༄༅། །རྟོགས་བརྗོད་མདུན་ལེགས་མ་བཞུགས་སོ།།

སྐབས་དང་པོ།

དང་པོར་རྒྱ་ཆེན་པོ་མང་དུ་ཐོས་པ་བཙལ་བ། 

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། རྟོགས་བརྗོད་མདུན་ལེགས་མ་འདིས་བོད་གངས་ཅན་ལྗོངས་ཀྱི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་འདི། ཉམས་ལེན་ཇི་ལྟར་བྱེད་དགོས་མིན་དང༌། ཉམས་ལེན་བྱེད་སྟངས་ཞེས་བརྗོད་སྐབས། ཐོས་བསམ་སྒོམ་གསུམ་ལས་སྒོམ་བྱུང་གི་ཐོག་ནས་རྟོགས་པའམ་ཉམས་མྱོང་སྐྱེས་དགོས་པ་ཞིག་ཡིན་སྟབས། དེར་ཐོས་བསམ་སྔོན་དུ་འགྲོ་དགོས་ཤིང༌། ཐོས་པའི་ཡུལ་གཞུང་ཇི་འདྲ་ཞིག་ལ་སྦྱང་དགོས་མིན་དང༌། དེ་ཡང་རྩ་བ་མདོ་སྔགས་ཡོངས་རྫོགས་ལ་རྗེ་རིན་པོ་རང་ཉིད་ཀྱིས་སློབ་གཉེར་སྐྱོན་སྟངས་དེ་དག་གསུངས་ཀྱི་ཡོད།

                འོན་ཀྱང་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་མཆིས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་གནང་ལུགས་དེ་ཡང༌། ཐེག་པ་གོང་འོག་གམ་མདོ་རྒྱུད་ཀྱི་གཞུང་ཡོངས་རྫོགས་ལ་སྦྱངས་ཏེ། དེ་དག་ནས་གསུངས་པའི་ལམ་དེ་དག་སྟན་ཐོག་གཅིག་ལ་ཐམས་ཅད་ཉམས་ལེན་དུ་འཁྱེར་ནས་འདི་ལྟར་འགྲོ་བ་འདི་མཁས་པའི་འགྲོ་སྟངས་ཡིན་པ་རེད། དེ་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་རེད་ཅེས་བརྗོད་པ་ལྟར། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཚང་བ་ཡིན་ལུགས་ཇི་ལྟར་ཡིན་པ་དང༌། སློབ་གཉེར་སྐྱོན་སྟངས་དང༌། སློབ་གཉེར་སྐྱོན་པའི་རྗེས་ཀྱི་ཉམས་ལེན་གྱི་འགྲོ་སྟངས་བཅས་ཀྱི་ཐོག་ནས་བསྟན་པ་ཡོངས་རྫོགས་ཡོད་པ་ཤེས་ཐུབ་ཅིང༌། དེར་བརྟེན་རྟོགས་བརྗོད་མདུན་ལེགས་མ་འདི་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་ལྟ་བུ་དང༌། ང་རང་ཚོ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ཡང༌། བསྟན་པ་ཡོངས་སུ་རྫོགས་པར་ཉམས་ལེན་བྱེད་སྟངས་དེ་འདིའི་ཐོག་ནས་འགྲོ་དགོས་པ་ཞིག་ང་ཚོས་ཤེས་ཀྱི་འདུག་པས། དེ་ཡག་པོ་མེད་དམ་དྲན་གྱི་འདུག་ལ།

                འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནི། བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོའི་ནང་ནས་རྨད་དུ་བྱུང་བ་ཞིག་ཡིན་ཞིང༌། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་རང་ཉིད་ཀྱི་རྣམ་པར་ཐར་པ་སྟེ། བསླབ་པ་སློབ་གཉེར་དང༌། སྒྲུབ་པ་ཉམས་ལེན་ཇི་ལྟར་གནང་བ་དེ་དག་རང་གིས་རང་རྣམ་གྱི་ཚུལ་དུ་གསུངས་པ་ནི་རྟོགས་བརྗོད་མདུན་ལེགས་མ་འདི་ཡིན།

                རྟོགས་བརྗོད་མདུན་ལེགས་མ་འདི་ལུང་རྐྱང་ལས་བཤད་རྒྱུན་མེད་ཅིང༌། དེས་ན་བཤད་པའི་ཁྲིད་རྒྱུན་གང་ཡང་མེད། ངའི་ལུང་རྐྱང་དེ་འབྲས་སྤུངས་ཆོས་སྤྱོད་རབ་གསལ་ནང་དུ་རྟོགས་བརྗོད་མདུན་ལེགས་མ་ཡོད་པས། དེས་ན་ངའི་རབ་བྱུང་གི་མཁན་པོ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆོས་སྤྱོད་རབ་གསལ་ཐོབ་ཡོད་ཅིང༌། དེར་བརྟེན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པ་རེད། དེ་མིན་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལྗགས་ལུང་ཆ་ཚང་ཐོབ་པ་རེད། དེ་དུས་ཀྱང་གཅིག་ཐོབ་པ་རེད། དེས་ན།

                ཨོཾ་བདེ་ལེགས་སུ་གྱུར་ཅིག

འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །

སྲིད་ལམ་འཁྱམས་པས་དུབ་པའི་ངལ་གསོའི་གནས། །

བདེ་ལེགས་རྩ་བ་དྲིན་ཅན་བླ་མ་དང༌། །

རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །

                ཅེས་ཐོག་མར་མཆོད་པར་བརྗོད་པ་སྟེ། མཐོ་རིས་མངོན་མཐོའི་ལུས་རྟེན་དང༌། དེ་བཞིན་མཐར་ཐུག་ངེས་ལེགས་བྱང་གྲོལ་གྱི་གོ་འཕང་གང་ཞིག་ཡིན་ན་ཡང༌། དེ་དག་ཐོབ་པའི་རྒྱུ་ཚོགས་མ་ཚང་བ་མེད་པར་སྟོན་པའི་མིག་ལྟ་བུ་དང༌། དེ་བཞིན་སྲིད་པ་འཁོར་བར་འཁྱམས་ནས། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་ཞིང༌། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་རིང་དེར་ཡང་བློ་གཏད་བཅོལ་ས། རྐྱེན་ངན་གྲོགས་སུ་གྱུར་ཐུབ་པ་དང༌། རྐྱེན་ངན་བྱང་ཆུབ་ལམ་དུ་གྱུར་ཐུབ་པ་དེ་ལྟ་བུའི་སྟེང་ནས་ངལ་གསོ་ཐོབ་ཐུབ་པའི་གནས་ལྟ་བུ་དྲིན་ཅན་རྩ་བའི་བླ་མ་ཡིན་ཞིང༌། དེ་དང་རྗེ་བཙུན་མཁྱེན་པའི་གཏེར་གྱི་སྐུ་ཡི་ཆ་དམའ་ཤོས་ཞབས་ཀྱི་པདྨོར་གུས་པས་འདུད་དོ་ཞེས་སོ།།

འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། །

དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས། །

                ཞེས་འབད་བརྩོན་ཆེན་པོ་མི་དགོས་པར་ཆུང་ངུས་ཚོགས་རླབས་པོ་ཆེ་སྡུད་པར་བྱེད་པ་དེ་ཉིད་རྗེས་སུ་ཡི་རང་གི་ཐོག་ནས་ཡོང་བས་ན། རྗེས་སུ་ཡི་རང་དེ་ཉིད་ཚོགས་རླབས་པོ་ཆེ་སྡུད་པར་བྱེད་པའི་ཐབས་རྨད་དུ་བྱུང་བར་གསུངས་ཤིང༌། ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ་ང་རྒྱལ་དང་རློམ་སེམས་མི་བྱེད་པར་རྗེས་སུ་ཡི་རང་བའི་དགའ་བ་ཆེར་བསྐྱེད་པ་ཡིན་ན།

ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །

རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན། །

སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །

                རློམ་སེམས་བྲལ་བ་ཞེས་པའི་ཚིག་དེ་ཡག་པོ་འདུག་ཅིང༌། ང་རང་ཚོ་ང་རྒྱལ་སྐྱེས་ནས་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བརྗོད་དེ་ཕྱིན་ན། དགེ་བ་ཡོང་རྒྱུ་གང་ཡང་མེད་པས་དེ་ལྟར་གསུངས་ཤིང༌།

རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང༌། །

                ཞེས་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་གནང་བའི་ཚུལ་དེ་དག་རློམ་སེམས་མེད་པའི་ཐོག་ནས་ཡི་རང་གི་དགའ་བ་ཆེར་མཛད་ན། རང་ཉིད་ཀྱི་དགེ་བ་གོང་ནས་གོང་དུ་འཕེལ་ཞིང༌། དེ་འདྲའི་དགོས་པ་བསྒྲུབ་པའི་ཕྱིར་དང༌། དེ་མིན་གྱི་དགོས་པ་མང་དུ་མཐོང་ནས་ཞེས་གསུངས་པ་ནི། རྗེ་རིན་པོ་ཆེ་རང་ཉིད་ཀྱི་རྗེས་འཇུག་གི་གདུལ་བྱ་དང༌། དེ་བཞིན་རྗེ་རིན་པོ་ཆེས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་ཆོས་ཉམས་ལེན་གནང་མཁན་རིས་སུ་མ་མཆིས་པར་ཐམས་ཅད་ལ་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་གནང་སྟངས་དེ་ལྟར་གནང་བ་ཡིན་ཞེས་གསུངས་ན། མང་པོ་ཞིག་གིས་དེར་ཡི་རང་སྐྱེས་ཏེ་དེར་སློབ་པ་དང༌། གཞན་ཡང་དེ་འདྲའི་སྒྲུབ་ཕྱོགས་ཀྱི་དགོས་པ་དང༌། ཡང་དགག་ཕྱོགས་ཀྱི་དགོས་པའི་དབང་ལས། དེས་ན།

དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །

སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །

                ཞེས་གསུངས་སོ། །      སྡོམ་ནི།

དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །

                ཞེས་ཐོག་མར་ཐོས་པའི་སྒྲོན་མེ་མ་སྦར་ན། བླང་དོར་གྱི་གནད་རྣམས་ཤེས་ཐབས་མེད་ཅིང༌། དེར་བརྟེན་སྟོན་པ་བཀའ་དྲིན་ཅན་ཉིད་ཀྱིས་ལེགས་པར་གསུངས་པའི་དམ་ཆོས་རྒྱ་ཆེ་གཏིང་ཟབ་ཞིག་ཡོད་ལ། བོད་

སྐད་དུ་བསྒྱུར་བ་ཁོ་ནའི་དབང་དུ་བྱས་ཀྱང༌། ཤོག་བུ་བཞི་བརྒྱ་ཡས་མས་ཡོད་པའི་བཀའ་འགྱུར་པོ་ཏི་བརྒྱ་ཙམ་དང༌། དེ་བཞིན་བསྟན་འགྱུར་ལ་ཆ་བཞག་ཀྱང༌། ཤོག་བུ་བཞི་བརྒྱ་ཙམ་ཡོད་པའི་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད། དེས་ན་དེ་དག་རྣམ་མཁྱེན་བསྒྲུབ་པའམ། མཐོ་རིས་བྱང་གྲོལ་བསྒྲུབ་པའི་ཐབས་ལ་བསྟན་པ་ཞིག་ལས། རང་དགར་རྒྱུགས་སྤྲོད་བྱེད་རྒྱུའི་དོན་དུ་མཛད་པ་ལྟ་བུ་ཆགས་མེད།

                དེར་བརྟེན་རྣམ་མཁྱེན་བསྒྲུབ་རྒྱུ་ཞེས་པ་དེ་ཐབས་མཐའ་ཡས་པ་ཞིག་དང༌། ཚོགས་མཐའ་ཡས་པ་བསགས་པའི་སྒོ་ནས་བསྒྲུབ་དགོས་ཤིང༌། དེ་བཞིན་གྱི་ཉེས་པ་སྤོང་བ་ལ་ཆ་བཞག་ཀྱང༌། ང་རང་ཚོའི་རྒྱུད་ལ་རྣམ་གྲངས་ཧ་ཅང་མང་པོའི་ཉོན་མོངས་པའི་ཚོགས་ཡོད་ཅིང༌། དེས་དྲངས་པའི་ཉེས་པ་འབྱུང་བའི་སྒོ་དུ་མ་ཞིག་ཡོད་པས་ན། གཉེན་པོའི་ཕྱོགས་དེ་དག་ཀྱང་དེ་ལ་དཔག་པ་ཞིག་ཡོང་གི་ཡོད་སྟབས། སངས་རྒྱས་པའི་གཞུང་གི་འགྲོ་སྟངས་དེ་ཧ་ཅང་རྒྱ་ཆེན་པོ་ཞིག་ཆགས་ཡོང་གི་ཡོད་པས་ན། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །ཞེས་གསུངས་སོ།།

བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །

                ཞེས་དཔེ་ཆ་བལྟས་པ་དེ་དག་ཀྱང་རྒོལ་བ་ཚར་གཅོད་པ་དང༌། སྨྲ་བ་བདེ་པོ་བྱ་རྒྱུ་ལྟ་བུའི་སྐད་ཆ་མིན་ཞིང༌། རྒྱུད་འདུལ་བའི་དོན་དུ་ཡིན་པས་ན། དེ་ཐམས་ཅད་གདམས་པར་ཤར་བར་བྱས་ཏེ་ཉམས་འོག་ཏུ་ཆུད་པར་བྱ་དགོས་ཤིང༌། དེ་ཡང་སྔོན་ལ་གོ་བ་ཆགས། དེ་ཐམས་ཅད་གདམས་པར་ཤར། ཤར་སྒོམ་གྱི་ཐོག་ནས་ཉམས་འོག་ཏུ་ཆུད་པར་བྱེད་དགོས་ཞེས་གསུངས་སོ།།

ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །

                ཞེས་གསུངས་པ་འདིས། ཐ་མར་དེ་དག་ཐུན་དང་ཐུན་མཚམས་བཅད་ནས། དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་ཉམས་ལེན་བྱེད་པ་དང༌། དེ་ཡང་སྔགས་བླ་མེད་ཀྱི་རྣལ་འབྱོར་དང་འབྲེལ་ནས་ཡོང་བས་ན། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས། སྐབས་འདིར་རྗེ་རིན་པོ་ཆེས་གསུངས་པ་ལྟར་རྗེ་རིན་པོ་ཆེ་རང་ལ་ཆ་བཞག་ན། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཤིང༌། ཡི་དམ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ཉམས་བཞེས་གནང༌། གཞུང་ཆེན་མོའི་དགོངས་དོན་དེ་དག་ལམ་གྱི་རིམ་པའི་ནང་དུ་བསྒྲིགས་ནས་ཉམས་བཞེས་མཛད་དེ་ཐོག་མར་ཉམས་འོག་ཏུ་ཆུད། དེ་ནས་རྩོལ་བཅས་ཀྱི་མྱོང་བ་ཐོན། དེ་རྗེས་རྩོལ་མེད་ཀྱི་མྱོང་བ་ཐོན་ཏེ་མདོ་རྒྱུད་ཀྱི་གཞུང་ནས་གསུངས་པ་ལྟར་རྟོགས་པ་ཚད་ལྡན་རྒྱུད་ལ་སྐྱེས་ཏེ། སྔགས་བླ་མེད་ཀྱི་ལམ་ནས་རྫོགས་རིམ་གྱི་སེམས་དབེན་གྱི་རྟོགས་པའི་མཚམས་བར་ཕེབས་པ་དང༌།

                དེ་ནས་ཐ་མལ་པའི་ལས་དབང་གིས་བྱུང་བའི་འཆི་བ་འོད་གསལ་མངོན་དུ་མཛད་སྐབས། དེ་སེམས་དབེན་མཐར་ཐུག་དཔེའི་འོད་གསལ་གྱི་ངོ་བོར་སྐྱེས་ཤིང༌། དེ་ལ་བརྟེན་ནས་ཐ་མལ་པ་ལ་བར་དོ་འགྲུབ་རྒྱུའི་ཚབ་ལ། བར་དོར་ལོངས་སྤྱོད་རྫོགས་པའི་སྒྱུ་མའི་སྐུ་བརྙེས་པའི་བར་ལ་མཆོག་གི་སྐུ་བརྙེས་པ་ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་པ་བཞིན། དེ་ལྟ་བུའི་སྒོ་ནས་རྗེ་རིན་པོ་ཆེས་དེ་ལྟར་ཡོང་བའི་ཉམས་བཞེས་གནང་བ་ལགས་སོ།།

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །

                ཞེས་དེ་ཐམས་ཅད་ཀྱང་རང་དོན་གྱི་འཁྲི་བ་དང༌། རང་དོན་གྱི་བསམ་པ་མེད་པར། རང་དོན་ཡིད་བྱེད་སྡོམ་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉམས་པ་མེད་པའི་སྟེང་ནས་མཐའ་གཅིག་ཏུ་གཞན་ཕན་ཁོ་ནའི་ཆེད་དུ་དམིགས་ནས་མཛད་པས་ན། གཞན་ཕན་ཁོ་ནའི་ཆེད་དུ་བསྔོ་བ་མཛད་ཡོད་ཅེས་སོ།།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                ཞེས་གསུངས་སོ།།

བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །

ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །

ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །

འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །

                ཞེས་ང་ཚོ་ཐ་མལ་པའི་མི་ཚེ་སྐྱེལ་སྟངས་ཤིག་ཡིན་ན་ཡང༌། མི་ཚེ་སྟངས་དེ་དག་སློབ་སྦྱོང་བྱས་ཏེ། རང་ཉིད་ཀྱི་ལག་ཤེས་དང༌། རིག་གནས་གང་ཞིག་ཡིན་ན་ཡང་དེ་དག་ལེགས་པར་སྦྱངས་ཏེ། ཐོས་པའི་སྒྲོན་མེས་བླང་དོར་གྱི་གནས་དེ་དང་དེའི་རྨོངས་པའི་མུན་པ་མ་སེལ་ན། རང་ཉིད་ཀྱི་མི་ཚེ་སྐྱེལ་ལུགས་མི་ཤེས་པས། ང་རང་ཚོ་མི་ཚེ་འདིའི་སློབ་སྦྱོང་བྱ་རྒྱུ་དེ་དག་གཞན་དུ་མིག་དཔེ་བལྟས་ནས་ཤེས་ཐུབ་པ་ཞིག་ཡིན་ན་ཡང༌། དེ་ལྟར་མིན་པར་ད་ལྟ་ཕན་ཆད་འགྲོ་མ་མྱོང་ཞིང༌། ཆ་རྒྱུས་མེད་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་བགྲོད་པར་བྱེད་པ་ལ། དེར་བགྲོད་ཚུལ་ཇི་ལྟར་ཡིན་པ་ཐོས་པའི་སྒྲོན་མེས་ལམ་ཇི་འདྲ་ཞིག་ལ་བགྲོད་པའི་ཚུལ་ལ་རྨོངས་པའི་རྨོངས་པ་དེ་དག་ཕར་སེལ་ནས་འགྲོ་དགོས་པ་སྨོས་ཅི་ཞིག་དགོས། འོ་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་བགྲོད་པའི་ལམ་ལ་རྨོངས་པའི་ཚུལ་སེལ་ཐབས་ཇི་ལྟར་བྱ་དགོས་སམ་ཞེ་ན།

དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །

གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །

 

                ཞེས་པ་འདི་ཤོ་ལོ་ཀ་སྡེ་ཚན་འོག་མ་གཉིས་པོ་དེར་ཡང་སྦྱར་དགོས་པ་མིན་ནམ་སྙམ་ཞིང༌། མདོ་དོན་ཡང་སྙིང༌། གཞུང་དེ་དག་གིས་ཐར་ལམ་བགྲོད་ཚུལ་ཤེས་དགོས་ཤིང༌། དེ་གཙོ་བོ་གང་ཞིག་རེད་དམ་ཞེ་ན། མི་ཕམ་ཆོས་རྗེས་མཛད་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་ཏེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་རྟོགས་གསལ་བར་མཛད་པའི་ཤེར་ཕྱིར་གྱི་མན་ངག་མངོན་པར་རྟོགས་པའི་རྒྱན་དང༌། དེ་དང་འབྲེལ་བའི་མདོ་སྡེ་རྒྱན་དང༌། དེ་བཞིན་འབྱེད་རྣམ་གཉིས། གཞན་ཡང་དབུ་མའི་གཞུང་དང་འབྲེལ་བ་རྒྱུད་བླ་མ་བཅས་མི་ཕམ་ཆོས་རྗེ་བྱམས་པ་མགོན་པོ་རང་ཉིད་ཀྱི་གསུང་དང༌། དེ་དང་འབྲེལ་བའི་སློབ་དཔོན་ཐོགས་མེད་དང༌། དེ་བཞིན་སློབ་དཔོན་དབྱིག་གཉེན་དང༌། གཙོ་བོ་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་ལྡན། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ལ་སོགས་པ། ཐོགས་མེད་སྐུ་མཆེད་ནས་བརྒྱུད་པའི་ཕར་ཕྱིན་གྱི་གཞུང་དང་འབྲེལ་བ་དེ་དག་ཐམས་ཅད་དང༌། བྱམས་ཆོས་དང་འབྲེལ་བའི་གཞུང་མཐའ་དག་ལ་སྦྱངས་པ་མཛད་པ་ཡིན་ཞེས་པའོ།།

                དེ་ཡང་ཚིག་དེ་ཧ་ཅང་གི་སྙན་པོ་དང་ལེགས་པོ་ཞིག་རེད། གཞུང་ལ་ཕྱོགས་རེ་བ་རགས་པ་རེས། །ཚིམ་པར་མ་བྱས་ཞེས་གཞུང་དུམ་བུ་གཅིག་ཚུར་བཏོན་ནས་དེར་སློབ་སྦྱོང་བྱས་པ་ཡིན་ན། གཞུང་དུམ་བུ་དེ་ཉིད་ཀྱི་གོ་བ་ཞིག་སླེབས་པ་ལས། དེས་བསྟན་པ་ཡོངས་རྫོགས་ལ་གོ་བ་ཆགས་མིན་ཐེ་ཚོམ་རེད། ཕྱོགས་གཅིག་ནས་སངས་རྒྱས་ཀྱི་དགོངས་པ་རྒྱན་དྲུག་མཆོག་གཉིས་ཀྱིས་བཀྲལ་བའི་སྐབས།

ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །

                ཞེས་རང་རང་སོ་སོས་དམིགས་བསལ་སྐབས་བབ་ཀྱི་བརྗོད་བྱ་ལྟ་བུ་རེ་རྩལ་དུ་བཏོན་ནས་བཤད་ཡོང་གི་ཡོད། དེས་ན་གཞུང་དེ་དག་ཚང་མ་གུང་བསྒྲིགས་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད། ད་ལྟ་འོག་ཏུ་འཆད་པར་འགྱུར་བའི་མཚན་མའི་གཞུང་དང་གཅིག དབུ་མའི་གཞུང་དང་གཉིས། དེ་དག་ཚང་མ་གུང་བསྒྲིགས་ནས་གཟིགས་ཤིང་དཔྱད་པ་ཡིན་ན། བསྟན་པ་ཡོངས་རྫོགས་ཀྱི་དཔར་དང་མ་སོང་ན་དེ་ཉིད་ཧ་ཅང་གི་གསལ་པོར་ཐོན་ཡོང་བ་ཞིག་རེད།

                དེ་ལ་ཡང་རྒྱབ་རྟེན་ཚད་མ་དང་བཅས་ཧ་ཅང་གི་སྤུས་དག་པོ་ཞིག་ཡོང་བས་ན། གཞུང་ལ་ཕྱོགས་རེ་བ་བྱས་ཏེ་བལྟས་པ་མིན་ལ། དེ་བཞིན་གཞུང་ཚང་མར་གཟིགས་སྟངས་དེ་ཡང༌། ཤར་མར་ལན་གཅིག་གཟིགས་ཏེ་རྒྱུས་ཡོད་ཙམ་བྱས་པ་ལྟ་བུ་སྟེ། དཔེར་ན། ངས་དཔེ་ཆ་འདི་ལྟར་ཀློག་ཙམ་ཀློག་ཙམ་གྱིས་བལྟས་ན་རོབ་ཙམ་ཤེས་པ་ལས། སྤུས་དག་པོ་རྩ་བ་ནས་ཤེས་ཀྱི་མེད། དེར་བརྟེན་དེ་ལྟར་མིན་པར། གཞུང་ལ་ཕྱོགས་རེ་བར་མ་སོང་བར་གཞུང་ཆེན་གཞུང་ཕྲན་འབྲེལ་ཡོད་ཚང་མར་ཞིབ་ཚགས་ཀྱིས་གཟིགས་པ་ཡིན་ཞེས་དང༌། གཞུང་ལ་ཕྱོགས་རེ་བས་ཚིམ་པའམ་རགས་པ་རེས་ཚིམ་པར་མ་བྱས་པར་ཀུན་ལ་ཞིབ་ཚགས་པོའི་ཐོག་ནས་སྦྱངས་པ་ཡིན་ཞེས་པའོ།།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                འདི་ཕར་ཕྱིན་གྱི་སྐོར་ཏེ་སྦས་དོན་མངོན་རྟོགས་ཀྱི་ལམ་བགྲོད་ཚུལ་གཙོ་བོ་དེ་ཡིན། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཀྱང་རྒྱ་འགྲེལ་ཉེར་གཅིག་དང༌། སྣང་བ་རྣམ་གཉིས་གཙོ་བོར་གྱུར་པའི་འགྲེལ་ཆུང་འགྲེལ་པ་དོན་གསལ་དང༌། སྣང་བ་རྣམ་གཉིས་ཞེས་པ་ནི། འཕགས་པས་མཛད་པའི་ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་རྒྱན་སྣང་འདི་གཉིས་ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་རེད། དེར་བརྟེན་འདི་དག་གི་དོན་གཅིག་ཏུ་བསྒྲིགས་པ་ཞིག་དང༌། མཁས་པ་སྔ་མའི་བཞེད་པ་དེ་དག་ཀྱང་བཀོད་ཅིང༌། མདོར་ན། བུ་སྟོན་ཐམས་ཅད་མཁྱེན་པ་དང༌། དེ་བཞིན་ཀུན་མཁྱེན་མྱང་དབང་པ་ཆེན་པོ་སོགས་ཀྱིས་མཛད་པའི་ཕར་ཕྱིན་འགྲེལ་པ་དེ་དག་གཞི་རྩར་བཅོལ་བའི་ཐོག་ནས་རྗེ་རིན་པོ་ཆེས་དམིགས་བསལ་ཟིན་བྲིས་མཛད་པ་དེ་ལྟར་ཡིན་པ་རེད། འདི་དག་ནི་ཕར་ཕྱིན་གྱི་སྐོར་རོ།།

                ཚད་མའི་སྐོར་ལ་འདི་ལྟར་གསུངས་པ་སྟེ།

ཁྱད་པར་ཚུ་རོལ་མཐོང་བས་དངོས་པོ་ཡི། །

དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ། །

                ཞེས་པ་འདིའི་གསུང་གསལ་དུ། ཁྱད་པར་ཚུ་རོལ་མཐོང་བས་ཞེས་བྱེད་སྒྲ་སྦྱར་ཞིང༌། དངོས་པོ་ཡི་ཞེས་འབྲེལ་སྒྲ་སྦྱར་འདུག་མོད། ང་རང་གིས་གོ་ཚོད་ལྟར་བྱས་ན། ཁྱད་པར་ཚུ་རོལ་མཐོང་བའི་ཞེས་འབྲེལ་སྒྲ་དང༌། དངོས་པོ་ཡིས་ཞེས་བྱེད་སྒྲ་སྦྱར་ན་ལེགས་སམ་སྙམ། དེ་ལྟར་བྱས་ན་དངོས་པོ་སྟོབས་ཤུགས་ཀྱི་རིག་པ་སྟེ། ཚུ་རོལ་མཐོང་བའི་དངོས་ཡིས་ཞེས་སྦྱར་ན། དངོས་པོ་སྟོབས་ཤུགས་ཀྱི་རིག་པ་ཟེར་བ་མིན་ནམ་བསམ་གྱི་འདུག་ཅིང༌། དངོས་པོ་སྟོབས་ཤུགས་ཀྱི་རིག་པའམ། མདོར་ན་རྒྱུ་མཚན་ལ་བརྟེན་ནས་རྗེས་དཔག་ལོང་བར་གྱུར་པ། རིག་པས་གཏུགས་སྐབས་མཐར་མངོན་སུམ་ལ་གཏུགས་དགོས་ལ། མྱོང་བ་ལ་གཏུགས་ནས་བཤད་དགོས། དེ་དངོས་སྟོབས་རྗེས་དཔག་གམ་དངོས་པོ་སྟོབས་ཤུགས་ཀྱི་རིགས་པ་ཞེས། མདོར་ན་དངོས་སྟོབས་ཤུགས་ཀྱི་རིགས་པས། ཇི་ལྟ་བ་དང་ཇི་སྙེད་པའི་དོན་གང་ཞིག་ཡིན་ན་ཡང༌། དེ་དང་དེའི་དེ་ཉིད་གཏན་ལ་འབེབས་པ་ལ། དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་དཔྱད་ནས་གཏན་ལ་འབེབས་དགོས་པ་རེད།

                དེར་བརྟེན་ཁྱད་པར་ཚུ་རོལ་མཐོང་བའི་ཞེས་འབྲེལ་སྒྲ་དང༌། དངོས་པོ་ཡིས་ཞེས་བྱེད་སྒྲ་སྦྱར་ན། དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་ཇི་ལྟ་བ་དང་ཇི་སྙེད་པའི་དོན་གང་ཞིག་ཡིན་ན་ཡང༌། དེ་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་གཏན་ལ་འབེབས་པའི་སྒོ་གཅིག་པུ་སྟེ།

ཡང་དག་རིགས་པའི་གཞུང་གི་དཀའ་གནད་ལ། །

འབད་པ་དུ་མས་ཡང་ནས་ཡང་དུ་སྦྱངས། །

                ཞེས་ཚད་མའི་གཞུང་གསུངས་ཀྱི་ཡོད། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། དེའི་ཡང་སློབ་ལྟ་བུ་སློབ་དཔོན་དབང་ཕྱུག་སྡེ་དང༌། སློབ་དཔོན་ཆོས་ཀྱི་གྲགས་པ་བཅས་མཁས་པའི་དབང་པོ་འགྲན་ཟླ་དང་བྲལ་བ་སློབ་དཔོན་ཕྱོགས་གླང་དང༌། དེའི་གྲུབ་མཐའ་འཛིན་མཁན་དཔལ་ལྡན་ཆོས་གྲགས་ཀྱི་གཞུང་དེ་དག་གསུངས་ཀྱི་ཡོད་ས་རེད།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                ཞེས་ཚད་མའི་སྐོར་དེ་དག་གསུངས་སོ།།

མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང༌། །

ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན། །

གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །

ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །

མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །

ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས། །

ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །

ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །

                ཞེས་པ་འདིས་དབུ་མའི་གཞུང་གསུངས་ཀྱི་ཡོད་ཅིང༌། ཕྱོགས་གཅིག་ནས་བྱས་ན། ཆོས་རྣམས་ཀྱི་ཡིན་ལུགས་གཏན་ལ་ཕབ་ནས། ཡིན་ལུགས་སྒོམ་པའི་གནས་སྐབས་དེར། དུ་མ་རོ་གཅིག་ཚུལ་དུ་དགག་བྱ་བཀག་ཙམ་གྱི་སྟོང་སང་དེའི་སྒང་ལ་གནས་པ་ཞིག་ཆགས་ཀྱི་ཡོད། དེ་འདྲ་དེ་ངེས་པ་མཐའ་ཆོད་པ་ཞིག་ཡོང་བ་ལ་ཐ་སྙད་ཀྱི་རྣམ་གཞག་དེ་དག་བདེ་མོ་བྱས་ནས་འཇོག་ཤེས་པ་ཞིག་དགོས་པ་ལས། ཐ་སྙད་ཀྱི་རྣམ་གཞག་དེ་དག་རགས་རིམ་ཞིག་བཞག་ཏེ། སྤྲོས་བྲལ་ཞེས་པ་ཞིག་གི་སྟེང་དུ་ཕྱིན་ཀྱང༌། མཐའ་གཉིས་སེལ་བའི་དབུ་མའི་གོ་བ་གཏིང་ཆོད་པ་ཞིག་ཡོང་ས་མ་རེད། དེས་ན་ཐ་སྙད་ཀྱི་རྣམ་གཞག་འཇོག་ལུགས་དེ་དག་ཀྱང་དགག་བྱ་བདེན་གྲུབ་བམ། དགག་བྱ་རང་བཞིན་གྱིས་གྲུབ་པ་ཐ་སྙད་དུ་བཀག་པའི་ཤུལ་དེར། ཐ་སྙད་པའི་བྱ་བྱེད་རྣམ་གཞག་དེ་དག་མི་བདེ་བ་ཅུང་ཟད་ཙམ་ཡང་མེད་པར་བདེ་པོར་འཇོག་ཤེས་པ་ཞིག་དགོས་པ་རེད།

                དེས་ན། ཞིག་པ་དངོས་པོ་ཡིན་མིན་དང༌། ཐ་སྙད་དུ་ཕྱི་དོན་ཡོད་མེད། རང་རིག་ཡོད་དམ་མེད་ཅེས་པ་དེ་དག་ལ་འབྲེལ་བ་ཞིག་སླེབས་ཡོང་གི་ཡོད། ཆོས་ཐམས་ཅད་སྤྲོས་བྲལ་རེད་ཅེས་བརྗོད་པའི་གཅིག་ཏུ་སྡོམ་པའི་སྤོམ་ཚིག་ལྟ་བུའི་སྟེང་ནས་བརྗོད་པ་ཁོ་ནས་དབུ་མའི་ལྟ་བ་མཐའ་ཆོད་པ་ཞིག་ཡོང་ཐུབ་རྒྱུ་ཁག་པོ་རེད།

                དེར་བརྟེན་དབུ་མའི་ལྟ་བ་ཞེས་བརྗོད་སྐབས་ཇི་ལྟ་ཇི་སྙེད་ཀྱི་དོན་དང༌། དེའི་ནང་ནས་གཙོ་བོ་ཇི་ལྟ་བའི་དོན་གཏན་ལ་འབེབས་པ་ཞིག་ཆགས་ཀྱི་ཡོད། དེའི་གོ་བ་རྣལ་མ་ཆགས་སྐབས་ཐ་སྙད་རྟེན་འབྱུང་བསླུ་བ་མེད་པ་ལ་ངེས་པ་འདྲེན་དགོས་པ་ཞིག་ཆགས་འགྲོ་ཡི་རེད། དེས་ན་དབུ་མའི་གཞུང་གིས་བདག་མེད་གཏན་ལ་འབེབས་ཀྱི་ཡོད་ཀྱང༌། ཐ་སྙད་ཀྱི་རྣམ་གཞག་དཀའ་བའི་གནད་ཧ་ཅང་མང་པོ་ཞིག་གཙོ་བོ་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ནང་གསལ་པོར་ཐོན་ཡོང་གི་ཡོད༌། དེར་བརྟེན་འདི་ཚོའི་གྲས་མིན་ནམ་སྙམ།

                དེས་ན། ཀླུ་སྒྲུབ་ཡབ་སྲས་ཞེས་བརྗོད་སྐབས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། ཨརྱ་དེྭ་ཝ་བཅས་འཕགས་པ་ཡབ་སྲས་དེ་གཉིས་ཀྱི་སྲས་ཀྱི་སློབ་མའི་གྲས་སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ལེགས་ལྡན་འབྱེད་བཅས་གཙོ་བོ་དེ་དག་ཡིན་ས་རེད། དེ་མིན་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་སློབ་མ་དཔལ་ལྡན་ཟླ་བ་ལ་སོགས་པ་འདི་དག་གིས་མཛད་པའི་གཞུང་ལུགས་དེ་དག་རྒྱལ་བའི་དགོངས་པ་དཔྱིས་ཕྱིན་པ་འདོམས་པའི་གཞུང་ཆགས་ཡོད།

                དེར་བརྟེན་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དེ་དག་ལ། ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས། །ཡང་དག་ལྟ་བ་འདྲེན་པའི་ཞེས་རིགས་ལམ་ཕྲ་མོའི་ལམ་ནས་ཡང་དག་པའི་ལྟ་བ་འདྲེན་པའི་དཀའ་བའི་གནད་ཀུན་ལ་ལེགས་པར་སྦྱངས་ཏེ། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་གཞུང་དེ་དག་ལ་སྦྱངས་པའི་སྐབས། ཐུགས་ལ་ཉམས་མྱོང་བྱུང་བ་དེ་དག་རྗེས་འཇུག་གི་གདུལ་བྱ་དེ་དག་ལ་མར་ལེགས་བཤད་མཛད་པའི་ཐོག་མ་དེ་ལྷག་མཐོང་ཆེན་མོ་རེད། དེ་ནས་གྲངས་ངེས་ལེགས་བཤད་སྙིང་པོ། དེ་ནས་རྩ་ཤེས་ཊིའཀ་ཆེན། དེ་ནས་ལྷག་མཐོང་ཆུང་ངུ༌། དེ་དང་ཕལ་ཆེར་དུས་མཚུངས་ལྟ་བུར་འཇུག་འགྲེལ་དབུ་མ་དགོངས་པ་རབ་གསལ་བཅས་གཞུང་ཚན་ལྔ་པོ་དེ་རྗེ་རིན་པོ་ཆེས་དབུ་མའི་ལྟ་བར་གསན་སྦྱོང་མཛད་ནས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་དཔལ་ལྡན་ཟླ་བ་གྲགས་པས་གསལ་བར་ཕྱེ་བའི་དགོངས་དོན་དཔྱིས་ཕྱིན་པར་བསྒྲིགས་པ་ཞིག་ཡིན།

                ང་རང་ཚོས་གཞུང་འདི་དག་མཇལ་བ་ཡིན་ན། རྗེ་རིན་པོ་ཆེའི་མཛད་པའི་རྩ་ཤེས་ཊིའཀ་ཆེན་འདི་བུདྡྷ་པཱ་ལི་ཏ་དང༌། ཟླ་བ་གྲགས་པའི་ཚིག་གསལ་གཉིས་པོ་ཚིག་བསྡུས་གནང་བ་ལྟ་བུ་ཞིག་སྟེ། ཚིག་དེ་དག་ཀྱང་ཇི་མ་ཇི་བཞིན་སླེབས་ཡོང་གི་འདུག་པས་ཧ་ལས་པ་རེད། དེར་བརྟེན་རྗེ་རིན་པོ་ཆེས་གསར་པ་བཟོས་པ་ཞིག་མིན་པ་ཧ་ཅང་གསལ་པོ་རེད། བུདྡྷ་པཱ་ལི་ཏ་དང་ཚིག་གསལ་གྱི་དོན་དག་ཚུར་བསྡུས་ནས་གསུངས་པ་ཞིག་ཡིན་ལ། ཐ་སྙད་འབོད་སྟངས་དེ་དག་ཀྱང༌། ཚིག་གསལ་དང་བུདྡྷ་པཱ་ལི་ཏའི་ནང་དུ་ཡོད་པའི་ཐ་སྙད་དེ་ཉིད་གསུངས་ཡོང་གི་འདུག

                འཇུག་འགྲེལ་དགོངས་པ་རབ་གསལ་ཡང༌། ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་གྱི་དོན་དག་ཚུར་བསྡུས་པ་ཞིག་འདུག་ཅིང༌། དེས་ན་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་གཞུང་དེ་དག་ལ་སྦྱངས་ནས། རྗེ་རིན་པོ་ཆེ་རང་ཉིད་ལ་ཞེ་ས་མ་སྦྱར་ན། སྒྲོ་འདོགས་དཔྱིས་ཕྱིན་པ་ཆོད་པའམ་སྒྲོ་འདོགས་མཐའ་དག་སེལ་ནས། ལྟ་བའི་ངེས་པ་དཔྱིས་ཕྱིན་པ་ཐོབ་པའི་ཐོག་ནས་གསུངས་པའི་གསུང་དེ་དག་ང་རང་ཚོར་དངོས་སུ་མཇལ་རྒྱུ་ཡོད་པ་དེ་འདྲ་རེད། དེར་བརྟེན། ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །ཞེས་གསུངས་སོ།།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                འདུལ་བའི་སྐོར་དང༌། མངོན་པ་གོང་འོག་འདི་དག་ནི་ཕྱོགས་གཅིག་ནས་བོད་ཀྱི་མཁས་པ་གོང་མ་བུ་སྟོན་ལ་སོགས་པ་དེ་དག་གིས་མཛད་པའི་གཞུང་རྣམས་ཧ་ཅང་གི་སྤུས་དག་པོ་ཆགས་ཀྱི་ཡོད། ལྷག་པའི་འདུལ་བའི་སྐོར་ལ་ཆ་བཞག་ན། ཀུན་མཁྱེན་མཚོ་སྣ་བས་མཛད་པའི་མཚོ་ཊིའཀ་དང༌། དེ་བཞིན་མཛོད་ལ་ཆ་བཞག་ན་འགྲེལ་པ་མངོན་པའི་རྒྱན་དང༌། མཆིམས་འཇམ་དཔལ་དབྱངས་ཀྱི་མཛད་པའི་མཛོད་ཀྱི་འགྲེལ་བ་དེ་དག་རྒྱས་མ་དྲགས་ན། དེ་ལས་ལྷག་ཅིག་དགོས་པ་མེད་པ་ལྟ་བུ་ཞིག་ཆགས་སྟབས། རྗེ་རིན་པོ་ཆེས་དམིགས་བསལ་གང་ཡང་མཛད་མེད་ཅིང༌། འདི་ཡན་ཆད་པོ་ཏི་ལྔ་ཞེས་པ་དེ་ལྟར་རེད།

འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །

ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །

རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །

ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །

ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །

ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །

ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །

འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །

དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །

དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །

ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །

འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །

དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །

སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །

དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །

ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                དེ་ནས་རྒྱུད་སྡེ་འོག་མ་སྟེ། གསང་སྔགས་ལ་རྒྱུད་སྡེ་གོང་འོག་ཡོད་པས་ན།

རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །

མི་ཤེས་དེ་ཡི་རྣལ་འབྱོར་བླ་མེད་རྒྱུད། །

རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང༌། །

དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །

གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང༌། །

དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་སོགས། །

བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི །

རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །

གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི །

རྒྱུད་ལ་སྦྱངས་པས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། །

གང་ཡིན་དེ་ཡང་ལེགས་པར་ངེས་པར་བྱས། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །

གཙོ་བོ་དཔལ་ལྡན་དེ་ཉིད་བསྡུས་པའི་རྒྱུད། །

བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ལ། །

སྦྱངས་པས་རྣལ་འབྱོར་རྒྱུད་ཀྱི་དགའ་སྟོན་མྱོང༌། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

བཞི་པ་རྣལ་འབྱོར་བླ་ན་མེད་པ་ལ། །

འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར། །

ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང༌། །

རྣལ་འབྱོར་མ་རྒྱུད་ཀྱཻ་རྡོར་བདེ་མཆོག་གི །

                ཞེས་མ་རྒྱུད་ཀྱཻ་རྡོར་ཏེ། འདིར་གསང་སྔགས་རྙིང་མ་དང༌། གསང་སྔགས་གསར་མ་བཅས་གསང་སྔགས་ལ་གསར་རྙིང་གཉིས་ཡོད་པ་ལས། གསང་སྔགས་གསར་མ་གཞིར་བཞག་གི་ཐོག་ནས་གསུངས་ཀྱི་ཡོད།

རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང༌། །

མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །

ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད། །

གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས། །

              ཞེས་གསལ་བྱེད་དྲི་མ་མེད་པའི་འོད་བཅས་སེམས་འགྲེལ་སྐོར་གསུམ་ཞེས་གསུངས་པའི་གཙོ་བོ་འགྲེལ་ཆེན་དྲི་མེད་དེ་གསལ་བྱེད་དྲི་མ་མེད་པའི་ལ་སྦྱངས་ཞེས་སོ།།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                དང་པོར་རྒྱ་ཆེན་པོ་མང་དུ་ཐོས་པ་བཙལ་བའི་སྐབས་ཏེ་དང་པོའོ།།

 

སྐབས་གཉིས་པ།

བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ།

 

                དེ་ཡང་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་སྟེ། བསམ་བྱུང་གིས་ངེས་པ་རྙེད་པ་དང༌། སྒོམ་བྱུང་གིས་རྒྱུད་ལ་རྟོགས་པ་སྐྱེས་པ་ཞིག་དགོས་པ་རེད། བསམ་བྱུང་གིས་ངེས་པ་རྙེད་ནས་འདི་འདི་རེད་ཅེས་ཁོ་ཐག་ཆོད་པའམ་ཕུ་ཐག་ཆོད་པ་ཞིག་ཡོད་ཀྱང༌། བློ་དེ་དེའི་ངོ་བོར་སྐྱེ་དགོས་ཤིང༌། བློ་དེ་དེའི་ངོ་བོར་བསྒྱུར་དགོས་པ་རེད། དེར་བརྟེན། དོན་དེ་དང་དེར་བློ་འདྲིས་ཤིང་གོམས་པར་བྱས་པའི་སྒོམ་གྱི་ཐོག་ནས་མྱོང་བ་སྐྱེ་དགོས་པ་རེད། དེས་ན། སྒོམ་སྐྱོན་སྟངས་ཇི་ལྟར་གནང་བ་རེད་དམ་ཞེ་ན།

དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །

འཇམ་པའི་དབྱངས་ལ་ཤུགས་དྲག་རྒྱུན་རིང་གི །

དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །

འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                 ཞེས་དང༌། ཐུན་མོང་མ་ཡིན་པའི་རྟོགས་པ་ཇི་འདྲ་ཞིག་འཁྲུངས་སམ་ཞེ་ན།

དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །

རིམ་པ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ། །

ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་པས། །

                ཞེས་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོའི་ལྟ་བ་དང༌། ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་པའི་ཟབ་རྒྱས་ཀྱི་ལམ་གྱི་རིམ་པ་རིམ་བཞིན་བརྒྱུད་པའི་བྱང་ཆུབ་ཀྱི་ལམ་རིམ་ལ། ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ཀྱི་ལམ་རིམ་ཞེས་སྐྱེས་བུ་གསུམ་གྱི་ལམ་རིམ་བསྒྲིགས་པར་གནང་མཁན་དེ་ཇོ་བོ་རྗེ་རེད། མཚན་བཏགས་མཁན་དེ་ཡང་ཇོ་བོ་རྗེ་རེད། དེས་ན་ཇོ་བོ་རྗེ་ནས་བརྒྱུད་པའི་བཀའ་གདམས་ཀྱི་ཕྱག་བཞེས་ལམ་རིམ་ཞེས་གསུངས་པ་འདི་ཐུན་མོང་མ་ཡིན་པའི་ངེས་པ་རྙེད་པར་གྱུར་པས།

ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །

                 ཞེས་གསུངས་སོ། །ཕར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དག་གོ་རིམ་མ་འཆོལ་བར་གང་ཟག་གཅིག་གི་རྒྱུད་ལ་རིམ་བཞིན་རྟོགས་པ་སྐྱེས་ལུགས་དང༌། བློ་སྦྱོང་ཚུལ་དེ་དག་དང༌། དེ་ཡང་གང་ཟག་བློ་རབ་འབྲིང་ཐ་མ་གསུམ་ལ་ཕན་ཆེ་བའི་དགོས་པ་རྒྱུ་མཚན་གྱི་ཐོག་ནས། སྐྱེས་བུ་ཆུང་ངུའི་ལམ་རིམ་ལ། ཕྱི་མ་དོན་གཉེར་གྱི་བློ་སྐྱེ་ཐབས་དང༌། ཕྱི་མ་དོན་གཉེར་གྱི་བློ་སྐྱེས་པའི་རྗེས་ལ། ཕྱི་མར་བདེ་བའི་ཐབས་དེ་ཉིད་དུ་བསྟན་པས་ན། སྐྱེས་བུ་ཆུང་ངུའི་ལམ་ཙམ་ལ་བློ་སྦྱོང་མཁན་ཞིག་ཡིན་ན་ཡང༌། རང་ཉིད་ཀྱི་དོན་གཉེར་གྱི་བསམ་པ་སྦྱང་རྒྱུ་དང༌། དོན་གཉེར་སྐྱེས་ནས་བསྒྲུབ་བྱ་མངོན་མཐོ་བསྒྲུབ་པའི་ཐབས་མ་ཚང་བ་མེད་པར་བསྟན་ཅིང༌།

                དེ་ནས་སྐྱེས་བུ་འབྲིང་གི་སྐབས་སུ་ཐར་པ་དོན་གཉེར་གྱི་བློ་སྦྱངས། དེའི་མཇུག་དེར་རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལྡོག་པ་དང༌། ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལྡོག་པ་ཞེས་པའི་ས་ཁོངས་འདིའི་ནང་ནས། ཐར་པར་བགྲོད་ཚུལ་གྱི་ལམ་དེ་དག་མདོར་བསྡུས་ཤིག་བསྟན་ཡོད།

                དེ་ནས་སྐྱེས་བུ་ཆེན་པོའི་ལམ་རིམ་གསུངས་ཏེ། བློ་རབ་འབྲིང་ཐ་མ་གསུམ་ལ་ཕན་ཆེ་བ་ཞེས་གསུངས་པ་གཙོ་བོ་དེ་འདྲ་ཡིན་ས་རེད། གང་ལྟར་ཡང༌། དེ་ལྟ་བུའི་ལམ་རིམ་ལ་ཐུན་མོང་མ་ཡིན་པའི་ངེས་པ་རྙེད་ནས་ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཞེས་སོ།།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                འདིས་ཕར་ཕྱིན་གྱི་སྐོར་དེ་དག་གསུངས་པའོ། །

དེ་ནས་ཚད་མའི་སྐོར་ལ།

བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །

སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །

མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །

                ཞེས་པས་ཚད་མ་མདོ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་མདོ་དང༌། སྡེ་བདུན་ནི་ཆོས་ཀྱི་གྲགས་པས་མཛད་པའི་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཀུན་ལ་བྱང་ཆུབ་ཏུ་

བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །

                ཡང་ཕྱོགས་གཅིག་ནས།

འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །

དངོས་སུ་འདི་རྩོམས་ཞེས་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་ཐོག་མར་མཛད་སྐབས། མུ་སྟེགས་པས་ཐོ་འཚམ་པ་བྱུང་སྟ། དེ་དག་གི་སྐབས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་

དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །

འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །

གསུང་གི་གནང་བ་བསྩལ་བའང་ཚད་མར་བྱེད། །

དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །

མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །

                སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་མདོའམ་ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དུ།

ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །

སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །

                ཞེས་གསུངས་པའི་རྐང་པ་གཉིས་ཀྱི་བརྗོད་དོན། སློབ་དཔོན་ཆོས་གྲགས་ཀྱིས་ཚད་མ་རྣམ་འགྲེལ་གྱི་སྐབས་སུ་ལེའུ་བཞི་གསུངས་པའི་ལེའུ་གཉིས་པར། ཚད་མར་གྲུབ་པའི་ལེའུ་ཞེས་ལེའུ་དེའི་ནང་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ཀྱི་དོན་རྣམས་ལུགས་འབྱུང་ལུགས་ལྡོག་གི་སྒོ་ནས་ལེགས་པར་གཏན་ལ་ཕབ་སྟེ།

རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །

ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །

བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །

ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །

ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །

ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །

                ཞེས་ཐེག་གཉིས་ནི་ཐེག་པ་གོང་འོག་གཉིས་ཏེ་ཐེག་པ་ཆེ་ཆུང་གཉིས་གསུངས་ཀྱི་མེད་དམ།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                དེ་ནས་བྱང་ས་མདོ་སྡེ་རྒྱན་གཉིས་པོ། །

ལེགས་པར་སྦྱར་ཏེ་ཚུལ་བཞིན་རབ་འབད་པས། །

མི་ཕམ་ཆོས་རྗེའི་གཞུང་དང་རྗེས་འབྲང་གི །

གཞུང་ཀུན་ཉམས་སུ་ལེན་པའི་གདམས་པར་ཤར། །

                ཞེས་བྱང་ས་དང་མདོ་སྡེའི་རྒྱན་ཞེས་བརྗོད་སྐབས། ས་རྒྱན་གཉིས་ཞེས་པ་དེ་ཡིན་ཞིང༌། ས་རྒྱན་གཉིས་ལ་སྦྱར་ནས་གསུངས་པ་ཞིག་ཡིན།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

ལྷག་པར་ཟབ་ཅིང་རྒྱ་ཆེའི་གསུང་རབ་ཚོགས། །

བསྒྲིགས་པའི་གོ་རིམ་ཉིད་ལས་ལམ་གྱི་གནད། །

ཀུན་ལ་ངེས་སྟེར་བསླབ་པ་ཀུན་བཏུས་ལ། །

བརྟེན་ནས་མདོ་སྡེ་ཀུན་ལས་བཏུས་པ་སོགས། །

ཀླུ་སྒྲུབ་ལུགས་ཀྱི་གཞུང་མཆོག་དུ་མའི་དོན། །

ཉམས་སུ་ལེན་པའི་རིམ་པ་ལེགས་པར་མཐོང༌། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                ཞེས་པ་འདིས་ཞི་བ་ལྷས་མཛད་པའི་བསླབ་བཏུས་དང༌། སྤྱོད་འཇུག་འདིར་གསུངས་མི་འདུག་ཀྱང༌། བསླབ་སྤྱོད་གཉིས་ཞེས་བསླབ་བཏུས་ལ་བརྟེན་ནས། ལམ་གྱི་འགྲོ་སྟངས་གོ་རིམ་དེ་དག་ཟབ་མོ་ལྟ་རྒྱུད་ཀྱི་གསུང་ཚུལ་དེ་དག་ངེས་པ་རྙེད་པ་འདི་ལྟར་བྱུང་སོང་ཞེས་གསུངས་པ་ཡིན།

                དེས་ཕ་རོལ་ཏུ་ཕྱིན་པའི་དབུ་ཚད་ཀྱི་གཞུང་གཙོ་བོར་གྱུར་པའི་དབུ་ཚད་ཕར་ཕྱིན་གྱི་གཞུང་དེ་དག་གདམས་པར་ཤར་བའམ་ཐུགས་ཉམས་སུ་བཞེས་ནས། ཐུགས་ལ་གོ་རྟོགས་ཐུན་མོང་མ་ཡིན་པ་འཁྲུངས་པའི་ཚུལ་དེ་གསུངས་པ་རེད།

དེ་ནས་བསམ་གཏན་ཕྱི་མ་རྣམ་སྣང་ནི། །

མངོན་པར་བྱང་ཆུབ་སངས་རྒྱས་གསང་བ་ཡིས། །

ལེགས་པར་བཤད་པའི་མན་ངག་ལ་བརྟེན་ནས། །

ལམ་གྱི་གནད་ཀུན་ལེགས་པར་གདམས་པར་ཤར། །

                ཞེས་པས་བྱ་རྒྱུད་བསམ་གཏན་ཕྱི་མ་དང༌། སྤྱོད་རྒྱུད་རྣམ་སྣང་མངོན་པར་བྱང་ཆུབ་པ། གཞུང་ངམ་རྒྱུད་དེའི་དགོངས་དོན་སངས་རྒྱས་གསང་བས་ལེགས་པར་བཤད་པའི་མན་ངག་ལ་བརྟེན་ནས། གཙོ་བོ་ཞི་ལྷག་སྒྲུབ་ཚུལ་གསུངས་ཀྱི་ཡོད་དམ་སྙམ།

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

དཔལ་ལྡན་དེ་ཉིད་བསྡུས་པའི་ལམ་གྱི་གནད། །

ཏིང་འཛིན་གསུམ་གྱིས་བསྡུས་པར་མཐོང་བ་ནི། །

ཅུང་ཟད་སླ་ཡང་ལམ་དེར་ཟབ་མོའི་དོན། །

སྒོམ་ཚུལ་རྟོགས་པར་དཀའ་བ་པཎ་ཆེན་ནི། །

                ཞེས་རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་ཀྱི་དེ་ཉིད་བསྡུས་པའི་སྐབས་ནས་གསུངས་པའི་རྡོར་དབྱིངས་དང༌། རྣལ་འབྱོར་རྒྱུད་ཀྱི་ལྷ་ཡི་བསྐྱེད་ཆོག་གི་ཏིང་འཛིན་གསུམ་བསྐྱེད་དེ། ཏིང་ངེ་འཛིན་གསུམ་གྱིས་ཆིངས་ལྟ་བུའི་ཐོག་ནས། བསྐྱེད་རིམ་སྒོམ་སྟངས་དེ་ཙམ་ཞིག་ཤེས་པས། དེ་ཉིད་བསྡུས་པའི་རྒྱུད་ཀྱི་དཀའ་བའི་གནད་མི་ཤེས་ཤིང༌། དེ་ཙམ་ཤེས་མི་ཐུབ་པས། རྟོགས་པར་དཀའ་བ་པཎ་ཆེན་ནི།

སངས་རྒྱས་གསང་བས་རྩ་བཤད་ཆ་མཐུན་རྒྱུད། །

                ཞེས་པས་རྩ་རྒྱུ་དང༌། བཤད་རྒྱུད། ཆ་མཐུན་རྒྱུད་བཅས་རྒྱུད་རྣམ་པ་གསུམ་སྦྱར་ཏེ་ཚུལ་བཞིན་བཤད་པ་དང༌།

རྒྱུད་སྡེ་གསུམ་གྱི་ཟབ་མོའི་ཉམས་ལེན་རྣམས། །

                ཞེས་སྔགས་རིམ་ཆེན་མོའི་ནང་དུ་རྒྱུད་ཁུངས་དྲངས་ཏེ་ཞི་ལྷག་གི་ཏིང་ངེ་འཛིན་སྒོམ་སྟངས་དུ་མ་དམིགས་བསལ་གསུངས་ཀྱི་ཡོད་པས་དེ་ཡིན་ས་རེད།

སྒོམ་རིམ་ཇི་བཞིན་བཤད་པས་བློ་མུན་བསལ། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                དེ་ནས་རྣལ་འབྱོར་བླ་མེད་ལ།

ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །

དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །

དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །

དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ལ། །

སྨྲ་བའི་དམ་པ་ཀླུ་སྒྲུབ་འདི་སྐད་གསུང༌། །

རྩ་བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །

མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་སྟེ་གནས། །

དེ་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །

བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །

                ཞེས་དེ་ལྟ་བུའི་ཀླུ་སྒྲུབ་ཀྱིས་མན་ངག་ཏུ་དྲིལ་ནས་ཡོད་པ་འདི།

ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི །

མཐར་ཐུག་མདོར་བྱས་སྤྱོད་བསྡུས་རྣམ་གཞག་སོགས། །

                ཞེས་མཐར་ཐུག་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་གཞག་སྟོན་པའི་མདོར་བྱས་ཏེ། མདོའམ་གསང་འདུས་རྩ་རྒྱུད་ཀྱི་ཁུངས་དྲངས་པའམ་རྩ་རྒྱུད་སྲེས་ནས་སྟོན་པའི་མདོ་བསྲེ། སློབ་དཔོན་འཕགས་པ་ལྷས་མཛད་པའི་རིགས་ལྔའི་དོན་འགྲེལ་སྤྱོད་བསྡུས། སློབ་དཔོན་ཀླུ་བྱང་གིས་མཛད་པའི་རྣམ་གཞག་གི་རིམ་པ་སོགས།

འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ། །

                ཕྲན་ཞེས་པ་ནི་གཞུང་ཕྲན་དང༌། དེ་བཞིན་ཀླུ་སྒྲུབ་རང་ཉིས་ཀྱིས་མཛད་པའི་རིམ་ལྔ་ལྟ་བུའི་འཕགས་སྐོར་གྱི་གཞུང་ཕྲན་ཀུན་ལ་རིང་དུ་འདྲིས་པར་བྱས་པ་སྟེ།

རིང་དུ་འདྲིས་པར་བྱས་ཏེ་རྩ་བའི་རྒྱུད། །

                ཞེས་གསང་འདུས་རྩ་རྒྱུད་དེ། རྩ་བའི་རྒྱུད་ཀྱི་འགྲེལ་པ་རྒྱ་ཆེར་འགྲེལ་བའམ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པ།

སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ལ། །

བརྟེན་ནས་བཤད་རྒྱུད་ཆེན་པོ་ལྔ་དང་ནི། །

                ཞེས་འགྲེལ་པ་སྒྲོན་གསལ་ལ་བརྟེན་ནས་བཤད་རྒྱུད་ཆེན་པོ་རྒྱུད་རྡོར་ཕྲེང་དང༌། དེ་བཞིན་ལྷ་མོ་བཞིས་ཞུས་པ་ལ་སོགས་པ། དགོངས་པ་ལུང་སྟོན་ལ་སོགས་བཤད་རྒྱུད་ཆེན་པོ་ལྔ་དང་ནི་ཞེས་བོད་ལ་བསྒྱུར་བའི་བཤད་རྒྱུད་ཆེན་པོ་ལྔའོ། །ལྷ་ཡི་དབང་པོས་ཞུས་པའི་རྒྱུད་ཞེས་པ་དེ་བོད་ལ་བསྒྱུར་མེད།

ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །

སྦྱངས་པས་འདུས་པའི་རིམ་གཉིས་སྤྱི་དང་ནི། །

 

                ཅེས་རིམ་པ་གཉིས་ཞེས་དབང་གི་རྣམ་གཞག་དཀྱིལ་འཁོར་དང་བཅས་པ་རིམ་གཉིས་འཁོར་དང་བཅས་པ་སྤྱི་དང༌། ཁྱད་པར་དུ་རྫོགས་རིམ་རིམ་པ་ལྔའམ་རྫོགས་རིམ་རིམ་པ་དྲུག དེའི་ནང་ཚན་ནས་སྒྱུ་ལུས་ཀྱི་སྐོར་ལ་མཐའ་ཆོད་པ་ཞིག་མཁྱེན་བྱུང་ཞེས་གསུངས་པའོ།།

ཁྱད་པར་རྫོགས་པའི་རིམ་པའི་གནད་ཀུན་རྙེད། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

དེ་ཡི་མཐུ་ལས་བདེ་དགྱེས་དུས་འཁོར་སོགས། །

                ཞེས་གསང་བ་འདུས་པའི་ལམ་རིམ་གཉིས་སྤྱི་དང༌། ལྷག་པར་རིམ་ལྔའི་གནད་ལ་ངེས་པ་ཐོབ་པ་ཡག་པོ་ཞིག་བྱུང་ན། བདེ་མཆོག་དང༌། དགྱེས་རྡོར། དུས་འཁོར་སོགས་པ་སྟེ།

རྒྱུད་སྡེ་མང་པོའི་གནད་དོན་གདམས་པར་ཤར། །

དེ་དག་བདག་གིས་གཞན་དུ་བཤད་པས་ན། །

འདིར་ནི་རྣམ་དཔྱོད་ཅན་ལ་སྒོ་ཙམ་ཞིག །

                ཞེས་སྔགས་རིམ་ཆེན་པོ་དང༌། དེ་བཞིན་གསང་བ་འདུས་པའི་རིམ་གཉིས་ཀྱི་སྒོ་ལྟ་བུ་རྗེ་རིན་པོ་ཆེས་མཛད་ཡོད་ཅིང༌། དེ་ལ་སོགས་པ་རྗེ་རིན་པོ་ཆེས་གཞུང་མང་པོ་མཛད་ཡོད་པས་ན་དེ་དག་ལས་ཤེས་རྒྱུ་དང༌། འདིར་ནི་རྣམ་དཔྱོད་ཅན་ལ་སྒོ་ཙམ་ཞིག་བསྟན་པ་ཡིན་གསུངས་སོ། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

 

                བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་སྐབས་ཏེ་གཉིས་པའོ།།

 

སྐབས་གསུམ་པ།

མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ།

 

དེ་ལྟར་གདམས་པའི་གཏེར་དུ་གྱུར་པ་ན། །

ཐེག་ཆེན་གཉིས་ཀྱི་ཐུན་མོང་ལམ་དང་ནི། །

ཐུན་མོང་མིན་པའི་ལམ་གྱི་རིམ་པ་གཉིས། །

                ཐེག་ཆེན་ཐུན་མོང་བའི་ལམ་གསུངས་པས་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་ཀྱི་ལྟ་བ། མཐར་གཏུགས་ན་དེ་གཉིས་ཉམས་བཞེས་གནང་རྒྱུ་དང༌། དེ་གཉིས་གཞི་མའམ་རྨང་གཞིར་ཡོད་པའི་སྟེང་ནས་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་བསྐྱེད་རྫོགས་གཉིས།

གནད་བསྡུས་ཚང་བའི་ལམ་ལ་འདྲིས་པར་སྦྱངས། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། ། 

རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །

དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །

གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །

ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །

ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །

                ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ་དང༌། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་སྐབས་ཏེ་གསུམ་པའོ།།

 

སྐབས་བཞི་པ།

ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ་བ།

 

རང་གི་དགེ་བ་རྒྱ་ཆེར་སྤེལ་ཕྱིར་དང༌། །

རྣམ་དཔྱོད་ལྡན་པའི་སྐལ་བཟང་མང་པོ་ལ། །

འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །

རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །

                དེ་ལས་ཐོབ་པའི་དགེ་བ་བསྔོ་བ་ལ།

དེ་ལས་ཐོབ་པའི་དགེ་བའི་ཚོགས་རྣམས་ཀྱིས། །

རིམ་པ་འདི་ཡིས་འགྲོ་བ་མ་ལུས་ཀུན། །

                ཞེས་གོང་དུ་གསུངས་པ་བཞིན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པར་ཐོས་བསམ་སྒོམ་གསུམ་རིམ་པར་བཞིན་བྱས་ཏེ། དེ་ལྟ་བུའི་ཕྱིན་ཅི་མ་ལོག་པའི་ལམ་བགྲོད་ཚུལ་དེ་ལྟ་བུའི་སྒོ་ནས། འགྲོ་བ་མ་ལུས་ཀུན།

ཐུབ་པའི་བརྟུལ་ཞུགས་བླ་ན་མེད་བཟུང་ནས། །

རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་ཤོག །

ཅེས་རང་གི་རྟོགས་པ་མངོན་པར་བརྗོད་པ་མདོ་ཙམ་དུ་བཤད་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཡི་གེ་པ་ནི་བཀའ་བཞི་པ་རིན་ཆེན་དཔལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །ཅེས་གསུངས་སོ།།

མདོར་ན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་སྤྱིའི་འགྲོ་སྟངས་ངོ་སྤྲོད་བྱས་པ་དེ་དག་གཞི་ལ་བཞག་ནས་ཁྱེད་རང་ཚོས་སློབ་སྦྱོང་བྱ་དགོས་ཞེས་བཀའ་སྩལ་ཏོ།།   །།

ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༡༢༠༡༤༡༠༥༡
འདིའི་ཕབ་བཤུས་བྱེད་པའི་ཐབས་ནི།
དང་པོ། དྲྭ་ངོས་འདི་ཀློག་གླད་ཀྱི་མདུན་ཅོག་ངོས་སུ་ཕབ་ལེན་བྱེད་པ་དང་།
གཉིས་པ། མདུན་ཅོག་སྟེང་གི་དྲྭ་བའི་རྣམ་པའི་ཡིག་ཆ་དེ་wordཀྱིས་ཐད་ཀར་ཁ་ཕྱེ་བ།
གསུམ་པ། wordསྟེང་གི་ཡི་གེ་དེ་ཡང་བསྐྱར་ཕབ་བཤུས་བྱས་ནས་wordགསར་བ་ཞིག་གི་སྟེང་ལ་སྦྱར་ན་འགྲིག་གོ །
1 ༡༧༢༠༡༡༡༨༥༢
ཁྱེད་རྣམ་པས་གཉེར་བཞིན་པའི་དྲ་རྒྱ་འདི་ནི་ནང་དོན་ཕུན་སུམ་ཚོགས་པ་ཞིག་རེད་འདུག་མོད། ནང་དོན་དེ་དག་ནི་བལྟ་ཀློག་བྱ་རྒྱུ་ཙམ་ལས་ཕབ་བཤུས་ཀྱིས་དཔར་ལེན་བྱ་རྒྱུ་མེད་པ་ནི་ཆེས་ཕངས་པ་ཞིག་ཏུ་མཐོང་བས། ཀློག་པ་པོ་དང་Print བྱས་ནས་དལ་ལྷོད་ཀྱིས་བལྟ་ཀློག་བྱེད་འདོད་མཆིས་པ་ཁག་ལ་ཡང་དགོངས་བཞེས་ཤིག་ངེས་པར་གནང་བར་འཚལ་ཞེས་རེ་འདུན་ཞུ་རྒྱུ་ལགས།



བརྗོད་གཞི་གཞན་ཁག་ལ་གཟིགས།