༄༅། །ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་བཞུགས་སོ།།

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། ལམ་གཙོ་བཤད་རོགས་གྱིས་ཞེས་ཞུ་མཁན་མི་འདུག་ཀྱང་ང་རང་གིས་ང་རང་ལ་ལམ་གཙོ་རྣམ་གསུམ་ཞིག་གནང་རོགས་གནང་ཞེས་ཞུས་པ་ཡིན།    ལམ་གྱི་གཙོ་བོ་རྣམ་པ་གསུམ་འདི་རྗེ་བདག་ཉིད་ཆེན་པོས་མཛད་ཅིང༌། རྗེ་རིན་པོ་ཆེར་བསྐུལ་བ་པོ་ནི་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་རེད། རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་ཚྭ་ཁོ་བ་ངག་དབང་གྲགས་པར་ཕྱག་བྲིས་གནང་བ་ཞིག་གི་ནང་འདི་ལྟར།

ཁོ་བོས་སྨྲས་པའི་རྗེས་སུ་བཞུགས་ཤིག་དང༌། །

ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །

མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ། །

བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །

          ཞེས་གསུངས་ཤིང༌། ཚྭ་ཁོ་བ་ངག་དབང་གྲགས་པར་ཐུགས་གཏིང་ནས་གཙི་པོ་ཡོད་ས་རེད། དེ་ལྟའི་ཚིག་འདི་ནུས་པ་ཆེན་པོ་འདུག་ཅིང༌། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ངས་བཤད་པ་དེ་ཁྱེད་ཀྱིས་ཉམས་ལེན་ཡག་པོ་གྱིས། རྗེ་རིན་པོ་ཆེ་རང་ཉིད་ཀྱི་མཛད་སྤྱོད་དང་མཐུན་པ་ཞིག་གྱིས་དང༌། རྗེ་རིན་པོ་ཆེ་རང་ཉིད་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་སྐབས་ལ་འཁོར་གྱི་ཐོག་མར་རྗེས་སུ་བཟུང་ནས་ཆོས་ཀྱི་བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་ནོ་ཞེས་གསུངས་པ་འདི་ཧ་ཅང་གི་སྙིང་རྗེ་པོ་རེད། དངོས་སུ་ཞུ་མཁན་དེ་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་རེད། རྗེ་རིན་པོ་ཆེས་མར་གདམས་སྐབས་མཇུག་དེར། འདི་ལྟར། 

དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །

གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །

དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །

གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །

          ཞེས་ཚྭ་ཁོ་བར་ཐུགས་དགྱེས་པོའི་ངང་ནས་འདི་ལྟར་གསུངས་འདུག་ཅིང༌། ང་རང་ཚོ་ཡང་དེའི་གྲས་སུ་ཡོད་པའི་ཁུལ་རེད། ང་ཚོས་ཡར་འཚང་རྒྱུ་ལས་རྗེ་རིན་པོ་ཆེས་མར་ཕུད་ཀྱི་མ་རེད།  ཡར་ཤོག་ཅེས་གསུངས་མཁན་ཅང་མི་འདུག་ཀྱང་དེའི་གྲས་སུ་ཡར་འཚང་རྒྱུ་རེད།

གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །

          ཞེས་ཉེ་ཚིག་གིས་བུ་ཞེས་གསུངས་སའི་ནང་དུ་ཨེ་ཚུད་མི་ཚུད་ཅིག་བལྟ་དགོས་ཤིང༌། དེ་ཚུད་པ་ལ་རྗེ་རིན་པོ་ཆེར་སྐྱབས་རྟེན་བསྐྱལ་བ་དང༌། དེང་སང་ཡིན་ན་རྗེ་རིན་པོ་ཆེར་ཨ་སྒོར་ཆག་པ་ཡར་ཕུལ་ནས་བུའི་གྲས་སུ་བཙུད་རོགས་གྱིས་ཞེས་ཞུ་རྒྱུ་མེད་ལ། སྟོབས་གོ་ས་ཆེ་ཡང་རྗེ་རིན་པོ་ཆེའི་བུའི་གྲས་སུ་ཚུད་ཐབས་མ་རེད།

          ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ལ་ཉམས་ལེན་ཡག་པོ་ཞིག་བྱས། བསམ་པ་རྣམ་དག་རྒྱབ་མདུན་ངོ་ལྐོག་མེད་པའི་ཉམས་ལེན་ཞིག་བྱོས་དང་བུའི་གྲས་སུ་ཚུད་ཀྱི་རེད། དེས་ན་རྗེ་རིན་པོ་ཆེས་ལམ་གྱི་གཙོ་བོ་རྣམ་པ་གསུམ་པོ་དེ་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པར་ཇི་ལྟར་གདམས་པ་བཞིན་ང་རང་ཚོས་ཀྱང་སྨོན་ལམ་བརྒྱབ། དེར་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་ན།

རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །

རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །

སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་མཆོག །

ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །

          ཞེས་པ་ལས། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།

ཞེས་པའི་ཚིག་འདི་གཅིག་བྱས་ན་རྗེ་རིན་པོ་ཆེས་ཁེངས་སྐྱུང་མཛད་པའི་ཚིག་སྟེ། རྗེ་རིན་པོ་རང་ཉིད་ཀྱིས་ལམ་གྱི་གཙོ་བོ་རྣམ་པ་གསུམ་པོ་དེ་མཐའ་ཆོད་པ་ཞིག་གསུངས་མི་ཐུབ་ཀྱང་གང་ཐུབ་ཀྱིས་རྒྱལ་བའི་དགོངས་པ་དང་མཐུན་པ། མདོ་བསྟན་བཅོས་ཀྱི་དགོངས་པ་དང་མཐུན་པ་ཞིག་གསུངས་ཀྱི་ཡིན་ཞེས་ཁེངས་སྐྱུང་གི་ཚིག་རེད། ཡང་ན་ཚིག་ཉུང་ཉུང་ཞིག་གི་ནང་དུ་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་དོན་བསྡུས་པ་ཞིག་ཅི་ནུས་ཀྱིས་འདོམས་པར་བྱས་ནས་གསུངས་ཀྱི་ཡིན་ཞེས་པའི་དོན་ཡིན།

གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །

དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །

རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །

སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །

          ཅེས་སྣོད་ལྡན་ཉན་པར་བསྐུལ་བ་ཡིན་ལ། ང་རང་ཚོར་མཚན་ཉིད་འདི་དག་ཚང་བའི་འབད་བརྩོན་བྱེད་དགོས་ཤིང༌། དེ་ཡང་སྲིད་པའི་བདེ་བ་ལ་མ་ཆགས་ཤིང༌། དལ་བ་ཐོབ་པ་དོན་དང་ལྡན་པ་ཞིག་བྱེད་ཀྱི་ཡིན་བསམ་པའི་བརྩོན་པ་ཉིན་མཚན་ཀུན་ཏུ་དྲན་ཐུབ་པ་ཞིག་དང༌། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་འགྲུས་བརྩམས་ན་ཡང༌། བརྩོན་འགྲུས་བརྩམ་ས་མ་ནོར་བ་ཞིག་དགོས། བརྩོན་འགྲུས་བརྩམ་ས་མ་ནོར་བ་ཇི་ལྟར་ཡིན་ཞེ་ན། རྒྱལ་བ་དགྱེས་པའི་ལམ་ཞེས་གསུངས་པ་ལྟར་མགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་མཇུག་ཟུང་འཇུག་བར་ལམ་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་ཞིག་ཐོག་མར་ཐོས་པས་ཤེས་པར་བྱས། ཐོས་པའི་དོན་ལ་ཡང་ཡང་བསམས་པའི་སྒོ་ནས། ཐོག་མཐའ་མ་ལས།

ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །

ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །

བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི། །

རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །

          ཅེས་པ་ལྟར་གྱི་དཔྱད་པ་བྱས། ཁོ་བོའི་བསམ་པར་འདིའི་དཔྱད་པ་བྱེད་རྒྱུའི་ནང་དེང་ཚན་རིག་དང་འབྲེལ་བ་བྱེད་པ་དེ་ཡང་འདུག་ཅིང༌།

ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །

          ཞེས་པ་ནི་ཆོས་ཉིད་ཀྱི་རིགས་པ་དང༌། ལྟོས་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ། བྱ་བ་སྒྲུབ་པའི་རིགས་པ་བཅས་ཚན་རིག་པ་ཚོས་དཔྱད་ཀྱི་ཡོད་ཅིང༌། ང་ཚོ་མཉམ་དུ་གོ་བསྡུར་བྱས་ན་ཡག་པོ་འདུག་ལ།

ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །

བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡི། །

རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག །

          ཅེས་པ་ལྟར་བསམ་བློ་ཡང་ཡང་བཏང་ན། སེམས་ཀྱི་གཏིང་ལ་འདི་དངོས་གནས་རེད་སྙམ་པ་གཞན་དང་མི་འདྲ་བའི་སེམས་ལ་ངེས་པ་ཐོབ་པ་ཞིག་དང༌། ཡིད་ཆེས་བརྟན་པོ་ཡོང་བ་ཞིག་དགོས་པ་རེད། ཐོག་མཐའ་མ་ལས་ཇི་སྐད་དུ།

གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ། །

བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ། །

ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས། །

དབེན་པ་བསྟེན་ནས་ཚུལ་བཞིན་སྒྲུབ་པར་ཤོག །

          ཅེས་པ་འདི་ང་ལ་ཕལ་ཆེར་ཡོང་རྒྱུ་མེད་པ་རེད། མ་བྱུང་མ་བྱུང་ཟེར་ནས་ཉི་ཤུ་འདས། །ཞེས་པ་ལྟར་འདི་ལྟར་འགྲོ་བ་ལས་བྱེད་རྒྱུ་ཅང་མི་འདུག་ཅིང༌། འོན་ཀྱང་འགྱོད་པ་གང་ཡང་མི་འདུག ཁྱེད་རང་ཚོ་ལྷག་པར་ལོ་གཞོན་པ་ཚོས་འདིར་དཔྱད་པ་བྱས་ནས་རྒྱ་ཆེ་བའི་ལམ་གྱི་རིམ་པའི་སྐོར་དང༌། ཟབ་མོའི་ལམ་གྱི་རིམ་པའི་སྐོར། བསྐྱེད་རྫོགས་ཀྱི་གནས། གང་ཞིག་ཡིན་ཀྱང་དཔྱད་པ་ཡག་པོ་བྱས་ཏེ་སེམས་ལ་ངེས་པ་ཐོབ་པ་ཞིག་བྱུང་ན། འདུན་པ་ཆིག་སྒྲིལ་གྱི་ཐོག་ནས་བྱ་བྲལ་རི་ཁྲོད་འགྲིམས་ཏེ་ཉམས་ལེན་བྱེད་ཐུབ་པ་ཞིག་བྱུང་ན་དངོས་གནས་ཡག་པོ་རེད་ལ།

           དེས་ན་རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པ་ཞིག་དང༌། རྒྱལ་བའི་དགྱེས་པའི་ལམ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ང་རང་ཚོས་བྱ་དགོས་པ་རེད། ཤེས་སོང་ངམ། འདི་བྱུང་ན་སྐལ་བ་དང་ལྡན་པ་ཞེས་པ་དེའི་གྲས་སུ་ཚུད་པ་རེད། སྐལ་ལྡན་དེ་དག་དང་བས་ཡིད་ཀྱིས་ཉོན།།

ཞེས་པ་ལྟར་རེད།

རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །

བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །

སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །

ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །

                   ཞེས་ངེས་འབྱུང་འཚོལ་དགོས་པའི་རྒྱུ་མཚན་ནམ་ངེས་འབྱུང་སྐྱེས་དགོས་པའི་རྒྱུ་མཚན། ངེས་པར་འབྱུང་བ་ནི་གཙོ་བོ་སྡུག་བདེན་གྱི་ཉེས་དམིགས་བསམས་ནས་དེ་ལས་གྲོལ་འདོད་ཀྱི་བསམ་པས་ཐར་པ་དོན་དུ་གཉེར་བའི་བློ་སྦྱོང་བ་དེ་གལ་ཆེ་ཞིང༌། གཙོ་བོ་ཉོན་མོངས་ཀྱི་ཉེས་དམིགས་བསམས་ནས། འདུ་བྱེད་ཀྱི་སྡུག་བསྔལ་ལམ་ཉོན་མོངས་ཀྱི་སྡུག་བསྔལ། ཉོན་མོངས་ཀྱི་སྐྱོན་བསམས་ནས་ཉོན་མོངས་པའི་དགྲ་ལས་རྒྱལ་བ་ཞིག་བྱུང་ན་བསམ་པའི་འདོད་པ་སྒྲུབ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཇི་ཙམ་གྱིས་ཉོན་མོངས་ཀྱི་ཉེས་དམིགས་མང་བ་མཐོང་བ་དེའི་ཚོད་ཀྱིས་ཉོན་མོངས་ཀྱི་དགྲ་ལས་རྒྱལ་བ་ཞིག་བྱུང་ན་བསམས་པའི་འདོད་པ་ཞིག་དང༌། ཉོན་མོངས་ལས་ཐར་བའི་ཐར་པ་ཐོབ་ན་བསམ་པའི་བློ་ཤུགས་ཆེན་པོ་ཡོང་བ་རེད། དེས་ཐོག་མར་ངེས་འབྱུང་སྒོམ་དགོས་པའི་རྒྱུ་མཚན་དང༌། ངེས་འབྱུང་སྒོམ་པའི་གོ་རིམ་ཇི་ལྟར་ཡིན་ཞེ་ན།

དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །

ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །

ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །

ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག །

          ཅེས་པ་ནི་བློ་ལྡོག་རྣམ་བཞི་དང་ཏག་ཏག་རེད་འདུག་ཅིང༌། བློ་ལྡོག་རྣམ་བཞིར་འདྲེན་ཚུལ་མི་འདྲ་བ་ཁ་ཤས་ཡོད། འོན་ཀྱང་ཡོངས་གྲགས་བློ་ལྡོག་ཅེས་པ་དེ་འཁོར་བ་ལས་བློ་ལྡོག་ནས་ངེས་འབྱུང་སྒྲུབ་རྒྱུ་དེར་སྦྱར་ཆོག་ཅིང༌། བློ་ལྡོག་རྣམ་བཞིའི་མིང་འདི་བཏགས་ན། དལ་འབྱོར་དོན་ཆེན་རྙེད་དཀའ་དང༌། འཆི་བ་མི་རྟག་པ་བསམ་པ་གཉིས་ཀྱི་ཐོག་ནས་ཚེ་འདིའི་སྣང་ཤས་ལྡོག་པ་དང༌། ལས་རྒྱུ་འབྲས་དང༌། འཁོར་བའི་ཉེས་དམིགས་བསམ་པ་གཉིས་ཀྱི་ཐོག་ནས་ཕྱི་མའི་སྣང་ཤས་ལྡོག་པ་བཅས་མདོར་ན་ངེས་འབྱུང་སྒྲུབ་རྒྱུ་དེ་རེད། 

          ཇོ་བོའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྐབས་སུ་བློ་རབ་འབྲིང་ཐ་མ་གསུམ་ལ་ཕན་ཆེ་བའི་ཆེད་དུ་སྒྲིག་སྟངས་དེ་ཡང་མི་འདྲ་བ་ཞིག་བསྒྲིགས་ཡོད། དལ་འབྱོར་དོན་ཆེན་རྙེད་དཀའ་དང༌། འཆི་བ་མི་རྟག་པ༑ ངན་འགྲོའི་སྡུག་བསྔལ། སྐྱབས་འགྲོ། ལས་འབྲས་བཅས་ཀྱིས་ཕྱི་མ་དོན་གཉེར་གྱི་བློ་སྦྱངས། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པ་ཞེས་སྐྱབས་འགྲོ་དང་ལས་འབྲས་གཉིས་གསུངས། དེར་བརྟེན་སྐྱེས་བུ་ཆུང་ངུའི་བསྒྲུབ་བྱ་དེ་མངོན་མཐོ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་དེ་དག་མངོན་མཐོ་དོན་གཉེར་གྱི་བློ་བྱུང་བའི་མཚམས་སུ་མངོན་མཐོ་སྒྲུབ་པའི་ཐབས་ཆ་ཚང་གསུངས་ནས་དེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་ཙམ་ལ་བློ་སྦྱང་མཁན་ཞིག་ལ་ཐོག་མར་མངོན་མཐོ་དོན་གཉེར་གྱི་བློ་སྦྱང་རྒྱུ་དང༌། མངོན་མཐོ་མ་ཐོབ་པའི་ཉེས་དམིགས། མངོན་མཐོ་ཐོབ་པའི་ཕན་ཡོན། མངོན་མཐོ་ཐོབ་བྱེད་ཀྱི་ཐབས་ཆ་ཚང་བ་ཞིག་བསྟན་པ་རེད། འདིའི་སྐབས་སུ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུར་ཐག་གཅད་ནས་གོ་རིམ་དེ་དང་མཐུན་པ་ཞིག་བསྒྲིགས་པ་ཡིན་ནམ་སྙམ།

          དེས་ན་ཚེ་འདིའི་སྣང་ཤས་ལྡོག་པ་དེ་དང༌། ཕྱི་མའི་སྣང་ཤས་ལྡོག་པར་ལས་འབྲས་བསླུ་བ་མེད་པའི་ཚུལ་གཅིག་དང༌། དེ་ནས་འཁོར་བའི་སྡུག་བསྔལ། འཁོར་བའི་སྡུག་བསྔལ་བསམ་སྟངས་དེ་གཤམ་དུ་བྱང་ཆུབ་སེམས་སྦྱོང་གི་སྐབས་སུ་གསུངས་པ་དེ་ཡར་བླངས་ན་ཧ་ཅང་གསལ་པོ་རེད།

ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །

བཟློག་དཀའི་ལས་ཀྱི་འཆིང་བ་དམ་པོས་བསྡམས། །

བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད། །

མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །

མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །

སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །

          ཞེས་པ་དེ་རང་སྟེང་དུ་བསམ་བློ་བཏང་ན་ངེས་འབྱུང་སྒྲུབ་རྒྱུ་རེད། བསམ་བློ་ཞིག་ཐོངས་དང༌། འདིའི་ནང་ཉོན་མོངས་ཀྱི་ཉེས་དམིགས་ཤུགས་ཆེན་པོ་ཐོན་ཡོང་གི་འདུག་པ། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །ཞེས་པས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་བ་ཞིག་དང༌། བཟློག་དཀའི་ལས་ཀྱི་འཆིང་བ་དམ་པོས་བསྡམས། །ཞེས་པ་འདིས་བཟློག་པར་དཀའ་བའི་ལས་ཀྱི་འཆིང་བ་དམ་པོས་བཅིངས་ཏེ་དེའི་གཞན་དབང་དུ་སོང་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་དག་མི་འདོད་ཀྱང་རང་དབང་མེད་པར་མྱང་དགོས་པ་ཞིག་ལས་ཀྱིས་བྱེད་ཀྱི་ཡོད་པ་རེད།

          དེ་འདྲའི་ལས་དེ་གང་ཞིག་བྱས་ཏེ་བསགས་ཀྱི་ཡོད་དམ་ཞེ་ན། བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད། །ཅེས་པ་ལྟར་བདག་ཏུ་འཛིན་པའི་འཛིན་པ། གང་ཟག་གི་བདག་འཛིན་ལ་སྦྱར་ན་གང་ཟག་གི་བདག་ཏུ་འཛིན་པའི་འཛིན་པ་དེས། རང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ཐོག་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་ཡུལ་བཟང་ངན། བདེན་པའི་བཟང་ངན་ཀུན་རྟོག་གིས་བཏགས་ཏེ་དེ་ལ་དམིགས་ནས་ཆགས་སྡང་སྐྱེས་སྐབས་བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད། ལྕགས་ཀྱི་དྲྭ་བ་དེ་འདྲ་ཞིག་གི་ནང་དུ་ཚུད་པས་དེ་བཟོད་པར་དཀའ་ཞིང༌། དེ་ཉིད་ཞིག་པར་དཀའ་བ་ཆགས་པ་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྐྱང་པས་སེལ་རྒྱུ་ལས་སྨོན་ལམ་བརྒྱབ་ནས་སེལ་མི་ཐུབ་ལ། ཞབས་བརྟན་བསྒྲུབས་ནས་ཀྱང་སེལ་མི་ཐུབ། བྱང་ཆུབ་ཀྱི་སེམས་སྒོམ་པ་གཅིག་པུས་ཀྱང་སེལ་མི་ཐུབ་ཅིང༌། བདག་མེད་པའི་ལྟ་བ་མེད་པར་ཡོང་ཐབས་མེད།

          དེ་ལྟའི་བདག་ཏུ་འཛིན་པའི་བདག་འཛིན་ཤེས་རབ་ཉོན་མོངས་ཅན་དེ་ཉིད་གང་ལ་བརྟེན་ནས་ཡོང་གི་ཡོད་དམ་ཞེ་ན། ཆོས་ཀྱི་བདག་འཛིན་གྱིས་གཞི་བྱས་ཡོང་གི་ཡོད། དེས་ན། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །ཞེས་གསུངས་སོ། །ཕྱི་དངོས་པོ་ལ་བལྟས་ཀྱང་བདེན་གྲུབ་ཀྱི་སྒང་ལ་སླེབས་ཡོང་གི་འདུག་ཅིང༌། ནང་གི་མྱོང་བ་ལ་བསམ་བློ་བཏང་ཡང་དེ་བདེན་གྲུབ་ཀྱི་སྒང་ལ་སླེབས་ཡོང་གི་འདུག ཇི་ལྟར་སྣང་བ་ལྟར་ཞེན་པའི་བློ་དེ་གང་ཟག་གང་ལ་བརྟེན་ནས་བཏགས་པའི་ཕུང་སོགས་ཀྱི་ཆོས་དེ་དག་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་བློ་ལ་སྣང་ཞིང༌། སྣང་བ་ལྟར་དུ་རེད་བསམ་པ་དྲན་ན་དེ་བློ་ཡུལ་དུ་ཤར་བའི་ཐོག་ནས་ང་ཞེས་བློ་ལ་ཤར་བ་དེ་རང་བཞིན་གྲུབ་པར་འཛིན་པ་དེ་ཡོང་ས་རེད།

          དེར་བརྟེན་ཆོས་ཀྱི་བདག་འཛིན་གྱིས་གང་ཟག་གི་བདག་འཛིན་གྱི་གཞི་རྩ་བྱས་ཤིང༌། གང་ཟག་གིས་རྐྱེན་པས་ཆགས་སྡང་ལ་སོགས་པའི་ཉོན་མོངས་དེ་དག་སྐྱེས། དེས་ཉོན་མོངས་གཞན་རྣམས་ཀྱང་སྐྱེས། དེ་ལ་བརྟེན་ནས་ལས་བསགས། དེ་ལ་བརྟེན་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐའ་མེད་པ་མྱོང་བ་འདི་ཡོང་བས་ན། ཉོན་མོངས་ལ་ཉེས་དམིགས་ཤིག་མཐོང་གི་འདུག་པ་སྟེ།

དགྲ་ནང་ན་འདུག་པས་ཉོན་མོངས་འདུལ། །

          ཞེས་གསུངས་པ་ལྟར་དངོས་གནས་ཀྱི་དགྲ་དེ་རང་གི་སེམས་རྒྱུད་ལ་ཡོད་པའི་ཉོན་མོངས་དེ་དག་རང་གི་ངོ་མ་དེ་དགྲ་ཆགས་ཡོད། དེ་ཡག་པོ་ཞིག་བསམ་བློ་བཏང་ན། ཉོན་མོངས་པའི་དགྲ་ལས་རྒྱལ་བ་ཞིག་བྱུང་ན་བསམ་པ་ཞིག་བློ་ལ་སླེབས་ཀྱི་འདུག འཁོར་བའི་སྡུག་བསྔལ་བསམ་སྟངས་འདི་ལྟར་ཡིན།

          ངེས་འབྱུང་སྐྱེས་པའི་ཚད་ནི།

དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །

ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །

ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །

བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །

          ཞེས་དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ཅི་ཙམ་ཞིག་ཡོད་ཀྱང༌། དེ་དག་ཉོན་མོངས་པའི་གཞན་དབང་དུ་ཡོད་པ། ཉོན་མོངས་པའི་གཞན་དབང་དེ་ལས་ཐར་བ་ཞིག་མ་བྱུང་ན་འཁོར་བའི་ཕུན་ཚོགས་ཅི་ཙམ་ཞིག་ཡོད་ཀྱང་ཕན་ཐོགས་གང་ཡང་མེད་པ་ཆགས་ཀྱི་ཡོད།

          སྤྱིར་མངོན་མཐོའི་ཕུན་ཚོགས་མཐར་ཐུག་པ་དེ་སངས་རྒྱས་ཀྱི་སར་ཡོད། གཟུགས་སྐུ་མཐར་ཐུག་པ། ལོངས་སྤྱོད་མཐར་ཐུག་པ་དེ་དག་སངས་རྒྱས་ཀྱི་ས་ལ་ཡོད་ཅིང༌། བསྒྲུབ་བྱ་རེད་ལ་དེ་ཡག་པོ་རེད། འོན་ཀྱང་ཉོན་མོངས་པའི་གཞན་དབང་དུ་སོང་བ་ཞིག་ཡིན་ན། འགྲིགས་ཐབས་མེད་པ་ཞིག་མཐོང་རྒྱུ་འདུག་པ། དེ་ལྟ་བས་ན། ཡིད་སྨོན་སྐད་ཡིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་སོ༑༑

          བྱང་ཆུབ་ཀྱི་སེམས་སྒོམ་དགོས་པའི་རྒྱུ་མཚན་ནི།

ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །

ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །

ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །

བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །

          ཅེས་དེ་ལྟ་བུའི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་སྟོང་པ་ཉིད་ཀྱི་དོན་ལ་བློ་འདྲིས་ཤིང་གོམས་པར་བྱས་ཀྱང༌། དེ་ཙམ་གྱིས་རང་དོན་མཐར་ཕྱིན་པ་ཡོང་རྒྱུ་མེད་ལ། གཞན་དོན་ནི་གང་ནས་ཡོང༌། དེས་ན་དེ་ཙམ་ལ་ཆོག་ཤེས་བྱས་ནས་མི་སྡོད་པར་ད་དུང་བསམ་བློ་བརླིང་པོ་དང་རྒྱ་ཆེན་པོ་གཏོང་དགོས།

          དེ་ཇི་ལྟར་ཡིན་ཞེ་ན། མདུན་དུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་དེ་དག་སྤངས་རྟོགས་མཐར་ཕྱིན་པ་དང༌། སྤངས་རྟོགས་མཐར་ཕྱིན་པར་འགྱུར་བ་དེ་དག་རྒྱུ་གང་ལ་བརྟེན་ནས་བྱུང་ངམ་ཞེ་ན། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བྱུང་བ་རེད། ཉན་རང་དགྲ་བཅོམ་པ་ཞི་བ་ཕྱོགས་གཅིག་པར་ལྷུང་བ། རྒྱལ་བ་རྣམས་ཀྱི་འགོག་ལས་སློང་བར་མཛད། །ཅེས་གསུངས་དགོས་པ་དེ་གང་གིས་ལན་པ་རེད་དམ་ཞེ་ན། སྟོང་ཉིད་རྐྱང་པ་སྒོམ་པས་བྱང་ཆུབ་སེམས་ཀྱིས་ཕོངས་ཏེ་རང་གཅེས་པར་འཛིན་པའི་ཤུལ་ལམ། བདེན་འཛིན་གྱི་གྲོགས་དང་བཅས་པའི་རང་གཅེས་འཛིན་དངོས་མེད་ཀྱང༌། ད་དུང་རང་གཅེས་འཛིན་གྱི་ཤུགས་ལྟ་བུ་བསྡད་ཡོད་པས་ན་ཞི་བ་ཕྱོགས་གཅིག་པར་ལྷུང་གི་ཡོད།

          སོ་ནམ་གྲོང་པའི་དཔེ་ལ་ལྟོས། །ཞེས་བརྗོད་པ་ལྟར་འདི་ལྟར་བསམ་བློ་བཏང་ན། དེ་འགྲིགས་མ་སོང་བསམ་པ་ཞིག་དང༌། མདོར་ན་རྒྱལ་བ་སྲས་དང་བཅས་པ་རྣམས་གང་ལ་གཤེགས་ཤིང་གཤེགས་པར་འགྱུར་བའི་ལམ་དེར་ཐུབ་རུང་མ་ཐུབ་རུང་འཆི་དང་གསོན། སྐྱིད་སྡུག ལེགས་ཉེས་ཅི་བྱུང་ཡང་ལམ་དེར་འགྲོ་ཡི་ཡིན་བསམ་པ་ཞིག་གི་ངང་ནས། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི་ཞེས་པ་ལྟར་ང་ཚོས་བྱེད་རྒྱུ་གལ་ཆེ་བས་རྣམ་མཁྱེན་རྒྱལ་བའི་གོ་འཕང་བསྒྲུབ་རྒྱུར་བསམ་བློ་བཏང་ནས། ངེས་འབྱུང་གི་བསམ་པ་དེ་ཙམ་གྱིས་དོན་གཉིས་མཐར་ཕྱིན་པ་ཡོང་རྒྱུ་མེད། དེས་ན། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་གསུངས་སོ། །

          བྱང་ཆུབ་ཀྱི་སེམས་སྒོམ་སྟངས་ཇི་ལྟར་ཡིན་ཞེ་ན།

ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །

བཟློག་དཀའི་ལས་ཀྱི་འཆིང་བ་དམ་པོས་བསྡམས། །

བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད། །

མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །

མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །

སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །

          ཞེས་གོང་ནས་རང་སྟེང་དུ་བསམ་བློ་བཏང་ཏེ་སྡུག་བསྔལ་གསུམ་གྱིས་མནར་ལུགས་དང༌། ལྷག་པར་དུ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་ལུགས་བསམ་བློ་བཏང་སྟེ་སེམས་ལ་འགུལ་བསྐྱོད་ཐེབས་པའི་མི་ཞིག་གིས་ཇོ་བོ་སེམས་ཅན་གཞན་གྱི་དོན་ལ་ཕར་ཁ་སྤོས་ནས་བསམ་བློ་བཏང་ན། སེམས་ལ་འགུལ་བསྐྱོད་ཐེབས་ཐུབ་པ་ཞིག་རེད། དེར་བརྟེན།

གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །

ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །

          ཅེས་གསུངས་སོ། །དེས་སྙིང་རྗེ་ཆེན་པོ་བསྒྲུབ་རྒྱུ་དང༌། དེ་ལ་བརྟེན་ནས་ལྷག་བསམ་སྐྱེས། དེས་དྲངས་པའི་འདུན་པ་གཉིས་ལྡན་གྱི་སེམས་སྐྱེ་བ་དེ་རེད།

གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །

ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །

སྲིད་པའི་རྩ་བ་བཅད་པར་མི་ནུས་པས། །

དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །

          ཅེས་པ་འདི་ནས་མར་ཟབ་མོ་དབུ་མའི་ལྟ་བ་སྟེ་སྟོང་ཉིད་ཀྱི་ལྟ་བ་གསུངས་པ་རེད། དེ་ལ་ཐོག་མར་ལྟ་བ་རྟོགས་དགོས་པའི་རྒྱུ་མཚན་གསུངས་པ་སྟེ། གནས་ལུགས་རྟོགས་པའི་ཤེས་རབ་དེ་ཉིད་མེད་ན། ཉོན་མོངས་ཀྱི་ནང་ནས་གཏིང་གནག་པོ་ཡོད་པའི་ཤེས་རབ་ཉོན་མོངས་ཅན་དང༌། ལྟ་བར་གྱུར་པའི་ཉོན་མོངས་དེ་མེད་པར་བཟོ་ཐུབ་ཐབས་མེད། ཞེ་སྡང་མངོན་འགྱུར་བ་ཤུགས་ཅུང་ཟད་ཆུང་དུ་གཏོང་བར་བྱམས་པ་སྒོམ་ན་ཕན་གྱི་ཡོད།

          དེ་བཞིན་མི་སྡུག་པ་སྒོམ་ན་འདོད་ཆགས་ཆུང་དུ་འགྲོ་བ་རེད། རྟེན་འབྲེལ་གྱི་གནད་དང༌། ཕུང་ཁམས་སྐྱེད་མཆེད་ཀྱི་རྣམ་གྲངས་སོགས་ལ་བསམ་བློ་བཏང་ན་ང་རྒྱལ་ཆུང་དུ་འགྲོ་བ་སོགས་ལ་ཕན་གྱི་ཡོད། འོན་ཀྱང་དེ་དག་རྩ་བ་ནས་དྲུངས་འབྱིན་པ་ལ་སྤང་བྱ་དེ་དག་གི་རྩ་བ་ཤེས་རབ་ཉོན་མོངས་ཅན་ཞིག་ཡིན་སྟབས། དེ་སྤོང་བྱེད་ཀྱི་ཐབས་དེ་ཡང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དྲི་མ་མེད་པ་ཞིག་གི་ཐོག་ནས་སྤོང་རྒྱུ་ལས་ཐབས་གཞན་མེད། དེར་བརྟེན་གནས་ལུགས་རྟོགས་པའི་ཤེས་རབ་དེ་ཉིད་དགོས་ཞེས་གསུངས་སོ།།

སྲིད་པའི་རྩ་བ་བཅད་པར་མི་ནུས་པས། །

དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །

          ཅེས་པ་ལས། དེ་ཕྱིར་བདག་མེད་རྟོགས་པའི་ཐབས་ལ་འབད།།

ཅེས་གསུངས་ན་གྲུབ་མཐའ་བཞི་ཆར་གྱི་ཐུན་མོང་བ་ཆགས་པ་རེད། དེ་ཕྱིར་སྟོང་ཉིད་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་ན། དབུ་སེམས་གཉིས་པོ་མཉམ་དུ་འགྲོ་ཡི་མེད་དམ་སྙམ། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་ན། དབུ་མ་རང་གི་དོན་དག་དེར་ཕལ་ཆེར་སླེབས་ཀྱི་ཡོད་ས་རེད།  དེའི་ནང་ཚན་ནས་རང་རྒྱུད་པས་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་གསུངས་ཀྱང༌། རིགས་པའི་རྒྱལ་པོ་ཞེས་བརྩི་ཡུལ་གཙོ་བོ་དེ་ཐལ་འགྱུར་བའི་སྐབས་ལ་གསུངས་ཀྱི་མེད་དམ་སྙམ། ཐ་སྙད་དུ་ཡང་ཆོས་དེ་དག་བརྟེན་ནས་བཏགས་ཙམ་ལས་མེད་པ་ཞིག་ཆགས་སྐབས་རྟེན་འབྲེལ་ཕྲ་མོ་ཞིག་བཤད་ཡོང་གི་ཡོད། རྟེན་འབྲེལ་ཕྲ་མོ་དེས་ཨ་བསྒྱུར་སློག་སྐབས་རང་བཞིན་མེད་པ་ཞེས་པ་དེ་ཏག་ཏག་འགྲོ་བ་ཞིག་ཆགས་ཀྱི་འདུག་ཅིང༌།

          དེས་ན་རང་བཞིན་མེད་པ་དང༌། བརྟེན་ནས་བཏགས་ཙམ་ཞེས་པ་གཉིས་པོ་དེ་ངོ་བོ་སོ་སོ་བ་དང༌། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དེ་དང༌། ཤེས་རབ་རང་བཞིན་མེད་པ་དེ་གཉིས་དངུལ་སྒོར་མོ་གཅིག་ལ་གདོང་གཉིས་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད། དེས་ན་རྟེན་འབྲེལ་ཞེས་པ་འདི་འདྲ་ཡིན་ས་རེད། དབུ་མ་རྩ་བ་ཤེས་རབ་དང༌། དེ་བཞིན་བྷུ་དྷ་པ་ལི་ཏའི་ནང་དུའང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་འདི་མང་དུ་ཐོན་ཡོང་གི་འདུག་ལ། རྗེ་རིན་པོ་ཆེས་ཀྱང་ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེད་པའི་དབུ་མ་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་ལྟར་གསུངས་ཀྱི་ཡོད་པས་ན། རྟེན་འབྲེལ་ཞེས་པའི་ཚིག་འདི་གསུངས་སོ།།

གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །

རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང༌། །

དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །

དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །

          ཞེས་པ་འདི་སྔ་མོ་ལྷ་སར་ཡོད་སྐབས་དངོས་གྲུབ་ཚོགས་གཉིས་ཀྱིས་དེ་ལ། ལྟ་བ་རྟོགས་པའི་ཚད། མ་རྟོགས་པའི་ཚད། ལྟ་བའི་དཔྱད་པ་རྫོགས་པའི་ཚད་བཅས་གསུམ་ཙམ་གསུངས་ཀྱི་འདུག མདོར་ན་ལྟ་བ་རྟོགས་པའི་ཚད་དང༌། ལྟ་བའི་དཔྱད་པ་རྫོགས་པ་གཉིས་པོ་དེར་ཁྱད་ཏན་ཏན་ཡོད་ས་རེད།

          ཤོ་ལོ་ཀ་དང་པོས་ལྟ་བ་རྟོགས་པའི་ཚད་ནི། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །ཞེས་འཁོར་བ་དང་མྱང་འདས་ཀྱིས་བསྡུས་པའི་ཆོས་དང༌། རྒྱུ་འབྲས་ནམ་ཡང་བསླུ་མེད་མཐོང་ཞིང༌། །ཞེས་རྟེན་འབྲེལ་སྣང་བ་བསླུ་བ་མེད་པ་དང༌། ཕན་གནོད་བྱ་བྱེད་དེ་དག་ནམ་ཡང་མི་བསླུ་བར་མཐོང་ཞིང༌། རྟེན་ནས་འབྱུང་བ་བསླུ་བ་མེད་པར་མཐོང་བས་རྟེན་ནས་འབྱུང་ན་མི་འདོད་པས་འབྱུང་བ། མི་འདོད་པའི་སྒོ་ནས་གྲུབ་པ་དེ་དག་ཡོང་ཐབས་མེད་ལ། བརྟེན་པ་དང་མི་བརྟེན་པ་དངོས་འགལ་དང༌། བལྟོས་པ་དང་མི་བལྟོས་པ་དངོས་འགལ་རེད།

          དེས་ན་རྟེན་ནས་གྲུབ་པ་ཞིག་ཡིན་ན་མ་བལྟོས་པའི་རང་དབང་བ་དང་བྲལ་བ་རེད། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ནས། །ཞེས་རྟེན་འབྲེལ་བསླུ་བ་མེད་པར་མཐོང་ནས། དེ་ཉིད་རྒྱུ་མཚན་དུ་བྱས་ཏེ། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །ཞེས་པ་འདིས་ཆོས་གང་ལ་ཡང་དམིགས་གཏད་ཟེར་ན་བདེན་གྲུབ་ཀྱི་དམིགས་གཏད་ཟེར་ནའང་འདྲ། བདེན་འཛིན་གྱི་དམིགས་གཏད་ཟེར་ནའང་འདྲ། དེ་གཏད་སོ་འཕེར་བ་དང་བྲལ་བ། དེ་གཏད་སོ་མེད་ཅེས་དེར་ཆ་བཞག་ས་མེད་པ༑ བློས་བཀལ་ས་མེད་པ་ཞིག་ལ་བྱ་ཞིང༌། དམིགས་གཏད་བཤིག་ཅེས་པས་ང་རང་ཚོས་ཆོས་འདི་དང་འདི་ཞེས་དམིགས་པ་ཞིག་བཞག་ཡོང་གི་ཡོད་པ་རེད། ང་རང་ཚོས་འདི་དང་འདི་ཞེས་མཛུབ་མོ་འཛུགས་ས་དེ་ཉིད་བསམ་བློ་གཏོང་སྐབས་མཛུབ་མོ་བཙུགས་ས་མེད་པ་ཞིག་ཆགས་ཡོང་གི་ཡོད། དེས་ན་དམིགས་གཏད་བཤིག་ཡོང་གི་འདུག་པ། གཏད་སོ་མེད་པ། གཏད་སོ་དང་བྲལ་བ། གཞི་རྩ་མེད་པ་ཞིག་ཆགས་ཀྱི་ཡོད། ཁ་སང་ཞུས་པ་ལྟར་གཞི་མེད་རྩ་བྲལ་ཅེས་བསམ་བློ་གཏོང་བ་དེ་ཏག་ཏག་རེད།

          དེར་བརྟེན་རྒྱུ་འབྲས་ནམ་ཡང་མི་བསླུ་བར་མཐོང་སྟེ། བཏགས་དོན་བཙལ་ནས་མ་རྙེད་པ་ཙམ་ལ་མི་བྱ་བར་རྒྱུ་འབྲས་རྟེན་འབྱུང་བསླུ་བ་མེད་པ་ཞིག་མཐོང་སྐབས་འདི་ཏན་ཏན་ཕན་ཚུན་ལྟོས་ནས་ཡོང་དགོས་པ་ཞིག་རེད། རྟེན་ནས་གྲུབ་པ་ཞིག་རེད་སྙམ་པའི་བསམ་བློ་འཁོར་བའི་སྐབས་ལྟོས་མེད་རང་དབང་གིས་གྲུབ་པ་གཏན་ནས་མི་འདུག་བསམ་པའི་ཐག་ཆོད་པ་ཞིག སེམས་ཀྱི་གཏིང་ནས་མི་འདུག་བསམ་པ་ཞིག་བསམ་བློའི་ནང་སླེབས་ཡོང་གི་ཡོད་སྟབས།

དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །

དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །

          ཞེས་བཏགས་དོན་བཙལ་ནས་མ་རྙེད་པའི་མཚམས་སུ་མི་འདུག་བསམ་པ་ཞིག་མིན་པར། བརྟེན་ནས་བཏགས་པ། བཏགས་དོན་བཙལ་ནས་མི་རྙེད་པས་ཡོད་ལུགས་ཇི་ལྟར་ཡིན་ཞེ་ན། མིང་གིས་དབང་གིས་ཡོད་པ་ཞིག་དང༌། མིང་གི་དབང་གིས་ཡོད་པ་ཞིག་བསམ་བློ་འཁོར་སྐབས། ང་རང་ཚོའི་བློར་མིང་གི་དབང་གིས་ཡོད་པ་ཞིག་སྣང་གི་འདུག་གམ་མི་འདུག་ཞེ་ན། རང་རྒྱུད་པ་ལྟ་བུ་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་ཞེས་བརྗོད་སྐབས་གནས་ཚུལ་ཐ་དད་རེད། ད་ལྟ་འདིར་དགག་བྱ་བདེན་པ་དབང་ཤེས་ལ་སྣང་གི་ཡོད་པས་ན་ང་ལ་སྣང་ལུགས་འདི་ལྟར་དུ་གྲུབ་ཡོད་ན། རྐྱེན་ཉིད་འདི་པ་ཙམ་མིན་པ་ཞིག་ཡིན་ན། བཏགས་དོན་བཙལ་ནས་རྙེད་དགོས་པ་རེད། བཏགས་དོན་བཙལ་ནས་རྙེད་རྒྱུ་མེད་པ་དེས་རྐྱེན་ཉིད་འདི་པ་ཙམ་ཞིག་ལ་གོ་ཡོང་གི་ཡོད་པ་རེད།

          དེས་ན་དེ་ཉིད་རང་དབང་གིས་མེད་པ་དེ་ད་ལྟ་ང་ལ་སྣང་བ་ལྟར་མི་འདུག་བསམ་པ་ཞིག སེམས་ཀྱི་གཏིང་ནས་ཁོ་ཐག་ཆོད་པའི་མེད་བསམ་པ་ཞིག དེར་བརྟེན་དཔེར་ན་ང་རང་ཚོ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་སྟེང་བཞུགས་ལ། །ཞེས་བརྗོད་སྐབས་བདག་མེད་བསམ་པ་ཞིག་བློར་ངམ་ངམ་ཤུགས་ཤུགས་ཀྱི་འཆར་བ་ཞིག་ཡོང་གི་ཡོད་ས་རེད། ཅུང་ཟད་ཡོང་གྲབས་བྱེད་ཀྱི་འདུག དེར་བརྟེན། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །ཞེས་གསུངས་སོ།།

          ཡང་ལྟ་བ་མ་རྟོགས་པའི་ཚད་དམ་ལྟ་བའི་གོ་བ་རྣམ་དག་མིན་པའི་ཚུལ་བཤད་པ་ལ། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །ཞེས་པས་རྟེན་འབྲེལ་གྱི་ཕན་གནོད་ཀྱི་རྣམ་གཞག་དེ་དག་དང༌། དམིགས་གཏད་བཤིག་པའི་སྟོང་པ་གཉིས་པོ་དེ་གཅིག་གྲོགས་སུ་གཅིག་སོང་བ་མིན་པར། དེ་གཉིས་དོན་ལ་སྐྱིད་སྡུག་ཐ་དད་ལྟ་བུ་སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དེ་བཤད་སྐབས་སྟོང་པའི་གོ་བ་དེས་འདྲེན་མི་ཐུབ་པ་དང༌། རང་བཞིན་མེད་པའི་མཐའ་བཞིའི་སྤྲོས་པ་དང་མཐའ་གཉིས་ཀྱི་སྤྲོས་པ་དང་བྲལ་བ་ཞེས་བརྗོད་སྐབས་བློ་ལ་སྤྲོས་བྲལ་གྱི་སྣང་བ་ཞིག ཅི་ཡང་མེད་པ་ཞིག་བློ་ལ་ཤར་མདོག་ཁ་པོ་རེད། འོན་ཀྱང་དེའི་གོ་བ་དེ་ལྟོས་ནས་གྲུབ་པ་ཡིན་པའི་ཐོག་ལ་ཚུར་གོ་བ་འཆར་བ་ལ་ནུས་པ་མ་ཐོན་པ་ཞིག་ཡོང་གི་འདུག་ན། སྣང་སྟོང་གཉིས་པོ་དེ་སྐྱིད་སྡུག་ཐ་དད་དུ་ཕྱིན་པ་རེད། །དེས་ན།

སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །

སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །

ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །

ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །

          ཅེས་དང༌། ལྟ་བའི་དཔྱད་པ་རྫོགས་པའི་ཚད་ནི། ལྟ་བའི་དཔྱད་པ་རྫོགས་ཞེས་པ་ནི། གོང་གི་ལྟ་བ་རྟོགས་པ་ཙམ་མ་ཡིན་པར་ལྟ་བའི་དཔྱད་པ་རྫོགས་ཞེས་བརྗོད་སྐབས།

ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །

          རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །

          ཞེས་རྟེན་ནས་འབྱུང་བ་རྒྱུ་མཚན་དུ་བྱས་ཏེ་ཚད་མ་གཞན་རྒྱུད་མི་དགོས་པར། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །ཞེས་པ་དེ་བདེན་འཛིན་གྱི་ཞེན་ཡུལ་ལྷག་མེད་དུ་ཞིག་འགྲོ་བ་ཞིག་ཡོང་གི་འདུག་ན། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་མཁས་གྲུབ་ནོར་བཟང་རྒྱ་མཚོས་གསུངས་པ་ལྟར། དབང་པོའི་ཤེས་པའམ་མིག་དབང་སྐྱོན་ཅན་ཞིག་ལ་ཟླ་གཉིས་སྣང་བའི་སྐབས་སུ་ཟླ་བ་གཉིས་སྣང་བ་དེ་ཉིད་ཀྱིས་ཟླ་བ་གཉིས་མེད་པ་དེ་ངེས་པ་རྙེད་པ་དེ་བཞིན་དོན་སྟེང་ནས་ཡོད་པ་ཞིག་སྣང་ཙམ་ཉིད་ནས་དེ་ལྟར་དུ་གྲུབ་པ་མེད་བསམ་པའི་ངེས་པ་འདྲེན་ཐུབ་པ་ཞིག་ཡོང་གི་རེད་ཅེས་གསུངས་སོ།།

          གཟུགས་སོགས་ཀྱི་ཆོས་གང་ཞིག་སྣང་ཡང་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་ཞིང༌། སྣང་ཙམ་ཉིད་ནས་དེ་ལྟར་དུ་གྲུབ་པ་མེད་བསམ་པའི་ངེས་ཤེས་རྒྱུ་མཚན་གཞན་ལ་ལྟོས་མི་དགོས་པར་ངེས་པ་འདྲེན་ཐུབ་པ་ཞིག་ཡོང་གི་རེད་ཅེས་གསུངས་སོ།།

རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །

ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །

དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །

གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །

སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །

རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །

མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །

          ཞེས་དེ་ལྟའི་གོ་བ་སྣང་དུས་ཉིད་ནས་སྟོང་པ། སྟོང་དུས་ཉིད་ནས་སྣང་བ་དེ་ལྟའི་གོ་བ་ཞིག་དང༌། མདོར་ན་རྟེན་འབྲེལ་སྟོང་པར་ཤར། སྟོང་པ་རྟེན་འབྲེལ་དུ་ཤར་བའི་གོ་བ་དཔྱིས་ཕྱིན་པ་ཞིག་བྱུང་ན། སྣང་ཙམ་ལས་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་བ་དེ་ལྟར་དུ་གྲུབ་པ་མེད་སྙམ་པའི་སྣང་ཙམ་དེས་ཡོད་མཐའ་སེལ་བ་ཞིག་ཡོང་གི་འདུག་པ།

          སྟོང་པས་མེད་མཐའ་སེལ་བའི་སྟོང་ཞེས་པ་ནི་གཏན་ནས་རྙེད་རྒྱུ་མེད་པའི་དོན་མིན་པར། རྟེན་ནས་བཏགས་པ་ཞིག་བསམ་བློ་འཁོར་སྐབས་བརྟེན་ནས་གྲུབ་པའམ་བལྟོས་ནས་བཞག་པས་ན་བརྟེན་ནས་བཏགས་པས་མིང་རྐྱང་བཏགས་ཡོད་ཙམ་ཞིག་བློར་ཤར་ཡོང་བས་ན།

སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །

རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ནས། །

མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །

ཞེས་གསུངས་སོ།།

དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །

གནས་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །

དབེན་པ་བསྟེན་ཏེ་བརྩོན་འགྲུབ་སྟོབས་བསྐྱེད་ནས། །

གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །

          ཞེས་འདི་ལྟར་གསུངས་འདུག ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །ལམ་གཙོ་འདི་ཡང་ང་རང་ཚོས་ཉིན་རེ་བཞིན་དུ་བསམ་བློ་བཏང༌། ལམ་གཙོ་འདོན་ངོས་ཤེས་ཤིག་ཡོད། དེ་ཡང་མདུན་ལ་རྗེ་བླ་མ་གསལ་བཏབ། དེ་ནས་རྗེ་བླ་མས་གསུངས་པར་མོས་ནས་དེ་ལྟའི་སྒོ་ནས་བསམ་བློ་གཏོང་སྟངས་ཤིག་དང༌། དགེ་ལུགས་པ་མང་ཆེ་བ་དགའ་ལྡན་ལྷ་བརྒྱ་མ་འདོན་མཁན་ཤ་སྟག་རེད། དེར་བརྟེན་དགའ་ལྡན་ལྷ་བརྒྱ་མའི་ཐོག་ནས་ལམ་གཙོ་གསུངས་པ་ལྟ་བུ་དེ་ལྟར་བསམ་བློ་བཏང་ན་ཡག་པོ་ཡོད།  ལྷ་ཡི་རྣལ་འབྱོར་གྱི་སྐབས་སུའང་ལམ་གཙོ་བསམ་བློ་གཏང་ན་དེ་ཁུལ་ཆེན་པོ་རེད། ཡོན་ཏན་གཞི་འགྱུར་མ་ལས་འདི་སྟོང་ཉིད་སྐོར་ཤུགས་ཆེ་བ་ཡོད་ཅེས་བཀའ་སྩལ་ཏོ།།   །།

༄༅། །ལམ་གཙོ་རྣམ་གསུམ་གྱི་རྩ་བ་བཞུགས་སོ།།

རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཡིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ༑ ༑བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །

ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།

བཟློག་དཀའི་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲྭ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།།

གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །སྲིད་པའི་རྩ་བ་བཅད་པར་མི་ནུས་པས།།

དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང༌། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནས་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།།    །། ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༡༢༠༡༣༠༦༣༨
བཀའ་ཁྲིད་འདི་ནི་གོ་སླ་ལ་ལྟ་བདེ་བ་ཧ་ཅང
ཡག་པོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།