་སྟོང་པ་ཉིད་ཅེས་པ་དེ་འབྲེལ་བ་ཆེན་པོ་ཞིག་ཆགས་ཤིང༌། དེའི་སྟེང་ནས་ཐོན་ཡོང་གི་ཡོད་པ་ལས། ཤེས་བྱའི་གནས་ལུགས་གཏན་ལ་ཕབ་པའི་དོན་གཅིག་པུར་ཆོས་རྣམས་ཀྱི་ཡིན་ལུགས་མཐར་ཐུག་དེ་ངོ་སྤྲོད་བྱས་པ་གཅིག་པུ་མིན། ང་རང་ཚོའི་སེམས་མ་དུུལ་བ་དེ་དུལ་བའི་ཆེད་དུ་འདི་འབྲེལ་བ་ཆེན་པོ་ཞིག་སླེབས་ཡོང་གི་ཡོད།

                དེ་འབྲེལ་བ་ཇི་ལྟར་སླེབས་ཀྱི་ཡོད་དམ་ཞེ་ན། ད་ལྟ་བརྗོད་པའི་ཁོང་ཁྲོ་ལ་སོགས་པའི་བློའི་རིགས་རྣམས་ཉོན་མོངས་དེ་དང་དེ་སྐྱེས་པའི་སྐབས། ཉོན་མོངས་དེ་སྐྱེ་སའི་དམིགས་པ་ཡུལ་དེར་ཞེན་སྟངས་དེ་བཟང་པོ་ཡིན་ན་བཟང་པོ་འགྱུར་བ་མེད་པ་ལྟ་བུ། བཟང་པོ་བདེན་པ་བ། བརྒྱ་ཆ་བརྒྱ་ཐམ་པ་སྒོ་ཀུན་ནས་བཟང་པོ་ཡིན་པ་ལྟ་བུ་ཞིག སྒོ་ཀུན་ནས་བཟང་པོ། བདེན་པ། འགྱུར་བ་མེད་པ་དེ་འདྲ་ཞིག་གི་བློ་ལ། སྒོ་ཀུན་ནས་བཟང་པོ་དང་བདེན་པ་ཞིག་སྟེ། བདེན་པ་ཞེས་པ་ནི་བཅོས་མ་མ་ཡིན་པ། བཅོས་མ་མ་ཡིན་པ་ཞེས་པ་ནི་འགྱུར་བ་མེད་པ་དེ་འདྲ་ཞིག་གི་སྟེང་ནས་བློ་ལ་ཤར་རྒྱུ་ཞིག་ཡོང་གི་ཡོད་ས་རེད།

                དེ་བཞིན་མི་སྡུག་པ་ཁོང་ཁྲོ་ཟ་སའི་ཡུལ་ཞིག་ཡིན་ན། སྒོ་ཐམས་ཅད་ནས་མི་སྡུག་པ། གོང་ལྟར་བདེན་པ། ཡུལ་སྟེང་ནས་སམ་རང་གི་དོན་གྱི་ངོས་ནས། སྒོ་ཀུན་ནས་མི་སྡུག་པ། མི་སྡུག་པ་དེ་བདེན་པ། བདེན་པ་ཡིན་སྟབས་འགྱུར་བ་མེད་པའི་སྣང་ཚུལ་ཞིག་དང༌། སྣང་ཚུལ་དེ་དང་མཉམ་དུ་བདེན་པའི་སྣང་ཚུལ་དེ་དང་འབྲེལ་ནས་དེ་དེ་ཁོ་ན་རེད་བསམ་པའི་བློའི་ཤུགས་ཀྱིས་ཡུལ་དེར། ཡུལ་སྡུག་པ་ཞིག་ཡིན་ན་དེར་ཞེན་ཅིང་ཆགས་པ་དང༌། འདོད་ཅིང་སྲེད་པ། ཡུལ་མི་སྡུག་པ་ཞིག་ཡིན་ན་དེར་མི་སྡུག་པར་རྒྱབ་ཀྱིས་ཕྱོགས་པ་དང༌། འབྲལ་བར་འདོད་པ། འདོད་པའི་ཡུལ་དེར་མི་འབྲལ་བར་འདོད་པ། མི་སྡུག་པ་དེར་འབྲལ་བར་འདོད་པའི་བློ་དེར་རྒྱབ་བཤིག་རྒྱབ་པའི་བློ་དེ་སླེབས་ཡོང་གི་ཡོད།

ཆགས་སྡང་ལ་སོགས་པའི་སེམས་མ་དུུལ་བའི་རིགས་གང་དང་གང་ཡིན་ན་ཡང་དེར་ཡུལ་བདེན་པ་བར་ཞེན་པའི་ཞེན་ཚུལ་ཞིག་གིས་རོགས་བྱེད་ཀྱི་ཡོད་པ་དེ་ང་ཚོས་ཞིབ་འཇུག་བྱེད་དགོས་ལ། བསམ་བློ་གཏོང་དགོས་པ་རེད།

                ཆགས་སྡང་སྐྱེ་སའི་དམིགས་པ་ཡུལ་དེ་ཚུགས་ཐུབ་བདེན་པ་བ་ཞིག་ཞེན་ནས་ཆགས་སྡང་གི་བློ་ཡོང་གི་ཡོད་པ་ལྟར། ནང་གི་རྐྱེན་ནམ་ཚུར་ངོས་ནས་ང་དེ་འདོད་ཀྱི་འདུག ང་དེ་འདོད་ཀྱི་མི་འདུག་ཅེས་བརྗོད་པའི་ང་ཞིག་ཡོད་ཅིང༌། ང་དེ་ཡང་དེ་བཞིན་ཚུགས་ཐུབ་པ། བདེན་པ་བ་ཞིག་བློར་ཤར་ནས་བདེན་པར་ཡོད་པར་ཞེན་ཅིང་འཛིན་པའི་བློ་དེའི་ཐོག་ནས་ཡུལ་དེར་ཡང་བདེན་པར་ཞེན་པ་དང༌། ཡུལ་དེའི་ཕན་གནོད་འདྲེས་སའི་ང་ཞེས་པ་དེ་ཡང་བདེན་པར་ཞེན་པའི་བློ་ཤུགས་དྲག་པོ་དེ་འདྲ་ཞིག་གི་སྟེང་ནས་ཆགས་སྡང་གི་བློ་སྐྱེ་ཡི་ཡོད་པ་དེ་ཕལ་ཆེར་གསལ་པོ་རེད།

                དེས་ན། ང་རང་ཚོར་ཆགས་སྡང་གི་བློ་སྐྱེ་བ་དེ་དག་ཀྱང་ཆགས་སྡང་སྐྱེ་མཁན་གྱི་ངའམ་གང་ཟག་བདག་དེ། ཆགས་སྡང་སྐྱེ་སའི་ཡུལ་དེ་དག་གི་སྟེང་ནས་སམ། དེ་གཉིས་དང་འབྲེལ་བའི་སྟེང་ནས་ང་རང་ཚོ་མ་དུུལ་བའི་བློ་དེ་དག་ཡོང་གི་ཡོད་པས་ན། བདེ་སྡུག་ལོངས་སྤྱོད་པ་པོ་དང༌། ལས་གསོག་པ་པོའི་བདག་དེའི་རང་བཞིན་ལ་བསམ་བློ་བཏང་སྟེ། དེ་རང་བཞིན་མེད་པར་གཏན་ལ་ཕབ་རྒྱུ་དང༌། རང་བཞིན་མེད་པར་ངེས་པའི་བློ་སྐྱེ་ཐབས་བྱེད་རྒྱུ་ཞིག

                དེ་དང་འབྲེལ་ནས་ལོངས་སྤྱད་བྱའི་ཕུང་སོགས་ཀྱིས་བསྡུས་པའི་ཆོས་དེ་དག་ཡིན་ལུགས་གཏན་ལ་ཕབ་ནས། དེ་རྣམས་ཀྱང་རང་བཞིན་མེད་པར་གཏན་ལ་ཕབ་རྒྱུ། གཏན་ལ་ཕབ་ནས་རང་བཞིན་པ་ངེས་པའི་བློ་གྲུབ་སྐབས། ང་ཞེས་ཧ་ཅང་གི་རྩ་ཆེན་པོར་བརྩི་བའམ་བདེན་པ་བར་ཞེན་པའི་བློ་དེ་ཤུགས་ཆུང་དུ་ཕྱིན། ལོངས་སྤྱད་བྱའི་ཆོས་ཀྱི་ནང་བཟང་དང་ངན་གྱི་མི་འབྲལ་བར་འདོད་པ་དང༌། འབྲལ་བར་འདོད་པའི་བློ་སྐྱེ་བའི་ཡུལ་བདེན་པ་བ་དེ་མི་འདུག་བསམ་པའི་བློ་ཞིག་སླེབས་ཡོང་སྐབས། བདེན་པ་བར་ཞེན་པའི་ཐོག་ནས་སྐྱེ་བའི་བློ་དེ་དག་ཤུགས་ཆུང་དུ་འགྲོ་བ་ཞིག་ཡོང་གི་ཡོད།

                ང་རང་ཚོའི་བློས་ཇི་ལྟར་ཞེན་ཅིང་སྣང་བ་ལྟར་དོན་ལ་གྲུབ་མེད་པ་དེ་འགྲུབ་དགོས་ཤིང༌། དེ་ཇི་ལྟར་བྱས་ཏེ་འགྲུབ་ཀྱི་ཡོད་དམ་ཞེ་ན། དེ་ཡང་ཐོག་མར་སྟོན་པ་བཀའ་དྲིན་ཅན་ཐབས་མཁས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་གསུངས་ཤིང༌།

                བདེན་པ་བཞི་ཁྱད་ཆོས་བཅུ་དྲུག་གསུངས་སྐབས། མི་རྟག་པ་ཞེས་པ་དང་པོར་གསུངས་པ་རེད། མི་རྟག་པ་ལ་ཕྲ་རགས་གཉིས་ཡོད་པ་ལས་ང་རང་ཚོས་རགས་པའི་མི་རྟག་པ་རྒྱུ་མཚན་བཀོད་མི་དགོས་པར་མཐོང་གི་འདུག་ཅིང༌། དཔེར་ན། མེ་ཏོག་ལ་ཆ་བཞག་ན། མེ་ཏོག་དེ་ཡར་སྐྱེས་ཤིང༌། མེ་ཏོག་དེ་འཚར། མེ་ཏོག་དེའི་འབྲས་བུ་སྨིན། མཐར་མེ་ཏོག་དེ་སྐམ་ནས་རང་གི་རྒྱུན་ཧ་ལམ་འགག་འགྲོ་ཡི་ཡོད། དེས་ན་ང་རང་ཚོས་དངོས་སུ་རྒྱུན་གྱི་མི་རྟག་པ་དེ་ང་ཚོས་མཐོང་གི་འདུག་ལ། རྒྱུན་གྱི་མི་རྟག་པ་ཁ་ཤས་དུད་འགྲོས་ཀྱང་ཅུང་ཟད་ཤེས་ཀྱི་མེད་དམ་སྙམ་ཞིང༌། དུད་འགྲོ་ཚོས་ཀྱང་ཤེས་མདོག་ཁ་པོ་རེད།

                རགས་པའི་མི་རྟག་པའམ་རྒྱུན་གྱི་མི་རྟག་པ་འདི་འདྲ་ཡོང་བ་དེ། དེ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་ཞིག་ཡོད་ན་ལས། དེ་སྐད་ཅིག་གིས་མི་འགྱུར་བ་ཞིག་ཡིན་ན། སྐད་ཅིག་དང་པོ་དེ་སྐད་ཅིག་དང་པོའི་རང་དུས་ཀྱི་དེ་ཉིད་སྐད་ཅིག་གཉིས་པའི་སྐབས་སུ་དེ་རང་བསྡད་ཅིང༌། སྐད་ཅིག་གསུམ་པའི་སྐབས་སུའང་དེ་ག་བསྡད་ན་རྒྱུན་གྱི་མི་རྟག་པ་ཡོང་ཤེས་ཀྱི་མེད། ང་རང་ཚོའི་མཐོང་ཆོས་སུ་ཡོད་པའི་འཇིག་པ་ཞིག་ཡོང་བ་དེ་འགྱུར་བ་འགྲོ་རྒྱུ་ཡོད་པས་ན། མཐའ་མར་དེ་ཞིག་འགྲོ་བ་ཡོང་གི་ཡོད། འགྱུར་བ་འགྲོ་བ་ཞེས་པ་དེ་ཆུ་ཚོད་གཅིག་བསྡད། ཆུ་ཚོད་གཅིག་གི་རྗེས་སུ་འགྱུར། ཡང་ཆུ་ཚོད་གཉིས་བསྡད་ཅིང༌། དེ་ནས་ཡང་འགྱུར་བའི་སྐད་ཆ་མ་རེད།

                འགྱུར་བ་དེ་རང་གི་སྟེང་ནས་བསམ་བློ་ཞིག་བཏང་ན། མཐར་གཏུགས་སྐབས་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བ་ཞིག་སྟེ། དེང་སྐབས་དཔེར་ན། རྫས་རྡུལ་ཕྲ་མོའི་སྟེང་དུ་བསམ་བློ་བཏང་ན། དེ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཡོད་པ་དེ་ཕལ་ཆེར་མཐོང་ཐུབ་ཀྱི་འདུག་ལ། ཤེས་ཐུབ་ཀྱི་འདུག

                མདོར་ན། སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་ཞིག་ང་རང་ཚོས་འཕྲལ་མར་ངེས་མི་ཐུབ་ཀྱང༌། འདི་ལྟར་བསམ་བློ་བཏང་ན་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཞིག་ཡོད་པས་ན། དེ་རགས་པའི་མི་རྟག་པ་དེ་ཡོང་ཆོག་ཅིང་ཡོང་ཐུབ་ཀྱི་ཡོད། སྐད་ཅིག་སྐད་ཅིག་གིས་འགྱུར་བ་དེ་གང་གི་དབང་གིས་བྱུང་ངམ་ཞེ་ན། རྒྱུའི་དབང་གིས་བྱུང་བ་རེད། ནང་པའི་གཞུང་གི་གྲུབ་མཐའ་ཁ་ཤས་ཀྱིས་དང་པོ་སྐྱེས། བར་དུ་གནས། དེ་ནས་འགག མཐའ་མར་འཇིག་ཅེས་གསུངས་པ་ནི། དེ་ཉིད་དུས་མི་འདྲ་བར་གསུངས་རྒྱུ་ཡོད་པ་མིན་ནམ།

                མདོར་ན། ནང་པའི་གཞུང་སྤྱི་ཡོངས་ཀྱི་ཐོག་ནས། རིགས་པས་དཔྱད་པའི་ནང་པའི་གྲུབ་མཐའ་སྤྱིའི་འགྲོ་སྟངས་ནི། སྐད་ཅིག་སྐད་ཅིག་གིས་འཇིག་པ་དེ། སྐད་ཅིག་དང་པོ་སྐྱེས། དེ་ནས་འཇིག་པའི་རྒྱུ་ཞིག་འཕྲད། དེ་ནས་འཇིག དེ་ནས་སྐད་ཅིག་གཉིས་པ་གྲུབ་པའི་སྐད་ཆ་མིན་པར། སྐད་ཅིག་དང་པོ་གྲུབ་ཙམ་ཉིད་ནས་རང་མི་སྡོད་པའི་རང་བཞིན་དུ་གྲུབ་ཟིན་པ་རེད། སྐད་ཅིག་དང་པོ་སྐད་ཅིག་གཉིས་པའི་དུས་སུ་མ་བསྡད་པ་དེ། སྐད་ཅིག་དང་པོ་རང་གི་དུས་སུ་རང་མི་སྡོད་པའི་རང་བཞིན་དུ་ཡོད་པས་ན། སྐད་ཅིག་གཉིས་པའི་དུས་སུ་མ་བསྡད་པ་དེ་བྱུང་བ་རེད། དེས་ན། སྐད་ཅིག་དང་པོ་དེ་རང་སྐད་ཅིག་དང་པོའི་རང་དུས་སུ་མི་སྡོད་པའི་བདག་ཉིད་དེ་གང་དུ་འགྲུབ་པ་རེད་དམ་ཞེ་ན། རྒྱུ་དེ་ཉིད་ཀྱིས་འགྲུབ་པ་རེད། དེས་ན།

འདུས་ཤིང་བྱེད་པོ་སྐད་ཅིག་མ། །

                ཞེས་གསུངས། སྤྱི་ཡོངས་ནས་བཤད་པ་ཡིན་ན། སྐྱེས་པ་དེ་ཉིད་འཇིག་པའི་བདག་ཉིད་དུ་སྐྱེས་ཡོང་གི་འདུག་ཅིང༌། དེས་ན་རྒྱུའི་གཞན་དབང་ཅན་རེད། རྒྱུའི་གཞན་དབང་ཅན་ཡིན་པས་ན། དངོས་པོ་གང་དག་གཞན་དབང་ཞེས་གསུངས་ཀྱི་འདུག་ལ། དེ་ཉིད་རྒྱུ་རྐྱེན་གྱི་གཞན་དབང་དུ་གྲུབ་ཅིང༌། རྒྱུ་རྐྱེན་ལ་ལྟོས་པ་བཅས་ཐོག་མར་རྟེན་འབྱུང་རགས་པའི་སྒོ་ནས་བསམ་བློ་བཏང་བ་དང༌། དེ་ནས་རྟེན་འབྱུང་ཇེ་ཕྲར་འགྲོ་བའི་བསམ་བློ་བཏང་ཡོང་གི་ཡོད།

 

རྟེན་འབྲེལ་བསྟོད་པའི་རྩ་འགྲེལ་གྱི་འཕྲོས་འདི་ནས་ཡིན།

 

གང་དུ་བཟུང་བས་བྱིས་པ་རྣམས། །

མཐར་འཛིན་འཆིང་བ་བརྟན་བྱེད་པ། །

                ཞེས་པའི་རྒྱུ་མཚན་དེ་རྟེན་འབྱུང་ཡིན་ས་རེད། རྟེན་ནས་འབྱུང་བ་རྒྱུ་མཚན་དུ་བྱས་ཏེ། རྒྱུ་དང་འབྲས་བུ་རང་རང་གི་རྒྱུ་འབྲས་མ་འཆོལ་བར་ཡོང་བ་དེ། དངོས་པོ་རང་རང་གི་ངོ་བོའམ་བདེན་པའི་མཚན་ཉིད་འཛིན་པའི་དངོས་པོ་ཞིག་ཡོད་པས་ན། དེ་ནས་རྒྱུ་འབྲས་མ་འཆོལ་བར་ཡོང་བ་ཞིག་དང༌། རྒྱུ་འབྲས་མ་འཆོལ་བར་ཡོང་བ་དེ་རྒྱུ་འབྲས་བདེན་པ་བ་ཞིག་ཡོད་པ་རེད། དེས་ན། རྟེན་ཅིང་འབྲེལ་བར་འབྱུང་བ་བསླུ་བ་མེད་པ་རྒྱུ་མཚན་དུ་བྱས་ཏེ་དངོས་པོ་རང་མཚན་བདེན་པ་ཡིན་པ་ཞིག་ཚུར་གྲུབ་ཡོང་གི་ཡོད་པ་རེད།

                རྟེན་འབྱུང་གི་རྒྱུ་མཚན་ལ་བརྟེན་ནས་བདེན་འཛིན་གྱི་མཐར་འཛིན་པའི་ལྟ་བའམ་མཐར་འཛིན་གྱི་ལྟ་བ། མདོར་ན། བདེན་གྲུབ་ཏུ་འཛིན་པའམ་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་གཏན་ལ་ཕབ་ཡོད་ཀྱང༌། གང་ཟག་བློ་དམན་པ་འགའ་ཞིག་བྱིས་པ་སྟེ་བློ་དམན་པ་བློ་གྲོས་ཆུང་བ། བྱིས་པའི་བདེན་འཛིན་བརྟན་དུ་གཏོང་བའི་རྒྱུ་མཚན་ལ་བཀོད་རྒྱུའི་རྟེན་འབྱུང་དེ་མཁས་པས་བསམ་བློ་ཞིབ་ཏུ་བཏང་ན། དེ་བདེན་གྲུབ་མེད་པར་སྒྲུབ་པའི་སྒྲུབ་བྱེད་མཐར་ཐུག་ཆགས་ཡོང་གི་རེད།

དེ་ཉིད་མཁས་ལ་སྤྲོས་པ་ཡི། །

དྲ་བ་མ་ལུས་གཅོད་པའི་སྒོ། །

བསྟན་འདི་གཞན་དུ་མ་མཐོང་བས། །

                ཞེས་རྒྱུ་མཚན་དེ་ཉིད་མཁས་པ་ལ་སྤྲོས་པའི་དྲ་བ་མ་ལུས་པ་གཅོད་པ་ཞེས་བརྗོད་སྐབས། ཉོན་མོངས་པར་སྦྱར་ཆོག་གི་མེད་དམ། ཚུལ་མིན་གྱི་ཉོན་མོངས་པ་དང༌། རྩ་བ་ཆགས་སྡང༌། དེའི་རྩ་བ་གཏི་མུག་བདེན་འཛིན་ཡིན་ཞིང༌། དེ་ལྟ་བུའི་སྤྲོས་པའི་དྲ་བ་མ་ལུས་པ་གཅོད་པའི་སྒོ་མཆོག་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་བསྟན་ཡོད་ཅིང༌། དེ་ལྟའི་ཚུལ་བསྟན་པ་འདི་ནི། སྟོན་པ་དང་གཞུང་ལུགས་གཞན་དུ་མ་མཐོང་བས། དེས་ན། བདེན་འཛིན་གྱི་རྣམ་རྟོག་དཔྱིས་ཕྱིན་པ་སུན་དབྱུང་ཐུབ་པའི་གནད་འགག་རྫོགས་པ་མ་ནོར་བར་སྟོན་མཁན་དེ་སྟོན་པ་ཁྱོད་ཉིད་ཁོ་ན་རེད་འདུག་ཅེས་དང༌།

སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །

ཝ་སྐྱེས་ལ་ནི་སེངྒེ་བཞིན། །

མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །

                ཞེས་སྟོན་པ་གཞན་དང་གཞན་ལ་སྟོན་པའི་ཐ་སྙད་སྦྱར་ཏེ་སྟོན་པ་ཞེས་བསྔགས་པ་དེ། དཔེར་ན། ཝ་སྐྱེས་ལ་སེངྒེར་འབོད་པ་བཞིན་དེ་ནི་དོན་ལ་མི་གནས་པའི་གཅམ་བུའི་ཚིག་རེད་ཅེས་གསུངས་སོ།།

དེ་ལྟར་རྒུད་པ་ཀུན་གྱི་རྩ་བ་མ་རིག་པ་བག་ཆགས་དང་བཅས་པ་དྲུངས་ནས་འབྱིན་པར་བྱེད་པའི་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་རང་དབང་གི་སྒོ་ནས་འདོམས་པར་མཛད་པའི་སྟོན་པ་བཀའ་དྲིན་ཅན་ནི། ཐར་ལམ་སྟོན་པའི་སྟོན་པ་བླ་ན་མེད་པ་སྟེ། སྲིད་པ་དང་ཞི་བའི་འཇིགས་པ་མཐའ་དག་ལས་སྐྱོབ་པར་བྱེད་པའི་སྐྱབས་གནས་བསླུ་བ་མེད་པས་ན།

ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །

རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །

སྟོན་པ་དེ་ལ་བདག་ཕྱག་འཚལ། །

                ཞེས་སྨྲ་བ་ཟླ་མེད་ཅིང༌། འཕྲལ་གྱི་བདེ་བ་དང་ཕུགས་སུ་ཕན་པ་སྟེ། མདོར་ན་འཕྲལ་ཡུན་གྱི་ཕན་བདེ་ལ་སྦྱོར་བའི་སྒོ་ནས་སྟོན་མཁན་གྱི་མགོན་པོ། རྟེན་ཅིང་འབྲེལ་བར་འབྱུང་བ་ལེགས་པར་གསུངས་པའི་སྟོན་པ་དེ་ལ་བདག་ཕྱག་འཚལ་ཞེས་སོ།།

ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། །

སྨན་པའི་སླད་དུ་བཀའ་བསྩལ་པ། །

བསྟན་པའི་སྙིང་པོ་སྟོང་པ་ཉིད། །

ངེས་པའི་རྒྱུ་མཚན་ཟླ་མེད་པ། །

 

                ཞེས་སྟོང་ཉིད་སྒྲུབ་བྱེད་ལ་གཅིག་དུ་བྲལ་གྱི་གཏན་ཚིག་ལ་སོགས་པ་དབུ་མའི་གཞུང་ནང་མང་པོ་གསུངས་ཡོད། མདོར་ན་བདག་མེད་གྲུབ་བྱེད་ཀྱི་རིགས་པ་གསུངས་ན། དཔེར་ན་གང་ཟག་གི་བདག་མེད་རགས་པ་སྒྲུབ་པའི་སྒྲུབ་བྱེད་ནང་པའི་གཞུང་ཚང་མའི་ནང་དུ་གསུངས་ཡོང་གི་ཡོད། སེམས་ཙམ་པའི་གཞུང་གི་སྐབས་ནས་ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་སྟེ། ཐེག་བསྡུས་ལས།

མིང་གི་སྔ་རོལ་བློ་མེད་ཕྱིར། །

མང་བའི་ཕྱིར་དང་མ་འདྲེས་ཕྱིར། །

དེ་ཡི་བདག་ཉིད་བདག་མང་དང༌། །

བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །

                ཞེས་སོགས་ཀྱི་རིགས་པ་མང་པོ་ཡོང་གི་ཡོད། དེ་བཞིན་དབུ་མ་པའི་གཞུང་གི་སྐབས་ནས། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། གཅིག་དུ་བྲལ་གྱི་གཏན་ཚིགས་ལ་སོགས་པ་དེ་དག་མང་པོ་ཡོད་པའི་ནང་ནས། མཐའ་གཉིས་ཅིག་ཅར་དུ་སེལ་བ། སྤྱིར་བཏང་གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱི་སྟེང་ནས་བཙལ་ནས་མ་རྙེད་པ་དེ་ག་རང་གྲུབ་ཡོང་གི་ཡོད་པ་ལྟ་བུ་ཞིག་འདུག་ཅིང༌། གཏན་ནས་མ་རྙེད་པ་དེ་ག་རང་གྲུབ་ནས། དེས་རྟག་མཐའ་སེལ་བའི་བསྒྲུབ་བྱའི་ཆོས་ངོ་བོ་ཉིད་ཀྱི་གྲུབ་པ་མེད་དེ། བཏགས་དོན་བཙན་ནས་རྙེད་རྒྱུ་མེད་པའི་སྟེང་ནས་སྒྲུབ་ཡོང་སྐབས། རྟག་མཐའ་རྐྱང་པ་སེལ་བ་ལྟ་བུ་ཞིག་ཆགས་ཀྱི་ཡོད།

                རྟེན་འབྲེལ་གྱི་གཏན་ཚིགས་བཀོད་སྐབས། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་གསུངས་པ་ལྟར་བྱས་ཏེ། བསྒྲུབ་བྱའི་ཆོས་ཀྱིས་རྟག་མཐའ་སེལ་གྱི་ཡོད་ཅིང༌། གཏན་ཚིགས་ངེས་པས་མེད་མཐའ་སེལ་བའམ་ཆད་མཐའ་སེལ་གྱི་ཡོད། ཡིན་ན་ཡང་ཡོད་ལུགས་ནི་བརྟེན་ནས་ཡོད་པ་རེད། ལྟོས་ནས་གྲུབ་པའམ་བཏགས་ནས་ཡོད་པ་རེད་ཅེས་བརྗོད་སྐབས། དེས་བདེན་མེད་སྒྲུབ་བྱེད་ཀྱི་སྟེང་དུ་འགྲོ་ཡི་ཡོད། དེ་འདྲའི་ནུས་པ་མི་འདྲ་བ་ཞིག་ཆགས་ཀྱི་ཡོད། སྤྱིར་དབུ་མ་པ་དང༌། ཡང་སྒོས་ཐ་སྙད་དུ་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མ་པས་རྟེན་འབྱུང་གི་གཏན་ཚིགས་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་དང༌། མཐའ་གཉིས་ཅིག་ཅར་དུ་སེལ་བའི་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་གསུངས་པ་རེད། དེས་ན།

ངེས་པའི་རྒྱུ་མཚན་ཟླ་མེད་པ། །

རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །

འགལ་བ་དང་ནི་མ་གྲུབ་པར། །

                ཞེས་དེ་ལྟ་བུའི་གཏན་ཚིགས་དེ། རྟེན་འབྱུང་ལ་འདུ་བྱས་རྟེན་འབྲེལ་ལམ་འདུས་བྱས་རྟེན་འབྱུང༌། དངོས་པོའི་རང་མཚན་ཡོད་པས་ན། གོང་ཞུས་ལྟར་རྒྱུ་འབྲས་རྟེན་འབྲེལ་མ་འཆོལ་བ་ཡོང་གི་ཡོད་སྟབས། དེ་ལྟར་འཛིན་མཁན་གྱི་གང་ཟག་དེར་བརྟེན་ནས་འབྱུང་བ་རྟགས་སུ་བཀོད་ན། རང་བཞིན་མེད་པར་སྒྲུབ་ན་འགལ་ཁྱབ་ཆགས་ཤིང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན་བདེན་པར་སྒྲུབ་དགོས་ཀྱི་ཡོད་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན་ངོ་བོས་གྲུབ་པས་ཁྱབ་པ་ཡིན།

                དེས་ན། རྟེན་འབྱུང་གི་གཏན་ཚིགས་དེ་གོ་བ་རྣམ་དག་མ་ལོན་པར་རང་བཞིན་མེད་པའི་སྒྲུབ་བྱེད་ལ་མ་སོང་བར། རང་བཞིན་ཡོད་པའི་སྒྲུབ་བྱེད་ལ་ནམ་རྒྱུན་བཀོད་པ་དེ་འདྲ་བྱེད་ཀྱི་ཡོད་སྟབས། འགལ་བའི་རྟགས་སུ་འགྲོ་བ་རེད། མ་གྲུབ་པ་ཞེས་པ་དེ་ཕྱི་རོལ་པ་རེད། ཕྱི་རོལ་པས་རྒྱུ་མེད་པ་ལས་བྱུང་བའམ། ཡང་ན་རྟག་པའི་རྒྱུ་ལས་བྱུང་བ་ལྟ་བུ་དང༌། ཡང་ན་བྱེད་པ་པོའི་བློའི་གཡོ་བ་སྔོན་དུ་འགྲོ་བའི་ཐོག་ནས་བྱུང་བ་འདོད་མཁན་དེས་རྒྱུ་རྐྱེན་ཙམ་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་དེ་འདོད་ཀྱི་མེད། དེས་ན། ཕྱི་རོལ་པ་ལ་རྟེན་འབྱུང་གི་གཏན་ཚིགས་བཀོད་པ་ཡིན་ན། དེ་མ་གྲུབ་པའི་གཏན་ཚིགས་ཆགས་འགྲོ་ཡི་རེད་ཅེས་གསུངས་པ་རེད། དངོས་སྨྲ་བ་ལ་འགལ་བའི་གཏན་ཚིགས་དང༌། ཕྱི་རོལ་པ་ལ་མ་གྲུབ་པའི་གཏན་ཚིགས་ཆགས་པ་རེད་ཅེས་སོ།།

མཐོང་བ་འདི་ཡིས་ཁྱོད་ཀྱི་ལུགས། །

ཇི་ལྟར་ཁོང་དུ་ཆུད་པར་ནུས། །

            ཞེས་དེ་ལྟར་དུ་མཐོང་བའི་སྐྱེ་བོ་དེ་དང་དེས་ཁྱོད་ཀྱི་ལུགས་མཐར་ཐུག་པ་ཕྱིན་ཅི་མ་ལོག་པ་ཇི་ལྟར་ཁོང་དུ་ཆུད་པར་ནུས་ཏེ་ཆུད་པར་མི་འགྱུར་རོ་ཞེས་གསུངས་སོ།།

ཁྱོད་ནི་ནམ་ཞིག་སྟོང་པ་ཉིད། །

རྟེན་འབྱུང་དོན་དུ་མཐོང་བ་ན། །

རང་བཞིན་གྱིས་ནི་སྟོང་པ་དང༌། །

བྱ་བྱེད་འཐད་པའང་མི་འགལ་ཞིང༌། །

                ཞེས་གསུངས་པ་ནི། སྟོན་པ་ཁྱོད་ཀྱི་མཐར་ཐུག་གི་དགོངས་པ་ལྟར་དུ་བྱས་ན། སྟོང་པ་ཉིད་ཀྱི་དོན་ལྟོས་ནས་གྲུབ་པའམ་རྟེན་ནས་འབྱུང་བའི་དོན་གསུངས་ཀྱི་ཡོད་ཅིང༌།

                དེས་ན། སྟོང་པ་ཉིད་ཅེས་པ་དེ་རྙེད་རྒྱུ་མེད་པ་ཙམ་དང༌། མེད་པའི་སྐད་ཆ་མིན་པར། སྟོང་པ་ཉིད་ཅེས་པ་དེ་ངོ་བོ་ཉིད་ཀྱིས་སྟོང་པ་ལ་བརྗོད་ཀྱི་ཡོད། དེ་ཡོད་ཀྱང་ཡོད་སྟངས་དེ་ཡང་རང་དབང་གིས་གྲུབ་མ་ཐུབ་པར་གཞན་གྱི་དབང་གིས་གྲུབ་པ་ཞིག་དང༌། གཞན་ལ་བརྟེན་ནས་གྲུབ་པ། གཞན་ལ་བརྟེན་ནས་གྲུབ་ཅིང་འབྱུང་བ་ཞིག་ཡིན་སྟབས།

རྟེན་འབྱུང་དོན་དུ་མཐོང་བ་ན། །

                ཞེས་ངོ་བོ་རང་བཞིན་གྱིས་སྟོང་པ་སྟེ། དོན་གྱི་སྟེང་ནས་གྲུབ་པ་མེད་པའམ་དོན་སྟེང་ནས་གྲུབ་པས་སྟོང་པ། དེ་ལྟ་ན་ཡང༌། གཏན་ནས་མེད་པ་མ་ཡིན་པར་གཞན་ལ་བརྟེན་ནས་གྲུབ་ཅིང༌། བཏགས་པའི་སྒོ་ནས་ཡོད་པ། ལྟོས་པའི་སྒོ་ནས་གྲུབ་པ་ཞིག་དང༌། ལྟོས་པའི་སྒོ་ནས་གྲུབ་པས་ན། གཞན་ལ་ལྟོས་པ་དེ་ཤིན་ཏུ་འཐད་པ་རེད། དེས་ན། གཞན་ལ་ལྟོས་ནས་གྲུབ་པ་ཡིན་སྟབས་རྒྱུ་རྐྱེན་གཞན་གྱི་བྱེད་པ་འཇུག་ཅིང༌། ཐ་སྙད་ཀྱི་དབང་གིས་འཇོག་པ་དེ་ཤིན་ཏུ་འཐད་པ་རེད། དེར་བརྟེན་རྒྱུ་འབྲས་ཀྱི་བྱ་བྱེད་ཤིན་ཏུ་འཐད་པ་རེད། ངོ་བོ་ཉིད་ཀྱིས་སྟོང་པས་ན་རྐྱེན་གཞན་ལ་རག་ལས་པ་རེད། རྐྱེན་གཞན་ལ་རག་ལས་པ་ཡིན་སྟབས་རྒྱུ་འབྲས་རྟེན་འབྲེལ་གྱི་བྱ་བྱེད་ཐམས་ཅད་ཤིན་ཏུ་འཐད་པ་རེད། དེར་བརྟེན།

བྱ་བྱེད་འཐད་པའང་མི་འགལ་ཞིང༌། །

                ཞེས་གསུངས་ཤིང༌། སྟོན་པ་ཁྱོད་ཀྱི་དགོངས་པ་མཐར་ཐུག་སྟོང་པ་རྟེན་འབྱུང་གི་དོན་དུ་མཐོང་སྐབས། རང་བཞིན་གྱིས་སྟོང་པ་དང་བྱ་བྱེད་འཐད་པ་གཉིས་པོ་གཞི་གཅིག་གི་སྟེང་དུ་མི་འགལ་བ་ཙམ་མ་ཟད། སྟོང་པ་ཡིན་པས་ན་བྱ་བྱེད་ཤིན་ཏུ་འཐད་ཅིང༌། བྱ་བྱེད་ཤིན་ཏུ་འཐད་པ་ཡིན་སྟབས་ངོ་བོ་ཉིད་ཀྱིས་སྟོང་པ་ལས་འོས་མེད་རེད། དེ་ཕན་ཚུན་གཅིག་གིས་གཅིག་ལ་གཞི་གཅིག་གི་སྟེང་དུ་འགལ་འདུ་མེད་པ་ཙམ་དུ་མ་ཟད་ངེས་པ་འདྲེན་པ་ཞིག་ཆགས་པ་རེད། དེ་ལྟར་མ་ཡིན་པར།

དེ་ལས་ལྡོག་པར་མཐོང་བ་ན། །

སྟོང་ལ་བྱ་བ་མི་རུང་ཞིང༌། །

                སྟོང་པ་ཞེས་བཏགས་དོན་བཙལ་ནས་མི་རྙེད་པ་ཙམ་གྱི་སྟེང་ནས་བསམ་བློ་འཁོར་ན། ཡང་ན་རང་བཞིན་གྱིས་སྟོང་ཞེས་བརྗོད་སྐབས། ཆོས་དེ་དང་དེའི་ངོ་བོ་གཏན་ནས་མེད་པའམ་ངོ་བོ་མ་གྲུབ་པ་དང༌། ངོ་བོ་འཇོག་ས་མེད་པ་ཞིག་གི་སྟེང་ནས་བསམ་བློ་བཏང་ན། ཐམས་ཅད་རྟོག་པས་གང་བཟོ་བཟོ་དང༌། རྟོག་པས་བཏགས་ཙམ་ཞེས་བརྗོད་སྐབས་རྟོག་པས་གང་བཟོ་ལྟ་བུ་དམིགས་པ་ཡུལ་ཞིག་མེད་པར། རྣམ་རྟོག་གི་བཀོད་པ་ཤ་སྟག་ཡིན་ན། རྟོག་པས་གང་བཟོ་ཡིན་ཞིང༌། རྟོག་པས་གང་བཟོ་ཡིན་ན། རྨི་ལམ་གྱི་མི་དང་མི་ངོ་མ་གཉིས་ཀྱི་ཁྱད་པར་འབྱེད་མི་ཐུབ་པ་དང༌། ཐ་སྙད་དུ་འདི་འཐད་འདི་མི་འཐད་ཅེས་པའི་རྣམ་གཞག་འཆར་མི་རུང་བ་ཡིན།

                མདོར་ན། འཁོར་བ་དང་མྱང་འདས་ལ་སོགས་པ་ཡང་དག་པ་དང་ཡང་མ་དག་པའི་རྣམ་གཞག་འཇོག་མི་ཤེས་པ་ཞིག་ཡོང་རྒྱུ་ཡིན་པས། དེ་ལྟར་མིན་པར་རྟོག་པས་མ་བཞག་པའི་ཆོས་མེད་ཀྱང༌། རྟོག་པས་གང་བཟོ་སྟེ་རྟོག་པས་གང་བཞག་ཀྱང་ཡོད་པ་ཞིག་མིན་པར། མདོ་དོན་ཡང་སྙིང༌།

དེ་ལས་ལྡོག་པར་མཐོང་བ་ན། །

སྟོང་ལ་

                ཞེས་ངོ་བོ་ཉིད་ཀྱིས་སྟོང་པ་ལ་བྱ་བྱེད་ཀྱི་རྟེན་དེ་ཉིད་མེད་མཁན། རྒྱུ་འབྲས་ཀྱི་རྟེན་ལྟ་བུ་དེ་མེད་པར་འཛིན་ན།

སྟོང་ལ་བྱ་བ་མི་རུང་ཞིང༌། །

                ཞེས་དེ་ལྟ་བུའི་སྟོང་པའི་གོ་བ་ཕྱིན་ཅི་ལོག་ཏུ་སོང་བའི་སྟོང་པ་ཞིག་ལ་བྱ་བྱེད་མི་རུང་ཞིང་ཞེས་དང༌། རྒྱུ་འབྲས་རྟེན་འབྲེལ་གྱི་བྱ་བྱེད་འཇོག་པར་ཕྱིན་ན། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་འཇོག་མི་ཤེས་ཤིང༌། སྟོང་པ་འཇོག་མི་ཤེས་པས་ན།

བྱ་དང་བཅས་ལ་སྟོང་མེད་པས། །

ཉམ་ངའི་གཡང་དུ་ལྷུང་བར་བཞེད། །

                ཅེས་ཉམ་ངའི་གཡང་ས་སྟེ། ཡང་ན་བྱ་བྱེད་བཞག་སྟེ་རང་བཞིན་གྱིས་སྟོང་པ་འཇོག་མི་ཤེས་སྟབས་རྟག་མཐར་ལྷུང་བ་དང༌། ཡང་ན་སྟོང་པ་ལ་མོས་པར་སྐད་བྱས་ཏེ་ཡོང་སྐབས་རྟོག་པས་གང་བཟོ་རེད། བྱ་བྱེད་དེ་དག་ཚད་གྲུབ་ཧ་ལམ་མེད་པ་ལྟ་བུའི་སྟེང་ནས་ཕྱིན་ན། ཆད་མཐའ་ལ་འགྲོ་བ་བཅས། མདོར་ན་རྟག་ཆད་ཀྱི་གཡང་ས་གང་རུང་དུ་ལྷུང་འགྲོ་ཡི་རེད་ཅེས་དང༌། དེས་ན་མཐའ་གཉིས་ཀ་སེལ་ཐུབ་པའི་རྟེན་འབྱུང་གི་གཏན་ཚིགས་དེ།

དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །

རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །

                ཞེས་རྒྱུ་མཚན་དེའི་ཕྱིར་ཁྱོད་ཀྱི་བསྟན་པ་ལ། རྟེན་འབྱུང་མཐོང་བ་དེ་ཤིན་ཏུ་བསྔགས་པ་རེད་གསུངས་སོ།།

དེ་ཡང་ཀུན་ཏུ་མེད་པ་དང༌། །

རང་བཞིན་གྱིས་ནི་ཡོད་པས་མིན། །

                ཞེས་བསྒྲུབ་བྱའམ་སྟོང་པ་ཉིད་དེ་གཏན་ནས་མེད་པའི་སྐད་ཆ་མིན་པར་རང་བཞིན་མེད་པའི་དོན་ཡིན་ཞིང༌། ཡོད་པ་གཉིས་དང་མེད་པ་གཉིས་ཀྱི་ཁྱད་པར་གསུངས་པ་སྟེ། ཡོད་པ་དང་རང་བཞིན་གྱིས་ཡོད་པ། གཏན་ནས་མེད་པ་དང་རང་བཞིན་གྱིས་མེད་པ་དེ་དག་གི་ཁྱད་པར་ཕྱེ་ནས། སྟོང་པ་ཉིད་རང་བཞིན་གྱིས་མེད་པའི་དོན་ལས་གཏན་ནས་མེད་པའི་དོན་མིན། སྒྲུབ་བྱེད་རྟེན་འབྱུང་བཀོད་སྐབས་རྟེན་ནས་འབྱུང་བ་ཞེས་པ་དེ་རྟེན་ནས་བཏགས་པའི་དོན་ལས། རང་བཞིན་གྱིས་ཡོད་པའི་དོན་མིན། དེས་ན།

སྟོང་པ་ཞེས་བྱ་དོན་བྱེད་པའི། །

སྟོང་པའི་དོན་མིན་བདེན་པས་ཏེ། །

                ཞེས་བདེན་པས་སྟོང་པ་རེད་ཅེས་དང༌།

རྟེན་འབྱུང་ཞེས་བྱ་རང་བཞིན་གྱིས། །

འབྱུང་བའི་དོན་མིན་སྒྱུ་མའི་ཚུལ། །

                ཞེས་པས་རྟེན་འབྱུང་ཞེས་པ་དེ་རང་བཞིན་གྱི་རྒྱུ་ལ་བརྟེན་ནས་རང་བཞིན་གྱིས་འབྲས་བུ་འབྱུང་བའི་དོན་མིན་ལ། བདེན་པས་སྐྱེས་པའི་དོན་ཡང་མིན། སྒྱུ་མ་ལྟ་བུའི་སྐྱེ་བ་བརྗོད་ཀྱི་ཡོད་ཅིང༌། སྒྱུ་མ་ལྟ་བུའི་རྒྱུ་འབྲས་ཀྱི་སྐྱེ་བ་ཞེས་བརྗོད་སྐབས། དེས་ན།

ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །

                 ཞེས་གཞན་ལ་རག་མ་ལས་ཤིང་ལྟོས་པ་མེད་པའི་སྒོ་ནས་གྲུབ་པ་ནི། ནམ་མཁའི་མེ་ཏོག་བཞིན་དུ་གཏན་ནས་མེད་ཅིང༌། དེར་བརྟེན། ཡོད་པ་ཞིག་ཡིན་ཕྱིན་ཆད་རྐྱེན་གཞན་ལ་བརྟེན་ནས་ཡོད་པ་འབའ་ཞིག་ཡིན།

དེས་ན་མ་བརྟེན་ཡོད་མ་ཡིན། །

                གལ་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན། དེ་ཡང༌།

ངོ་བོས་གྲུབ་ན་དེ་འགྲུབ་པ། །

རྒྱུ་དང་རྐྱེན་ལ་ལྟོས་པ་འགལ། །

                ཞེས་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ན། རང་དབང་གིས་གྲུབ་པ་དང༌། ངོ་བོས་གྲུབ་ན་དེ་གཞན་ལ་མ་བརྟེན་པར་རང་རྐྱ་འཕེར་བའི་སྒོ་གྲུབ་པ་ཡིན་ན། གཞན་ལ་ལྟོས་མི་དགོས་ཤིང་གཞན་ལ་རག་ལས་མི་དགོས་པ་ཞིག་ཡིན་ལ། གཞན་ལ་རག་ལས་མི་དགོས་པ་ཡིན་ན། རྒྱུ་དང་རྐྱེན་ལ་རག་ལས་ཀྱི་མེད། རྒྱུ་དང་རྐྱེན་ལ་ལྟོས་མི་དགོས་ཤིང༌། ཡོད་པ་ཞིག་ཡིན་ན་དེ་ཉིད་རང་དབང་གིས་རང་ཤུགས་སུ་ཡོང་བ་ལས། རྒྱུ་རྐྱེན་གྱི་བྱེད་པ་འཇུག་ཤེས་ཀྱི་མེད།

                དེས་ན། རྒྱུ་རྐྱེན་གྱི་བྱེད་པ་འཇུག་པ་ཙམ་མིན་པར་འདུས་མ་བྱས་ཀྱི་ཆོས་ཡིན་ན་ཡང༌། ཆ་ཤས་དང༌། འདོགས་བྱེད་ཀྱི་རྟོག་པ་དང༌། མིང་སོགས་ལ་བརྟེན་ནས་བཞག་པའམ་གྲུབ་པ་ཡིན་སྟབས། མདོར་ན་འདུས་བྱས་མ་བྱས་ཀྱི་ཆོས་གང་དང་གང་ཡིན་ན་ཡང༌། དེ་ཐམས་ཅད་བརྟེན་ནས་འབྱུང་བ་ཡིན་པས་ན། བརྟེན་ནས་འབྱུང་བའམ་བརྟེན་ནས་བཏགས་པ་སྟེ། བརྟེན་ནས་བཏགས་པའི་རྟེན་འབྱུང་དང་བརྟེན་ནས་འབྱུང་བའི་རྟེན་འབྱུང་གཉིས་བཤད་ཅིང༌། ཡང་སྙིང༌།

དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །

མ་གཏོགས་ཆོས་འགའ་ཡོད་མིན་པས། །

རང་བཞིན་གྱིས་ནི་སྟོང་པ་ལས། །

མ་གཏོགས་ཆོས་འགའ་མེད་པར་གསུངས། །

                ཞེས་བརྟེན་ནས་བཏགས་པ་མ་གཏོགས་པ། ཆོས་འགའ་ཡང་ཡོད་པ་མིན་པས། རང་བཞིན་གྱིས་སྟོང་པ་ལས་མ་གཏོགས་པའི་ཆོས་འགའ་ཡང་མེད་པར་གསུངས་པ་རེད། གལ་ཏེ་རང་བཞིན་གྱིས་ཡོད་པ་ཞིག་ཡིན་ན། རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་ཅིང༌། རྐྱེན་གཞན་ལ་རག་མ་ལས་པར། རང་དབང་གིས་གྲུབ་པ་ཞིག་ཡིན་སྟབས། རང་དབང་གིས་གྲུབ་པ་ཞིག་ཡིན་ན། ཡང་ན་གཏན་དུ་ཡོད་དགོས་ལ། ཡང་ན་གཏན་དུ་མེད་དགོས་པ་ཡིན། དེས་ན།

རང་བཞིན་ལྡོག་པ་མེད་པའི་ཕྱིར། །

ཆོས་རྣམས་རང་བཞིན་འགའ་ཡོད་ན། །

                ཞེས་རང་བཞིན་ལྡོག་པ་མེད་པ་ཡིན་པས་ན། ཆོས་རྣམས་རང་བཞིན་གྱིས་གྲུབ་པ་འགའ་ཡོད་ན། དཔེར་ན། ང་རང་ཚོའི་སེམས་རྒྱུད་མ་དུལ་བ་དེ་གཞན་ལ་ལྟོས་པ་མེད་པའི་མ་དུུལ་བ་ཞིག་ཡིན་ན། འདུལ་བའི་ཐབས་ཤེས་མེད་ཅིང༌། སེམས་དུལ་བའི་རྐྱེན་གྱིས་མ་དུལ་བ་དེ་བཅོས་སུ་མེད་པ་རེད། མ་དུུལ་བ་རང་དབང་གིས་གྲུབ་ཡོད་ན། ཉོན་མོངས་སྤོང་ཐུབ་པ་ཞིག་དང་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་སྤངས་པའི་བྲལ་བའི་ཡོན་ཏན་ཡོང་ཐུབ་རྒྱུ་མེད་ཅིང༌། དེར་བརྟེན།

མྱ་ངན་འདས་པ་མི་རུང་ཞིང༌། །

སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །

                ཞེས་བྲལ་འབྲས་སྤངས་པ་མྱང་འདས་ཡོང་གི་མ་རེད་ལ། དེ་སྤོང་བྱེད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་གཟིགས་ངོར་སྤྲོས་ཀུན་ལྡོག་པ་ཡོང་གི་མ་རེད། ཆོས་རྣམས་རང་བཞིན་གྱིས་གྲུབ་ན། དེའི་གནས་ལུགས་སུ་གྲུབ་ཡོད་ཅིང༌། དེའི་གནས་ལུགས་སུ་གྲུབ་ཡོད་ན། གནས་ལུགས་ངེས་པའི་བློ་ངོར་སྤྲོས་པ་བསྡད་ཀྱི་རེད། སྤྲོས་པ་དེ་ལྡོག་གི་མ་རེད། དེས་ན།

སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །

 

                ཞེས་དང༌། རྒྱུ་མཚན་དེ་བས་ན། 

དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །

སེངྒེའི་སྒྲ་ཡིས་ཡང་ཡང་དུ། །

མཁས་པའི་ཚོགས་སུ་ལེགས་གསུངས་པ། །

འདི་ལ་སུ་ཡིས་འགོང་བར་ནུས། །

                མདོར་ན། རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉི་ཤུ་རྩ་བཞི་པའི་ནང་དུ། དངོས་པོ་བདེན་གྲུབ་ཏུ་འདོད་མཁན་ཚོས་དངོས་པོ་བདེན་གྲུབ་ཏུ་བཞེད་མཁན་གྱིས་གཟིགས་སྐབས། ཀླུ་སྒྲུབ་ཀྱིས་དངོས་པོ་རང་བཞིན་གྱིས་མ་གྲུབ་པ་རེད། དངོས་པོ་བདེན་པར་མ་གྲུབ་པ་རེད་གསུངས་སྐབས། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད་གསུངས་ཡོང་སྐབས། དེ་ཆད་མཐའ་བ་རེད་བསམ་ནས་དྲན་ཡོང་གི་ཡོད། དེར་བརྟེན། དབུ་མ་རྩ་བ་ཤེས་རབ་ལས།

གལ་ཏེ་འདི་དག་ཀུན་སྟོང་ན། །

འབྱུང་བ་མེད་ཅིང་འཇིག་པ་མེད། །

འཕགས་པའི་བདེན་པ་བཞི་པོ་རྣམས། །

ཁྱོད་ལ་མེད་པར་ཐལ་བར་འགྱུར། །

                ཞེས་སོགས་གསུངས་ཏེ། དངོས་པོ་རྣམས་བདེན་པར་མ་གྲུབ་པ་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཡིན་ན། བྱ་བྱེད་མི་འཐད་ཅིང༌། བདེན་བཞི་འཐད་ཀྱི་མ་རེད། སྐྱབས་གསུམ་མི་འཐད་ལ། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཞིག་འགྲོ་ཡི་རེད་ཅེས་ཚུར་རྩོད་པ་བཀོད་པ་རེད། རྩོད་པ་བཀོད་པ་དེར་ཀླུ་སྒྲུབ་ཀྱིས་ཕར་ལན་སྐྱོན་སྐབས། དབུ་མ་རྩ་བ་ཤེས་རབ་ལས།

གང་ལ་སྟོང་པ་ཉིད་རུང་བ། །

དེ་ལ་ཐམས་ཅད་རུང་བར་འགྱུར། །

གང་ལ་སྟོང་ཉིད་མི་རུང་བ། །

དེ་ལ་ཐམས་ཅད་མི་རུང་འགྱུར། །

                ཞེས་སྤྱིར་གསུངས་ནས། གལ་ཏེ་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པས་མི་སྟོང་བའམ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན། རང་དབང་གིས་གྲུབ་པ་རེད། རང་དབང་གིས་གྲུབ་ན། གཞན་ལ་ལྟོས་མི་ཤེས་ཤིང༌། གཞན་ལ་ལྟོས་པ་མེད་ན། འགྱུར་བ་མི་ཡོང་བས་དེས་ན། རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ན། བདེན་བཞི་དང་སྐྱབས་གསུམ་ཡོང་གི་མ་རེད་ཅེས་ཏག་ཏག་ལན་དེ་སློག་གནང་མཛད་པ་རེད།

                མཇུག་ཏུ་སྡོམ་སྐྱོན་སྐབས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་ཞེས་གསུངས་པའི་དགོངས་པ་དེ་རྟེན་འབྱུང་གི་དོན་དུ་རེད། རྟེན་འབྱུང་གི་དོན་དུ་ཡིན་སྟབས། བརྟེན་ནས་བཏགས་པའི་སྐད་ཆ་རེད། བརྟེན་ནས་བཏགས་པའི་དོན་ཡིན་པས་ན། མེད་པ་ཡང་མ་རེད། རང་བཞིན་གྱིས་ཡོད་པ་ཡང་མ་རེད། དེས་ན། མཐའ་གཉིས་སེལ་བའི་དབུ་མ་པ་རེད་ཅེས་གསུངས་པ་རེད། དེར་བརྟེན།

རང་བཞིན་འགའ་ཡང་མེད་པ་དང༌། །

འདི་ལ་བརྟེན་ནས་འདི་འབྱུང་བའི། །

རྣམ་གཞག་ཐམས་ཅད་འཐད་པ་གཉིས། །

 

                ཞེས་གཞི་གཅིག་གི་སྟེང་དུ་མི་འགལ་བ་སྟེ། གཞི་གཅིག་གི་སྟེང་དུ་རང་བཞིན་མེད་པ་དང༌། བརྟེན་ནས་འབྱུང་བ་གཉིས་མི་འགལ་བ་ཙམ་དུ་མ་ཟད།

མི་འགལ་འདུ་བ་སྨོས་ཅི་དགོས། །

མཐར་ལྟ་བ་ལ་མི་བརྟེན་ཞེས། །

                ཞེས་མི་འགལ་བ་གཞི་གཅིག་གི་སྟེང་དུ་འདུ་བ་དེ་ཙམ་དུ་མ་ཟད། བརྟེན་ནས་འབྱུང་བའི་རྒྱུ་མཚན་ཉིད་ཀྱིས། རྟག་ཆད་ཀྱི་མཐའ་དང༌། རྟག་ཆད་ཀྱི་མཐར་ལྟ་བ་གཉིས་ཀར་མི་བདེན་པའམ་མི་གནས་པར་བྱེད་ཀྱི་ཡོད། འདི་འདྲ་འདི། 

ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱི། །

སྨྲ་བ་བླ་ན་མེད་པའི་རྒྱུ། །

འདི་ཀུན་ངོ་བོས་སྟོང་པ་དང༌། །

འདི་ལས་འདི་འབྲས་འབྱུང་བ་ཡི། །

ངེས་པ་གཉིས་པོ་ཕན་ཚུན་དུ། །

གེགས་མེད་པར་ནི་གྲོགས་བྱེད་པ། །

འདི་ལས་ངོ་མཚར་གྱུར་པ་དང༌། །

འདི་ལས་རྨད་དུ་བྱུང་བ་གང༌། །

ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །

བསྟོད་པར་འགྱུར་གྱི་གཞན་དུ་མིན། །

                ཞེས་རྗེ་རིན་པོ་ཆེ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་ངེས་པ་འཁྲུངས་ནས། སྟོང་པ་རྟེན་འབྱུང་གི་དོན་ལ་ཤར་བ་དང༌། རྟེན་འབྱུང་སྟོང་པའི་དོན་དུ་ཤར་ནས། ཐུགས་ལ་མི་བདེ་བ་ཅུང་ཟད་ཙམ་ཡང་མེད་པར། ཐག་ཆོད་པ་ཞིག་བྱུང་བའི་མཚམས་སུ་རྗེ་རིན་པོ་ཆེ་རང་ཉིད་ཐུགས་སྤྲོ་སྣང་འཕེལ་ནས་གསུངས་པ་རེད། དེ་ཡང༌། ལམ་རིམ་ལྷག་མཐོང་ཆེན་མོའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལས།

ཟབ་མོ་དབུ་མའི་གཞུང་ལ་སྦྱངས་པའི་གྲོགས། །

ཁྱེད་ཀྱི་བློ་ངོར་རང་བཞིན་མེད་པ་ལ། །

རྒྱུ་འབྲས་རྟེན་འབྲེལ་འཇོག་པ་དཀའ་མོད་ཀྱང༌། །

དེ་འདྲ་དབུ་མའི་ལུགས་ནི་ཡིན་ནོ་ཞེས། །

དེ་སྐད་སྨྲ་བའི་ཚུལ་ལ་བརྟེན་ན་མཛེས། །

                ཞེས་གསུངས་ཤིང༌། རྗེ་རིན་པོ་ཆེ་རང་ཉིད་ལ་ཡང་སྔ་མོ་ཉམས་མྱོང་དེ་ལྟར་བྱུང་བ་རེད། རང་བཞིན་བཀག་པའི་ཤུལ་དེར་གང་ཡང་མ་ལྷག་པ་ཞིག་ཆགས་ཏེ། རྒྱུ་འབྲས་རྟེན་འབྲེལ་ཞེས་པ་དེ་བློས་རྟོག་བཟོ་ལྟ་བུ་ཤ་སྟག་ལས་ཧ་ལམ་དོན་ངོ་མའི་ཐོག་ལ་རྟེན་འབྲེལ་གྱི་རྣམ་གཞག་བདེ་པོར་འཇོག་མི་ཤེས་པ་ཞིག་བྱུང་བ་རེད།

                དེར་བརྟེན། རྗེ་རིན་པོ་ཆེས་རང་གི་ཉམས་མྱོང་གི་སྟེང་ནས་འདི་ཁག་པོ་བྱུང་གནང་བ་ཡིན་སྟབས། རྗེས་འཇུག་གི་སློབ་མ་ཚོར་ཡང༌། ཟབ་མོ་དབུ་མའི་གཞུང་ལ་སྦྱངས་པ་བྱེད་མཁན་གྱི་གྲོགས་པོ་ཚོ་ཞེས། ཁྱེད་རང་གི་བློ་ངོར་རང་བཞིན་ཐ་སྙད་དུའང་བཀག་པའི་ཤུལ་དེར་མིང་ཙམ་ཞིག་ལས་ལྷག་མེད་པས་ན། མིང་ཙམ་གྱི་སྟེང་ནས་བྱ་བྱེད་འཇོག་རྒྱུ་དེ་ཁྱེད་རང་གི་བློར་བདེ་པོ་མེད་ཅིང༌། དེ་ཁག་པོ་ཆགས་ཀྱི་རེད། ཁག་མེད། ཡིན་ན་ཡང༌། བློ་དེའི་ཕྱོགས་སུ་རང་བཞིན་གྱིས་ཕན་ནུས་འདྲེན་མཁན་གྱི་ཆོས་དེ་དག་ཡོད་ལ། ཡོད་ཕྱིན་ཆད་དུ་ཡོད་ལུགས་གཉིས་ལས་མ་འདས་ཤིང༌།  ཡང་ན་རང་ངོས་ནས་གྲུབ་དགོས་པ་དང༌། ཡང་ན་གཞན་དབང་གིས་གྲུབ་དགོས་པ་རེད། དེ་གཉིས་ལས་འགྲོ་ས་མེད།

                རང་ངོས་ནས་གྲུབ་ཡོད་ན་གྲུབ་ས་དེར་བཏགས་དོན་བཙལ་སྐབས་རྙེད་དགོས་པ་རེད། གྲུབ་ས་དེར་བཏགས་དོན་བཙལ་སྐབས་མ་རྙེད་པས་ན། རང་ངོས་ནས་མེད་པ་དེ་ཐག་ཆོད་པ་རེད། ཡོད་ནི་ཡོད་པ་རེད། རང་ངོས་ནས་གྲུབ་པ་ལ་རིགས་པས་གནོད་པའི་སྐབས། གཞན་དབང་གིས་གྲུབ་པ་ལས་འོས་མི་འདུག་པས། བློ་དེ་ཡི་ཕྱོགས་སུ་དྲངས་པར་བྱའོ། །ཞེས་རྩ་ཤེས་ཊཱིཀ་ཆེན་ལས་གསུངས་སོ།།

                རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཉམས་མྱོང་གི་སྟེང་ནས་སྐུ་མཉེས་པོ་བྱུང་བས་ན། རྗེས་འཇུག་གི་གདུལ་བྱ་རྣམས་ལའང་དེ་ལྟར་གསུངས་པ་ཡིན། དབུ་མའི་ལྟ་བའི་མཐར་ཐུག་པའི་དཀའ་ས་ཡང་འདི་ཉིད་དོ་གསུངས་པ་ཡིན་པ་རེད། ཐ་སྙད་དུ་རང་བཞིན་བཀག་པའི་ཤུལ་ལ། ཐ་སྙད་དུ་རྟེན་འབྲེལ་ཕྲ་མོ་མིང་ཙམ་དང༌། བརྡ་ཙམ། རྟེན་འབྲེལ་ཕྲ་མོའི་སྟེང་ནས་རྒྱུ་འབྲས་ཀྱི་བྱ་བྱེད་འཇོག་རྒྱུ་དེ་ཉམས་མྱོང་གི་སྟེང་ནས་རིམ་པར་བྱས་ཏེ་ངེས་ན་ལས་ཧ་ཅང་གི་ཁག་པོ་ཡིན་ས་རེད། དེས་ན། རྗེ་རིན་པོ་ཆེ་རང་ཉིད་ཀྱང་ཧ་ཅང་སྐུ་མཉེས་པོ་བྱུང་བ་རེད་ལ། རྗེས་འཇུག་གི་གདུལ་བྱ་དག་ལའང་དེ་ལྟར་གསུངས་སོ།།

རྨོངས་པས་བྲན་དུ་བཟུང་བ་ཡིས། །

གང་ཞིག་ཁྱོད་དང་ཞེ་འགྲས་པ། །

དེ་ཡིས་རང་བཞིན་མེད་པའི་སྒྲ། །

མི་བཟོད་གྱུར་ལ་མཚར་ཅི་ཡོད། །

                ཅེས་ཐུབ་པའི་བསྟན་པ་ལས་ཕྱིར་ཕྱོགས་པའི་གྲུབ་མཐའ་སྨྲ་བ་གཞན་དང་གཞན་གྱིས་རྟེན་འབྱུང་གི་སྒྲ་ཡང་མི་བཟོད་ཅིང༌། རང་བཞིན་གྱིས་སྟོང་པ་ཞེས་པ་དེ་ཡང་མི་བཟོད་ལ་འདོད་ཀྱི་མེད། དེར་ཡ་མཚན་སྐྱེ་རྒྱུ་མི་འདུག དེ་ལྟ་ན་ཡང༌།

ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །

བརྟེན་ནས་འབྱུང་བར་ཁས་བླངས་ནས། །

སྟོང་ཉིད་ང་རོ་མི་བཟོད་པ། །

                ཞེས་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་ང་རོ་མི་བཟོད་པ་འདི་རྗེ་རིན་པོ་ཆེ་ཁོ་བོ་ཡ་མཚན་སྐྱེ་ཡི་འདུག་པ་སྟེ།

འདི་ལ་ཁོ་བོ་ངོ་མཚར་གྱུར། །

                ཞེས་པའི་རྒྱུ་མཚན་ནི།

རང་བཞིན་མེད་ལ་བཀྲི་བའི་སྒོ། །

བླ་མེད་རྟེན་ཅིང་འབྲེལ་འབྱུང་གི །

མིང་ཉིད་ཀྱིས་ནི་རང་བཞིན་དུ། །

འཛིན་ན་ད་ཀོ་སྐྱེ་བོ་འདི། །

                ཞེས་རྟེན་ཅིང་འབྲེལ་བར་འབྱུང་བའི་མིང་ཙམ་ཉིད་ཀྱིས་ངོ་བོ་ཉིད་ཀྱིས་གྲུབ་པར་བལྟས་ན། ད་ནི་སྐྱེ་བོ་འདི་འཕགས་མཆོག་རྣམས་ཀྱིས་འཛིན་ན་ད་ཀོ་ཞེས་པ་ནི་ད་ནི་ཞེས་པའི་དོན་ཡིན།

འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི། །

འཇུག་ངོགས་ཟླ་དང་བྲལ་གྱུར་པ། །

ཁྱོད་དགྱེས་གྱུར་པའི་ལམ་བཟང་དེར། །

ཐབས་གང་གིས་ནི་བཀྲི་བར་བྱ། །

                ཞེས་འཕགས་མཆོག་རྣམས་ཀྱིས་ལེགས་པར་བགྲོད་པའི་འཇུག་ངོགས་ཟླ་དང་བྲལ་བར་གྱུར་པའི། ཁྱོད་དགྱེས་གྱུར་པའི་ལམ་བཟང་ཞེས། ཟབ་མོ་སྟོང་པ་ཉིད་མཐར་ཐུག་པ་ཕྱིན་ཅི་མ་ལོག་པར་ངེས་པ་དེ་ཐབས་གང་གིས་བཀྲི་བར་བྱ་ཐུབ་བམ་ཞེས་དང༌། རྟེན་འབྱུང་གི་དོན་དེ་རང་བཞིན་གྱིས་ཡོད་པར་བལྟས་ན། མཐའ་གཉིས་སེལ་བའི་དབུ་མའི་དོན་དཔྱིས་ཕྱིན་པར་ཤེས་ཐུབ་པ་ཧ་ཅང་གི་དཀའ་འོ་ཞེས་གསུངས་སོ།།

རང་བཞིན་བཅོས་མིན་ལྟོས་མེད་དང༌། །

རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །

ཇི་ལྟ་བུར་ན་གཞི་གཅིག་ལ། །

མི་འགལ་འདུ་བ་ཉིད་དུ་འགྱུར། །

                ཞེས་རང་བཞིན་ནམ། བདེན་པ། ཚུགས་ཐུབ་པ། རང་དབང་བ་དེ་དང༌། གཞན་ལ་ལྟོས་པའམ་གཞན་ལ་རག་ལས་པ་བཅོས་མ་དེ་ཇི་ལྟ་བུར་ན། གཞི་གཅིག་གི་སྟེང་དུ་མི་འགལ་བར་འདུ་བ་ཉིད་དུ་འགྱུར་ཏེ། དེ་གཉིས་འགལ་བ་ཆགས་ཡོད་ཅིང༌། མདོར་ན། ལྟོས་པ་དང་མ་ལྟོས་པ་འགལ་བ་ཡིན་ལ། འགལ་བ་ཡིན་པ་མ་ཟད་རྣམ་བཅད་ཡོངས་གཅོད་ཀྱིས་ལྟོས་པ་དེ་ཡོངས་སུ་གཅོད་ན། མ་ལྟོས་པ་དེ་རྣམ་པར་བཅད་དགོས་པ་དང༌། སེལ་དགོས་པ་ཞིག་ཡིན་པས་ན་དངོས་འགལ་ཆགས་ཀྱི་ཡོད། ལྟོས་མ་ལྟོས་གཉིས་ལས་འགྲོ་ས་མེད་ཅིང༌། ཡང་ན་ལྟོས་པ་དང་ཡང་ན་མ་ལྟོས་པ་ཡིན།

                ཆོས་གང་དང་གང་ཞིག་ཡིན་ན་ཡང༌། རང་གྲུབ་པ་དེ་གཞན་ལ་རག་ལས་པ་ཉིད་ཀྱིས་ལྟོས་པ་ཡིན་པ་དེ་གྲུབ་དགོས་ཤིང༌། དེར་བརྟེན་ལྟོས་པ་དང་མ་ལྟོས་པ་དངོས་འགལ་རེད། དེས་ན། གཞི་གཅིག་གི་སྟེང་དུ་འདུ་མི་ཤེས་སོ་ཞེས་གསུངས་སོ།།

དེ་ཕྱིར་བརྟེན་ནས་འབྱུང་བ་གང༌། །

                ཞེས་དེ་ཕྱིར་བརྟེན་ནས་འབྱུང་བ་གང་ཡིན་པ་དེ་གཞན་ལ་རག་ལས་ཤིང༌། དེས་ན་གཞན་ལ་ལྟོས་པ་རེད། གཞན་ལ་ལྟོས་པས་ན་རང་བཞིན་གྱིས་གྲུབ་པས་སྟོང་པ་རེད། རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་རང་གྲུབ་ཙམ་ཉིད་ནས་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་གྲུབ་ཡོད་པ་ལས། བློས་རང་བཞིན་མེད་པ་གཏན་ལ་ཕབ་ནས་རང་བཞིན་མེད་པ་གསར་དུ་ཆགས་པ་ལྟ་བུ་ཞིག་མ་རེད། དཔེར་ན། མངོན་རྟོགས་རྒྱན་ལས།

འདི་ལ་བསལ་བྱ་ཅི་ཡང་མེད། །

བཞག་པར་བྱ་བ་ཅུང་ཟད་མེད། །

ཡང་དག་ཉིད་ལ་ཡང་དག་ལྟ། །

ཡང་དག་མཐོང་ནས་རྣམ་པར་གྲོལ། །

                ཞེས་གསུངས་པ་ལྟར་དགག་བྱ་སྔར་ཡོད་ཅིང༌། ཕྱིས་དགག་བྱས་སྟོང་པ་ངེས་སྐབས། དགག་བྱ་ཕྱིས་དག་འགྲོ་བ་ཞིག་མ་རེད། ཐོག་མ་ནས་དགག་བྱ་སེལ་བར་བྱ་བ་དེ་མེད། དགག་བྱས་དབེན་པའམ་དགག་བྱས་སྟོང་པའི་ཆོས་ཉིད་དེ་གསར་དུ་བཞག་པ་ཡང་མ་རེད།

                ཆོས་གྲུབ་ཙམ་ཉིད་ནས་རྐྱེན་གྱི་དབང་གིས་གྲུབ་པ་ཞིག་ཡིན་པས་ན། རྐྱེན་གྱི་དབང་གིས་གྲུབ་པ་ཉིད་ཀྱིས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡིན་སྟབས། གྲུབ་ཙམ་ཉིད་ནས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད། གདོད་མ་ནས་རྣམ་པར་དབེན་པ་རེད།

རང་བཞིན་གྱིས་ནི་གདོད་མ་ནས། །

རྣམ་པར་དབེན་ཡང་དེར་སྣང་བས། །

                ཞེས་དེ་ལྟ་ན་ཡང་ང་རང་ཚོར་མ་རིག་པའི་ལིང་ཏོག་གིས་གནས་ལུགས་མཐོང་བའི་བློ་མིག་བསྒྲིབས་ནས་ཡོད་པ་ཡིན་སྟབས། གང་སྣང་དོན་སྟེང་ནས་ཡོད་པ་ཞིག་སྣང་ཡོང་གི་ཡོད་ཅིང༌། དེ་བློ་འཁྲུལ་པའི་དབང་གིས་སྣང་བ་རེད། རང་བཞིན་གྱིས་གདོད་མ་ནས་རྣམ་པར་དབེན་ཡང༌། དེ་ལ་སྣང་བས། འདི་ཀུན་ཞེས་སྣང་ཞིང་སྲིད་པའི་ཆོས་འདི་ཀུན་དོན་གྱི་གནས་ཚུལ་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་ཡིན་ན་ཡང༌། སྣང་ཚུལ་ལ་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་སྣང་བས། སྣང་གནས་མི་མཐུན་པ་སྒྱུ་མ་ལྟ་བུ་རེད་གསུངས་པ་སྟེ།

འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །

                ཞེས་སོ།།

ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །

རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །

གླགས་མི་རྙེད་པར་གསུངས་པ་ཡང༌། །

འདི་ཉིད་ཀྱིས་ནི་ལེགས་པར་ཁུམས། །

ཅི་སླད་ཅེ་ན་འདི་བཤད་པས། །

 

                ཞེས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞིའི་ཚུལ་གསུངས་ཤིང༌། དེ་ལ་བརྟེན་པའི་བླང་དོར་གྱི་གནད་དེ་དག་གསུངས་པ་རེད། འདི་ནི་རྩ་བ་བདེན་པ་གཉིས་ལ་བརྟེན་ནས་གསུངས་ཀྱི་ཡོད། བཅོམ་ལྡན་འདས་ཀྱིས་ཐབས་དང་ཤེས་རབ་ཀྱིས་ཆོས་ཚུལ་བསྟན་པ་དེ་དག་བློ་གཟུ་བོར་གནས་པ་དྲང་པོ་དྲང་བཞག་གི་ཆོས་མཐུན་གྱི་གོ་བས་ཇི་ལྟར་བསམ་བློ་བཏང་ན་ཡང༌། དེ་ལ་འགལ་འདུའི་ཕུང་པོ་མེད་པ་དེ་འདྲ་ཞིག་ཡོད་ཅིང༌། དེའི་རྩ་བ་འདིར་ཐུག་འདུག་ཅེས་གསུངས་སོ།།

                ཅི་སླད་ཅེ་ན་ཞེས་པ་ནི། དེ་ལྟ་བུའི་སྟོང་དང་རྟེན་འབྱུང་གི་རྣམ་གཞག་ལ་བརྟེན་པའི་གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་དེ་དག་བདེན་པ་གཉིས་ཀྱི་སྟེང་ནས་གསུངས་ཀྱི་ཡོད་སྟབས། མཐོང་བ་མངོན་གྱུར་དང༌། མ་མཐོང་བ་ལྐོག་གྱུར་དང༌། དེ་ལ་བརྟེན་ནས་མཐར་ཤིན་ལྐོག་དེ་ཐམས་ཅད་ལ་དངོས་པོའི་གནས་ཚུལ་ལས་བརྒལ་བའི་སྒྲོ་འདོགས་པ་དང༌། དངོས་པོའི་གནས་ཚུལ་ལ་ཡོད་བཞིན་དུ་མེད་པར་ལྟ་བའི་སྐུར་འདེབས་གཉིས་ཀ་ཡོང་གི་མ་རེད། མདོར་ན་དངོས་པོའི་གནས་ཚུལ་ལ་གང་ཞིག་ཡོད་པ་ཇི་མ་ཇི་བཞིན་ཤེས་པའི་ཐོག་ནས། དེ་དང་བསྟུན་ནས་ལམ་བསྒོམ་པ་ཞིག་ཆགས་ཀྱི་ཡོད། དེ་ཡང་ཅོ་ནེ་བླ་མ་རིན་པོ་ཆེས།

བྲལ་འབྲས་སྐུ་གཉིས་ཟུང་འཇུག་པ། །

                ཞེས་བྲལ་བ་འབྲས་བུའི་ཆོས་གཟུགས་ཀྱི་སྐུ་ཞེས་པའི་རང་དོན་ཆོས་སྐུ་དང༌། གཞན་དོན་གཟུགས་སྐུ་ཞེས་བྲལ་འབྲས་སྐུ་གཉིས་ཡོང་བ་དེ། གྲོལ་བྱེད་ལམ་ཐབས་ཤེས་གཉིས་ལ་བརྟེན་ནས་བྱུང་ཞིང༌། གྲོལ་བྱེད་ཀྱི་ལམ་ཐབས་ཤེས་ཡོང་བ་དེ་ཡང༌། གཞི་དངོས་པོར་བདེན་པ་གཉིས་ཞེས་པའི་ཚུལ་གཉིས་ཡོད་པས་ན། དོན་དམ་བདེན་པ་ཁོང་དུ་ཆུད་པའི་སྟེང་ནས་ཡེ་ཤེས་ཀྱི་ཚོགས་བསགས་པ་དང༌། དེའི་གནས་ཚུལ་ནི་སྤྲོས་པ་ཐམས་ཅད་དུ་མ་རོ་གཅིག་གི་ཚུལ་དུ་དབྱིངས་སུ་རོ་མཉམ་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན། དེ་ལྟ་བུའི་དོན་དམ་བདེན་པ་ཞིག་དང༌། དེའི་སྟེང་ལ་མཉམ་པར་བཞག་སྐབས། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དུ་མ་རོ་གཅིག་གི་ཚུལ་གྱི་བློའི་འཆར་སྟངས་ཤིག་ཡོད་པ་དེ་བསྒོམས་པའི་འབྲས་བུ་ཡེ་ཤེས་ཆོས་སྐུ་འགྲུབ་པ་ཞིག་ཡོང་གི་ཡོད།

                བསོད་ནམས་ཀྱི་ཚོགས་སྦྱིན་སོགས་ཐབས་ཀྱི་ཆ་དེ་དག་ལ་བསླབ་སྐབས་སྤྲོས་པའི་རང་བཞིན་རེད། རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ན་ཡང་དུ་མའི་རྣམ་པའམ་རོལ་པར་ཤར་བ་ཞིག་ཡིན་སྟབས། དེར་བསྟུན་གྱིས་བསོད་ནམས་ཀྱི་ཚོགས་བསགས་པ་དེས་འབྲས་བུ་གཟུགས་སྐུ་འགྲུབ་པ་ཞིག་ཡོང་བ་དེ་ཐམས་ཅད་གཞིའི་དམིགས་པ་བདེན་པ་གཉིས་ཀྱི་རྣམ་གཞག་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་དང༌། བདེན་པ་གཉིས་པོ་དེ་ཡང་སྣང་བས་སྟོང་པ་འགོག་པ་དང༌། སྟོང་པས་སྣང་བ་འགོག་པ། ཀུན་རྫོབ་བདེན་པས་དོན་དམ་བདེན་པར་གནོད་པ་དང༌། ཀུན་རྫོབ་བདེན་པ་འཇོག་པར་འགྲོ་སྐབས་དོན་དམ་བདེན་པ་འཇོག་མི་ཤེས་པ། དོན་དམ་བདེན་པའི་རྣམ་གཞག་བཤད་སྐབས། ཀུན་རྫོབ་བདེན་པའི་རྣམ་གཞག་ལ་གནོད་ཡོང་བ་དེ་འདྲ་མིན་པར། བདེན་པ་གཉིས་པོ་དེ་གཅིག་གྲོགས་སུ་གཅིག་འགྲོ་བ། གཞི་དངོས་པོའི་གནས་ཚུལ་ལ་དངོས་པོ་གཅིག་ལ་བདེན་གཉིས་ཀྱི་ངོ་བོ་སོ་སོར་གཞི་གཅིག་གི་སྟེང་དུ་ཇི་ལྟར་ཡོད་པ་ལྟར་བློས་གཏན་ལ་ཕབ་སྟེ་སྒོམ་པའི་སྐབས། ཐབས་ཤེས་ཀྱི་ལམ་ཚང་མ་ཧ་ཅང་བདེ་པོའི་ཐོག་ནས་འབྲས་བུ་སྐུ་གཉིས་པོ་མངོན་བྱེད་པ་ཡོང་གི་ཡོད། དེས་ན།

མཐོང་དང་མ་མཐོང་དངོས་པོ་ལ། །

སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི། །

གོ་སྐབས་རིང་དུ་མཛད་ཕྱིར་རོ། །

                ཞེས་གསུངས་ཤིང༌། དེ་ཙམ་དུ་མ་ཟད།

ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །

མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །

ལམ་འདི་ཉིད་ཀྱིས་གསུང་གཞན་ཡང༌། །

ཚད་མར་གྱུར་པར་ངེས་པ་སྐྱེ། །

                ཞེས་དེ་ཙམ་མ་ཟད་པར་ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་གསུངས་པ་དེའི་སྟེང་དུ་བསམ་བློ་རིམ་བཞིན་གཏོང་སྐབས། གཞི་ནས་ཐར་པ་ཞེས་པ་ཞིག་ཡོད་ཆོག་པ་འདུག་བསམ་པ་ཞིག་དང༌། ཐར་པའམ་ངེས་ལེགས་སུ་བགྲོད་པའི་ཚུལ་ལས་བརྩམས་པའི་བླང་དོར་གྱི་གནད་སྟོན་པ་དེ་དག་དངོས་གནས་དེར་རྒྱུ་མཚན་འདུག་ཨང་བསམ་པ་བློར་ཤར་སྐབས། ང་རང་ཚོར་ཤིན་ཏུ་ལྐོག་ཏུ་གྱུར་པའི་མངོན་མཐོ་སྒྲུབ་བྱེད་ཀྱི་ལས་འབྲས་ཕྲ་ཞིང་ཕྲ་བའི་རྣམ་གཞག་དེ་དག་སྟོན་པ་མཁྱེན་པ་བླ་ན་མེད་པ། ང་རང་ཚོས་དཔྱད་པ་བྱེད་ཐུབ་པའི་ཡུལ་དེ་དག་གི་རྣམ་གཞག་སྟོན་པ་དེ་དག་རིགས་པས་གནོད་པ་མེད་ཅིང༌། རིགས་པས་དཔྱད་ན་ངེས་པ་ཇེ་ཆེར་འགྲོ་རྒྱུ་ཡོད་པ་ཞིག་ཆགས་སྐབས། སྟོན་པ་སྙིང་རྗེའི་བདག་ཉིད་དམ་ཐུགས་རྗེ་ཆེན་པོའི་བདག་ཉིད་དེས་རྫུན་གསུངས་པའི་རྒྱུ་མཚན་མེད་ཅིང༌། གཙོ་བོའི་དོན་ངེས་ལེགས་སྒྲུབ་པའི་ཚུལ་ལས་བརྩམས་ཏེ་གསུངས་པ་དེ་དག་ལ། བསླུ་བ་མེད་པའི་ངེས་པ་ཐོབ་པ་ཞིག་ཡོང་གི་འདུག ཤིན་ལྐོག་སྟོན་པའི་ལུང་དེའི་ནང་དུའང༌། སྔ་ཕྱི་དངོས་ཤུགས་འགལ་བ་ཡང་མི་འདུག དེས་ན། ང་རང་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་རེད། ཡིན་ན་ཡང༌། མཁྱེན་བརྩེའི་ནུས་པ་མཐར་ཕྱིན་པའི་སྟོན་པ་བླ་ན་མེད་པ་དེས་གསུངས་པ་ཞིག་ཡིན་སྟབས། ཏན་ཏན་ཡིན་དགོས་སོ་སྙམ་པའི་ངེས་པ་རྙེད་པ་ཞིག་ཡོང་གི་འདུག་ཅིང༌། དེར་བརྟེན།

ལམ་འདི་ཉིད་ཀྱིས་གསུང་གཞན་ཡང༌། །

ཚད་མར་གྱུར་པར་ངེས་པ་སྐྱེ། །

                ཞེས་པ་འདི་ཡིན་པ་རེད།

དོན་བཞིན་གཟིགས་ནས་ལེགས་གསུངས་པ། །

ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །

རྒུད་པ་ཐམས་ཅད་རིང་དུ་གྱུར། །

ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །

                ཞེས་ཇི་ལྟ་ཇི་སྙེདཀྱི་དོན་གང་ཞིག་ཡིན་ན་ཡང༌། དོན་གྱི་གནས་ཚུལ་ཇི་ལྟར་ཡིན་པ་ལྟར་ཕྱིན་ཅི་མ་ལོག་པར་གཟིགས་ནས། རང་གི་ཉམས་མྱོང་གི་སྟེང་ནས་གདུལ་བྱ་ལ་ལེགས་པར་འདོམས་པའི་རྗེས་སུ་བསླབས་ན། རྒུད་པ་ཐམས་ཅད་སེལ་ཞིང༌། གཙོ་བོ་ཤེས་རབ་ཀྱི་ཕྱོགས་ལ་ཡོད་པ་གོང་ཞུས་ལྟར། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཅུང་ཙམ་བསམ་བློ་ཞིག་བཏང་སྟེ། དེ་ལྟར་བྱས་ན་གང་འཚམས་ཤིག་ནས་བྲལ་བ་ཞེས་པ་ཞིག་ཡོད་ཆོག་པ་འདུག་བསམ་པ་ལྟ་བུ། དོན་གང་དང་གང་ཡིན་ན་ཡང༌། ང་རང་ཚོས་དོན་དེར་བློ་བསྙེན་ཅིང་ཉེ་བར་བྱས། བློ་འདྲིས་པར་བྱས། གོམས་པར་བྱས་ན། དོན་དེ་སྤྱིར་ཡང་དག་པ་ཡིན་མིན་ལ་མ་ལྟོས་པའི། དོན་དེར་ཡང་ནས་ཡང་དུ་གོམས་པ་བསྟེན་ན། དོན་དེར་གསལ་སྣང་ཐོན་ཡོང་བ་ཞིག་དང༌། དོན་དེའི་རྣམ་པ་ཇེ་གསལ་དུ་འགྲོ་བ་ཞིག་ཡོང་གི་ཡོད།

                དེས་ན། སྐབས་འདིར་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་རིགས་པས་དཔྱད་ན། ཇི་ཙམ་གྱིས་དཔྱད་པ་དེའི་ཚོད་ཀྱིས་ངེས་པ་ཇེ་བརྟན་དུ་འགྲོ་རྒྱུ་ཡོད་པ་ཞིག་དང༌། ངེས་པ་ཇེ་གསལ་དུ་འགྲོ་བ་ཞིག་ཡོང་རྒྱུ་ཡོད་པ་དེ་དངོས་པོའི་གནས་ཚོད་ཡིན་པ་ཞིག་དང༌། བློའི་འགྲོ་སྟངས་སམ་བློའི་རང་བཞིན་ལ་དོན་དེར་གོམས་འདྲིས་བསྟེན་ན་གསལ་སྣང་ཐོན་རྒྱུ་ཡོད་པ་ཞིག་བློའི་རང་བཞིན་རེད། དེ་འདྲ་ཞིག་གི་འོག་ནས་རང་བཞིན་མེད་པར་མཐོང་བའི་བློ་དེ་ཇི་ཙམ་གྱིས་ཤུགས་ཆེ་རུ་ཕྱིན་པའི་ཚོད་ཀྱིས་རང་བཞིན་ཡོད་པར་འཛིན་པའི་རྣམ་རྟོག་དང༌། རྣམ་རྟོག་དེ་དང་འབྲེལ་བའི་ཆགས་སྡང་གི་བློ་དེ་དག་ལ་འཛིན་སྟངས་འགལ་བ།

                དཔེར་ན། ང་རང་ཚོ་ཚ་བས་ཉེས་ཤིང༌། གྲང་བའི་རེག་པ་ཡར་སྤར་ཏེ་གྲང་རེག་འཕེལ་ན་ཚ་བའི་རེག་པ་དེ་ཤུགས་ཆུང་དུ་འགྲོ་བ། དཔེར་ན། ཚ་གྲང་གཉིས་པོ་དེ་རྒྱུན་གྱི་འགལ་བ་ཡིན་པ་རེད། རྒྱུན་མཐུད་ནས་བསྡད་མི་ཐུབ་པ་ཞིག་རེད། ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་ཡང༌། རྒྱུན་མཐུད་ནས་འགལ་བ་ཡིན་པ་ཞིག་རེད། དེས་ན། ཕྱི་དངོས་པོའི་ཆོས་ཤིག་འགྱུར་བ་གཏོང་བ་ལ། འགལ་ཟླ་བཙལ་ནས་མི་དགོས་པ་དེའི་འགལ་བ་བཙལ་ཏེ་དེ་ཤུགས་ཆེ་རུ་བཏང་ན། མི་དགོས་པ་དེ་ཤུགས་ཆུང་དུ་འགྲོ་རྒྱུ་རེད།

                བསམ་བློའི་ནང་དུ་དེ་གཟུགས་ཅན་མིན་སྟབས། བསམ་བློའི་འགལ་བ་གང་འདྲ་ཞིག་ཡོང་གི་རེད་དམ་ཞེ་ན། འཛིན་ཚུལ་མི་འདྲ་བའི་འགལ་བ་ཞིག་གི་སྟེང་ནས་བློ་འགལ་བ་ཡོང་གི་ཡོད། དེས་ན་བློ་འགལ་བ་ཡོད་པའི་ནང་ནས། མི་མཐུན་ཕྱོགས་ཀྱི་བློ་མེད་དགོས་པའམ་ཤུགས་ཆུང་དུ་གཏོང་དགོས་པའི་བློ་ཞིག་ཡིན་ན། དེ་རང་དགར་མེད་པར་གྱུར་ཅིག་ཅེས་བརྗོད་པས་མེད་པ་ཆགས་ཀྱི་མ་རེད། བློ་དེ་དང་འཛིན་སྟངས་འགལ་བ་ཡིན་པའི་བློ་དེ་སྒྲུབ་ནས་དེའི་ནུས་ཤུགས་སྤར་ན། དེས་འཛིན་སྟངས་འགལ་བའི་བློ་དེ་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་རེད།

                དེ་འདྲའི་ཐོག་ནས་བསམ་བློ་གཏོང་སྐབས། བདེན་འཛིན་ཞེས་པ་དེ་ཟད་རུང་ཡིན་པ་ཞིག་དང༌། གཉིས་ནས་སེམས་རང་བཞིན་གྱི་འོད་གསལ་བ་དེ་ལས་ཁྱད་པར་ཞིག་ཡོང་གི་ཡོད། དེ་འདྲའི་ཐོག་ནས་བསམ་བློ་གཏོང་སྐབས། ཐར་པ་ཞེས་པ་དེ་སྒྲུབ་རུང་ཡིན་པ་བློ་ལ་ཅུང་ཙམ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ཐར་པ་སྒྲུབ་རུང་ཡིན་པ་ཤེས་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མཚོན་པའི་ང་རང་ཚོའི་མི་འདོད་པའི་སྡུག་བསྔལ་སེལ་དུ་མེད་པ་ལྟ་བུ་རང་བཞིན་ལྷན་སྐྱེས་བརྩིས་པའི་སྡུག་བསྔལ་དེ་དག་རྒྱུ་དང་རྐྱེན་གྱིས་བྱུང་བ་དང༌། དེའི་རྒྱུ་ཟད་རུང་ཡིན་པ་དེ་འདྲའི་སྟེང་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཡོངས་སུ་འདས་པའི་བྲལ་བ་ཞེས་པ་དེ་ཐོབ་ཐུབ་པ་ཞིག་ཡོད་པ་མཐོང་སྐབས། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ། ཚད་ཅན་ནམ་མཐའ་ཅན་ཡིན་པ། བྲལ་རུང་ཡིན་པའི་སྡུག་བསྔལ་ཞིག་གིས་མནར་བ་མཐོང་སྐབས། སྙིང་རྗེ་སྐྱེས་པ་ཞིག་ཡོང་གི་འདུག

                སེལ་དུ་མེད་པའི་སྡུག་བསྔལ་ཞིག་ཡིན་ན། སྙིང་རྗེ་སྐྱེས་ཀྱང་དེ་འདྲ་ཞིག་རེད། སེལ་དུ་ཡོད་པའི་སྡུག་བསྔལ་ཞིག་གིས་རང་དབང་མེད་པར་གནོན་ནས་ཡོད་པ་ཞིག་ཡིན་ན། སྙིང་རྗེ་སྐྱེ་རྒྱུ་ཤུགས་ཆེ་བ་ཡོད། དེས་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དེས་སྙིང་རྗེ་སྐྱེ་བ་ལ་ཧ་ཅང་གི་རོགས་བྱེད་ཀྱི་ཡོད། ཤེས་རབ་ཀྱི་ཉམས་ལེན་དེ་རྒྱུན་བསྐྱངས་སྐབས། ཐབས་ཀྱི་མཆོག་དེ་དག་ལའང་དེས་བོག་འདོན་ཆེན་པོ་ཡོང་བ་ཞིག་རེད། དེ་འདྲ་ཞིག་གི་ཐོག་ནས་ད་ལྟ་ཞུས་པ་ལྟར་རེད།

དོན་བཞིན་གཟིགས་ནས་ལེགས་གསུངས་པ། །

                ཞེས་བཅོམ་ལྡན་འདས་ཀྱིས་དེ་འདྲའི་ཐོག་ནས་ཐབས་ཚུལ་གསུངས་པ་དེར། ང་རང་ཚོས་བསླབ་ནས་ཨུ་ཚུགས་རྒྱབ་དགོས་པ་རེད། ལས་སླ་པོ་གཏན་ནས་མེད། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་ཨུ་ཚུགས་ཆེན་པོ་བསྐྱོན་པ་རེད། དེར་བརྟེན་ང་རང་ཚོས་ཨུ་ཚུགས་བརྒྱབ་སྟེ་བྱས་པ་ཡིན་ན། ཏན་ཏན་རིམ་པས་རྒྱུ་ཇེ་བཟང་དུ་ཕྱིན་པ་དེའི་ཚོད་ཀྱིས་དངོས་གནས་སེམས་ལ་སྤྲོ་སྣང་ལྟ་བུ་ཞིག་དང༌། སེམས་ལ་བདེ་ནས་བདེ་བར་འགྲོ་བ་ཞིག་ཕལ་ཆེར་གདེང་དང་སྤོབས་པ་ལྟ་བུ་ཞིག་ཡོང་ས་རེད། དེས་ན། ལམ་རིམ་ཆེན་མོའི་ནང་གསུངས་པ་ལྟར། བསམ་པ་གཞན་དོན་བསམས་ནས་རང་དོན་ཞར་ལ་སྒྲུབ་པ་ཞིག་ཡོང་གི་རེད།

ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །

 ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །

ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །

བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །

                ཨེ་མའོ་མཁས་པས་འདི་གཉིས་ཀྱི། །

ཁྱད་པར་ཁོང་དུ་ཆུད་གྱུར་པ། །

དེ་ཚེ་རྐང་གི་ཁོང་ནས་ནི། །

ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །

                ཞེས་པ་འདིར་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་ཞིག་སླེབས་ཡོང་གི་འདུག་ཅིང༌། སྐྱབས་འགྲོ་ངོ་མ་དེ་ཤེས་ནས་ཐོབ་པའི་དད་པ་དེ་རེད།

སྟོན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །

ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །

                ཅེས་གསུངས་པ་དེ་རེད། དེ་ལྟ་བུའི་སྒོ་ནས་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་སྐྱེ་ལུགས་འདི་འདྲ་ཞིག་རེད་ལ། ཐུན་མོང་མ་ཡིན་པ་འདི་ལྟར་བསྒྲུབ་དགོས་པ་རེད་ཅེས་གསུངས་སོ།།

ཁྱོད་གསུང་དུ་མ་ཅི་ཞིག་སྨོས། །

ཆ་ཤས་རེ་ཡི་དོན་ཙམ་ལའང༌། །

འོལ་སྤྱི་ཙམ་གྱི་ངེས་རྙེད་པ། །

དེ་ལའང་མཆོག་གི་བདེ་བ་སྟེར། །

                ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་གྱི་ཆ་ཤས་རེའི་དོན་ཙམ་ལ་འོལ་སྤྱི་ཙམ་གྱི་ངེས་པ་རྙེད་ནའང༌། ཡིད་ལ་མཆོག་གི་བདེ་བ་སྐྱེས་ཀྱི་འདུག་ཅེས་གསུངས་པ་རེད། དེ་ལྟ་བུའི་ཚུལ་ལུགས་ཟབ་མོ་འདི་ལ་འདི་འདྲ་ཞིག་ཡོད་བཞིན་དུ།

ཀྱི་ཧུད་བདག་བློ་རྨོངས་པས་བཅོམ། །

འདི་འདྲའི་ཡོན་ཏན་ཕུང་པོ་ལ། །

རིང་ནས་སྐྱབས་སུ་སོང་གྱུར་ཀྱང༌། །

ཡོན་ཏན་ཆ་ཙམ་མ་འཚལ་ཏོ། །

འོན་ཀྱང་འཆི་བདག་ཁར་ཕྱོགས་པའི། །

སྲོག་གི་རྒྱུན་ནི་མ་ནུབ་པར། །

ཁྱོད་ལ་ཅུང་ཟད་ཡིད་ཆེས་པ། །

འདི་ཡང་སྐལ་པ་བཟང་སྙམ་བགྱིད། །

                ཅེས་གསུངས་ཤིང༌། རྗེ་རིན་པོ་ཆེ་རང་གི་རྣམ་ཐར་ལྟར་གསུུངས་པ་རེད།

སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང༌། །

ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །

འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །

ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །

                ཞེས་སྟོན་པའི་ནང་ན་རྟེན་འབྲེལ་སྟོན་མཁན་དང༌། ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས་པོ་དེ་ཕུལ་དུ་བྱུང་བ་རེད། དེ་ཡིན་པའི་ཚུལ་ཡང༌།

ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །

རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །

                ཅེས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་ཇི་སྙེད་ཅིག་གསུངས་པ་འདི་ཐམས་ཅད་ཐར་པ་མྱང་འདས་ལ་དཀྲི་བའི་ཆེད་དུ་གསུངས་པ་ཤ་སྟག་རེད། དེ་ཡང་མཐར་ཐུག་ངེས་ལེགས་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་བཞེད་ནས་གསུངས་པ་ཤ་སྟག་རེད། དེར་བརྟེན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གང་སྒྲུབ་པ་ལ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་དགོས་སོ།།

                དེས་ན། བཅོམ་ལྡན་འདས་ཀྱིས་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་རྟེན་འབྲེལ་ཉིད་ལས་བརྩམས་པའི་དེ་ཁོ་ན་ཉིད་ལ་གཞོལ་བ། དེ་ཁོ་ན་ཉིད་ལ་བབས་པ་ཤ་སྟག་རེད། དེ་ཁོ་ན་ཉིད་ལ་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་གཞག་གསུངས་པ་དེ་དག་དེ་ཁོ་ན་ཉིད་ལ་གཞོལ་རྒྱུ་ཡིན་པ་རེད། དེ་ནས་གང་ཟག་གི་བདག་མེད། གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་ལྟ་བུ་བདག་མེད་རགས་པ་གསུངས་པ་དེ་དག དེ་ཁོ་ན་ཉིད་ལ་འབབ་པར་བྱེད་པ་དེ་རེད།

                ངེས་དོན་མཐར་ཐུག་གི་སྟོང་དང་རྟེན་འབྱུང་གི་སྣང་སྟོང་ཟུང་འཇུག་གི་སྟོང་ཉིད་ཕྲ་མོ་གསུངས་པ་དེ་དག་དེ་ཁོ་ན་ཉིད་མཐར་ཐུག་དེ་རེད། དེས་ན། དེ་ཁོ་ན་ཉིད་ལ་གཞོལ་བ། དེ་ཁོ་ན་ཉིད་ལ་འབབ་པ། དེ་ཁོ་ན་ཉིད་ལ་བབས་པ་སྟེ།

དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །

ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །

ཀྱེ་མའོ་ཁྱོད་ཀྱི་བསྟན་པ་ནི། །

གང་གི་རྣ་བའི་ལམ་སོང་བ། །

དེ་དག་ཐམས་ཅད་ཞི་འགྱུར་ཕྱིར། །

ཁྱོད་བསྟན་འཛིན་པར་སུ་མི་གུས། །

                ཞེས་བཅོམ་ལྡན་འདས་ཀྱིས་ཆོས་ཚུལ་རིམ་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་དཀྲི་བའི་ཆེད་དུ་གསུངས་པས་ན། སངས་རྒྱས་ཀྱི་བསྟན་པའི་སྣེ་གཅིག་ཤེས་ཀྱང༌། མཐར་དེ་དག་རྣམ་མཁྱེན་རྒྱལ་བའི་སར་འཁྲིད་པ་ཁོ་ནའི་ཆེད་དུ་གསུངས་པ་ཞིག་ཡིན་པས་ན། སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་སློབ་པ་ལ་སུ་ཞིག་གུས་པར་མི་འགྱུར་ཏེ་གུས་པར་འོས་པ་རེད་ཅེས་སོ།། གཞན་ཡང༌།

ཕས་རྒོལ་མཐའ་དག་འཇོམས་པ་དང༌། །

ལྟག་འོག་འགལ་འདུས་སྟོང་པ་དང༌། །

སྐྱེ་རྒུའི་དོན་གཉིས་སྟེར་བྱེད་པ། །

ལུགས་འདིར་ཁོ་བོ་སྤྲོ་བ་འཕེལ། །

                ཞེས་དེ་ལྟ་བུའི་ཟབ་མོ་སྟོང་པ་ཉིད་ཅེས་པ་དེ་གོང་ཞུས་ལྟར་རེད། ང་རང་ཚོས་བསྒོམས་པའི་གནས་སྐབས་ལ་རིན་ཆེན་ཕྲེང་བའི་ནང་གསུངས་པ་ལྟར། སྔོན་ལ་གང་ཟག་གི་བདག་མེད་བསྒོམས། ཁྱད་ཆོས་གང་ཟག་ཅེས་པ་འདི་སྔོན་ལ་བདག་མེད་བསྒོམ་པ་དང༌། དེ་ནས་དེ་བཞིན་དུ་གང་ཟག་གང་དུ་གདགས་པའི་གཞི་ཕུང་སོགས་ཀྱི་ཆོས་དེ་དག་ཀྱང་བདག་མེད་པར་བསྒོམ་པ་དེ་འདྲ་གསུངས་པ་རེད།

                གང་ལགས་ཤེ་ན། གདགས་གཞིའི་གནད་ཀྱི་ང་རང་ཚོའི་བློ་ལ་སྟོང་པའི་ཉམས་མྱོང་ཕྲན་བུ་འཆར་སླ་བ་ཡོད་ས་རེད། དེས་ན། ང་རང་ཚོའི་མ་བཅོས་པའི་བློ་ལྷན་སྐྱེས་ལ་ང་ཞེས་པ་ཞིག་ཤར་སྐབས། དཔེར་ན། ཕུང་པོའི་གསེབ་ནས་ལུས་དང་སེམས་ཞེས་བརྗོད་སྐབས། ང་རང་ཚོར་ལུས་དང་སེམས་ཞེས་ངོ་བོ་མི་འདྲ་བ་ལྟ་བུ་གཉིས་རང་རང་གི་མཚན་ཉིད་འཛིན་པའི་ཆོས་གཉིས་ལོགས་སུ་འཇོག་རྒྱུ་ཡོད།

                ཧ་ལམ་ང་རང་ཚོའི་བློར་ཤར་སྐབས། ལུས་དང་སེམས་ལ་དབང་སྒྱུར་མཁན་གྱི་ང་ཞེས་པ་དེ་བཞིན་རང་གི་ངོ་བོ་ལོགས་སུ་ཡན་འགར་བ་ལྟ་བུ་ཞིག་བློར་ཤར་གྱི་འདུག་ཅིང༌། ཡན་འགར་བའམ་ལུས་སེམས་གཉིས་ལ་དབང་སྒྱུར་མཁན་གྱི་ང་དེ་ཧ་ལམ་རང་རྐྱ་བ་ཞིག་བློར་ཤར་གྱི་ཡོད། ལུས་སེམས་གཉིས་ལ་བརྟེན་ནས་བཏགས་ཙམ་ཞིག་བློར་གཏན་ནས་ཤར་གྱི་མེད།

                དེ་ལྟ་བུའི་ཕུང་པོ་བློ་ཡུལ་དུ་ཤར་ནས། ང་ཞེས་པ་ཞིག་བློར་ཤར་བའི་ང་དེ་དོན་གྱི་གནས་སྟངས་ནི་ཕུང་པོའི་སྟེང་ནས་ཤར་བ་གང་ཞིག་ལ། ཕུང་པོ་དེའི་གསེབ་ནས་བཙལ་བར་ཕྱིན་ན་རྩ་བ་ནས་རྙེད་རྒྱུ་མེད་པ་ཞིག་རེད། འོན་ཀྱང་བློ་ལ་དེ་འདྲ་ཞིག་མི་འཆར་བར་ང་ཞེས་པ་ཚུགས་ཐུབ་པ་མཛུབ་མོ་འཛུགས་ས་ཡོད་འདྲ་བ་ཞིག་བློར་ཤར་གྱི་ཡོད། དེ་ཤར་བ་ལྟར་ཡོད་མེད་བསམ་བློ་བཏང་སྟེ་བཙལ་དགོས།

                ང་ཡི་སྟེང་དུ་བཏགས་དོན་བཙལ་ནས། ང་ཁྱད་གཞིར་བཞག་སྟེ་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ཞིག་དང༌། མ་རྙེད་པའི་སྐབས་ལ་མེད་པ་རེད་དམ་ཞེ་ན། མེད་པ་མིན་ཞིང༌། དེར་བརྟེན་ང་ཞེས་པ་དེ་གང་འདྲ་འཇོག་དགོས་སམ་ཞེ་ན། གོང་ཞུས་པ་རྟོག་པས་བཏགས་པ་ཞིག་དང༌། ཕུང་པོའི་གསེབ་ནས་ང་ཡིན་པ་ཞིག་གཏན་ནས་མེད།

                ཡོད་ན་ཤེས་པའི་སྟེང་ནས་བསམ་བློ་གཏོང་རྒྱུ་དང༌། དེ་ཡང་རྣམ་ཤེས་ཀྱི་ཕུང་པོའི་སྟེང་ནས་བསམ་བློ་བཏང་ན། སྒོ་ལྔའི་དབང་ཤེས་དང་ཡིད་བློ་གཉིས་ལས། སྒོ་ལྔའི་དབང་ཤེས་ནི་གློ་བུར་དུ་ཡོང་མཁན་ཞིག་དང༌། དེ་ནི་ཧ་ཅང་གི་རགས་པ་རེད།

                དཔེར་ན། རྨི་ལམ་གྱི་གནས་སྐབས་ལྟ་བུར་དབང་ཤེས་དེ་དག་ཕལ་ཆེར་འགག་འགྲོ་ཡི་རེད། སྐབས་དེར་ང་འགག་མེད་ཅིང༌། ཡིད་བློའི་སྟེང་ནས་བསམ་བློ་བཏང་ན། ཡིད་བློ་ལའང་ཕྲ་རགས་ཀྱི་རྣམ་གྲངས་ཧ་ཅང་མང་པོ་ཡོང་གི་རེད།

                ཡང་དཔེར་ན། གཉིད་འཐུག་པོ་ཁུག་པའི་གནས་སྐབས་སུ་བཤད་ཀྱང༌། སྤྱིར་བཏང་གི་ཡིད་བློ་རགས་པ་དེ་དག་འགག་འགྲོ་ཡི་ཡོད་པས། དེ་ཡང་བདེ་པོ་མི་འདུག་ཅིང༌། དེ་བཞིན་དཔེར་ན། ཤེས་པ་ཕྲ་མོ་ཞིག་གི་སྟེང་ནས་བསམ་བློ་བཏང་ན་ཡང༌། ཤེས་པའི་རྒྱུན་གྱི་སྟེང་ནས་བསམ་བློ་གཏོང་དགོས་ཤིང༌། རྒྱུན་སྐད་ཅིག་སྔ་ཕྱིའི་ཆ་ཕྱེ་སྟེ་བསམ་བློ་བཏང་ན། ང་ཞེས་པ་ཞིག་ཤེས་པའི་སྟེང་ནས་འཇོག་རྒྱུ་ཧ་ཅང་དཀའ་ཞིང༌། གཉིས་ནས་གདགས་གཞི་ཕུང་པོའི་གསེབ་ནས་བདག་ཅིག་བཞག་ན། བྱ་བྱེད་གཅིག་ཏུ་ཐལ་བའི་སྐྱོན་ཡོད་ལ། ལོངས་སྤྱད་བྱ་དང་ལོངས་སྤྱོད་བྱེད་གཉིས་གཅིག་ཏུ་ཐལ་བའི་སྐྱོན་ཡོང་རྒྱུ་རེད།

                དེས་ན་ཡང་སྙིང༌། ཕར་བཙལ་བར་ཕྱིན་ན་རྩ་བ་ནས་རྙེད་རྒྱུ་མེད་པ་ཞིག་རེད། རྙེད་རྒྱུ་མེད་པ་ལྟར་ཕུང་པོའི་ཚོགས་པ་དང༌། ཕུང་པོའི་ཆ་ཤས། ཆ་ཤས་ཀྱི་རྒྱུན། ཚོགས་པའི་རྒྱུན། གང་གིས་སྟེང་ནས་ང་ཡི་མཚན་གཞི་འཇོག་རྒྱུ་གཏན་ནས་མེད་པ་ཞིག་རེད། དེར་བརྟེན་ང་ཞེས་པ་དེ་ཕུང་པོ་ལ་བརྟེན་ནས་རྟོག་པས་བཏགས་ཙམ་ཞིག་ཡིན་པ་ལས་འགྲོ་ས་རྩ་བ་ནས་མེད་པ་ཞིག་བློར་ཤར་གྱི་ཡོད། དཔྱད་ཡོང་སྐབས། ཡིན་ལུགས་དེ་འདྲ་ཞིག་ཡིན་དགོས་པ་ལ། ང་རང་ཚོའི་བློར་གང་འདྲ་ཞིག་སྣང་གི་ཡོད་དམ་ཞེ་ན། ང་ཞེས་པ་དེ་ཚུགས་ཐུབ་པ་ཞིག་བློར་སྣང་ཡོང་གི་ཡོད། ཚུགས་ཐུབ་པ་ཞིག་སྣང་བ་ལྟར་ང་གཏན་ནས་མི་འདུག་བསམ་པ་ཞིག་བློར་ངེས་པ་ཞིག་ཡོད་པ་རེད།

ཕུང་པོ་ལ་མིན་ངའོ་ཞེས། །

དེ་ཡི་བདེན་གྲུབ་བཀག་ཙམ་གྱིས། །

མེད་གང་འཛིན་སྟངས་ཡུལ་བྱས་ནས། །

ཤུགས་མ་ཉམས་ཤིང་གསལ་སྣང་ལྡན། །

                ཞེས་གསུངས་པ་ལྟར་རེད། དེ་ཉིད་ཀྱི་སྟེང་དུ་བློ་གནས་ཐབས་བྱེད་རྒྱུ་ཡིན་ལ། ང་མི་འདུག་བསམ་པའི་བློའི་ངར་དེ་ཤུགས་ཆུང་དུ་ཕྱིན་པའི་སྐབས་སུ། སླང་ཡང་དཔྱད་པ་བྱས་ཏེ། དབུ་མ་རྩ་བ་ཤེས་རབ་ལས།

བདག་ཉིད་ཡོད་པ་མ་ཡིན་ན། །

བདག་གི་ཡོད་པ་ག་ལ་འགྱུར། །

                ཞེས་གསུངས་པ་བཞིན་གང་ལ་བརྟེན་སའི་ང་བློར་སྣང་བ་ལྟར་རང་རྐྱ་བ་ཞིག་མི་འདུག་བསམ་པ་བློར་ཤར་སྐབས། དེ་ལ་བརྟེན་པའི་ང་ཡི་ཞེས་བློར་ཤར་བ་ཞིག་འདུག་ཅིང༌། ང་ཡི་ཞེས་པ་ནང་གི་མིག་སོགས་དང༌། ཡང་ན་ཕྱི་ལ་སྦྱར་ནའང་རེད། དེ་ཐམས་ཅད་ལ་སྦྱར་བའི་ང་ཡི་ཞེས་པ་ཞིག་ཡོད་པ་འདི། ང་དེ་ཉིད་མེད་ན་ང་ཡི་ཞེས་བརྗོད་ཐུབ་ཐབས་མེད་ཅིང༌། དེས་ན།

བདག་ཉིད་ཡོད་པ་མ་ཡིན་ན། །

བདག་གི་ཡོད་པ་ག་ལ་འགྱུར། །

                གསུངས་པ་ལྟར་དང༌། དེ་བཞིན་ང་ཡིར་འཛིན་པའི་ནང་གི་ཕུང་སོགས་ཀྱི་ཆོས་དང༌། ཕྱིའི་ཕུང་སོགས་ཀྱི་ཆོས་གང་ཡིན་ན་ཡང༌། འདི་ལྟར་རྒྱ་བསྐྱེད་ནས་རིམ་བགྲོད་ཀྱིས་བསམ་བློ་བཏང་སྟེ་དཔྱད་ན། ཐམས་ཅད་བཙལ་ན་རྙེད་རྒྱུ་མེད་ཅིང༌། དེ་ལྟ་ན་ཡང་བྱ་བྱེད་ཕན་ནུས་འདྲེས་མཁན་འདི་འདོགས་བྱེད་ཀྱི་རྟོག་པས་བཏགས་པའི་སྒོ་ནས་ཡོད་པ་ལས། འགྲོ་ས་མེད་པ་ཞིག་ཆགས་སྐབས། ཆོས་ཐམས་ཅད་བརྟེན་ནས་བཏགས་པའམ། མིང་གི་དབང་གིས་ཡོད་པ་དང༌། གཞན་ལ་རག་ལས་པའི་སྒོ་ནས་གྲུབ་པ་ཞིག་བློར་ཇེ་གསལ་དུ་འགྲོ་བ་ཞིག་ཡོད། འདི་ལྟར་བྱས་ཏེ་ང་ཚོས་བསྒོམ་དགོས་པ་རེད།

 

ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་

སྙིང་རྗེའི་སྐོར།

                དེ་ཡང༌། མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོའི་གྲས་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་མཆོད་བརྗོད་དུ།

གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །

ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །

ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །

དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །

                ཞེས་གཞུང་གཞན་གྱི་མཆོད་བརྗོད་ཀྱི་ཡུལ་དུ་དེ་བཞིན་གཤེགས་པ་སོགས་འགོད་པ་ཡོད་ཀྱང༌། སྐབས་འདིར་ཁོང་གིས་སྙིང་རྗེ་ཆེན་པོར་མཆོད་བརྗོད་མཛད་པའི་དགོས་པ་རྒྱུ་མཚན་ནི། སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་རེད་ཅེས་གསུངས་པ་རེད།

                ང་རང་ཚོས་སངས་རྒྱས་ཀྱི་ཆོས་སྤྱི་དང༌། ལྷག་པར་ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་མཁན་ཞིག་གིས་སྙིང་རྗེ་ཉམས་ལེན་གྱི་མཐིལ་དུ་བཟུང་དགོས་ལ། དེ་ཙམ་དུ་མ་ཟད་ཆོས་ཁས་མི་ལེན་པའི་མི་ཞིག་གི་དབང་དུ་བྱས་ཀྱང༌། གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེའི་བསམ་པ་དང༌། གཞན་སྡུག་བསྔལ་གྱིས་མནར་བ་དེ་ལས་ཐར་ན་བསམ་པའི་བློ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

                ལྷག་པར་དུ་ང་རང་ཚོ་འདིར་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཆགས་ཡོད་པས་ན། གང་ཐུབ་ཀྱིས་སྒོ་གང་ས་ནས་སྙིང་རྗེ་ཉམས་ལེན་བྱ་དགོས་པ་རེད། སྤྱིར་བཏང་ང་རང་ཚོ་ཆོས་ལ་དེ་ཙམ་དོ་སྣང་མེད་པའི་མིའི་བསམ་བློའི་ནང༌། ཕྱོགས་གཅིག་ནས་ཆོས་ཀྱི་བསླབ་བྱ་དེས་གཞན་ལ་འཚེ་བ་མ་བྱེད། བཟོད་པ་སྒོམས་ཞེས་པ་དེ་ནང་པའི་ཆོས་ཙམ་མ་ཡིན་པར་ཆོས་ལུགས་མང་པོའི་ནང་ནས་གཅིག་གྱུར་གྱིས་ཐོན་ཡོང་གི་ཡོད། ང་རང་ཚོའི་རང་དབང་བརླག་གི་ཡོད་པ་ལྟ་བུ་དང༌། འདི་ཁྲིམས་ལྟ་བུ་ཞིག་ལ་ང་ཚོས་ངོས་འཛིན་ནས། སྐབས་རེར་དེ་འདྲ་ཡོང་གི་འདུག་པས། དེ་ནི་བསམ་བློ་ཡག་པོ་ཞིག་བཏང་མ་བཏང་རེད་འདུག་ལ། བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན།

                དཔེར་ན། བྱིས་པ་ཆུང་ཆུང་དེ་དག་གིས་སློབ་སྦྱོང་བྱེད་སྐབས། སློབ་སྦྱོང་བྱེད་རྒྱུ་གལ་ཆེར་མི་བརྩི་ཞིང༌། རྩེད་མོ་རྩེ་རྒྱུར་དགའ་བ་བྱེད་ཀྱི་ཡོད། རྩེད་མོ་རྩེ་རྒྱུར་དགའ་པོ་བྱས་པ་བྱིས་པའི་རང་དབང་དུ་བཞག་སྟེ། སློབ་སྦྱོང་རྩ་བ་ནས་མི་བྱེད་པར་རྩེད་མོ་ཁོ་ན་རྩེད་དུ་འཇུག་ན། དེས་རང་གི་ཕུགས་མདུན་ལ་གནོད་ཀྱི་ཡོད་སྟབས། བྱིས་པ་ཆུང་ཆུང་དེ་དག་གི་བློ་ངོར་ལྟོས་ཏེ་ཅུང་ཟད་ཁྲིམས་ལྟ་བུ་ཆགས་ཀྱི་ཡོད་ཀྱང༌། བྱིས་པ་དག་ལ་ཕན་པ་ཞིག་ཡིན་པའི་ཆ་ནས། སློབ་སྦྱོང་བྱ་རྒྱུར་ལེ་ལོ་མ་བྱེད། རྩེད་མོ་རྩེ་བ་དང༌། འཁྱམ་ནས་འགྲོ་བར་ཚད་ཡོད་པ་ཞིག་ལས་རྟག་ཏུ་དེ་ལྟར་མ་བྱེད་ཅེས་བརྗོད་དེ་ང་ཚོས་སྒྲིག་ཁྲིམས་བཟོས་པ་དེ། ཕུགས་རྒྱང་རིང་པོའི་ཆ་ནས་ཕན་གྱི་ཡོད་སྟབས། སྐབས་དེར་མི་ཤེས་པའི་དབང་གིས་རྩེད་མོར་གཡེང་བ་དེ་མ་བྱེད་ཅེས་བརྗོད་པ་དེར་རྒྱུ་མཚན་ཡོད་པ་ཞིག་དང༌། ཕན་པའི་རང་བཞིན་ཡིན་པ་ལས། དེ་རང་དགར་ཁྲིམས་བཅས་པ་དང༌། སྦུབ་སུབ་དོག་པའི་སྐད་ཆ་མིན།

                དཔེ་དེ་བཞིན་ང་རང་ཚོའི་ཆོས་ཀྱི་བསླབ་བྱ་ཞེས་པ་དེ་དག་ཀྱང༌། མི་ཚེ་གཅིག་གི་ནང་དུ་མི་ཚེ་སྐྱིད་པོ་ཡོང་བ་དང༌། སྤྱི་ཚོགས་ལ་བདེ་སྐྱིད་ཡོང་བ། སྒེར་སོ་སོའི་ལུས་ཀྱང་བདེ་ཐང་ཡོང་བ་སོགས་དང་འབྲེལ་བ་ཡོད་ལ། འཕྲལ་དུའང་རང་ཉིད་ཀྱི་གཟུགས་པོར་གནོད་ཅིང༌། སེམས་མ་སྐྱིད་པ་བྱེད་རྒྱུའི་ཐོག་ནས་བྱ་བ་དང་སྤྱོད་པ་གནོད་པའི་རང་བཞིན་ཅན་ཐོན་ནས་སྤྱི་ཚོགས་ནང་གནོད་པའི་རིགས་དེ་དག་མ་བྱེད་ཅེས་བརྗོད་ཀྱི་ཡོད་པ་རེད།

                ཆོས་ཀྱི་བསླབ་བྱ་ངོ་མ་དེ་རྒྱུ་མཚན་ལྡན་པའི་ཐོག་ནས་ཚུལ་ཁྲིམས་སམ་ཁྲིམས་ཞེས་པ་དེ། རྒྱུ་མཚན་ཞིག་དང་ཕུགས་རྒྱང་རིང་པོའི་ཁེ་ཕན་ཞིག་ལ་བརྟེན་ནས་ཁྲིམས་སུ་བཅའ་བ་ལས། རང་དགར་ཁྲིམས་བཅས་པ་ཞིག་ཆགས་ཀྱི་མེད།

    ལྷག་པར་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་འདོད་པ་ལ་ཉེས་དམིགས་བསྟེན་ནས་སྡོམ་པ་དེ་དག་གྲས་མང་པོ་བྱུང་བ་དེ་རྩ་བ་ང་རང་ཚོའི་ཆོས་ཀྱི་དམིགས་ཡུལ་ནི། དག་ཞིང་ལ་སྐྱེས་པའི་སྐད་ཆ་མིན་པར་ཐར་པ་ཐོབ་རྒྱུའི་དོན་དུ་ཡིན། དེས་ན། ཐར་པ་ཐོབ་པ་ལ་གེགས་བྱེད་མཁན་ཉོན་མོངས་ཡིན་པས་ན། ཉོན་མོངས་ཀྱི་གཉེན་པོ་བསྟེན་རྒྱུ་ཞིག་བཤད་ཀྱི་ཡོད།

                ཆོས་ལུགས་གཞན་གྱི་ནང་དུའང་ཚངས་སྤྱོད་བསྟེན་རྒྱུ་བཤད་ཀྱི་ཡོད་ལ། ནང་པའི་གཞུང་དུའང་ཚངས་སྤྱོད་བསྟེན་རྒྱུ་བཤད་ཀྱི་ཡོད། ཚངས་སྤྱོད་བསྟེན་པ་འདྲ་ཡང་དམིགས་ཡུལ་ཐ་དད་པས་ཁྱད་པར་ཡོད། དེ་དག་ཕུགས་རྒྱང་རིང་པོའི་ཁེ་ཕན་གྱི་རྒྱུ་མཚན་ཞིག་ལ་བརྟེན་ནས་ཚུལ་ཁྲིམས་ཞེས་ཁྲིམས་སྲུང་དགོས་པ་དང༌། བག་ཡོད་བསྟེན་དགོས་པ་དེ་ཡིན་པ་ལས། མི་ལ་རང་དབང་འཕྲོག་ནས་སོ་སོའི་རང་འདོད་གང་ཡོད་ལྟར་བྱེད་དུ་མི་འཇུག་པར། རྒྱུ་མཚན་གང་ཡང་མེད་པར་བཙན་དབང་གི་འོག་ནས་སྦུབ་སུབ་དོག་པོ་བཟོས་པའི་སྐད་ཆ་མ་རེད།

                དེ་བཞིན་བྱམས་བརྩེ་བསྒོམ་དགོས་ཤིང༌། བྱམས་བརྩེའི་ཉམས་ལེན་བྱས་ན་ཡག་པོ་རེད་ཅེས་བརྗོད་སྐབས། རིགས་འགའ་ཞིག་གི་བསམ་བློའི་ནང་བྱམས་བརྩེ་ཞེས་པ་དེ་ཡག་པོ་ཡོད་ཀྱང༌། བྱམས་བརྩེ་ཞེས་པ་དེ་གཞན་ལ་ཕན་པ་ཞིག་ལས། རང་ཉིད་ལ་ཕན་པ་གང་ཡང་མི་འདུག་བསམ་པ་ལྟ་བུ་ཡོང་གི་ཡོད། དེ་ཡང་ཕལ་ཆེར་ནོར་བ་རེད་བསམ་པ་དྲན་གྱི་འདུག བསམ་བློ་ལེགས་པོ་ཞིག་བཏང་ན། བྱམས་བརྩེ་སྒོམ་སྐབས། བྱམས་བརྩེ་སྒོམ་མཁན་རང་ཉིད་ལ་དེ་མ་ཐག་ཏུ་སེམས་ལྷོད་ཤིག་ཤིག་ཆགས་པ་ཞིག་དང༌། སྙིང་སྟོབས་སླེབས་པ་དེ་འདྲའི་ཕན་ཐོགས་ཡོང་གི་ཡོད། གང་ཟག་ཕ་རོལ་པོ་ལ་རང་གི་བྱམས་བརྩེ་སྒོམ་པ་དེས་འཕྲལ་མར་ཕན་དང་མི་ཕན་སྣ་ཚོགས་རེད། རང་ཉིད་ཀྱིས་བྱམས་བརྩེའི་ཀུན་ནས་བསླངས་ཏེ་ཕ་རོལ་པོར་ཕན་པ་ཞིག་བྱེད་པར་ཕྱིན་ན་ཡང༌། སྐབས་རེ་ཕར་ཕྱོགས་ནས་གོ་བ་ལོག་སྒྲུབ་བརྒྱབ་སྟེ་མ་སྐྱིད་པ་ཡོང་བའི་ཉེན་ཁ་ཡང་ཡོང་སྲིད་པ་རེད། བྱམས་བརྩེ་བསྒོམས་པས་གཞན་ལ་ཕན་མ་ཕན་ཞེས་པ་དེ། གཞན་གང་ཟག་ཕ་རོལ་པོའི་བསམ་བློ་གཏོང་ཕྱོགས་སོགས་ལ་རག་ལས་ཀྱི་ཡོད། དེར་བརྟེན།  མཐའ་གཅིག་ཏུ་གཞན་ལ་ཕན་པའི་ངེས་པ་མེད་ཀྱང༌། རང་ལ་འཕྲལ་དུ་ཕན་གྱི་ཡོད།

                དཔེར་ན། ང་རང་ཚོ་མ་སྐྱིད་པ་ཡོང་བ་གཅིག་ནི་རེ་དོགས་ལུ་གུ་བརྒྱུད་ཀྱིས་བཅིངས་སྐབས་མ་སྐྱིད་པ་ཡོང་གི་ཡོད། དོགས་པ་ཞེས་བརྗོད་སྐབས་ང་འདི་ཤོར་མི་ཡོང་ངམ་བསམ་པ་དང༌། ང་ཕམ་མི་ཡོང་ངམ། ང་ལ་འདིས་གནོད་པ་བྱས་མི་ཡོང་ངམ་བསམ་སྟེ་བསམ་བློའི་ཐོག་ནས་དོགས་པས་རེ་བ་བརྒྱབ་སའི་དོན་དེ་འགྲུབ་ཨེ་ཡོང་བསམ་པ་དང༌། དེ་ལ་འགལ་རྐྱེན་འཕྲད་མི་ཡོང་ངམ་བསམ་པའི་དོགས་པ་ཞིག་སླེབས་ཀྱི་ཡོད། དེ་འདྲའི་ཐོག་ནས་མ་སྐྱིད་པ་ཡོང་གི་ཡོད།

                སྤྱིར་བཏང་སེམས་ལྡན་དང་སེམས་ལྡན་མིན་པའི་འགལ་རྐྱེན་ཡོད་ན་ཡང༌། གཙོ་བོ་སེམས་ལྡན་གྱི་འགལ་རྐྱེན་ལ་ཞེད་སྣང་ཆེ་བ་ཡོད། སྙིང་རྗེའི་དང་བྱམས་བརྩེའི་བློས་ཞེད་སྣང་སྐྱེ་སའི་ཡུལ་དེ་ཉིད་ལ་བརྩེ་བའི་བློ་སྦྱང་སྐབས། དཔེར་ན། མི་ཞིག་ལ་དུག་རྫས་ལྟ་བུ་ཞིག་ཡོད་ན། དེ་དུག་རེད་ཅེས་བརྗོད་ན་དོར་གྱི་རེད། ཞེད་སྣང་སྐྱེ་རྒྱུ་ཞིག་ཡིན་ན་ཡང༌། དེ་དུག་ཡིན་ན་ཡང་བེད་སྤྱོད་ཡག་པོ་བྱེད་ཤེས་ན། དེས་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་བརྗོད་ན། དུག་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་འཇིགས་པ་ཆུང་དུ་ཕྱིན་ནས། དུག་དེར་སྐྱོན་ཡོད་ཀྱང༌། རྐྱེན་གཞན་ཞིག་འཕྲད་ཚེ་སྨན་དུ་འགྲོ་ཡི་ཡོད། དེ་རྩ་ཆེན་པོར་བཤད་པ་ཞིག་ང་ཚོར་ཡོང་གི་རེད། དེ་བསམ་བློས་གནས་ཚུལ་ཆ་ཚང་རྟོགས་མ་རྟོགས་ཀྱི་ཐོག་ནས་རེད་འདུག་ཅིང༌། ཐད་ཀར་བལྟས་ན་དེ་དུག་རེད། ཡིན་ན་ཡང༌། དེ་ཕྱོགས་ཡོངས་ནས་བལྟས་ན། དེ་ཕན་ཐོགས་ཡོད་པ་ཞིག་རེད།

                དཔེར་ན། རང་ཉིད་ལ་གནོད་པའི་དོགས་པ་སྐྱེ་ས་དང༌། འཇིགས་སྣང་སྐྱེ་སའི་དགྲ་དེ་ཧོབ་སྟེ་བལྟས་ན། རང་ལ་མི་དགའ་ཞིང་གནོད་པ་བྱེད་ཀྱི་ཡོད་ཀྱང༌། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། དེ་ལ་བརྟེན་ནས་བཟོད་པ་སྒོམ་ཐུབ་ཀྱི་ཡོད་ལ། དེ་ལ་བརྟེན་ནས་སྙིང་སྟོབས་ཀྱང་སྤེལ་ཐུབ་ཀྱི་ཡོད། དེ་ལ་དམིགས་པའི་སྙིང་རྗེ་སྒོམ་ཐུབ་ན། སྙིང་རྗེ་དེར་འགོག་རྐྱེན་གཞན་མེད་ཅིང༌། དགྲ་ཡི་ཕྱོགས་ལའང་སྙིང་རྗེ་སྒོམ་ཐུབ་ན། གཉེན་དང་བར་མའི་ཕྱོགས་ལ་སྙིང་རྗེ་བདེ་བླག་ཏུ་སྐྱེ་ཐུབ་ཀྱི་རེད།

                དེས་ན་དགྲ་བོ་དེ་བསམ་བློ་ཐུང་ཐུང་ཞིག་གི་ཐོག་ནས་བལྟས་ན་རང་ལ་གནོད་ཀྱི་ཡོད་ཅིང༌། དེར་གཡོལ་དགོས་པ་ཞིག་དང་མངོན་ཆུང་གི་སྒོ་ནས་རྫི་གསང་བྱེད་དགོས་པ་ཞིག་རེད། ཡིན་ན་ཡང༌། བསམ་བློ་ཆེ་ས་ནས་བཏང་ན། ཧ་ཅང་རྩ་ཆེན་པོ་རེད་ཅེས་བསམ་པའི་བསམ་བློ་འཁོར་རྒྱུ་ཡོད།

                དེས་ན། ང་རང་ཚོ་ནམ་རྒྱུན་དོགས་པ་སྐྱེ་ས་དང༌། འཇིགས་སྣང་སྐྱེ་ས། ཅུང་ཙམ་གཡོལ་དགོས་པའི་བསམ་བློ་ཡོང་ས་དེ་ཉིད་གཉེན་དུ་བལྟས་ཏེ་གཅེས་ཤིང་ཕངས་པའི་རྣམ་པ་ཅན་དུ་སྒྲུབ་སྐབས། དེ་འདྲའི་མི་དེར་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་གཉེན་དུ་འགྱུར་བས་དེར་འཇིགས་སྣང་སྐྱེ་རྒྱུ་མེད་པས་དེས་ཧ་ཅང་ཕན་ས་རེད།

                ང་རང་ཚོའི་མི་ཚེ་གཅིག་གི་དབང་དུ་བྱས་ཀྱང༌། ཇི་ཙམ་གྱིས་ཕན་སེམས་ཀྱི་ཐོག་ནས་གཞན་ལ་རོགས་རམ་ཇི་ཙམ་མང་བ་སྒྲུབ་པའི་ཚོད་ཀྱིས་རང་ཉིད་ལ་ཕན་ཐོགས་པ་དང༌། སྤྱི་ཚོགས་ལའང་རང་ཤུགས་ཀྱིས་ཕན་ཐོགས་པ་ཞིག་རེད། དཔེར་ན། གཟུགས་པོའི་བདེ་ཐང་གི་ཆ་ནས་བརྩིས་ཀྱང༌། སྨན་པས་འདི་ལྟར་བརྗོད་ཀྱི་འདུག སྨན་པས་བརྟག་དཔྱད་ཉམས་ཞིབ་བྱེད་སྐབས། མི་ནམ་རྒྱུན་སྐད་ཆ་བཤད་སྐབས་ང་དང་ངའི་ཞེས་རྟག་ཏུ་བརྗོད་མཁན་དང༌། ང་ཞེས་ཚིག་ཡང་ཡང་ཐོན་ཡོང་མཁན་གྱི་མི་དེ་དག་གཟའ་རྒྱབ་རྒྱུའི་ཉེན་ཁ་ཏོག་ཙམ་ཆེ་བ་ཡོད་ཚུལ་དང༌། སྙིང་གི་ན་ཚ་ཡང་མང་བ་ཡོང་གི་འདུག་ཅེས་སྨན་པ་ཞིག་གིས་ང་ཚོ་ཚན་རིག་ཚོགས་འདུའི་སྐབས་སུ་དེ་ལྟར་བཤད་སོང༌།

                 སྨན་པས་ཞིབ་འཇུག་དང་ཉམས་ཞིབ་བྱེད་སྐབས། མི་རྟག་པར་སྐད་ཆ་བཤད་སྐབས་ཞར་དང་ཞོར་ལ་ང་དང་ངའི་ཞེས་བརྗོད་མཁན་གྱི་མི་དེ་བསམ་བློའི་ནང་ཤུགས་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། རང་བཞིན་གྱིས་བསམ་བློའི་ནང་དུས་ནམ་གྱི་ཚེ་ཡང་ང་ཞེས་པ་དེ་གཞན་དང་མི་འདྲ་བར་ཧ་ཅང་གི་རྩ་ཆེན་ཞིག་ཏུ་བརྩིས་ཀྱི་ཡོད། མ་གཞི་ང་རང་ཚོ་ཚང་མར་རང་གཅེས་འཛིན་ཡོད་ཀྱང༌། ནང་གསེས་ཀྱི་རིགས་ཁ་ཤས་ཧ་ཅང་རགས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་སྟབས་ཕྲན་ཙམ་མི་བདེ་བ་བྱུང་ཡང་བཟོད་མི་ཐུབ་པ་ཞིག་ཕལ་ཆེར་ཡོང་གི་ཡོད་ས་རེད།

                རང་གཞན་སུ་ཞིག་ཡིན་ན་ཡང་ང་གལ་ཆེན་པོར་བརྩི་ཡི་རེད། འོན་ཀྱང་ང་ཚོ་ཚང་མ་འདྲ་མཉམ་ཞིག་དང༌། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། ང་ཡང་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་རེད། ང་ལ་ཡང་ཐོབ་ཐང་དགོས་བསམ་པ་ལྟ་བུ། ང་གཅིག་པུ་ཞེས་བརྗོད་པ་མིན་པ་ཞིག་ཡིན་ན། རང་ཤུགས་ཀྱིས་བསམ་བློ་རྒྱ་ཆེ་བ་ཡོད་ཅིང༌། བསམ་བློ་རྒྱ་ཆེ་བ་ཡོད་སྟབས། བསམ་བློ་ཅུང་ཟད་གུ་ཡངས་བ་དང་རྒྱ་ཆེ་བ་ཡོད་པ་དེའི་ནང༌། རང་ཉིད་ལ་བཀྲ་མི་ཤིས་པའི་འགལ་རྐྱེན་ཞིག་བྱུང་ཡང༌། དེ་ཙམ་གྱིས་སེམས་ནང་མནན་མི་ཐུབ་པ་དང༌། ཧ་ཅང་བཟོད་མི་ཐུབ་པ་དེ་ཕལ་ཆེར་ཉུང་བ་ཡོད་ས་རེད།

                དངོས་ཡོད་གནས་ཚུལ་ལ་སྨན་པས་བརྟག་དཔྱད་བྱེད་སྐབས། གོང་ཞུས་ལྟར་ང་ཞེས་ཁ་ནས་ཡང་ཡང་བརྗོད་མཁན་དེ་བསམ་བློའི་ནང་ཡོད་པས་ན། དེ་འདྲ་བསམ་མཁན་གྱི་མི་དེར་སྙིང་གི་ན་ཚ་ཕོག་སླ་ཞིང་མང་བ་ཡོང་གི་འདུག་ཅེས་བརྗོད་ཀྱི་འདུག

                དེ་བཞིན་ང་རང་ཚོ་འཛམ་གླིང་འདིའི་ལོ་རྒྱུས་ནང་དུ་འདི་ལྟར་བལྟས་ན། ལྷག་པར་དུས་རབས་བཅུ་དགུ་པ་དང༌། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་འདིའི་སྟེང་དུ་ཆབ་སྲིད་ཀྱི་ལམ་ལུགས་དང༌། དཔལ་འབྱོར་གྱི་ལམ་ལུགས། སློབ་སྦྱོང་གི་འགྲོ་སྟངས་སོགས་མང་པོ་ཞིག་ལ་ཉམས་ཞིབ་བྱས་ཤིང༌། འཆར་གཞི་བཀོད་པའི་ཐོག་ནས་གཏན་འབེབས་ཀྱིས། འཛམ་གླིང་འདིའི་སྟེང་ཚོད་ལྟ་ཧ་ཅང་མང་པོ་ཞིག་བྱས་མྱོང་བ་ཆགས་ཡོད། དེ་དག་གིས་ཀུན་སློང་ཁྱེར་སྟངས་ནི། ཕྱི་ངོས་ནས་ལམ་དང་ལུགས་སྲོལ་གྱི་ཁྲིམས་ཞིག་བཟོས་ན། མི་ཚང་མ་བསྒྱུར་བཅོས་ཐེབས་ཀྱི་རེད་བསམ་པའི་རེ་བ་ཞིག་བརྒྱབ་སྟེ་ཁྲིམས་དང་གཏན་འབེབས་བཟོས་ཤིང༌། གཏན་འབེབས་དང་ཁྲིམས་དེ་དག་སྟངས་འཛིན་སྒྲིག་གནོན་བྱེད་མཁན་གྱི་སྒྲིག་འཛུགས་ཞིག་ཀྱང་བཟོས་ཏེ། དེ་ཁོ་ནའི་ཐོག་ནས་མིའི་སྤྱི་ཚོགས་ཆ་ཚང་འགྱུར་བ་ཐེབས་ཐུབ་པའི་རེ་བ་བརྒྱབ་ཀྱང་རེ་བ་དེ་ད་ལྟའང་འགྲུབ་མེད།

                དེ་བཞིན་ང་རང་ཚོའི་ཆོས་ལུགས་ལ་ཆ་བཞག་ཀྱང༌། གོང་ཞུས་ལྟ་བ་དང་གྲུབ་མཐའ་ཡོད་པའི་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་ཅིང༌། ཆོས་ལུགས་དེ་དག་གིས་མིའི་སྤྱི་ཚོགས་ནང་ཕན་ཐོགས་ཡོང་ཐུབ་པའི་ཆེད་དུ་དམིགས་ཡོད་པ་ལས། མིའི་སྤྱི་ཚོགས་ནང་རྙོག་དྲ་ཡོང་བའི་དོན་དུ་རྩ་བ་ཉིད་ནས་དམིགས་མེད། འོན་ཀྱང་ཆོས་ལུགས་དེ་དག་སྒྲིག་འཛུགས་ཤིག་དང༌། ལམ་ལུགས་ལྟ་བུའི་སྟེང་ནས་ཕྱིའི་འགྲོ་སྟངས་འདི་ལྟར་ཆགས་པ་ལས། ནང་བསམ་བློ་དང་འབྲེལ་ཏེ་བསམ་བློའི་ནང་ནས་ཆོས་ལུགས་སོ་སོ་ནས་བཤད་པ་ལྟར་བསྒྱུར་བཅོས་གཏོང་བ་དང༌། ཉམས་ལེན་བྱས་ཏེ་རྒྱུད་དུལ་དུ་འགྲོ་བའི་ཐབས་ཤེས་བྱེད་མ་ཐུབ་པའི་རིང་དེར། ཆོས་ལུགས་ཀྱི་སྒྲིག་འཛུགས་དེ་ཡང་དེ་བཞིན་ཆགས་སྡང་གི་ལག་ཆར་འགྲོ་བ་ཞིག་རེད།

                དེས་ན་ང་རང་ཚོ་མིའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་འགྲོ་སྟངས་དང༌། ཆབ་སྲིད་ཀྱི་འགྲོ་སྟངས། དེ་བཞིན་སློབ་སྦྱོང་གི་འགྲོ་སྟངས་ལྟ་བུ་མང་པོ་ཞིག་བཟོས་ཡོད་ཀྱང༌། དེ་བེད་སྤྱོད་བྱེད་མཁན་དང་ཉམས་སུ་ལེན་མཁན་དེ་མི་ཡིན་སྟབས། ནང་གི་རྒྱུད་མ་དུལ་བའི་རིང་དེར་ཆབ་སྲིད་ཀྱི་ལམ་ལུགས་ཧ་ཅང་ལེགས་པོ་ཡོད་ཀྱང༌། བར་མཚམས་སུ་ལྐོག་དང་ངོས་བྱས་ཏེ་བར་སེང་ཞིག་ནས་གོ་སྐབས་བཙལ་བ་ཞིག་ཡོང་གི་ཡོད།

                དཔེར་ན། སྤྱི་ཚོགས་རིང་ལུགས་ལྟ་བུ་ཧ་ལས་པ་བཟོས་ཡོད་ཀྱང༌། སེམས་མ་དུལ་བའི་དབང་གིས་བར་སེང་ཞིག་རྒྱུད་ནས་ལྐོག་ཟ་རུལ་སུངས་ཀྱིས་མཚོན་པས། ཆབ་སྲིད་ཀྱི་གནས་སྟངས་མང་གཙོ་དངོས་གནས་ཧ་ཅང་ཡག་པོ་ཆགས་ཡོད། མང་བཀུར་བ་ཞེས་སྔར་ནས་ལོ་རྒྱུས་ཐོག་མང་གཙོ་ཡིན་པ་བཤད་ཀྱི་ཡོད་ལ་ཧ་ཅང་ཡག་པོ་རེད། དེ་ཡང་གསིང་གསིང་ཞིག་ནས་འགྲོ་ཡི་ཡོད་སྟབས་ཧ་ལམ་སྐྱག་རྫུན་སློབ་ཀྱི་ཡོད་པ་ལྟ་བུ་ཆགས་ཀྱི་འདུག མང་པོ་ཞིག་ལ་ཁ་ནས་འདྲ་ཆགས་པོ་ཞིག་བཤད་ཅིང༌། དོན་དག་ངོ་མར་ཏག་ཏག་མེད་པ་དེ་འདྲ་ཡོང་གི་ཡོད།

                འདས་པའི་དུས་རབས་བཅུ་དགུ་པ་དང༌། དུས་རབས་ཉི་ཤུ་པའི་ནང་ང་རང་ཚོས་ཚོད་ལྟ་ཧ་ཅང་མང་པོ་ཞིག་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་གང་ཞིག་ཡོང་གི་འདུག་གམ་ཞེ་ན། ནང་གི་སེམས་རྒྱུད་མ་དུལ་ན། ཕྱི་ནས་སྒྲིག་འཛུགས་དང༌། སྒྲིག་ཁྲིམས། ཡིག་ཆ་བཟང་པོ་ཇི་འདྲ་ཞིག་གཏན་འབེབས་བྱས་ཀྱང་དེ་ཏག་ཏག་མི་ཡོང་བ་རེད། དེས་ན་གལ་ཆེ་ཤོས་ང་རང་ཚོ་ཉམས་སུ་ལེན་མཁན་གྱི་མི་རང་ཉིད་ཀྱིས་ནང་གི་གཤིས་རྒྱུད་དུལ་དགོས་པ་ཞིག་དང༌། ཁྲིམས་ཞེས་ཕྱི་ནས་ཁྲིམས་སུ་བཅའ་བ་ཧ་ཅང་ཁག་པོ་རེད། ནང་གི་སེམས་རྒྱུད་དུལ་ནས་རང་ཁྲིམས་རང་གིས་སྲུང་བའི་ཁྲིམས་ཤིག་བྱུང་ན། འདི་དངོས་གནས་དྲང་ནས་སྤྱི་ཚོགས་ལ་བསྒྱུར་བཅོས་ཐེབས་ཐུབ་པ་ཞིག་རེད་བསམ་པ་དྲན་གྱི་འདུག

                ཆོས་སྤྱི་དང་ལྷག་པར་སངས་རྒྱས་པའི་ཆོས་དེ་ཚེ་བློས་བཏང་སྟེ། དངོས་པོ་ཡར་རྒྱས་འགྲོ་བར་གནོད་ཀྱི་རེད་ཅེས་བརྗོད་མཁན་དང༌། འགའ་ཞིག་ལ་དེ་ལྟའི་མཐོང་ཚུལ་ཡང་ཡོང་གི་ཡོད། དེར་ང་ཚོས་བསམ་བློ་ཞིབ་ཕྲ་གཏོང་དགོས་པ་ཞིག་རེད། བསམ་བློ་ཞིབ་ཕྲ་བཏང་ན། གང་ཟག་སྒེར་པ་རེ་ཟུང་གིས་སྒྲུབ་པའི་རྒྱལ་མཚན་འཛིན་ཏེ། ཚེ་བློས་བཏང་སྟེ་མི་ཚེ་བཟང་མཐར་འཁྱོལ་བ་དེ་འདྲ་ཏན་ཏན་ཡོང་གི་ཡོད།

                དེ་མིན་སྤྱི་ཡོངས་ནས་བཤད་ན། ང་ཚོས་ཕུན་ཚོགས་སྡེ་བཞི་ཞེས་བཤད་ཀྱི་ཡོད་ཅིང༌། ཕུན་ཚོགས་སྡེ་བཞི་ཞེས་བརྗོད་སྐབས་རྒྱུ་གཉིས་དང་འབྲས་བུ་གཉིས་བཅས་བཞི་བཤད་པ་རེད། འབྲས་བུ་གཉིས་པོ་དེ་གང་ཞིག་རེད་དམ་ཞེ་ན། ཐར་པ་དང་འདོད་པའི་བདེ་སྐྱིད་གཉིས་ཡིན་ཏེ། གཏན་གྱི་ཐར་པའི་བདེ་སྐྱིད་དང༌། འདོད་ཡོན་གྱི་ཕུན་ཚོགས་ལ་བརྟེན་པའི་བདེ་སྐྱིད་བཅས་བསྒྲུབ་བྱ་འབྲས་བུ་གཉིས་དེ་ཡིན་ལ། དེ་སྒྲུབ་བྱེད་ཀྱི་ཐབས་ལ་ཐར་པ་སྒྲུབ་པ་དེ་ཉོན་མོངས་པའི་དགྲ་དང་འཐབ་པའི་ཆོས་དེ་རེད། འབྲས་བུ་འདོད་ཡོན་གྱི་ཕུན་ཚོགས་ལ་བརྟེན་པའི་བདེ་སྐྱིད་སྒྲུབ་པ་དེ་ནོར་རེད།

                དེས་ན། ཕུན་ཚོགས་སྡེ་བཞིའི་ལྟ་བ་དེས་གང་ཞིག་བཤད་ཀྱི་ཡོད་དམ་ཞེ་ན། དངོས་པོ་ཡར་རྒྱས་བཏང་དགོས་ལ། དངུལ་ཡང་བཟོ་དགོས་ཀྱི་ཡོད། དེར་བརྟེན་དེ་འདྲའི་སྡེ་བཞིའི་ཕུན་ཚོགས་བཤད་དགོས་པ་དེ་ཡང༌། ང་རང་ཚོའི་གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོ་དང༌། མཐར་ཐུག་གི་བསྒྲུབ་བྱ་ངེས་ལེགས་གཉིས་ལས། རང་ལ་ཆ་བཞག་ཀྱང་གནས་སྐབས་ཀྱི་བསྒྲུབ་བྱ་མངོན་མཐོའི་རྟེན་བརྒྱུད་ནས་ངེས་ལེགས་བསྒྲུབ་དགོས་ལ། སྤྱིར་གཞན་དོན་སྒྲུབ་པའི་གནས་སྐབས་ལ་ཆ་བཞག་ཀྱང༌། མཐར་ཐུག་ངེས་ལེགས་ལ་འགོད་རྒྱུ་ཡིན་ན་ཡང༌། འཕྲལ་དུ་མངོན་མཐོ་ལ་འགོད་དགོས་པ་ཞིག་གཞན་དོན་བསྒྲུབ་པའི་ནང་དུ་སླེབས་ཀྱི་ཡོད་ཅིང༌། གཞན་མངོན་མཐོའི་རྟེན་ལ་འགོད་དགོས་པ་དེ་ཡང༌། མངོན་མཐོ་དེ་ཟ་རྒྱུ་མེད་པ་དང༌། འཐུང་རྒྱུ་མེད་པ། ནད་ན་ཚས་གདུང་པའི་མངོན་མཐོ་ཞིག་ཡིན་ན། དེ་ཡག་པོ་གང་ཡང་མི་འདུག་ཅིང༌། རྣམ་སྨིན་ཡོན་ཏན་བརྒྱད་ལྡན་ཞེས་གསུངས་པ་ལྟར་མངོན་མཐོ་དེ་ཕུན་སུམ་ཚོགས་པ་ཞིག་དགོས་པ་ཡིན།

                དེས་ན། མངོན་མཐོ་ཕུན་སུམ་ཚོགས་པ་ཞིག་ཡོང་བ་ལ། ནང་གི་ཆ་རྐྱེན་ཡོད་ལ་ཕྱིའི་ཆ་རྐྱེན་ཡང་ཡོད། ཕྱིའི་ཆ་རྐྱེན་ལ་དངོས་པོ་ཡར་རྒྱས་དགོས་ཀྱི་འདུག་ཅིང༌། སངས་རྒྱས་པའི་ཆོས་ཀྱིས་བསྒྲུབ་བྱ་མངོན་མཐོ་ངེས་ལེགས་གཉིས་ཡོད་པ་དང༌། བསྒྲུབ་བྱ་མངོན་མཐོ་ངེས་ལེགས་གཉིས་དང་འབྲེལ་ནས་བཤད་སྐབས་ཕུན་ཚོགས་སྡེ་བཞི་བཤད་ཀྱི་ཡོད། དེར་བརྟེན་དངོས་པོ་ཡར་རྒྱས་འགྲོ་དགོས་ཤིང༌། དངོས་པོ་ཡར་རྒྱས་དེ་ཡང་གང་འདྲ་ཞིག་དགོས་སམ་ཞེ་ན། ལོག་འཚོས་མ་སླད་པའི་དངོས་པོ་ཡར་རྒྱས་ཤིག་དགོས་ལ། དྲང་བདེན་དང་གཞན་ཕན་གྱི་བསམ་པ་དང་འབྲེལ་བའི་སྟེང་ནས་དངོས་པོ་ཡར་རྒྱས་འགྲོ་བ་ཞིག་དགོས་པ་རེད།

                ཡང་ང་རང་ཚོས་འདི་ལྟར་དྲན་གྱི་ཡོད། བྱམས་བརྩེའི་ཉམས་ལེན་བྱས་ན་བཟོད་པ་སྒོམ་དགོས་ལ། བཟོད་པའི་ཉམས་ལེན་བྱས་ན་དུས་ནམ་གྱི་ཚེ་ཡང་ཕམ་ཁ་ཁྱེར་ནས་བསྡད་དགོས་པ་རེད། དྲང་པོ་མེད་པའི་སྤྱི་ཚོགས་ཀྱི་ནང་རྟག་ཏུ་ཕམ་ཁ་ཁྱེར་ནས་སྡོད་དགོས་བྱུང་ཚེ། དེ་དངོས་ཡོད་གནས་ཚུལ་དང་མ་རན་པ་རེད་བསམ་པ་དེ་འདྲ་དྲན་གྱི་ཡོད། དེ་ཡང་དེ་འདྲ་ཡིན་ས་མ་རེད། གཙོ་བོ་བཟོད་པ་སྒོམ་ཞེས་པ་དེ། ཕལ་ཆེར་ཞེ་སྡང་གི་བསམ་པ་སྐྱེ་བ་དང༌། ཞེ་སྡང་གི་བསམ་པའི་ཀུན་ནས་བསླངས་ཏེ་ཕ་རོལ་པོ་ལ་གནོད་འཚེ་བྱེད་པ་སྡོམ་རྒྱུ་དེ་གཙོ་བོ་བཟོད་པ་སྒོམ་པ་ཞེས་པ་དེ་ཡིན་པ་ལས། མཐའ་གཅིག་ཏུ་ཕམ་ཁུར་བའི་དོན་མིན།

                དཔེར་ན། བྱང་ཆུབ་སེམས་དཔའི་བསླབ་བྱའི་ནང༌། གལ་ཏེ་ཕ་རོལ་པོས་རང་དྲིན་རང་ལ་ཆུང་བའི་ནོར་འཁྲུལ་ཞིག་ཡོང་གི་ཡོད་ན། དེ་ལྡོག་དགོས་པ་རེད་ཅེས་དང༌། སྐྱོན་དང་འཚམས་པར་ཚར་མི་གཅོད་པ་དེ་ཉེས་པ་རེད། དེར་བརྟེན་སྐྱོན་དང་འཚམས་པ་ཚར་གཅོད་དགོས་ལ། བྱ་བ་ངན་པ་ལྡོག་དགོས་ཀྱི་ཡོད། བྱ་བ་ངན་པ་ལྡོག་རྒྱུ་དེ་ཕམ་མི་ཁུར་བར་ཕར་ལྡོག་པ་ཡིན་སྟབས། བྱང་ཆུབ་སེམས་དཔའ་དེ་དག་གིས་བཟོད་པའི་ཉམས་ལེན་མ་བྱས་པ་རེད་བརྗོད་ན་དེ་ལྟར་མིན། བཟོད་པའི་ཉམས་ལེན་བྱེད་ཀྱི་ཡོད་ལ།  བཟོད་པའི་ཉམས་ལེན་བྱས་པ་དང་ཆབས་ཅིག་ཕ་རོལ་པོའི་བྱ་སྤྱོད་དེ་ལྡོག་གི་ཡོད། དེས་ན་དེ་དག་དབྱེ་བ་ཕྱེ་དགོས་ཀྱི་འདུག

                བྱ་སྤྱོད་ངན་པ་བྱེད་མཁན་དེ་དང༌། བྱ་སྤྱོད་ངན་པ་གཉིས་པོ་དེ་ཁ་འཕྲལ་ནས། བྱ་སྤྱོད་ངན་པ་བྱེད་མཁན་གྱི་གང་ཟག་གམ་སེམས་ཅན་དེ། སྡུག་བསྔལ་མི་འདོད་ཅིང་བདེ་འདོད་པ་རང་དང་མཚུངས་པ་དང༌། རང་གི་གཉེན་དུ་གྱུར་པ་སོགས་ཀྱི་རྒྱུ་མཚན་གྱི་ཐོག་ནས་བརྩེ་བ་མ་བོར་བྱེད་དགོས། བརྩེ་བ་ཡོད་པས་ན། དཔེར་ན། བུ་ལ་བརྩེ་བ་ཡོད་མཁན་གྱི་མ་དེས། བུས་ནོར་འཁྲུལ་ཆེན་པོ་བྱས་ན་ནན་ཏུར་ཏམ་ཅུང་ཟད་རྩུབ་པོ་ཞིག་གི་ཐོག་ནས་ལྡོག་དགོས་བྱུང་ཡང་བྱེད་ཀྱི་ཡོད། དེ་ལྟར་བྱས་ཏེ་བརྩེ་བའི་དབང་གིས་ཕ་རོལ་པོའི་བྱ་བ་དང་སྤྱོད་པ་ངན་པ་དེ་དག་ལྡོག་དགོས་པ་ཞིག་རེད། ཡིན་ན་ཡང༌། ཕ་རོལ་པས་བྱ་སྤྱོད་ངན་པ་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཕ་རོལ་པོ་ལ་གནག་སེམས་སྐྱེ་རྒྱུ་མིན་པ་རེད།

                ཕ་རོལ་པོ་ལ་བརྩེ་བའི་བསམ་བློ་མ་དོར་བར་བརྩེ་བའི་བསམ་པས་ཀུན་ནས་བསླངས་ཏེ། ཕ་རོལ་པོའི་བྱ་བ་ངན་པ་ལྡོག་པའི་དེ་ལན་དེ་འཇལ་གྱི་ལན་དེ་སློག་དགོས་ཡོད་ཀྱང་སློག་དགོས་པ་ཞིག་ཆགས་ཀྱི་རེད། དེས་ན་བཟོད་པའི་ཉམས་ལེན་ཞེས་བརྗོད་སྐབས། ང་ཚོས་སྐབས་རེ་གོ་བ་ལོག་པར་ཐེབས་ཏེ། ནམ་དུ་ཡང་ཕམ་ཁུར་དགོས་པའི་སྐད་ཆ་མ་རེད། བྱེད་པ་པོ་དེ་དང་བྱ་བ་གཉིས་པོ་དེ་དབྱེ་བ་འབྱེད་རྒྱུ་དེ་རང་ཉིད་ལ་ལྟོས་སྐབས་ང་ཚོས་དབྱེ་བ་ཕྱེ་ཡི་ཡོད།

                དཔེར་ན། ང་ཚོས་བཤགས་པ་བྱེད་སྐབས་དབྱེ་བ་ཕྱེ་ཡི་ཡོད་པ་སྟེ། ངས་ནོར་སོང༌། ང་རང་མི་ཤེས་རྨོངས་པའི་དབང་གིས་ངས་ནོར་སོང་ཞེས་བརྗོད་སྐབས། རང་ཉིད་དཀར་པོ་བཟོ་ཡི་འདུག་ཅིང༌། རང་ཉིད་དཀར་པོ་བཟོས་ཏེ་བྱ་བ་ངན་པ་དེ་ནོར་སོང་ཞེས་བརྗོད་པ་རེད། ང་རང་ཚོ་མང་པོ་ཞིག་གིས་ལས་ལ་ཁག་དཀྲི་ནས། ང་རང་བྱ་འདོད་མེད་ཀྱང་ལས་ཀྱིས་དེད་ནས་ང་གྲྭ་པ་ལོག་སོང་ཞེས་དང༌། ང་རང་བསམ་པར་དེ་ལྟར་མེད་ཀྱང་ལས་ཀྱི་འདི་འདྲ་ཆགས་སོང་ཞེས་ལས་ལ་ཁག་འཇོག་པ་གཅིག་དང༌། ཅུང་ཙམ་གཏིང་ཟབ་ཏུ་བཏང་ན་ཉོན་མོངས་ལ་ཁག་བཞག་གི་ཡོད་ལ། ཉོན་མོངས་ལ་ཁག་བཞག་ཆོག་གི་རེད། ང་རང་རྩ་བ་ནས་བྱ་འདོད་མེད་ཀྱང་ཉོན་མོངས་ཀྱིས་མེད་པ་བཟོས་སོང་ཞེས་ང་ཚོས་ཉོན་མོངས་ལ་ཁག་བཞག་གི་ཡོད།

                མདོར་ན་མི་ལ་གཡབ་མ་བྱས་པར་རང་ཉིད་དཀར་པོ་བཟོ་བའི་གཡབ་བྱེད་ཀྱི་འདུག་ཅིང༌། མི་དེའི་རྒྱུད་ཀྱི་ཉོན་མོངས་ཀྱིས་བྱས་པ་རེད་ཅེས་དང༌། དེའི་ལས་ཀྱིས་བྱས་པ་རེད་ཅེས་མི་བརྗོད་པར། ཁོས་བྱས་པ་རེད་ཅེས་བརྗོད་ཀྱི་འདུག་པ་དེ་དྲང་པོ་མ་རེད། ང་རང་ཚོས་ནམ་རྒྱུན་དབྱེ་བ་ཕྱེས་ཀྱི་ཡོད་ལ། དབྱེ་བ་ཕྱེ་བ་དེ་ཅུང་ཙམ་རྒྱ་ཆེ་རུ་བཏང་སྟེ། གཞན་གྱི་སྟེང་ལ་ཡང་དབྱེ་བ་དེ་ལྟར་ཕྱེ་སྟེ་བསམ་བློ་བཏང་ན། བཟོད་པའི་ཉམས་ལེན་ཞེས་པ་དེ་རླབས་ཆེན་ཞིག་ཡིན་པ་ལས། གྱོང་ཁུར། དཔའ་ཞུམ། བྱབ་ཆུང་དེ་འདྲ་རྩ་བ་ནས་མ་རེད། དེ་ལྟར་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་ཡག་པོ་ཞིག་ཤེས་ན། ཕན་ཡོན་དེ་དངོས་ཡོད་གནས་ཚུལ་བསྟུན་ནས་འགྲོ་དགོས་པ་ཞིག་རེད།

                གཉིས་ནས་བཟང་དང་ངན་ཞེས་པ་དེ་ཡང༌། རྐྱེན་ལ་ལྟོས་ནས་འགྲོ་དགོས་ཤིང༌། ལྟོས་ས་ལྟོས་འཇོག་གི་ཐོག་ནས་བཟང་དང་ངན་འགྲོ་བ་ཞིག་རེད། ཡང་དག་པ་དང་ཡང་མ་དག་པ་ཞེས་པ་དེ་ལྟོས་ས་ལྟོས་འཇོག་གི་ཐོག་ནས་འགྲོ་རྒྱུ་རེད། མདོར་ན་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་འགྲོ་དགོས་པ་ཞིག་རེད།

                གཙོ་བོ་ཀུན་སློང་དང་བསྒྲུབ་བྱ་དེ་རྒྱུ་མཚན་ལྡན་པ་ཡང་དག་པ་ཞིག་ཡིན་ན། གཙོ་བོ་དེའི་སྟེང་ནས་འགྲོ་བ་ཞིག་དང༌། སྤྱིར་ཁེ་ཕན་དང་ཡང་སྒོས་རྒྱ་ཆེ་ཆུང་གི་སྟེང་ནས་བསམ་བློ་བཏང་སྟེ་ཐག་གཅོད་བྱས་ནས་འགྲོ་རྒྱུ་ཞིག་ལས། རྣམ་པ་ཐམས་ཅད་དུ་འདི་ཁོ་ན་སྟེ། ཡུལ་དུས་གནས་སྐབས་གང་ལ་ཡང་འདི་ཁོ་ན་རེད་ཅེས་བཤད་པ་ཞིག་མེད། ཡང་དག་པ་འདི་ཁོ་ན་རེད་ཅེས་བརྗོད་ཐུབ་རྒྱུ་ཕལ་ཆེར་མེད། མདོར་ན་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་དེ་ཧ་ལས་པ་ཞིག་རེད། དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། དངོས་ཡོད་གནས་ཚུལ་གང་ཞིག་ཡོད་ཀྱང་དེ་ལ་གཞིགས་པས་འགྲོ་སྟངས་ཤིག་ཆགས་ཡོད།

 

རྟེན་འབྲེལ་བསྟོད་པའི་རྩ་འགྲེལ་

འདི་ནས་མུ་མཐུད་པ་ཡིན།

 

                དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་ཚུལ་ཐོག་མར་ཡུལ་དུས་བྱེ་བྲག་པ་ཞིག་ལ་སྟོན་པས་སངས་རྒྱས་པའི་མཛད་པ་མཛད་ནས་ཆོས་གསུངས་པ་ཞིག་ཡོང་གི་ཡོད༌། ང་རང་ཚོའི་བསྟན་པ་འདིའི་དབང་དུ་བྱས་ན། ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལ་སྟོན་པ་བཀའ་དྲིན་ཅན་འདིས་རྒྱ་གར་འཕགས་པའི་ཡུལ་དུ་ནང་ཆོས་ཐོག་མར་གསུངས་ཤིང༌། ཆོས་འཁོར་བསྐོར་ནས་བསྟན་པ་དར་བ་ཞིག་ཆགས་ཡོད་པ་རེད།

                དེ་ལྟའི་སྟོན་པ་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང༌། ལྷག་པར་དེ་ཁོ་ན་ཉིད་ཇི་མ་ཇི་བཞིན་མཁྱེན་པའི་སྒོ་ནས་གཞན་ལ་བརྩེ་བའི་དབང་གིས་འདོམས་པར་མཛད་པའི་ཐོག་ནས་བསྟོད་པ་སྤྱི་བྱིངས་རྣམས་གྲུབ་ནས། རྟེན་འབྱུང་སྟོང་པ་ཉིད་ཀྱི་ལྟ་བའི་ཚུལ་འདིའི་ཆེད་དུ་སྟོན་པ་ཉིད་ཀྱིས་ཀྱང་སྐུ་ཚེ་མང་པོའི་རིང་དུ་སྐུ་ལས་ཧ་ཅང་ཆེན་པོ་བསྐྱོན་འདུག་ཅེས་གསུངས་པ་རེད།

 

འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །

ལ་ལར་སྐུ་དང་གཞན་དུ་སྲོག །

སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས། །

གྲངས་མེད་བསྐལ་པར་ཡང་ཡང་བཏང༌། །

                ཞེས་འདི་ཡི་ཕྱིར་དུ་སྟོན་པ་ཁྱོད་ཀྱིས་ནི་སྐབས་འགའ་ཞིག་གི་ཚེ་སྐུ་ལུས་གཏོང་བ་དང༌། གཞན་གྱི་བྲན་དུ་ཕེབས་པ། སྐབས་ལ་ལར་སྤྱན་སྦྱིན་པ་ལ་སོགས་པའི་སྐུ་གཏོང་བ་དང༌། ཡང་ན་སྐུའི་ཆ་ཤས་གཏོང་བ། ཡང་ན་སྲོག་གཏོང་བ་དང༌། དེ་བཞིན་སྡུག་པའི་གཉེན་དང་རང་གི་ལོངས་སྤྱོད་ཚོགས་གཏོང་བར་མཛད་ཡོད་ཅིང༌། དེ་ཡང་ལན་གཅིག་གཉིས་མིན་པར་བསྐལ་པ་གྲངས་མེད་པའི་རིང་ལ་ཡང་ནས་ཡང་དུ་བཏང་བར་མཛད་པ་རེད་ཅེས་པའོ།།

                རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཕྱོགས་ལ་སྤྱོད་འཇུག་ལས།

བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །

ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །

                ཞེས་གསུངས་པ་ལྟར་ཟབ་མོའི་ཕྱོགས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་གཞི་སྒོ་གཉིས་པ་མེད་པར། ཐོབ་པའི་ཐབས་གཅིག་ཏུ་ངེས་པ་དེ་ཟབ་མོའི་ཕྱོགས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཆགས་ཡོད། དེས་ན།

གང་གི་ཡོན་ཏན་མཐོང་བ་ཡིས། །

ལྕགས་ཀྱུས་ཉ་ལ་ཇི་བཞིན་དུ། །

ཉིད་ཀྱི་ཐུགས་དྲངས་ཆོས་དེ་ནི། །

ཁྱོད་ལས་མ་ཐོས་སྐལ་པ་ཞན། །

                ཞེས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གང་གི་ཡོན་ཏན་མཐོང་བ་ཡིས། དཔེར་ན། ལྕགས་ཀྱུས་ཉ་དྲངས་པ་ཇི་བཞིན་དུ། སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱི་ཐུགས་དབང་མེད་དུ་དྲངས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་དེ་ནི། བཅོམ་ལྡན་འདས་རང་གིས་ཀྱང་ཐུགས་གཙིགས་ཆེན་པོ་མཛད་ཅིང༌། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་ཉམས་བཞེས་གནང་སྟེ་ཐར་པ་ཐོབ་པ་ལ་མེད་ཐབས་མེད་པར་གཟིགས་པའི་ཆོས་ཚུལ་བཟང་པོ་འདི། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་གདུལ་བྱར་གནད་འགག་འདི་གཟིགས་པའི་ཐོག་ནས། རང་དབང་མེད་པར་འདོམས་པར་མཛད་པ་རེད་ཅེས་པའི་དོན་ཡིན།

                དཔེར་ན། བྱང་ཆུབ་སེམས་བསྐལ་པ་དུ་མར་བསྒོམས་ནས་མཐའ་གཅིག་ཏུ་གདུལ་བྱ་རྣམས་ལ་ཕན་པ་དེ། བྱང་ཆུབ་ཀྱི་སེམས་ཡིན་པ་དགོངས་ནས་བསྟན་པ་རེད་གསུངས་པ་རེད། དེ་འདྲ་བའི་ཆོས་ཚུལ་དེ་ཁྱོད་ལས་མ་ཐོས་པ་ནི་སྐལ་པ་ཞན་པོ་རེད་ཅེས་རྗེ་རིན་པོ་ཆེ་རང་ཉིད་འདི་འདྲའི་དགོངས་པ་ཞིག་འཁོར་ནས་ཐུགས་ཀྱི་ཚོར་བ་དེ་ཞལ་ནས་མར་ཐོན་ཏེ་གསུངས་པ་ཞིག་རེད།

དེ་ཡི་མྱ་ངན་ཤུགས་ཀྱིས་ནི། །

སྡུག་པའི་བུ་ལ་མ་ཡི་ཡིད། །

རྗེས་སུ་སོང་བ་ཇི་བཞིན་དུ། །

བདག་གི་ཡིད་ནི་གཏོང་མི་བྱེད། །

                ཅེས་སྡུག་པའི་བུ་གཅིག་པོ་ལ་མ་ཡི་རྗེས་སུ་སོང་བ་ལྟར་བྱས་ཏེ། སྟོན་པ་བཀའ་དྲིན་ཅན་འདིའི་དྲུང་ནས་དེ་འདྲ་བའི་ཆོས་ཚུལ་ཟབ་མོ་ཐོས་པའི་སྐལ་པ་བྱུང་མ་སོང་དགོངས་ནས་ནམ་དུ་ཡང་སེམས་ནས་བརྗེད་དུ་མེད་པར་སེམས་ནང་འཁོར་བ་ཞིག་ཡོང་གི་འདུག་ཅེས་སོ།།

 

འདི་ལའང་ཁྱོད་གསུང་བསམ་པ་ན། །

མཚན་དཔེའི་དཔལ་གྱིས་རབ་ཏུ་འབར། །

འོད་ཀྱི་དྲ་བས་ཡོངས་བསྐོར་བའི། །

སྟོན་པ་དེ་ཡི་ཚངས་དབྱངས་ཀྱིས། །

འདི་ནི་འདི་ལྟར་གསུངས་སྙམ་དུ། །

ཡིད་ལ་ཐུབ་པའི་གཟུགས་བརྙན་ནི། །

ཤར་བ་ཙམ་ཡང་ཚ་བ་ཡིས། །

གདུངས་ལ་ཟླ་ཟེར་བཞིན་དུ་སྨན། །

                ཞེས་དེ་ལྟ་ན་ཡང་བཅོམ་ལྡན་འདས་ནི། རྗེ་རིན་པོ་ཆེ་ཁོ་རང་དང༌། ང་རང་ཚོས་མཇལ་ནས་གསུང་ཐོས་རྒྱུ་བྱུང་མེད་ཀྱང༌། བཅོམ་ལྡན་འདས་ཀྱི་གསུང་དེ་དག་དངོས་སུ་གཟིགས་རྒྱུ་ཡོད་པ་དང༌། དེ་བཞིན་བཅོམ་ལྡན་འདས་ཀྱི་བཀའི་དགོངས་འགྲེལ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་མཛད་པའི་གསུང་ང་རང་ཚོར་གཟིགས་རྒྱུ་ཡོད་པའི་གསུང་རྒྱ་ཆེ་ཞིང་གཏིང་ཟབ་པ། དངོས་གནས་དྲང་གནས་ཚིག་ལ་བསམ་ན་ཚིག་ལ་བསམ་བློ་གཏོང་རྒྱུ་ཡོད་པ་དང༌། དོན་ལ་བསམ་ན་དོན་ལ་བསམ་བློ་གཏོང་རྒྱུ་ཡོད་པ། དཔྱད་པ་བྱས་ན་དཔྱད་པ་བྱ་རྒྱུ་ཡོད་པ། དཔྱད་ནས་དཔྱད་དོན་དོན་རྒྱུད་ཐོག་ཏུ་བསྐྱལ་ན་སེམས་དུལ་རྒྱུ་ཡོད་པའི་ཆོས་ཚུལ་འདི་སྟོན་པས་གསུང་ཚུལ་དྲན་སྐབས་སྐུ་མཚན་དཔེས་བརྒྱན་པ། འཁོར་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་ནས་ཡོད་པ། སུ་ལའང་འཚེ་བ་ནམ་ཡང་མི་མཛད་པ་དེ་ལྟ་བུའི་སྟོན་པ་ཞི་ཞིང་དུལ་བ། མཁྱེན་བརྩེ་ནུས་གསུམ་མཐར་ཕྱིན་པའི་སྟོན་པའི་སྐུའི་རྣམ་པ་དེ་དག་ཤར་སྐབས། དཔེར་ན། ཚ་བས་གདུང་པ་ལ་ཟླ་ཟེར་ཕོག་སྐབས་བསིལ་བའི་རེག་བྱ་སྟེར་བ་ལྟར་ཡོང་གི་འདུག་ཅེས་གསུངས་པ་རེད།

དེ་ལྟར་རྨད་དུ་བྱུང་བ་ཡི། །

ལུགས་བཟང་དེ་ཡང་མི་མཁས་པའི། །

སྐྱེ་བོས་བལ་པ་ཛ་བཞིན་དུ། །

རྣམ་པ་ཀུན་ཏུ་འཛིངས་པར་བྱས། །

 

ཚུལ་འདི་མཐོང་ནས་བདག་གིས་ནི། །

འབད་པ་དུ་མས་མཁས་པ་ཡི། །

རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། །

དགོངས་པ་ཡང་དང་ཡང་དུ་བཙལ། །

 

དེ་ཚེ་རང་གཞན་སྡེ་པ་ཡི། །

གཞུང་མང་དག་ལ་སྦྱངས་པ་ན། །

ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། །

བདག་གི་ཡིད་ནི་ཀུན་ཏུ་གདུངས། །

                ཞེས་གསུངས་ཏེ། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་བཀའ་དྲིན་ཅན་འདིས། གདུལ་བྱའི་ཁམས་དང་མོས་པའི་དབང་ལས་ཆོས་ཚུལ་མཐའ་ཡས་པ་ཞིག་གསུངས་ཡོད་ཅིང༌། རྩ་བ་མཐར་ཐུག་དེ་ཁོ་ན་ཉིད་ལ་འབབ་པ་ཤ་སྟག་ཡིན་ན་ཡང༌། གདུལ་བྱའི་ཁམས་དང་མོས་པའི་ཁྱད་པར་ལས། སྒྲ་ཇི་བཞིན་པ་ཁས་བླང་དུ་རུང་བ་དང་མི་རུང་བའི་མདོ་སྡེ་སྣ་ཚོགས་ཡོད་པ་དང༌། དེ་བཞིན་དགོངས་འགྲེལ་ལ་ཆ་བཞག་ཀྱང༌། ས་གསུམ་བརྙེས་པའི་འཕགས་པ་ཐོགས་མེད་ལྟ་བུ་དངོས་གནས་དྲང་ནས་འཕགས་པའི་ས་བརྙེས་པ་ཞིག་རེད། ས་གསུམ་པ་བརྙེས་པའི་འཕགས་པ་ཐོགས་མེད་ཅེས་ཡོངས་གྲགས་སུ་དེ་ལྟར་གསུངས་ཀྱི་ཡོད་པ་ལྟར་ཡིན་ན་ཡང༌། གདུལ་བྱའི་དབང་ལས་སྐབས་རེར་ཤེར་ཕྱིན་གྱི་མདོའི་དགོངས་དོན་གྱི་དེ་ཁོ་ན་ཉིད་སྒྲ་ཇི་བཞིན་པར་མི་གསུངས་པར། དགོངས་པ་གཞན་དུ་བཀྲལ་ནས་གསུངས་ཀྱི་ཡོད་པ་རེད། དཔེ་ཆ་བཞག་ན། དབྱིག་གཉེན་གྱིས་གསུང་སུམ་ཅུ་པ་ལས།

ངོ་བོ་ཉིད་ནི་རྣམ་གསུམ་གྱི། །

ངོ་བོ་ཉིད་མེད་རྣམ་གསུམ་ལ། །

དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །

ངོ་བོ་ཉིད་མེད་བསྟན་པ་ཡིན། །

                ཞེས་ཤེར་ཕྱིན་གྱི་མདོའི་ནང་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་རེད་ཅེས་གསུངས་པ་དེ་དག་སྒྲ་ཇི་བཞིན་པ་ཁས་བླང་ན། ཁམས་དང་མོས་པ་ལ་མ་རན་པར་ཆད་མཐའ་ལ་འགྲོ་བའི་ཉེན་ཁ་ཡོད་པ་དེ་དག་གི་ངོར་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པར་ངོ་བོ་ཉིད་མེད་པ་ཞེས་མཚན་ཉིད་ཟུར་དུ་ཕྱེ་ནས། མཚན་ཉིད་རང་རང་གི་ངོ་བོ་ཉིད་མེད་ཚུལ་གྱི་སྟེང་ནས་ངོ་བོ་ཉིད་མེད་པར་བཀྲལ་བ་དེ་འདྲ་ཞིག་གསུངས་ཀྱི་ཡོད།

                དེ་དག་གི་ཁུངས་གཏུགས་ས་མདོ་སྡེ་དགོངས་འགྲེལ་ལྟ་བུ་བཅོམ་ལྡན་འདས་རང་ཉིད་ཀྱི་གསུངས་ཀྱི་ཡོད། དེ་ལྟ་བུའི་སྒོ་ནས་ཧ་ཅང་ཞིབ་ཚགས་ཤིང༌། གཞུང་གོང་འོག་མང་པོ་བསྒྲིགས་ནས་གཟིགས་ན་ལས། གཞུང་ཚན་གཅིག་བླངས་ཏེ་ཐུབ་པའི་དགོངས་པ་འདི་རེད་ཅེས་གསུངས་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་རེད།

                རྒྱ་གར་མཁས་པའི་ནང་དུའང་དེ་ལྟར་བྱུང་ཞིང༌། དབུ་མ་པར་ཆ་བཞག་ན། ཆོས་ཐམས་ཅད་བདེན་སྟོང་ཞལ་གྱིས་བཞེས་མཁན་གྱི་ནང་ནས་དབུ་མ་པ་རིགས་འགའ་ཤས་ཀྱིས་མདོ་སྡེ་དགོངས་འགྲེལ་ལྟ་བུ་ངེས་དོན་སྟོང་ཉིད་ཕྲ་མོ་སྟོན་པའི་གཞུང་ལ་བརྩིས་པ་གནང་སྟེ། མཚན་ཉིད་གསུམ་གྱི་རྣམ་གཞག་གསུངས་པ་དེ་དག་གི་སྟེང་ནས། དོན་དམ་པའི་ཁྱད་པར་སྦྱར་ཏེ་ཕར་ཚུར་བཀྲལ་སྟངས་དེ་འདྲ་ཡོང་གི་འདུག དེར་བརྟེན་ཧ་ཅང་གི་ཞིབ་ཚགས་པོའི་ཐོག་ནས་དཔྱད་ཞིབ་ཡུན་རིང་གནང་ན་ལས། འཕྲལ་མར་ཤེས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

                དེ་བཞིན་དབུ་མ་བཞི་བརྒྱ་པ་གནས་བརྟན་ཆོས་སྐྱོང་གིས་སེམས་ཙམ་པའི་ལུགས་སུ་བཀྲལ་ཡོད། དེ་དག་གིས་མཚོན་རྒྱ་གར་མཁས་པ་ཚོས་གསུང་པ་པོ་རང་ཉིད་ཀྱི་དགོངས་པ་ཡིན་མིན་ཇི་ལྟར་ཡང༌། བསྟན་བཅོས་མཛད་པའི་གསུང་རབ་ཀྱི་དགོངས་པ་འདྲ་མིན་ཡོང་གི་ཡོད། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་གདུལ་བྱའི་ཁམས་དང་མོས་པ་ལས་གསུངས་པ་དེ་འདྲ་ཡང་ཡོང་གི་ཡོད།

                དེ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དུས་རབས་བདུན་པ་བརྒྱད་པ་ནས་དར་ཏེ། རིམ་བཞིན་བོད་ལ་གྲུབ་མཐའི་དབང་དུ་བྱས་ན། སྤྱིར་ཐེག་ཆེན་གྱི་གྲུབ་མཐའ་གཙོ་ཆེ་བར་བརྩི་ཡི་ཡོད་ལ། དེའི་ནང་ནས་དབུ་མ་པའི་གྲུབ་མཐའ་གཙོ་ཆེ་བར་བརྩི་ཡི་ཡོད། འོན་ཀྱང་བྱེ་བྲག་སྨྲ་བའི་གཞུང་འགྱུར་ཡོད་ལ། མདོ་སྡེ་བའི་གཞུང་རང་མཚན་པ་གང་ཞིག་ཡོད་མེད་མི་ཤེས་ཀྱང༌། རྣམ་བདེན་པས་མདོ་སྡེ་པའི་འདོད་པ་ཡང་གསུངས་ཀྱི་ཡོད། དེ་ལྟར་གྲུབ་མཐའ་སྨྲ་བ་བཞི་ཆར་གྱི་འདོད་པ་ཧ་ལམ་བོད་ཡིག་ནང་དུ་བསྒྱུར་ཡོད་པ་རེད།

                ལྷག་དོན་གྲུབ་མཐའ་གོང་མ་དབུ་སེམས་ཀྱི་གྲུབ་མཐའི་སྐོར་གྱི་གཞུང་མང་པོ་བོད་སྐད་དུ་ཡོད་ལ། དེ་བཞིན་མདོ་ཧ་ཅང་མང་པོ་ཞིག་ཀྱང་ཡོད་པ་རེད། དེའི་སྟེང་ལ་སྣོན་མ་སྔགས་ཀྱི་རྒྱུད་སྡེའི་གཞུང་མང་པོ་ཞིག་སླེབས་ཡོང་གི་ཡོད། དེ་དག་གི་སྐབས་སུའང་དོན་དམ་བདེན་པ་གསུངས་པ་ལྟ་བུ་དང༌། སྟོང་པ་ཉིད་གསུངས་པ་ལྟ་བུ་ཚིག་ཧ་ཅང་མང་པོ་ཞིག་གཅིག་པ་ཐོན་ཡོང་གི་ཡོད། ཡིན་ན་ཡང་སྐབས་ཐོག་གི་དགོངས་པ་བཞེས་ས་སྐབས་རེ་མི་འདྲ་བ་ཡོང་གི་ཡོད། དཔེར་ན། རྗེ་བཙུན་བྱམས་མགོན་གྱི་དབུས་མཐའ་ལས།

དོན་དང་ཐོབ་དང་སྒྲུབ་པ་ནི། །

དོན་དམ་རྣམ་པ་གསུམ་དུ་འདོད། །

                ཅེས་གསུངས་པ་ལྟར་དོན་དམ་ཞེས་པའི་ཚིག་གཅིག་དེ་དོན་མི་འདྲ་བ་མང་པོར་འཇུག་གི་ཡོད་ཅིང༌། གྲུབ་མཐའ་གཅིག་གི་ནང་དུའང་སྐབས་ཐོག་གི་དོན་མི་འདྲ་བར་འཇུག་ས་ཡོད། གྲུབ་མཐའ་མི་འདྲ་བའི་དབང་གིས་དོན་དམ་བདེན་པ་ཞེས་པའི་ཚིག་གཅིག་ཡིན་ན་ཡང༌། དོན་ལ་བསམ་བློ་བཏང་ས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེས་ན་སྔགས་ཀྱི་གཞུང་དེ་དག་ལའང་གཅིག་སླེབས་ཤིང༌། སྔགས་གཞུང་གི་ནང་དུའང་གསང་བ་འདུས་པ་ལ་སོགས་པའི་སྔགས་གཞུང་སྡེ་ཚན་ལྟ་བུ་གཅིག་དང༌། སེམས་འབྲེལ་སྐོར་གསུམ་ལྟ་བུ་དུས་ཀྱི་འཁོར་ལོ་སྟེ།

མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །

ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད། །

                ཅེས་རྟོགས་བརྗོད་མདུན་ལེགས་མ་ལས་གསུངས་པ་ལྟར་རེད། དེ་འདྲའི་གསུངས་སྟངས་མི་འདྲ་བ་ཡོད་པས་ན། དེ་དག་ཀུ་ཤའི་རྩེ་མོ་ལྟར་མ་འདྲེས་པར་དཔྱད་ཤེས་པ་ཞིག་དང༌། གཞུང་གོང་འོག་ཐམས་ཅད་གུང་བསྒྲིགས་ནས། རྗེ་རིན་པོ་ཆེས་རྟོགས་བརྗོད་མདུན་ལེགས་མ་ལས།

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །

ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །

                ཞེས་གསུངས་པ་ལྟར་ཞིབ་འཇུག་གནང་སྟེ་དགོངས་པ་དཔྱིས་ཕྱིན་པ་ཞིག་ལོན་དགོས་པ་ལས། ཧོབ་སྟེ་རོབ་ཙམ་གཟིགས་ན་བཤད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཆོས་ཚུལ་འདི་འཕགས་པའི་ཡུལ་གྱི་མཁས་པའི་སྐྱེས་བུ་མང་པོ་དང༌། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་སྐྱེས་བུ་མང་པོས་རང་རང་གིས་སྐབས་རེར་གདུལ་བྱའི་དབང་གི་ཡིན་རྒྱུ་རེད། སྐབས་རེར་ཉམས་མྱོང་བརྡ་ཡིས་སྤྲོད་པའི་ལུགས་ཞེས་པ་ཞིག་ཡོད་པ་རེད། གུང་ཐང་ཚང་གི་བསྟོད་པ་དོན་ལྡན་མ་ལས།

ཉམས་མྱོང་བརྡ་ཡི་ཆིག་ཐང་དེ། །

ཕན་འགའ་སྲིད་ཀྱང་གོལ་བ་མང༌། །

དགག་སྒྲུབ་སྦྱོར་བ་ཀུན་ཚང་བ། །

ཁྱོད་གསུང་ཐར་འདོད་ཡོངས་ཀྱི་གསོས། །

 

                ཞེས་གསུངས་པ་ལྟར་ཉམས་མྱོང་བརྡ་ཡི་ལུགས་སུ་བྱས་ཏེ། སྟོང་ཉིད་གཏན་ལ་འབེབས་པའི་གཞུང་དེ་འདྲ་ཡང་ཡོང་གི་ཡོད། དཔེར་ན། གྲུབ་ཐོབ་ཆེན་པོ་ཚོས་མགུར་མའི་ཚུལ་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསུངས་སྐབས། དེ་དག་དབུ་ཚད་ཀྱི་གཞུང་གོང་འོག་ཐམས་ཅད་བསྒྲིགས་ནས་གསུངས་པ་ཞིག་ཆགས་ཀྱི་མེད། ཉམས་མྱོང་གི་སྟེང་ནས་སྐབས་སུ་བབ་པའི་སློབ་མ་རྒྱུད་སྨིན་པ་ཞིག་ལ་ཐད་ཀར་གསུངས་པ་ཞིག་དང༌། འདི་དག་སྐབས་རེ་གཞུང་གི་ཚིག་གསུང་སྟངས་རླིང་པོའམ་གཞི་རྒྱ་ཆེན་པོ་བྱས་ཏེ་གསུངས་པ་དེ་འདྲ་ཡོང་རྒྱུ་འདུག་ཅིང༌།

                མདོར་ན་དེ་ལྟའི་དབང་གིས་གསལ་པོ་མེད་པར་འཛིངས་པ་ལྟར་ཏེ། རྩྭ་བལ་པ་ཛ་ཞེས་རྩྭ་རྟག་ཏུ་འཛིངས་མཁན་ཞིག་ཡོད་པ་དེ་བཞིན་གསལ་པོ་མེད་པ་དེ་འདྲར་འགྲེལ་སྟངས་སམ་གསུང་སྟངས་སྣ་ཚོགས་ཤིག་ཡོང་བས་ན། དེ་ལྟ་བུའི་རང་གི་སྡེ་པ་དང་གཞན་གྱི་སྡེ་པའི་གཞུང་མང་དག་ལ་སྦྱངས་པ་ན། ཕྱི་ཕྱིར་ཐེ་ཚོམ་གྱི་དྲ་བའི་ནང་དུ་ཚུད་དེ་ཡིད་ལ་གདུང་བ་སྐྱེས་པ་དེ་འདྲ་བྱུང་ཞེས་གསུངས་པ་རེད།

                རྗེ་རིན་པོ་ཆེ་སྐུ་གཞོན་ནུའི་སྐབས་ནས་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བར་ཧ་ཅང་གི་ཐུགས་སྣང་ཆེན་པོ་ཡོད་ཅིང༌། གཙོ་བོ་ཕྱིས་སུ་མིན་ནམ། ཆུང་ཆུང་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་སྤྱན་གྱི་འབྲས་བུ་བཞིན་བསྐྱངས་ཤིང༌། དེ་ནས་དབུས་གཙང་དུ་ཕེབས་ཏེ་སློབ་གཉེར་གནང༌། བླ་མ་དབུ་མ་པ་དང་མཇལ། བླ་མ་དབུ་མ་པར་སྐུ་གཞོན་ནུའི་སྐབས་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ཡོད་ཅིང༌། རིམ་བཞིན་རྗེ་རིན་པོ་ཆེ་རང་ལ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་བྱུང་ལ། རྗེ་རིན་པོ་ཆེའི་སྲས་ཀྱི་ཐུ་བོའི་གྲས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོར་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་ཡོད་པ་རེད།

                བླ་མ་དབུ་མ་པར་ཐོག་མར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་སྐབས། བླ་མ་དབུ་མ་པ་ཁམས་པ་རེད་འདུག་ཅིང༌། ཁོང་ལུག་རྫི་གནང་ནས་བཞུགས་པའི་སྐབས་ལ། ཉིན་ཞིག་ལུག་འཚོས་ནས་བཞུགས་ས་ཞིག་ཏུ་གློ་བུར་དྲན་མེད་དུ་བརྒྱལ་བ་ལྟ་བུ་བྱུང་ཞིང༌། དྲན་མེད་དུ་བརྒྱལ་བ་དེ་ལས་ཡར་སོས་སྐབས་མདུན་དུ་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་ནག་པོ་ཞིག་ཞལ་གཟིགས་པ་རེད། དུས་དེ་ནས་བཟུང་སྟེ་འབྲལ་མེད་དུ་རྗེས་སུ་འཛིན་ཅིང་ཐུགས་དོགས་ཤིག་བྱུང་ཡང་འཇམ་དབྱངས་ཞལ་གཟིགས་མཁན་བཅས་བླ་མ་དབུ་མ་པ་དེ་འདྲ་ཞིག་ཡོད་པ་རེད།

                ཡང་རྗེ་རིན་པོ་ཆེར་ཕྱིས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་སྐབས་རྗེ་རིན་པོ་ཆེར་ཞལ་གཟིགས་པའི་རྗེ་བཙུན་འཇམ་དཔལ་དབྱངས་དེ། བཀའ་མོལ་དེ་ཙམ་མི་གནང་མཁན་ཐུགས་སྒམ་པོ་ཞིག་ཡོད་ལ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོར་ཞལ་གཟིགས་པའི་རྗེ་བཙུན་འཇམ་དཔལ་དབྱངས་དེ། བཀའ་མོལ་མང་པོ་གནང་མཁན་ཞིག་ཡིན་པ་རེད། དེ་དག་གང་ལ་ཞལ་གཟིགས་སའི་རྣལ་འབྱོར་བ་དེའི་རྩ་དང་ཁམས་སོགས་མང་པོ་ཞིག་གི་ཁྱད་པར་ཡོད་ས་རེད།

                སྐབས་ཤིག་རྗེ་བཙུན་འཇམ་དཔལ་དབྱངས་ལ་རྗེ་རིན་པོ་ཆེ་རང་ཉིད་དབུ་མ་པ་ཡིན་ཤག་ཏུ་བརྩིས་གནང་མཛད་དེ། ངའི་ལྟ་བ་འདི་ཐལ་རང་གི་ལྟ་བ་གང་ཞིག་ཆགས་ཡོད་མེད་བཀའ་དྲི་ཞུས་པ་རེད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གང་ཡང་མིན་ཞེས་གསུངས་པ་རེད། འོ་ན་གང་ཞིག་བྱེད་དགོས་སམ་ཞེས་ཞུ་སྐབས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཚིག་མཁྲེག་པོ་འགའ་ཞིག་གསུངས་སྐབས། དེ་དག་མི་གོ་ལགས་ཞེས་ཞུས་པར།

                རྗེ་བཙུན་གྱིས། ཚོགས་བསགས་སྒྲིབ་སྦྱོང་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་ཨུ་ཚུགས་བརྒྱབ་ནས་སློབ་གཉེར་གནང་དགོས་པ། དེ་བཞིན་ལྷ་དང་བླ་མར་གསོལ་འདེབས་བྱེད་རྒྱུ་བཅས་གསུམ་འབྲེལ་དུ་བྱས་ནས་གཙོ་བོ་གཞུང་ཆེན་མོར་ལྟ་རྟོགས་བྱེད་རྒྱུ་དང༌། ཚོགས་བསགས་སྒྲིབ་སྦྱངས་བྱེད་རྒྱུ། ལྷ་དང་བླ་མར་གསོལ་འདེབས་བྱེད་རྒྱུ་དེ་དག་གི་སྟེང་ནས་ཡུན་བསྲིངས་ནས་ཉམས་ལེན་གནང་ན། རིང་པོར་མི་ཐོགས་པར་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་མྱུར་བར་རྟོགས་ཐུབ་ཅིང༌།  དེ་རྟོགས་པ་ལ་ངས་ད་ལྟ་བརྗོད་པའི་ཚིག་དེས་ཕན་ཐོགས་ཡོང་ཞེས་སྩལ་ཡོད།  དེ་རྗེས་བྱ་བྲལ་ལ་ཕེབས་ཏེ་ཚོགས་བསགས་སྒྲིབ་སྦྱོང་དཀའ་སྤྱད་སྙིང་རུས་ཆེན་པོ་གནང་བ་རེད།

                དེར་བརྟེན་རྗེ་རིན་པོ་ཆེས་ཀྱང་ལས་སླ་པོའི་ཐོག་ནས་དབུ་མའི་ལྟ་བ་རྟོགས་པ་ཞིག་བྱུང་མེད། རྗེ་རིན་པོ་ཆེས་སློབ་གཉེར་གནང་བའི་སྐབས་ནས་ཞི་གནས་ཀྱི་ཏིང་ངེ་འཛིན་ཧ་ཅང་ཡག་པོ་ཡོད་ས་རེད། སྐབས་ཤིག་སྐྱུར་མོ་ལུང་དུ་དགེ་འདུན་པ་རྣམས་ཚོགས་འཚོགས་ཤིང༌། སྐབས་དེར་སྐྱུར་མོ་ལུང་བཤད་གྲྭ་ཆེ་ཞིང༌། བཤད་གྲྭའི་སློབ་གཉེར་ཧ་ཅང་ཤུགས་ཆེན་པོ་ཡོད་ས་རེད། སྐྱུར་མོ་ལུང་གི་ཚོགས་ལ་ཕེབས་ཏེ། ཚོགས་ལ་ཤེས་རབ་སྙིང་པོ་བཏོན་པའི་སྐབས་སུ། རྗེ་རིན་པོ་ཆེས་སྐབས་དེར་ཟབ་མོ་སྟོང་པ་ཉིད་ཀྱི་གོ་བ་གང་འདྲ་ཞིག་རྙེད་ཡོད་པ་དེའི་སྟེང་ནས་རྩེ་གཅིག་ཏུ་བསྒོམས་ཏེ་བཞུགས་སྐབས་ཚོགས་གྲོལ་བ་ཡང་མ་མཁྱེན་པར་རྗེས་སུ་དགེ་བསྐོས་ལྟ་བུས་ཡར་སླངས་ན་ལས། ཚོགས་གྲོལ་བ་མ་མཁྱེན་པར་བསྒོམས་ནས་བཞུགས་པ་རེད། ཀ་བ་ཞིག་ཡོད་ཅིང་ཕྱིས་སུ་ཀ་བ་དེའི་མིང་ལ་ཏིང་འཛིན་ཀ་བ་ཞེས་མིང་ཐོགས་པ་རེད། རྗེ་རིན་པོ་ཆེའི་ཏིང་འཛིན་དེ་དངོས་གནས་རྩེ་གཅིག་པའི་ཏིང་ངེ་འཛིན་ངོ་མ་ཡིན་ས་རེད།

                དེ་མིན་ང་ཚོར་ནམ་རྒྱུན་རྒྱུད་གྲྭར་ཚོགས་འཚོགས་སྐབས་ཏིང་འཛིན་གྲལ་ཞེས་པ་ཞིག་བརྗོད་རྒྱུ་ཡོད། ཚོགས་འཚོགས་པའི་སྐབས་སུ་འདོན་པ་འདོན་རྒྱུ་མེད་མཁན་དེ་དག་འདོན་པ་འདོན་རྒྱུ་མེད་སྟབས་ཁ་རོག་གེ་བར་མི་སྡོད་ཀ་མེད་རེད། དེ་དག་སྡོད་སའི་གྲལ་དེར་ཏིང་འཛིན་གྲལ་ཞེས་བརྗོད་ཀྱི་ཡོད། ཁ་ནས་འདོན་པ་འདོན་རྒྱུ་མེད་སྟབས་འདི་ལྟར་བསྡད་རྒྱུ་རེད། ཡིན་ན་ཡང་ཏིང་འཛིན་གྲལ་དེ་ཙམ་ཞན་པ་མ་རེད། འདོན་པ་འདོན་རྒྱུ་མེད་པའི་ཆ་ནས་འདི་ལྟར་ཙོག་པུར་བསྡད་པ་ཡིན་སྟབས་ཏིང་འཛིན་གྲལ་ཞེས་བརྗོད་པ་རེད། གཉིད་ལྕོག་རྒྱབ་ན་ཏིང་འཛིན་གྲལ་ལས་སྡུག་པ་ཆགས་ཉེན་ཡོད།  

ཁྱོད་ཀྱི་བླ་མེད་ཐེག་པའི་ཚུལ། །

ཡོད་དང་མེད་པའི་མཐའ་སྤངས་ཏེ། །

ཇི་བཞིན་འགྲེལ་བར་ལུང་བསྟན་པ། །

ཀླུ་སྒྲུབ་གཞུང་ལུགས་ཀུནྡའི་ཚལ། །

དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །

གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །

མཐར་འཛིན་སྙིང་གི་མུན་པ་སེལ། །

ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །

དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །

འོད་དཀར་འཕྲེང་བས་གསལ་བྱས་པ། །

བླ་མའི་དྲིན་གྱིས་མཐོང་བའི་ཚེ། །

 

                ཞེས་བརྗོད་སྐབས། གོང་ཞུས་བཞིན་བླ་མ་དབུ་མ་པ་དང༌། བླ་མ་རེད་མདའ་བ། ལྷག་པའི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་དེ་དག་གི་དྲིན་ལ་བརྟེན་ནས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར། ལམ་གཙོ་རྣམ་གསུམ་ལས་ཇི་སྐད་དུ།

ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །

རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །

ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །

དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །

           ཞེས་རྗེ་རིན་པོ་ཆེས་རང་གི་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་ཇི་ལྟར་གདམས་པ་བཞིན་ཁོ་རང་གི་ཉམས་མྱོང་དེ་ཡང་དེའི་གནས་སྐབས་སུ་བྱུང་བ་ཡིན་པ་རེད།

བླ་མའི་དྲིན་གྱིས་མཐོང་བའི་ཚེ། །

བདག་གི་ཡིད་ཀྱིས་ངལ་གསོ་ཐོབ། །

ཞེས་གསུངས་སོ།།

མཛད་པ་ཀུན་ལས་གསུང་གི་ནི། །

མཛད་པ་མཆོག་ཡིན་དེ་ཡང་ནི། །

དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །

འདི་ལས་སངས་རྒྱས་རྗེས་དྲན་བྱོས། །

                ཞེས་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དང༌། ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བ་ལ་གཙོ་བོ་སངས་རྒྱས་ཀྱི་གསུང་ལ་བརྟག་དཔྱད་བྱེད་དགོས་ཤིང༌། སངས་རྒྱས་ཀྱི་གསུང་ནང་ས་ལམ་མཐོན་པོའི་ཉམས་ལེན་དང༌། ས་ལམ་མཐོན་པོའི་རྟོག་པའི་རིགས་དེ་དག་ལམ་སེང་ང་ཚོའི་རིགས་པས་དཔོག་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

                གཞི་དངོས་པོའི་གནས་ཚུལ་གཏན་ལ་ཕབ་སྐབས། གཙོ་བོ་ངེས་ལེགས་སྒྲུབ་བྱེད་ཀྱི་ཐབས་ལས་བརྩམས་ནས་ཟབ་མོ་སྟོང་པ་ཉིད་ཀྱི་སྐོར་ལ་གསུངས་པ་དེ། ང་ཚོས་དཔྱད་པ་བྱེད་ཐུབ་པ་ཞིག་ཡོད་ལ། དེའི་སྟེང་ནས་དཔྱད་པ་བྱས་ཏེ་བསམ་བློ་བཏང་ན། དངོས་གནས་སེམས་ལ་ངེས་པ་ཐོབ་རྒྱུ་ཡོད་པ་ཞིག་རེད།

                དེས་ན། གཙོ་བོ་བཅོམ་ལྡན་འདས་ཀྱིས་རྟེན་འབྱུང་གསུངས་པའི་ཚུལ་དེའི་ཐོག་ནས་བསམ་བློ་བཏང་ན། སེམས་ལ་དངོས་གནས་དྲང་ནས་ཀྱི་སྟོན་པ་བཅོམ་ལྡན་འདས་དེ་སྨྲ་བ་བླ་ན་མེད་པ་ཞིག་རེད་འདུག་བསམ་པ་ཞིག་དང༌། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཚུལ་ས་ལམ་གྱི་འགྲོ་སྟངས་དེ་དག་དངོས་གནས་ཡིན་ས་རེད་བསམ་པ་སེམས་ལ་ཤར་བ་ཞིག་ཡོང་རྒྱུ་འདུག་ཅིང༌། དེར་བརྟེན། 

འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །

འདི་ལས་སངས་རྒྱས་རྗེས་དྲན་བྱོས། །

                ཞེས་གསུངས་སོ། །

                མཛད་པ་པོ་རང་ཉིད་ཀྱིས་ངོ་སྤྲོད་གནང་བ་ནི།

སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །

རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌། །

                ཞེས་པས་དགེ་སློང་ཡིན་པ། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཡུལ་ཁ་བ་གངས་ཅན་གྱི་ལྗོངས་མདོ་སྨད་སའི་ཆར་འཁྲུངས་པའི་ཨ་མདོ་བ། སྟོན་པ་བཀའ་དྲིན་ཅན་དེའི་རྗེས་སུ་རབ་ཏུ་བྱུང་སྟེ། མདོར་ན་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་ཉམས་བཞེས་གནང་མཁན་གྱི་གསུམ་ལྡན་རིག་པ་འཛིན་པ་ཞིག་དང༌། དེའི་ཐོག་ལ་

རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌། །

                ཞེས་གསུངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་ཐོས་བསམ་རྒྱ་ཆེན་པོ་གནང་བས་སྦྱངས་པ་མི་དམན་ཞིང་ཞེས་ཁེངས་སྐྱུང་གི་ཚིག་གསུངས་པ་ལས། རྗེ་རིན་པོ་ཆེ་ཧ་ཅང་གི་མཁས་པ་ཆགས་ཡོད་པ་རེད།

སྦྱངས་པའི་དོན་དེ་དག་ཀྱང་ཚིག་ཙམ་མཁས་པ་མཁས་རྐྱང་ལྟ་བུར་བཞག་པ་མ་ཡིན་པར་ཉམས་ལེན་ལ་གཅིག་ཏུ་བསྒྲིལ་ནས་དཔྱད་འཇོག་ཟུང་འབྲེལ་གྱི་ཉམས་ལེན་ལ་བརྩོན་པའི་ལག་རྗེས་སུ། ཞི་གནས་ཀྱི་ཏིང་འཛིན་གྱི་རྟོག་པ་འཁྲུངས་པ་དང༌། དེ་དང་འབྲེལ་བའི་ཐོག་ནས་སྟོང་པ་ཉིད་ཀྱི་དོན་ལ་དཔྱད་པ་གནང་སྟེ། སྟོང་པ་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་ཐུགས་མངོན་དུ་གྱུར་ནས། མདོར་ན། ཇི་ལྟ་བར་གྱུར་པའི་ལྷག་མཐོང་གི་ཉམས་མྱོང་ཡོད་པའི་ཞི་ལྷག་ཟུང་འབྲེལ་གྱི།

རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །

དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །

                ཞེས་དྲང་སྲོང་ཆེན་པོ་སྟོན་པ་བཀའ་དྲིན་ཅན་ལ་གུས་པ་འདི་ལྟར་སྐྱེ་ཡི་འདུག་ཅེས་གསུངས་སོ།།

                མཐར་བསྔོ་བ་གསུངས་པ་ནི། 

སྟོན་པ་བླ་ན་མེད་པའི་བསྟན་པ་དང༌། །

མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །

དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །

བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །

 

ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར། །

ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང༌། །

བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །

ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །

                ཅེས་པ་ནི་སེམས་སྐྱོ་པོ་ཞིག་འདུག་ཅིང༌། མཁས་མཆོག་དབྱིག་གཉེན་གྱིས་མཛོད་རྩ་ལས།

སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། །

དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །

དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །

ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །

                ཞེས་པ་ལྟ་བུ་དང༌། ཡང་དེ་ཉིད་ལས།

རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །

མཆོག་ཏུ་ཞི་གཤེགས་འགྲོ་མགོན་མེད་པ་ན། །

འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །

དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །

                ཅེས་གསུངས་པ་ལྟར་རྒྱལ་བའི་བསྟན་པ་ལྐོག་མར་སྲོག་ཕྱིན་པ་ལྟར་ཉག་ཕྲ་བའི་སྟེང་ལ་སླེབས་ཡོད་རེད། དེར་བརྟེན།

དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །

ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །

སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །

ཐར་པར་འདོད་པ་དག་གིས་བག་ཡོད་གྱིས། །

                ཞེས་མཁས་མཆོག་དབྱིག་གཉེན་གྱིས་འདི་ལྟར་གསུངས་འདུག་ལ། རྗེ་རིན་པོ་ཆེས་ཀྱང༌།

ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང༌། །

                ཞེས་གསུངས་པ་དེ་ལྟར་ཡིན་པ་རེད། དེ་བཞིན་གུང་ཐང་འཇམ་དཔལ་དབྱངས་ཀྱིས་བསྟོད་པ་དོན་ལྡན་མ་ལས།

དེང་དུས་ཡབ་རྗེའི་སྲོལ་བཟང་ཡང༌། །

སྙིགས་མ་མུན་པའི་རྡུལ་གྱིས་ཁེབས། །

ལྟར་སྣང་བཤེས་གཉེན་དུ་མ་ཡིས། །

སྐྱེ་བོ་ཉམས་ངའི་གཡང་དུ་ཁྲིད། །

ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །

དཔལ་དང་འབྱོར་པས་རབ་རྒྱས་ཀྱང༌། །

བཤད་དང་སྒྲུབ་པས་ཆེས་ཕྲ་བ། །

བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། །

 

                ཞེས་གསུངས་པ་ལྟར་རོ།། 

བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །

ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །

ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །

སྐད་ཅིག་ཙམ་ཡང་ལྷོད་པ་མ་གྱུར་ཅིག །

 

འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །

ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །

ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །

རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །

 

ལྷག་བསམ་དག་པས་ཚུལ་དེར་བརྩོན་པ་ན། །

ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང༌། །

ལེགས་ལྡན་ནག་པོ་ལ་སོགས་སྲུང་མས་ཀྱང༌། །

གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །

                ཅེས་པ་འདིས་མཇུག་གི་དགེ་བ་བསྔོ་བ་དང༌། འཕྲིན་བཅོལ་ལྟ་བུ་ཞིག་གསུངས་འདུག

                མཛད་པ་པོ་གང་གིས་མཛད་པ་ནི། ཅེས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྟོན་པ་བླ་ན་མེད་པ་ལ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་བྱ་བར་སྦྱར་བའི་ཡི་གེ་བ་ནི་ནམ་མཁའ་དཔལ་ལོ།། 

                དེ་ལྟར་རྟེན་འབྲེལ་བསྟོད་པ་དེ་ཧ་ཅང་གི་ཡག་པོ་འདུག་ཅིང༌། དོན་རྒྱ་ཆེན་ལ་གཏིང་ཟབ་པོ། སངས་རྒྱས་ཀྱི་ཆོས་ངོ་སྤྲོད་གཙོ་བོ་འདིའི་ཐོག་ནས་བྱེད་རྒྱུ་རེད། སངས་རྒྱས་ཀྱི་ཆོས་ཀྱིས་སྙིང་རྗེ་གསུངས་ཀྱི་ཡོད་ལ། བཟོད་པ་དེ་དག་ཕལ་ཆེར་ཆོས་ལུགས་མང་པོའི་ཐུན་མོང་བ་རེད། ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུངས་པ་འདི་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་ཤིག་རེད། སངས་རྒྱས་ཀྱི་ཆོས་ཀྱི་དམིགས་བསལ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་ཏོ།།    །།

ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།