གསར་འགྱུར་གསར་པ།:

༄༅། །སྤྲེལ་ལོའི་ཟླ་དང་པོའི་ཚེས་བཅུའི་བཀའ་སློབ་སྙིང་བསྡུས། །

 དང་པོ། ཕྱི་ནང་གི་ལྟ་བའི་ཁྱད་པར་དང༌།

ཆོས་ཀྱི་ཕན་ཡོན།                

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། བོད་རབ་བྱུང་༡༧པའི་སྤྲེ་ལོའི་ཟླ་༡ཚེས་༡༠ཉིན་རྒྱ་གར་མཚོ་པདྨ་གནས་མཆོག་ཏུ་བསྩལ་བའི་བཀའ་སློབ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་སྟོན་པ་བཀའ་དྲིན་ཅན་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་བལྟམས་ཤིང༌། རིམ་བཞིན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པར་བསྐོར་བར་མཛད།

                རྗེས་སུ་སྟོན་པའི་བསྟན་པ་འཛིན་མཁན་ཡོངས་གྲགས་བསྟན་འཛིན་གྱི་སྐྱེས་ཆེན་ཀུན་གྱི་གཙུག་ཕུད་ལྟ་བུ། བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། དེ་བཞིན་འཕགས་པ་ཐོགས་མེད་ལ་སོགས་པ་དེ་དག་ནས་རིམ་པར་བརྒྱུད་དེ་ཤི་རི་ལངྐ་དང༌། ཐའེ་ལན་ཌི། འབར་མ་ལ་སོགས་པ་དང༌།

                དེ་བཞིན་རྒྱ་ནག་གི་ཡུལ་དང༌། ཀོ་རི་ཡ། ཉི་ཧོང༌། ཝི་ནམ་བཅས་དང༌། གཞན་ཡང་རྒྱ་གར་ནས་ཐད་ཀར་བོད་གངས་ཅན་གྱི་ལྗོངས་སུ་རིམ་པས་སངས་རྒྱས་ཀྱི་ཆོས་དར་འཕེལ་བྱུང་ཞིང༌། དེ་ནས་ཆེན་པོ་ཧོར་གྱི་ཡུལ་ཁག་ལ་དར་འཕེལ་བྱུང་སྟེ་ཡོངས་གྲགས་བྱས་ན་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཕྱིན་པ་རེད།

                སྟོན་པའི་རྗེས་འཇུག་པ་རྣམས་ལ་རང་རང་སོ་སོའི་གནས་ཡུལ་དུ་བསྟན་པ་འཕེལ་གྲིབ་སྣ་ཚོགས་ཤིག་བྱུང་ཡོད་ཅིང༌། ད་ལྟ་འབྲེལ་བའི་སྐབས་སུའང་བོད་གངས་ཅན་གྱི་ལྗོངས་སུ་ཆ་བཞག་ན། སངས་རྒྱས་ཀྱི་བསྟན་པ་ཧ་ཅང་ཉག་ཕྲའི་སྐབས་སུ་བསྡད་ཡོད། ཡིན་ནའང་འདས་པའི་ལོ་བཞི་བཅུ་ཞེ་གྲངས་དེའི་རིང་ལ༌། ནུབ་ལ་དྭགས་ནས་ཤར་མོན་བར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁུལ་དེ་དག བོད་གངས་ཅན་ལྗོངས་དང་ཆོས་བརྒྱུད་གཅིག་གྱུར་ཡིན་པའི་ས་ཁུལ་དེ་དག་ལའང་འདས་པའི་ལོ་བཞི་བཅུ་ཞེ་གྲངས་དེའི་ནང་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་གྱིས་འགྱུར་བ་ཆེན་པོ་ཕྱིན་ཡོད།

                ང་རང་ཚོ་འདི་དག་སངས་རྒྱས་བཅོམ་ལྡན་འདས། རང་གི་སྟོན་པ་བླ་ན་མེད་པ་ཞིག་ལ་ངོས་འཛིན་བྱས་ཏེ་དད་པ་བྱེད་ཀྱི་ཡོད་ལ། ད་ལན་གནས་མཆོག་མཚོ་པདྨར་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་འདིར་མཐུ་དང་རྫུ་འཕྲུལ་གྱི་ཐོག་ནས་དམིགས་བསལ་གྱི་མཛད་རྗེས་ཆེན་པོ་ཡོད་པ། སློབ་དཔོན་རིན་པོ་ཆེའི་གནས་ཁྱད་པར་ཅན་ཞིག་ཡིན་པས་དེ་འདྲའི་ཐོག་ནས་ང་རང་ཚོ་དད་པས་ཀུན་ནས་བསླངས་ཏེ་གནས་འདིར་འདུས་པ་རེད།

                དེར་བརྟེན་ང་རང་ཚོ་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་བྱེད་ཀྱི་ཡོད་ལ། ང་ཚོའི་ཁ་ནས་ཀྱང་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་ཀྱི་ཡོད། འོན་ཀྱང་སངས་རྒྱས་ཞེས་པ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་པ་དང༌། ཆོས་ཞེས་པ་དེ་ཇི་འདྲ་ཞིག་ལ་བརྗོད་ཀྱི་ཡོད་པ། དགེ་འདུན་ཞེས་པ་དེ་ཡང་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་པ། དེ་དག་རྒྱུ་གང་ལ་བརྟེན་ནས་བྱུང་བ་དང༌། རྐྱེན་གང་ལ་བརྟེན་ནས་བྱུང་བ། དེའི་ངོ་བོ་གང་ཞིག་ཡིན་པ། དེ་དག་གི་ཡོན་ཏན་ནམ་བྱེད་ལས་གང་དང་གང་ཡོད་པ་དེ་དག་ལ་དོ་སྣང་མ་བྱས་པར་ལུས་མཁན་ཧ་ཅང་མང་པོ་ཡོད།

                དེར་བརྟེན་འཛམ་གླིང་འདིའི་སྟེང་ཆོས་ལུགས་འདྲ་མིན་མང་པོ་ཡོད་ཅིང༌། ངས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་ལ། ས་གནས་གང་དུ་ཕྱིན་ཀྱང་ས་གནས་དེའི་ཧིན་དྷུའི་ལྷ་ཁང་དང༌། ཡེ་ཤུའི་ལྷ་ཁང༌། ཁ་ཆེའི་ལྷ་ཁང༌། གུ་རུ་དྷེ་ཝའི་ལྷ་ཁང་སོགས་སུ་ནམ་ཡིན་ཡང་གོ་སྐབས་ཡོད་ན་གུས་ཞབས་བྱས་ཏེ་འགྲོ་ཡི་ཡོད།

                ཆོས་ལུགས་དེ་དག་ཚང་མས་འཛམ་གླིང་འདིའི་སྟེང་དུ་མི་འབུམ་ཕྲག ས་ཡ། བྱེ་བ་མང་པོར་ལོ་བརྒྱ་ཕྲག་སྟོང་ཕྲག་མང་པོའི་རིང་ཕན་ཐོགས་ཡོང་གི་ཡོད། ད་ལྟ་ཡིན་ན་ཡང་ཕན་ཐོགས་ཡོང་བཞིན་པ་རེད། མ་འོངས་པར་ཡང་ཕན་པར་འགྱུར་བ་རེད། དེས་ན། གུས་ཞབས་བྱེད་འོས་ལ་རྒྱུ་མཚན་ཡོད་ཅིང༌། གུས་ཞབས་མཚོན་བྱེད་དུ་ངས་ནམ་རྒྱུན་འགྲོ་ཡི་ཡོད།

                ཆོས་ལུགས་འདྲ་མིན་མང་དུ་ཡོད་ཀྱང༌། དེ་དག་ཚང་མས་བྱམས་པ་དང༌། སྙིང་རྗེ། བཟོད་པ། ཆོག་ཤེས། དེ་བཞིན་རང་ཁྲིམས་ཀྱི་བསླབ་པ་སྲུང་རྒྱུ་སོགས་ཚང་མའི་ཉམས་ལེན་བྱེད་རྒྱུའི་ནང་དུ་ཡོད་ཅིང༌། མི་འདྲ་བའི་ཁྱད་པར་ནི། འཇིག་རྟེན་བཀོད་པ་པོ་འདོད་དང་མི་འདོད། ཕུང་པོ་ལས་དོན་གཞན་པའི་བདག་འདོད་དང་མི་འདོད་དེ་ལྟའི་ཐོག་ནས་ཁྱད་པར་ཡོང་གི་ཡོད། དད་པ་བྱེད་པ་དང༌། སྙིང་རྗེ་བྱེད་པ། བྱམས་པ་སྒོམ་པ་བཅས་རྒྱ་ཆེ་ཆུང་ལ་མ་བལྟོས་པར་དེ་དག་ཐུན་མོང་བ་རེད།

                དཔེར་ན། རང་གི་དཀོན་མཆོག་ལ་དད་པ་བྱེད་རྒྱུ་ལྟ་བུར་ཆ་བཞག་ན། ངས་ངོ་ཤེས་པའི་ཡེ་ཤུའི་ཆོས་པ་དེ་འདྲ་རང་ལུགས་ཀྱི་དཀོན་མཆོག་གི་བསྟོད་པ་རོལ་མོ་དང་བཅས་ཏེ་འདོན་སྐབས། མིག་ཆུ་ཁྲུལ་ཁྲུལ་ཏུ་བཏང་སྟེ་དད་པ་ཧ་ལས་པ་བྱེད་མཁན་དེ་འདྲ་ཡོད་ལ། དེ་དག་ཧ་ཅང་གི་ཡག་པོ་རེད། རང་གི་སྟོན་པར་དད་པ་ལ་ཆ་བཞག་ན། ཡེ་ཤུའི་ཆོས་པ་དང༌། ཁ་ཆེའི་ཆོས་པ། ཧིན་དྷུའི་ཆོས་པ་གང་ཞིག་ཡིན་ནའང༌། ཆོས་ལུགས་སོ་སོའི་རང་གི་སྟོན་པར་རྩེ་གཅིག་པའི་དད་པ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དེ་འདྲ་ཡོང་གི་ཡོད།

                དེ་བཞིན་བྱམས་པ་དང༌། སྙིང་རྗེའི་ཉམས་ལེན་གྱི་ཐོག་ནས་སྐབས་རེ་ང་ཚོ་བོད་པའི་ཆོས་པ་ལས་ལྷག་པ། རང་ཉིད་ཀྱི་མི་ཚེའི་བདེ་སྐྱིད་བློས་བཏང་གིས་ཉམ་ཐག་སྐྱབས་མེད་མགོན་མེད་དང༌། ནད་པ་སོགས་ལ་ཞབས་འདེགས་སྒྲུབ་མཁན་ངོ་མཚར་ཆེན་པོ་དེ་འདྲ་ཡོང་གི་འདུག

                དཔེར་ན། ཀ་ལི་ཀ་ཏར་མ་ཏར་ཀྲེ་རེ་སི་ཁོང་ལ་ཆ་བཞག་ན། དངོས་གནས་རང་ཉིད་ཀྱིས་ཡིད་ཆེས་བྱེད་སའི་ཆོས་ལུགས་དེའི་ནང་དུ་བྱམས་པ་དང༌། སྙིང་རྗེ་དང༌། གཞན་དོན་བསྒྲུབ་རྒྱུ་ཡོད་པ་དེ་དག་དངོས་སུ་ལག་ལེན་དུ་བསྟར་ཏེ། དགོན་པ་ཞིག་གི་ནང་དུ་བསྡད་དེ་སྨོན་ལམ་བརྒྱབ་པ་གཅིག་པུ་མིན་པར། དངོས་སུ་ཉམ་ཐག་སྐྱབས་མེད་མགོན་མེད་ཁྲི་འབུམ་མང་པོར་ལོ་མང་པོའི་རིང་ལ་གཞན་ཕན་བསྒྲུབས་ཏེ་ཧ་ལས་ཤིང༌། ངོ་མཚར་སྐྱེ་རྒྱུ་རེད་འདུག་ལ། བྱམས་དང་སྙིང་རྗེ་ལ་སོགས་པའི་ཉམས་ལེན་བྱེད་རྒྱུ་དེ་དག་ཆོས་བརྒྱུད་ཚང་མའི་ཐུན་མོང་བ་རེད།

                ཁྱད་པར་གཙོ་བོ་ནི། ཆོས་ལུགས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པོ་འདོད་ཅིང༌། རྟག་པ་རང་བྱུང་གི་སྐྱེས་བུ་ཞེས་པ་ཞིག་འདོད་ཀྱི་ཡོད་པ་རེད། རྟག་པ་རང་བྱུང་གི་སྐྱེས་བུས་འཇིག་རྟེན་གྱི་སྣོད་བཅུད་ཚང་མ་བཀོད་ཡོང་གི་ཡོད་ལ། རྟག་པ་རང་བྱུང་གི་སྐྱེས་བུ་དེར་དད་པ་བྱས་ཏེ་དེའི་རྗེས་སུ་བསླབ་ན། མཐར་བདེ་བའི་བདེ་སྐྱིད་ཐོབ་ཐུབ་པ་དེ་འདྲའི་ཐོག་ནས་ཡིད་ཆེས་ཀྱིས་འགྲོ་བ་ཞིག་ཡོད།

                དེ་བཞིན་མུ་སྟེགས་གྲངས་ཅན་པའི་ནང་གྲངས་ཅན་ལྷ་བཅས་པ་དང༌། གྲངས་ཅན་ལྷ་མེད་པ་ཞེས་པ་གཉིས་ཡོད་ཅིང༌། གྲངས་ཅན་ལྷ་མེད་པས་སྤྱི་གཙོ་བོ་ཞེས་རྟག་པ། གཅིག་པུ། ཀུན་ཁྱབ་དེ་གནས་ལུགས་ལྟ་བུ་ཞིག་ཡིན་ས་རེད། དེའི་དབང་ལས་ཤར་བ། དེའི་རོལ་པ་ལྟ་བུ་ཞིག་བཤད་པ་ལས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད།

                དེ་བཞིན་གཅེར་བུ་པས་འཇིག་རྟེན་བཀོད་པ་པོ་ཕལ་ཆེར་མི་འདོད་ཅིང༌། འཇིག་རྟེན་བཀོད་པ་པོ་མི་འདོད་པར་རང་རང་གི་ལས་ཀྱི་དབང་གིས་བྱུང་བ་རེད་ཅེས་འདོད་པའི་ཆོས་ལུགས་གྲུབ་མཐའ་གཅིག་ཡོད་པ་རེད།

                སངས་རྒྱས་པའི་ཆོས་ལ། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་སྡེ་ཚན་དེའི་ནང་མི་འདྲ་བ་ཞིག་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱིས་ཕུང་པོ་ལས་དོན་གཞན་པའི་བདག་ཅེས་པ་ཞིག་མི་འདོད་པ་རེད། གྲངས་ཅན་པར་ཆ་བཞག་ནའང༌། བདག་ཤེས་རིག་གི་སྐྱེས་བུ་ཞེས་པ་ཞིག་འདོད་ཀྱི་ཡོད། དེ་དག་གིས་མཚོན་པས་ཆོས་ལུགས་ཚང་མས་ཕུང་པོ་ལ་དབང་བསྒྱུར་མཁན་གྱི་བདག་རང་རྐྱ་བ་ཕུང་པོ་ལ་ལྟོས་པ་མེད་པ། ཕུང་པོ་ལས་དོན་གཞན་པའི་བདག་རྟག་གཅིག་རང་དབང་བ་དེ་ལྟ་བུ་ཞིག་ཐམས་ཅད་ཀྱི་འདོད་ཀྱི་ཡོད།

                སངས་རྒྱས་པའི་ཆོས་ལུགས་ཀྱི་ཐོག་ནས་དེ་ལྟ་བུའི་ཕུང་པོ་ལས་དོན་གཞན་པའི་བདག་མེད་ཅེས་གསུངས་པ་རེད། སངས་རྒྱས་པའི་ཆོས་དང༌། སངས་རྒྱས་པའི་ཆོས་ལས་གཞན་དུ་གྱུར་པའི་ཆོས་དེ་གཉིས་ཀྱི་དབྱེ་མཚམས་ནི། ཕུང་པོ་ལས་དོན་གཞན་པའི་བདག་འདོད་མཁན་དེ་དག ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་ཆོས་དང༌། ཕུང་པོ་ལས་དོན་གཞན་པའི་བདག་མི་འདོད་པའི་ཆོས་ལ། སངས་རྒྱས་པའི་ཆོས་ཞེས་ཕལ་ཆེར་བརྗོད་ཆོག་གི་རེད། ཕུང་པོ་ལས་དོན་གཞན་པའི་བདག་མེད་ཅེས་ཕུང་པོར་དབང་བསྒྱུར་མཁན་གྱི་བདག་རྗེ་བོ་ལྟ་བུ། རང་བཙན་པ། རང་རྐྱ་བ་ཞིག་མེད་ཅེས་འདོད་དོ།། 

གཉིས་པ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི།

                བཅོམ་ལྡན་འདས་ཀྱི་ཆོས་ལ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་གསུངས་ཤིང༌། དེ་ཡང༌། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་བཅས་ལ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས་གསུངས་སོ། །ཕྱག་རྒྱ་ཞེས་པ་ནི་དམ་ཕྲུག་དང་འདྲ་བར་འདའ་མི་རུང་བར་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཀྱི་རྩ་བ་བཞི་པོ་དེ་ཡིན། 

ཀ༽  ཕྱག་རྒྱ་དང་པོ།

འདུས་བྱས་ཐམས་ཅད་མི་རྟག་པ། 

                དེ་ཡང༌། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པའི་དོན་གང་ཡིན་ཞེ་ན། འདུས་བྱས་ནི་འདུས་ཤིང་བྱས་པ་ལ་བྱ་ཞིང༌། རྒྱུ་རྐྱེན་འདུས་པའི་ཐོག་ནས་བྱས་པའམ་སྒྲུབ་པ་སྟེ། དོན་དེ་ཉིད་སྒྲུབ་རྒྱུ་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་གྲུབ་ཅིང༌། རྒྱུ་མེད་ལས་བྱུང་བ་མིན་ལ། མི་མཐུན་པའི་རྒྱུ་ལས་བྱུང་བ་མིན། མི་མཐུན་པའི་རྒྱུ་རྟག་པ་ལས་ཀྱང་བྱུང་བ་མིན། མཐུན་པའི་རྒྱུ་ལས་བྱུང་ཞིང༌། མཐུན་པའི་རྒྱུ་རྐྱེན་ཙམ་ལ་བརྟེན་ནས་འབྲས་བུ་སྣ་ཚོགས་པ་འདི་བྱུང་བ་ལས་གཞན་བཀོད་པོ་གང་ཡང་མེད།

                ནང་པའི་ཆོས་ནང་བརྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ཞིག་གསུངས་ཀྱི་ཡོད། རྟེན་ཅིང་འབྲེལ་བར་འབྱུང་ཞེས་པ་དེ། ནང་པའི་ཆོས་ཁོ་ན་ལས་ཆོས་ལུགས་གཞན་སུས་ཀྱང་བརྗོད་ཀྱི་མེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་དང༌། མདོ་སྡེ་མང་པོའི་ནང་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ཚིག་དེ་ཐོན་གྱི་འདུག་ཅིང༌། དེས་སངས་རྒྱས་པའི་ཆོས་འདི་དམིགས་བསལ་ཞིག་ཐོན་ཡོང་གི་ཡོད།

                སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཚུར་བསྡུས་ན། ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པ་གཉིས་ལས། སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་ཡང༌། འཚེ་བ་མེད་ཙམ་ལ་བརྗོད་པ་མ་ཡིན་པར་སྙིང་རྗེས་རྩ་བ་བྱས་ཏེ་ཀུན་ལ་ཕན་བདེ་བསྒྲུབ་རྒྱུ་དང༌། ཐ་མ་ཕན་བདེ་སྒྲུབ་མ་ཐུབ་རུང༌། གནོད་པ་མི་བྱེད་པ་ནི་འཚེ་བ་མེད་པ་ཞེས་པ་དེ་རེད།

                སྙིང་རྗེ་རྩ་བར་གྱུར་པའི་འཚེ་བ་མེད་པའི་སྤྱོད་པ་ཞིག་བྱེད་དགོས་པའི་རྒྱུ་མཚན་ནི། སྙིང་རྗེ་བྱེད་དགོས་པ་དང༌། འཚེ་བ་མི་བྱེད་པ་ཞེས་པ་དེ་སྟོན་པའི་བཀའ་རེད་ཅེས་བརྗོད་པ་ཙམ་མིན་པར། དེ་ཉིད་རྒྱུ་མཚན་ཞིག་གི་ཐོག་ནས་སྙིང་རྗེ་གལ་ཆེན་པོ་ཡིན་པ་དང༌། དེའི་ཐོག་ནས་འཚེ་བ་མི་བྱེད་པ་ཞེས་པའི་སྤྱོད་པ་དེ་ཐོན་ཡོང་གི་ཡོད། སྤྱོད་པ་འཚེ་བ་མི་བྱེད་པའི་རྒྱབ་བརྟེན་དེ་ལྟ་གྲུབ་ཅིག་གི་ཐོག་ནས་འཚེ་བ་མེད་པ་བྱེད་དགོས་པ་དེ་སྒྲུབ་དགོས་ཀྱི་ཡོད།

                དེ་ལྟའི་ལྟ་གྲུབ་དེ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ལྟ་བ་དེ་ཡིན། སངས་རྒྱས་པའི་ཆོས་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བའི་ཐོག་ནས་འཚེ་བ་མི་བྱེད་པའི་སྤྱོད་པ་དེ་ཐོན་ཡོང་གི་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་དོན་དེ་བཀྲལ་སྐབས་གྲུབ་མཐའ་གོང་འོག་གི་གཏིང་ཟབ་ཚད་ཀྱི་ཁྱད་པར་ཡོང་གི་ཡོད།

                ནང་པའི་གྲུབ་མཐའ་ཚང་མས་བཞེད་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པ་སྟེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་འགྲེལ་བཤད་དེ་ཉིད་ཟབ་ཏུ་ཕྱིན་པའི་སྐབས། ཆ་ཤས་ལ་ལྟོས་པའི་རྟེན་འབྱུང་ངམ། མདོར་ན། བརྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་པ་ཞིག་གསུངས་ཀྱི་ཡོད། རྒྱུ་འབྲས་ཀྱི་རྟེན་འབྱུང་ཙམ་མ་ཡིན་པར་བརྟེན་ནས་བཏགས་པའི་རྟེན་འབྱུང་ངམ། བརྟེན་ནས་འབྱུང་བའི་རྟེན་འབྱུང་ཙམ་མ་ཟད་བརྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་པ་ཞིག་གསུངས་པ་དང༌། བརྟེན་ནས་བཏགས་པའི་རྟེན་འབྱུང་ལ། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པའི་རྟེན་འབྱུང་ཞེས་པ་དེ་གསུངས་ཀྱི་ཡོད། དེ་ཡང་ཟབ་ཏུ་ཕྱིན་པའི་སྐབས་རྟོག་པས་བཏགས་པ་ལ་བརྟེན་ནས་འབྱུང་བའི་རྟེན་འབྱུང་ངམ། ཡང་ན་གདགས་གཞི་ལ་བརྟེན་ནས་བཏགས་པའི་རྟེན་འབྱུང་བཅས། བརྟེན་ནས་བཏགས་པའི་རྟེན་འབྱུང་ལ་གཉིས་བཤད་ཀྱི་ཡོད།

                སྤྱིར་རྟེན་འབྱུང་ལ་རྒྱུ་འབྲས་རྟེན་འབྱུང་ཞེས་པའི་བརྟེན་ནས་འབྱུང་བའི་རྟེན་འབྱུང་དང༌། བརྟེན་ནས་བཏགས་པའི་རྟེན་འབྱུང་གཉིས་བཤད་ཅིང༌། བརྟེན་ནས་བཏགས་པའི་རྟེན་འབྱུང་ལ། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པའི་བརྟེན་ནས་བཏགས་པའི་རྟེན་འབྱུང་གཅིག་དང༌། རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པའི་རྟེན་འབྱུང་གཅིག་བཅས་མི་འདྲ་བ་ཁ་ཤས་ཡོད། དེ་དག་ནི་ནང་པའི་རྟེན་འབྱུང་ཞེས་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཆགས་ཡོད།

                རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་དེ། ཆོས་ཁས་མི་ལེན་པའི་མི་ཞིག་ཡིན་ན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་བསམ་བློ་འཁོར་ན། མི་ཚེ་གཅིག་གི་ལས་ཀ་མང་པོ་ཞིག་ལ་རང་བཞིན་གྱི་རྣམ་དཔྱོད་ཡངས་པོ་ཆགས་པར་ཕན་ཐོགས་ངེས་པར་དུ་ཡོང་ས་རེད། གང་ལགས་ཤེ་ན། དཔེར་ན་འདི་ལྟར་བལྟས་ན། རང་ཉིད་ཀྱི་ཉམས་མྱོང་དང༌། མི་གཞན་གྱི་གནས་ཚུལ་གྱི་ཐོག་ལ་བལྟས་ཀྱང་ཕལ་ཆེར་གསལ་པོ་རེད།

                དཀའ་ངལ་མང་པོ་ཞིག་ཡོང་བའི་གནད་འགག་ཅིག་ནི། ང་རང་ཚོའི་འདོད་པའི་བདེ་སྐྱིད་དང༌། མི་འདོད་པའི་སྡུག་བསྔལ་དེ་འདོད་བྱ་ཚང་མ་ཐུན་མོང་བ་ཡིན་ནའང༌། དེའི་སྒྲུབ་སྟངས་དེ་རང་ཉིད་ཀྱི་སྣང་ངོར་ཐབས་ཤེས་འདི་བྱས་ན་ལེགས་ཤོས་རེད་བསམ་པའི་ཐབས་ཤེས་ཤིག་གི་ཐོག་ནས་འགྲོ་ཡི་ཡོད། ཐབས་ཤེས་བསྟན་སྟངས་དེ་ཡང་འདོད་པའི་བདེ་སྐྱིད་དང༌། མི་འདོད་པའི་སྡུག་བསྔལ་གང་ཞིག་ཡིན་ནའང༌། དེ་རྐྱེན་དུ་མ་ལ་ལྟོས་ནས་གྲུབ་པ་དེ་མ་མཐོང་བར། རང་གི་བློ་ངོར་འཆར་བའི་རྐྱེན་ཚུགས་ཐུབ་པ་ཞིག་བལྟས་ནས། དེ་གཞིར་བཞག་གི་ཐོག་ནས་བདེ་སྐྱིད་བསྒྲུབ་རྒྱུ་དང་སྡུག་བསྔལ་སེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད།

                དངོས་ཡོད་གནས་ཚུལ་ལ་བདེ་བ་དང་སྡུག་བསྔལ་གྱིས་མཚོན་པའི་དོན་གང་ཞིག་ཡིན་ན་ཡང༌། རྒྱུ་རྐྱེན་དུ་མ་ཚོགས་པའི་སྟེང་ནས་གྲུབ་པ་ལས། རྒྱུ་རྐྱེན་གཅིག་གི་ཐོག་ནས་ཡོང་བ་གཅིག་ཀྱང་མེད། དེར་བརྟེན་དངོས་ཡོད་གནས་ཚུལ་ལ་རྒྱུ་རྐྱེན་དུ་མ་ཚོགས་པའི་སྟེང་ནས་ཡོད་པ་ཞིག་ལ། རང་གི་བློ་ངོར་རྒྱུ་རྐྱེན་གཅིག་གིས་བྱས་པ་ལྟ་བུ་ཞིག་མཐོང་སྐབས། དེ་གཞིར་བཞག་གིས་བདེ་བ་བསྒྲུབ་རྒྱུ་དང༌། སྡུག་བསྔལ་སེལ་རྒྱུའི་ཐབས་ཤེས་ཨུ་ཚུགས་རྒྱབ་སྟེ་བྱེད་ཀྱི་ཡོད་ཀྱང༌། དེ་དོན་དངོས་ཀྱི་གནས་ཚུལ་དང་རན་ཞིང་འཚམས་པོ་མེད་པ་གསལ་པོ་རེད།

                དཔེར་ན། ང་རང་ཚོ་འཛམ་གླིང་འདིའི་སྟེང་གི་དཔལ་འབྱོར་ལོངས་སྤྱོད་ཀྱི་སྲིད་བྱུས་དང༌། དེ་བཞིན་ཁོར་ཡུག་གི་གནས་ཚུལ། གཞན་ཡང་སྲིད་དོན་གྱི་གནས་ཚུལ་དང༌། རྒྱལ་སྤྱིའི་འབྲེལ་བའི་གནས་ཚུལ་གང་ཞིག་ཡིན་ནའང༌། མང་པོ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ལྟ་ཚུལ་ཞིག་ཁྱེར་ནས་བསམ་བློ་བཏང་ན་ཏན་ཏན་རན་པ་ཡོད།

                རྟེན་འབྱུང་གི་ལྟ་བ་འདི་མེད་པར། སྐབས་འཕྲལ་ངོ་གདོང་གང་གི་སྣང་ཚོད་དེ་གཞིར་བཞག་གི་ཐོག་ནས་ཕྱིན་ན། མང་པོ་ཞིག་དངོས་ཡོད་གནས་ཚུལ་དང་མ་རན་པ་ཆགས་ཀྱི་ཡོད་པ་གསལ་པོ་འདུག རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་འདི་གཞན་དང་མི་འདྲ་བ་ཞིག་རེད། དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱབ་མཁན་ཞིག་ཆགས་ཀྱི་ཡོད། ད་ལྟ་ཞུས་པ་དེ་རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པ་དེ་རེད།

                རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པ་དེས། དངོས་པོའི་ཆོས་གང་དང་གང་ཡིན་ནའང༌། དེ་རྒྱུ་རྐྱེན་དུ་མའི་ཐོག་ནས་འགྱུར་བ་སྣ་ཚོགས་དེ་དག་ཡོང་གི་ཡོད། དེར་བརྟེན་འདུས་བྱས་ཞེས་པ་འདི། རྒྱུ་རྐྱེན་དུ་མ་ཚོགས་པའམ་འདུས་པའི་ཐོག་ནས་བྱས་ཤིང་གྲུབ་པ་ཞིག་ལ་འདུས་བྱས་ཞེས་བརྗོད་ཀྱི་ཡོད།

                དེ་ལྟ་བུའི་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་རེད་ཅེས་གསུངས་པའི་མི་རྟག་པ་ཞེས་པ་ནི། རྟག་པ་ལ་དགག་སྒྲ་སྦྱར་ནས་དུས་རྒྱུན་དུ་རྟག་པ་བརྟན་པ་འགྱུར་བ་མེད་པར་བསྡད་མཁན་ཞིག་ལ་རྟག་པ་ཞེས་བརྗོད་ཀྱི་ཡོད། དེར་དགག་སྒྲ་སྦྱར་ནས་མི་རྟག་པ་ཞེས་བརྗོད་སྐབས། རྟག་པ་མ་ཡིན་པར་མི་རྟག་པ་དང༌། དེ་ཡང༌། རྟག་པ་མིན་ཙམ་མ་ཡིན་པར་རྟག་པ་ཞེས་བརྗོད་སྐབས་རྟག་པའི་ལྡོག་ཟླར་རྩིས་ནས་མི་རྟག་པ་ཞེས་རྟག་ཏུ་མི་བརྟན་པ། རྟག་ཏུ་མི་སྡོད་པ་སྟེ་རྟག་ཏུ་འགྱུར་གྱི་ཡོད། རྟག་ཏུ་འགྱུར་རྒྱུ་དེ་གང་ཞིག་རེད་དམ་ཞེ་ན། འགྱུར་བ་འགྲོ་རྒྱུའི་རྐྱེན་གསར་པ་ཞིག་འཕྲད་པའི་ཐོག་ནས་འགྲོ་ཡི་ཡོད་དམ། དེ་མིན་གཞན་ཞིག་གི་ཐོག་ནས་འགྱུར་བ་འགྲོ་ཡི་ཡོད་དེར་བསམ་བློ་གཏོང་དགོས། འགྱུར་བ་འགྲོ་བ་དེ་འགྱུར་བ་འགྲོ་རྒྱུའི་རྐྱེན་གསར་པ་ཞིག་འཕྲད་པའི་ཐོག་ནས་འགྱུར་བ་འགྲོ་ཡི་ཡོད་ན། གལ་ཏེ་རྐྱེན་དེ་མ་འཕྲད་ན་འགྱུར་བ་མི་འགྲོ་བར་བསྡད་པ་ཞིག་ཡོང་སྲིད་པ་རེད།

                འོན་ཀྱང་ད་ལྟ་ང་ཚོས་མི་རྟག་པ་ཞེས་པ་འདི་དཔེར་ན་དུས་བཞིའི་འགྱུར་བར་ཆ་བཞག་ན། ད་ལྟ་ང་ཚོ་དགུན་ཁའི་དུས་ཚོད་རྫོགས་ཏེ། དཔྱིད་ཀྱི་དུས་ཚོད་ཤར་སྐབས་ཤིང་གི་མདོག་དང༌། རིའི་སྟེང་གི་གངས་སོགས་མངོན་གསལ་དོད་པོའི་འགྱུར་བ་འགྲོ་རྒྱུ་ཡོད་ཅིང༌། དེ་ཡང་མི་རྟག་པ་རེད། མངོན་གསལ་དོད་པོས་ང་ཚོས་མཐོང་ཐུབ་པའི་འགྱུར་བ་འགྲོ་བ་འདི། སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཞིག་མེད་ན། མངོན་གསལ་དོད་པོའི་འགྱུར་བ་འདི་དག་འགྲོ་ཐུབ་ཐབས་མེད།

                དཔེར་ན། ཆུའི་ནང་གི་འདམ་རྩྭ་དེ་དག་ད་ལྟ་སེར་ཤུར་ཤུར་ཞིག་ཆགས་འདུག་ཅིང༌། སེར་ཤུར་ཤུར་ཆགས་པ་དེ་ཁ་སང་ཕན་ཆད་ལྗང་ཐིང་ངེར་བསྡད་ཅིང༌། དེ་རིང་གློ་བུར་དུ་སེར་ཤུར་ཤུར་ཆགས་པ་རེད་དམ་ཞེ་ན། དེ་མ་ཡིན་ཞིང༌། དེ་རིང་གི་སེར་ཤུར་ཤུར་དེ་ཁ་སང་ཁ་ཉིན་དང༌། བདུན་ཕྲག་སྔོན་མ། ཟླ་བ་སྔོན་མ་ནས་ག་ལེར་འགྱུར་བ་འགྲོ་བ་ཞིག་ལས། གློ་བུར་དུ་འགྱུར་བ་འགྲོ་བ་ཞིག་མིན།

                དཔེར་ན། ཤིང་གི་ལོ་མ་ཁ་མདོག་འགྱུར་འགྲོ་མཁན་ཞིག་ལ་པར་ཆས་བཙུགས་ཏེ་ཉིན་རེར་འདྲ་པར་རེ་དང༌། ཡང་ན་བདུན་ཕྲག་རེ་རེའི་ནང་པར་རེ་བརྒྱབ་ཏེ་རྗེས་སུ་བལྟས་ན། ཡུར་གྱི་འགྱུར་བ་འགྲོ་བ་ཞིག་ང་ཚོས་མཐོང་གི་རེད། མདོར་ན། མངོན་གསལ་དོད་པོས་མཐོང་ཐུབ་པའི་འགྱུར་བ་དེ། འགྱུར་བ་འགྲོ་རྒྱུའི་གཞིའམ་རྩ་བའི་རང་བཞིན་ཞིག་ཡོད། འགྱུར་བ་འགྲོ་རྒྱུའི་རྩ་བའི་རང་བཞིན་དེ་གང་ཞིག་རེད་དམ་ཞེ་ན། སྐད་ཅིག་དང་ཆུ་ཚོད་སྐར་ཆ་གཅིག་ཀྱང་མི་སྡོད་པར་འགྱུར་བ་འགྲོ་བ་དེ་ཡིན། དེ་ཡོང་བ་དངོས་པོའི་ཆོས་གང་ཞིག་ཡིན་ནའང༌། དེ་རྡུལ་ཕྲ་རབ་ཚོགས་པའི་སྟེང་ནས་ཡོང་བ་ཞིག་དང༌།

                ཕྱིའི་དངོས་པོར་ཆ་བཞག་ན། རྡུལ་ཕྲ་རབ་ཚོགས་པའི་སྟེང་ནས་གྲུབ་པ་ཞིག་ཡིན་སྟབས། རྡུལ་ཕྲ་རབ་རེ་རེ་དེ་ནམ་དུའང་གཡོ་ཞིང་འགྱུར་བའི་རང་བཞིན་ཅན་ཞིག་རེད། དེ་ལ་བརྟེན་ནས་གྲུབ་པའི་དངོས་པོ་ཞིག་ཡིན་ཕྱིན་ཆད། དེ་དུས་ནམ་དུ་ཡང་འགྱུར་ཞིང་འགྲོ་བའི་མི་རྟག་པ་ཞེས་པ་དེ་རེད།

                ཡང་གཟུགས་ཅན་གྱི་ཆོས་མ་ཡིན་པར། ནང་མྱོང་བའི་བདག་ཉིད་དང༌། ནང་གི་ཤེས་པར་ཆ་བཞག་ན། དུས་སྐད་ཅིག་ཅིག་སྟེ་རྒྱུན་གྱི་ཆ་ནས་འགྱུར་འགྲོ་ཡི་ཡོད། ཤེས་པར་ཆ་བཞག་ཀྱང་ཆ་བསགས་ནས་ཡོང་བ་དང༌། ཕྱིའི་གཟུགས་ཅན་ལ་ཆ་བཞག་ཀྱང༌། ཕྱོགས་ཀྱི་ཆ་བསགས་ནས་ཡོང་བ་བཅས། ཐམས་ཅད་ཀྱང་ཆ་བཅས་ཀྱི་དངོས་པོ་ལས་ཆ་མེད་ཅིག་མེད། དེ་དག་ཚང་མ་རྒྱུ་དང་རྐྱེན་གྱི་དབང་གིས་འགྱུར་བ་འགྲོ་བ་ཞིག་དང༌། འགྱུར་བ་འགྲོ་བ་དེ་ཡང༌། དངོས་པོ་རང་ཉིད་གྲུབ་ཙམ་ཉིད་ནས་སྐད་ཅིག་ཙམ་ཡང་མི་བསྡོད་པར་འགྱུར་བའི་རང་བཞིན་ཅན་དུ་གྲུབ་པ་རེད། དེ་རྒྱུ་རྐྱེན་གྱིས་འདུས་བྱས་པའི་དངོས་པོའི་གཤིས་ལུགས་སམ་དངོས་པོའི་རང་བཞིན་རེད།

                དེར་བརྟེན་རྒྱུ་རྐྱེན་གྱིས་འདུས་བྱས་པའི་དངོས་པོ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བ་འདི། སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་དེ་འདྲའི་རང་བཞིན་དུ་སྐྱེས་པ་རེད། དེ་འདྲའི་རང་བཞིན་ཅན་དུ་གྲུབ་པ་རེད། འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་མ་ཡིན་པར། རང་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་རང་ཉིད་གྲུབ་ཙམ་ནས་འཇིག་པའི་བདག་ཉིད་དུ་གྲུབ་པ་དང༌། རང་སྐྱེས་ཙམ་ཉིད་ནས་འགྱུར་བ་འགྲོ་བའི་རང་བཞིན་དུ་ཡོད་པ་ནི་རྒྱུ་དེ་ཉིད་ཀྱིས་བྱས་པ་རེད། དེས་ན། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པ་དེ་རེད། 

ཁ༽  ཕྱག་རྒྱ་གཉིས་པ།

ཟག་བཅས་ཐམས་ཅད་སྡུག་བསྔལ་བ། 

                ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པ་འདིས་གང་ཞིག་གསུངས་ཀྱི་ཡོད་དམ་ཞེ་ན། ཟག་པ་དང་བཅས་པའི་ཞེས་པའི་ཟག་པ་འདི་སྤྱིར་གོ་ས་འདྲ་མིན་མང་དུ་ཡོད་ཀྱང༌། གཙོ་བོ་བསམ་བློ་བཏང་ན། ཕལ་ཆེར་ཉོན་མོངས་ཀྱི་ཟག་པར་བཞག་ན་ལེགས་པ་མེད་དམ་སྙམ། ཟག་པ་དང་བཅས་པ་ཞེས་པ་འདི་ཉོན་མོངས་དང་བཅས་པ་ཞེས་པ་ཞིག་དང༌། ཟག་པ་ཉོན་མོངས་དང་བཅས་པ་ཞེས་པ་དེ་གང་ཞིག་རེད་དམ་ཞེ་ན། དངོས་པོ་དེ་དང་དེ་གྲུབ་བྱེད་ཀྱི་རྒྱུ་མཐར་གཏུགས་ན་ཟག་པའམ་ཉོན་མོངས་ཀྱི་དབང་གིས་གྲུབ་པ་ཞིག་དང༌། རང་གྲུབ་བྱེད་ཀྱི་ཉེར་ལེན་གྱི་རྒྱུ་དེ། ཉོན་མོངས་ཡིན་རུང་མིན་རུང་རང་ཉིད་གྲུབ་རྒྱུའི་ལྷན་ཅིག་བྱེད་རྐྱེན་གྱི་ནང་ཉོན་མོངས་ཀྱིས་བསླད་པ་ཞིག་ཕལ་ཆེར་རེད།

                དཔེར་ན། ཕྱིའི་རྡུལ་ཕྲན་ལྟ་བུར་ཆ་བཞག་ན། རྡུལ་ཕྲ་མོ་ཞིག་རྡུལ་ཕྲན་ནམ་དུ་ཡང་ཡོད་པ་ཞིག་སྟེ། དབུ་མ་བཞི་བརྒྱ་པ་ལས། འདུས་བྱས་ཀྱི་ཆོས་གང་དང་གང་ཡིན་ན་ཡང༌། རྒྱུན་གྱི་མཐའ་མ་ཡོད། རྒྱུན་གྱི་ཐོག་མ་མེད་ཅེས་གསུངས་པ་བཞིན། རྡུལ་ཕྲན་གྱི་རྒྱུན་དངོས་པོའི་རིགས་རྒྱུན་ལ་ཐོག་མ་ཡོད་ཀྱང༌། དངོས་པོའི་རྫས་རྒྱུན་ལ་ཐོག་མ་བཞག་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་རྫས་རྒྱུན་ཡར་དེད་ན་ཐོག་མ་ཕལ་ཆེར་བཞག་ཐུབ་རྒྱུ་མེད། ཉེར་ལེན་གྱི་རྒྱུ་བཤད་ཀྱང་དངོས་པོའི་རིགས་འདྲའི་རྒྱུན་ཐོག་མ་མེད་པ་ཞིག་དང༌། འགྱུར་བ་སྣ་ཚོགས་ཤིག་ཡོང་བའི་ནང་ལས་ཀྱི་རྐྱེན་ཏན་ཏན་ཡོད། ལས་ཀྱི་རྐྱེན་ཡོད་པས་ལས་ཞེས་པ་དེ། ཉོན་མོངས་ཀྱི་ཀུན་ནས་བསླངས་པ་ཞིག་ཆགས་ཀྱི་ཡོད་པས་ན། ཉོན་མོངས་དང་འབྲེལ་བ་ཞིག་སླེབས་ཡོང་གི་ཡོད། ཉོན་མོངས་དང་དེའི་བག་ཆགས་ཀྱིས་བསླད་པ་ཅན་དེ་ལྟའི་རྐྱེན་ཅན་ཞིག་ལ་ཟག་བཅས་ཞེས་བྱའོ། །

                ཟག་བཅས་ཐམས་ཅད་སྡུག་བསྔལ་བ་གསུངས་པ་ནི། ཟག་པ་དང་བཅས་པའི་ཆོས་ཤིག་ཡིན་ཕྱིན་ཆད་མཐར་གཏུགས་ན། སྡུག་བསྔལ་བའི་རང་བཞིན་རེད་ཅེས་དང༌། སྡུག་བསྔལ་སྐྱེ་བའི་རྐྱེན་དུ་འགྲོ་མཁན་ཤ་སྟག་ཆགས་ཀྱི་ཡོད་པས་ན། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་གསུངས་སོ།།

   ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་པའི་རྒྱུ་མཚན་ནི།

དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །

སྡུག་བསྔལ་ལས་ནི་བདག་མེད་གསུངས། །

                ཞེས་པ་ལྟར་སྐད་ཅིག་སྐད་ཅིག་གིས་འཇིག་པ་དེ། རང་སྐྱེད་བྱེད་ཀྱི་རྒྱུས་བྱས་པ་རེད། དེར་བརྟེན་རྒྱུ་ཡི་གཞན་དབང་ཅན་རེད། སྐབས་འདིར་འབྲས་བུ་བྱེ་བྲག་པ་ཉེ་བར་ལེན་པའི་ཕུང་པོ་འདི། རྒྱུ་ཡི་གཞན་དབང་ཅན་ཡིན་ན། རྒྱུ་གང་གི་གཞན་དབང་ཅན་རེད་དམ་ཞེ་ན། རྒྱུ་མ་རིག་པའི་གཞན་དབང་ཅན་རེད། རྒྱུ་མ་རིག་པའི་གཞན་དབང་ཅན་ཡིན་པས་ན། རྒྱུ་མ་རིག་པ་ཞེས་པ་འདིས་སྡུག་བསྔལ་གྱི་རྩ་བ་བྱེད་ཀྱི་ཡོད་སྟབས་སྡུག་བསྔལ་གྱི་རྩ་བར་གྱུར་པའི་རྐྱེན་ཞིག་གི་གཞན་དབང་དུ་ཡོད་པ་ཡིན་ན། སྡུག་བསྔལ་བའི་རང་བཞིན་ཡིན་པ་དེ་ཤེས་ཐུབ་པ་ཞིག་རེད།

                དེས་ན། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་གསུངས་ཤིང༌། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞིག་ཡིན་ན་ཕུག་བཙན་པ་ཞིག་དང༌། ཕུག་བཟང་བ་ཞིག་གཏན་ནས་མེད་པ་ཐག་ཆོད་ཅིང༌། ཕུག་ནས་མི་བཟང་བ་ཞིག་ཡིན་ན། འདི་བཅོས་སུ་ཡོད་དམ་མེད། བཅོས་སུ་མེད་ན་སྡུག་བསྔལ་དེ་དྲན་གྱིན་བསྡད་ན་རྙོག་དྲ་ཚ་རོགས་རེད། དེ་ལས་བཞག་ན་ལེགས་ཤིང༌། བཅོས་རྒྱུ་ཡོད་པ་ཞིག་ཡིན་ན་དེ་དྲན་ན་ཡག་པོ་ཡོད། དྲན་ན་བསམ་བློའི་ནང་གོ་སྐབས་གསར་པ་ཞིག་བཙལ་གྱི་རེད། སྡུག་བསྔལ་དེ་མ་དྲན་ན་འདི་ལྟར་ལུས་ཀྱི་རེད། སྡུག་བསྔལ་སྡུག་བསྔལ་དུ་ཤེས་ན། སྡུག་བསྔལ་ལས་ཐར་འདོད་ཀྱི་ཐབས་ཤིག་བཙལ་བ་དང༌། སྡུག་བསྔལ་ལས་ཐར་འདོད་ཀྱི་ཐབས་ལ་སློབ་པ་ཞིག་བྱུང་ན། སྡུག་བསྔལ་ལས་ཐར་བ་ཞིག་ཡོང་ཐུབ་པས་ན་སྡུག་བསྔལ་དྲན་ན་ཡག་པོ་ཡོད། 

ག༽  ཕྱག་རྒྱ་གསུམ་པ།

ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། 

                དེ་ཡང༌། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་གསུངས་པའི་དགོས་པ་ནི། སྡུག་བསྔལ་གྱི་རྩ་བ་ཉོན་མོངས་ཡིན་ཞིང༌། ཉོན་མོངས་ཞེས་པ་དེ་རྩ་བ་ནས་མེད་པ་ཞིག་བཟོ་ཐུབ་པར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་འདི་བཤད་ཀྱི་ཡོད། འདི་ཇི་འདྲ་རེད་དམ་ཞེ་ན། ཉོན་མོངས་ཆགས་སྡང་གིས་མཚོན་པའི་ཉོན་མོངས་དེ་དག་ནང་ཆོས་གཅིག་པུ་མིན་པར་ཧིན་དྷུ་དང༌། མུ་སྟེགས་པའི་ཆོས་ནང་འདོད་པའི་ཉོན་མོངས་དང༌། དེ་བཞིན་གཟུགས་ཀྱི་ཉོན་མོངས། གཟུགས་མེད་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་རང་སའི་ཉོན་མོངས་ལས་ཐར་ཐབས་བྱེད་པ་དང༌། རང་སའི་ཉོན་མོངས་ལས་གྲོལ་བའི་སྲིད་རྩེའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དེ་འདྲ་ཡོང་གི་ཡོད། དེར་བརྟེན་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་དེ་ལས་རྒྱལ་བར་འདོད་པའི་བསམ་བློས་སྲིད་རྩེའི་སེམས་མངོན་དུ་བྱེད་པ་དེ་འདྲ་ཡོང་གི་ཡོད།

                མུ་སྟེགས་པའི་གཞུང་གི་ནང་དུའང་ཉོན་མོངས་ལ་སྐྱོན་དུ་བལྟས་ནས། དེའི་གཉེན་པོ་བསྟེན་ཐབས་བཤད་ཀྱི་ཡོད། ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལྷག་མཐོང་དང༌། ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་གྱི་འགོག་ལམ་བཤད་པ་དེ་དག་ཡོང་གི་ཡོད།

                དེ་བཞིན་ཡེ་ཤུའི་ཆོས་ནང་ཆ་བཞག་ཀྱང༌། ཀ་ཀྲ་ནལ་སིན་ཞེས་སྡིག་པ་བདུན་ཙམ་ཞིག་བཤད་ཀྱི་ཡོད་ཅིང༌། དེ་དག་གི་ནང་དུ་གནོད་སེམས་དང༌། ཕྲག་དོག་སོགས་ཡོད་ས་རེད། དེས་ན་ཆོས་ལུགས་མང་པོ་ཞིག་གིས་སེམས་མ་དུལ་བར་བྱེད་མཁན་གྱི་བློའི་སྐྱོན་མང་པོ་ཞིག་ལ་སྐྱོན་དུ་བལྟས་ནས་དེ་ཡག་པོ་མ་རེད་ཅེས་བཤད་མཁན་ཡོང་གི་ཡོད།

                མདོར་ན། ང་རང་ཚོ་རང་རྒྱུད་ལྡན་གྱི་གང་ཟག་མ་སྐྱིད་པ་བཟོ་མཁན་གྱི་བློའི་སྐྱོན་ལ་སྐྱོན་དུ་ལྟ་མཁན་ནང་པ་གཅིག་པུ་མིན་པར་ཆོས་ལུགས་མང་པོའི་ནང་བཤད་ཀྱི་ཡོད། འོན་ཀྱང་གོང་དུ་ཞུས་པ་ལྟར། བདག་ཏུ་ལྟ་བ་ཞེས་པ་འདིས་ཉོན་མོངས་ཀྱི་རྩ་བ་བྱེད་ཀྱི་ཡོད་པ་དང༌། ཉོན་མོངས་སྤོང་བར་བདག་ཏུ་ལྟ་བ་དེ་སྤོང་དགོས་པ་དེ་ནང་པའི་ཆོས་ཁོ་ན་ལས་མེད། སངས་རྒྱས་པའི་ཆོས་ཀྱི་ནང་བདག་མེད་ཀྱི་ལྟ་བ་གསུངས་དགོས་པ་དེ། ཉོན་མོངས་ཆགས་སྡང་ལ་སོགས་པ་དེ་ཐམས་ཅད་ཀྱི་རྩ་བ་བདག་ཏུ་ཞེན་པའི་བདག་འཛིན་ནམ། ངར་འཛིན་ཞེས་པ་དེར་ཐུག་གི་ཡོད་པ་སངས་རྒྱས་ཀྱི་གཞུང་ནས་གསུངས་ཡོད།

                ངར་འཛིན་པའི་བློ་དེ་བློ་དོན་མཐུན་ཡིན་ནམ་མིན། བློ་དོན་མཐུན་ཡིན་ན། རང་གིས་ཇི་ལྟར་ཞེན་པ་ལྟར་དོན་ལ་གནས་པ་ཞིག་ཡིན་ཚེ་དེར་འགལ་ཟླའི་བློ་གཞན་མེད་ཅིང༌། དེར་འགལ་ཟླའི་བློ་དོན་མཐུན་ཞིག་མེད། བློ་དེས་བློ་གང་ཡང་རུང་བ་ཞིག་གི་དེའི་ཞེན་སྟངས་དེ་ཕྱིན་ཅི་ལོག་ཡིན་ན། དེའི་ལྡོག་ཟླའམ་འགལ་ཟླ་ཞིག་ཡོང་གི་ཡོད།

                བློ་འཁྲུལ་བ་ཞིག་ཡིན་ན་དེར་འགལ་ཟླ་ཡོང་གི་རེད། གང་ལགས་ཤེ་ན། དེ་འཁྲུལ་བ་ཡིན་སྟབས་འཁྲུལ་བ་འཁྲུལ་བ་ཡིན་པ་ཤེས་ནས། མ་འཁྲུལ་བའི་བློ་ཞིག་ཡོང་རྒྱུ་ཡོད་སྟབས། མ་འཁྲུལ་བའི་བློ་དེས་འཁྲུལ་བའི་བློ་དེར་འགལ་ཟླ་ཆགས་ཡོང་གི་ཡོད། དེས་འཛིན་སྟངས་འགལ་བའི་སྒོ་ནས་གནོད་ཡོང་གི་ཡོད། གནོད་བྱ་གནོད་བྱེད་དུ་འགྲོ་ཡི་ཡོད།

                བདག་ཏུ་འཛིན་པའི་བློའི་ཞེན་ཚུལ་ལམ་འཛིན་ཚུལ་དེ་དོན་ལ་གནས་པ་ཞིག་དང༌། ཚད་མ་དང་བཅས་པ་ཞིག་ཡིན་ན། དེ་དང་འགལ་བའི་དེའི་ལྡོག་ཕྱོགས་ཀྱི་བློ་ཡོང་རྒྱུ་མེད། འོན་ཀྱང་ངར་གྲུབ་ཡོད་དམ་མེད་ཅེས་པ་ནི། ངར་འཛིན་པའི་བློས་ཇི་ལྟར་བཟུང་བ་ལྟར་ང་དེ་འདྲ་ཞིག་གྲུབ་ཡོད་དམ་མེད། དེར་བསམ་བློ་བཏང་བ་ཡིན་ན། ངར་འཛིན་གྱི་བློས་ཇི་ལྟར་བཟུང་བ་ལྟར་ང་དེ་གྲུབ་མེད་པ་ཞིག་སྟེ།

                དཔེར་ན། གང་ཟག་གི་བདག་མེད་རགས་པ་གྲུབ་པའི་སྒྲུབ་བྱེད་དེ་དག་གིས་ཤེས་ཐུབ་པ་ཞིག་རེད། དེ་བཞིན་གང་ཟག་གི་བདག་མེད་ཕྲ་མོ་བསྒྲུབ་རྒྱུའི་རིགས་པ་དེ་དག་གིས། གང་ཟག་གི་བདག་ཏུ་གྲུབ་པའི་བློ་དེ་འཁྲུལ་བ་ཡིན་པ་དེ་སྒྲུབ་ཐུབ་པ་ཞིག་རེད།

                དེར་བརྟེན་ངར་འཛིན་པའི་བློ་འཁྲུལ་བ་ཡིན་པ་དང༌། འཁྲུལ་བ་ཙམ་དུ་མ་ཟད་ཕྱིན་ཅི་ལོག་གི་བློ་ཞིག་དང༌། བློ་དེར་འགལ་ཟླ་སྟོབས་ལྡན་ཡོད་པ་ཞིག་རེད། འགལ་ཟླ་སྟོབས་ལྡན་ཞེས་པ་ནི། རྒྱབ་རྟེན་གྱི་ཚད་མ་ཡོད་ན་འགལ་ཟླ་སྟོབས་ལྡན་རེད། རྒྱབ་རྟེན་གྱི་ཚད་མ་མེད་ན། དེ་འགལ་བ་ཡིན་ཀྱང་སྟོབས་དང་ལྡན་པ་ཆགས་ཀྱི་མེད།

                དཔེར་ན། བདག་མེད་རྟོགས་པའི་འགལ་ཟླ་བདེན་འཛིན་ཆགས་ཀྱི་ཡོད། བདེན་འཛིན་ལ་སྒྲུབ་བྱེད་མེད་ཅིང་༌། དེ་འགལ་ཟླ་ཡིན་ཀྱང་དེ་སྟོབས་ལྡན་མིན། བདེན་འཛིན་གྱི་ལྡོག་ཟླའམ་འགལ་ཟླ་དེ་བདག་མེད་རྟོགས་པའི་ཤེས་རབ་དེ་ཡིན། བདག་མེད་པར་རྟོགས་པའི་བློ་དེ་སྟོབས་དང་ལྡན་པ་རེད། གང་ལགས་ཤེ་ན། རྒྱུ་མཚན་ཡོད་ཅིང༌། རྒྱུུ་མཚན་ཡོད་སྟབས་ཇི་ཙམ་གྱིས་དཔྱད་ཅིང་སྒོམ་པ་དེའི་ཚོད་ཀྱིས་བློ་དེ་ཤུགས་ཆེ་རུ་འགྲོ་རྒྱུ་ཡོད། རྒྱབ་རྟེན་མེད་པ་དེར་གོམས་འདྲིས་བསྟེན་པ་ཙམ་གྱིས་དང༌། གོམས་ཆའི་ཆ་ནས་ནུས་པ་ཡོད་པ་ཙམ་ལས་དེར་རྣམ་དཔྱོད་ཀྱིས་དཔྱད་ནས་བསམ་བློ་བཏང་ན་དེ་མི་ཚུགས་པ་ཡིན།

                དཔེར་ན། ང་རང་ཚོ་འཇིག་རྟེན་ལ་ཧམ་པ་བཤད་པ་ཞིག་ཡིན་ན། མ་གཞི་འཇིག་རྟེན་གྱི་ཁ་དཔེར། ཧམ་པ་རི་ཙམ་ཞིག་བཤད་ན། བདེན་པ་གཡག་ཙམ་ཞིག་ཐོབ་ཡོང་ཞེས་མི་ཁ་ཤས་ཀྱི་ཧམ་པ་བཤད་ཀྱི་འདུག་ཅིང༌། རྟག་པར་ཧམ་པ་བཤད་དེ་གང་འཚམས་ནས། ཧམ་པ་དེར་བདེན་པ་ཅུང་ཙམ་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད། དེ་དག་རེ་བ་སྟོང་པ་རྒྱག་གི་ཡོད། མི་ཨུ་ཚུགས་ཚ་པོ་དེ་འདྲ་ཡིན་ན། ཧམ་པ་བཤད་དེ་གང་འཚམས་ནས་དེ་བདེན་པ་ལྟ་བུ་ཅུང་ཟད་ཆགས་ཀྱི་མེད་དམ། སྤྱིར་རྫུན་དང་ཧམ་པ་བཤད་པ་ཡིན་ན། ཇི་ཙམ་གྱིས་ཨུ་ཚུགས་རྒྱབ་ཀྱང་ཡུན་སྲིང་ན་རྒྱལ་ཁ་ཐོབ་ཀྱི་མེད་ཅིང༌། བདེན་པ་ཞིག་ཡིན་ན། དེར་ཐོག་མར་ནུས་པ་དེ་ཙམ་མེད་ཀྱང་སྙུགས་བསྲིངས་ན། བདེན་པ་ཇེ་གསལ་དུ་འགྲོ་ཡི་ཡོད།

                ང་རང་ཚོའི་བློའི་ནང་བློ་གཅིག་གིས་དེའི་འཛིན་ཚུལ་དེ་དོན་ལ་གནས་པ་དང༌། ཚད་མའི་རྒྱབ་སྐྱོར་དང་སྒྲུབ་བྱེད་ཡོད་པ། གནོད་བྱེད་མེད་པ། བློ་ཅིག་ཤོས་དེའི་འཛིན་སྟངས་དེ་དོན་ལ་མི་གནས་ཤིང༌། དེས་ཇི་ལྟར་བཟུང་བ་ལྟར་མེད་པ་ཞིག་ཡིན་ན། བློ་གཉིས་ལས་གཅིག་དེ་བདེན་པའི་དོན་ཅན་རེད། ཅིག་ཤོས་དེ་རྫུན་པའི་དོན་ཅན་ཞིག་རེད། དེར་བརྟེན་བློ་དེ་གཉིས་ཡུན་བསྲིངས་ནས་ཕྱིན་ན། ཚ་གྲང་གི་རེག་པ་གཉིས་ཡུན་བསྲིངས་ནས་བསྡད་མི་ཐུབ་པ་ལྟར་ག་ལེར་བློ་ལ་འགྱུར་ཐེབས་པ་ཞིག་ཏན་ཏན་རེད། དེར་བརྟེན་ཆོས་ཀྱི་སྡོམ་བཞི་གསུངས་སྐབས༌། གསུམ་པར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་གསུངས་སོ།།

                ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་འདི། ནང་པའི་གྲུབ་མཐའ་ཕྲ་རགས་སོ་སོའི་ལུགས་ཀྱི་འགྲེལ་བཤད་རྒྱབ་ལུགས་མི་འདྲ་བ་ཡོད་ཀྱང༌། དབུ་མ་པའི་གཞུང་དུ་ཆོས་ཐམས་ཅད་བདེན་པར་མ་གྲུབ་ཅིང༌། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པ་རེད་ཅེས་གསུངས་ཀྱི་ཡོད།

                མདོར་ན་བདེན་པར་མེད་པ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། དེ་ལྟར་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པའི་ཟག་པའི་རྩ་བ་བདེན་འཛིན་ཞེས་པ་འདི་ཕྱིན་ཅི་ལོག་གི་བློ་ཡིན་པ་དང༌། དེའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པ་ངེས་ནས་བློ་ཡུན་རིང་དུ་གོམས་ན། བདེན་འཛིན་ཞེས་པ་འདི་རྩ་བ་ནས་མེད་པར་བཟོ་ཐུབ་པ་ཞིག་རེད། དེ་ཡིན་པའི་རྒྱུ་མཚན་ནི། སེམས་རང་བཞིན་གྱི་འོད་གསལ་བ་རེད། རྒྱལ་བ་བྱམས་པ་མགོན་པོའི་རྒྱུད་བླ་མ་དང༌། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་དེ་དག་ནང༌། སེམས་ཀུན་རྫོབ་པའི་བློའི་རང་བཞིན་དེ་འོད་གསལ་བ་ཞིག་རེད་ཅེས། དྲི་མ་དེ་གཉེན་པོ་སྟོབས་ལྡན་ཡོད་པའི་ཆ་ནས་བྲལ་རུང་གི་ཚུལ་དུ་ཡོད་པ་ལས་བློའི་རང་བཞིན་ལ་ཞུགས་པ་ཞིག་མ་རེད་ཅེས་དཔེ་དང་སྒྲུབ་བྱེད་མང་པོའི་ཐོག་ནས་གསུངས་ཡོད། དེ་ཡང་ཆོས་དབྱིངས་བསྟོད་པ་ལས། 

ཇི་ལྟར་མེ་ཡིས་དག་པའི་གོས། །

སྣ་ཚོགས་དྲི་མས་དྲི་མ་ཅན། །

ཇི་ལྟར་མེ་ཡིས་ནང་བཅུག་ན། །

དྲི་མ་འཚིག་འགྱུར་གོས་མིན་ལྟར། །

 

དེ་བཞིན་འོད་གསལ་བ་ཡི་སེམས། །

འདོད་ཆགས་ལ་སོགས་དྲི་མ་ཅན། །

ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེག །

དེ་ཉིད་འོད་གསལ་མ་ཡིན་ནོ། །

 

                ཞེས་པ་འདིས་མདོ་རྒྱུད་ཀྱི་གོས་དྲི་མ་ཅན་དུ་ཡོད་པ་འདི་མེར་སྲེག་ན། མདོ་རྒྱུད་ཀྱི་གོས་ཀྱི་སྟེང་དུ་བགོས་པའི་དྲི་མ་དེ་མེས་འཚིག་པ་ལས། རྡོ་རྒྱུས་དེ་ཉིད་མི་འཚིག་པའི་དཔེ་ལྟར། ང་རང་ཚོའི་སེམས་ཆགས་སོགས་ཉོན་མོངས་ཀྱི་དྲི་མ་དང་བཅས་པ་འདི། སེམས་ཀྱི་གནས་ལུགས་ཤེས་པའི་ཡེ་ཤེས་ཀྱི་མེ་དང་འཕྲད་ཚེ། ཡེ་ཤེས་ཀྱི་མེས་སེམས་དྲི་མ་ཅན་དུ་བྱས་པའི་འདོད་ཆགས་དང༌། བདེན་འཛིན་ལ་སོགས་པ་བསྲེགས་ནས་མེད་པར་བཟོ་བ་ལས། རང་བཞིན་གྱི་འོད་གསལ་བའི་སེམས་མེད་པར་ཆགས་ཀྱི་མེད་ཅེས་གསུངས་ཤིང༌། དེས་ན་སེམས་རང་བཞིན་གྱི་འོད་གསལ་བ་ཞེས་པ་དེ་རེད།

                ཤེར་ཕྱིན་གྱི་མདོའི་ནང༌། སེམས་ལ་སེམས་མ་མཆིས་ཏེ། སེམས་རང་བཞིན་གྱིས་འོད་གསལ་བའོ། །ཞེས་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པས་རྒྱུ་མཚན་དེའི་ཆ་ནས་ཀྱང༌། ཆགས་སོགས་ཀྱི་ཉོན་མོངས་ཟག་པ་ཞེས་པ་དེ་དག་ཚང་མ་གློ་བུར་སྟོབས་ཆེན་ཡོད་ཀྱང་དེའི་ཕུག་མི་བརྟན་པ་དང༌། ཕུག་གི་གཞི་རྩ་མེད་པ་ཞིག་ཡིན་སྟབས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པས་ན། ཟག་པས་སྐྱེས་པའི་ཆོས་དེ་དག་ག་ལེར་སྐྱེད་བྱེད་ཀྱི་རྩ་བ་བྱེད་མཁན་ཟག་པ་དེ་འགག་པའི་སྐབས། དེའི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཆོས་སྡུག་བསྔལ་བ་དེ་དག་མེད་པ་ཆགས་ཐུབ་ཀྱི་རེད། དེ་དག་མེད་པ་ཆགས་སྐབས་མྱང་ངན་ལས་འདས་པ་ཞི་བ་ཞེས་པ་དེ་རེད། 

ང༽  ཕྱག་རྒྱ་བཞི་པ།

མྱ་ངན་ལས་འདས་པ་ཞི་བ། 

                དེ་ཡང༌། མྱང་ངན་ཞེས་པ་འདིར་འགྲེལ་ཚུལ་མང་དུ་ཡོད་ཀྱང༌། འགྲེལ་ཚུལ་གཅིག་ལ་བདེན་འཛིན་དང༌། བདེན་གྲུབ་དང༌། དགག་བྱའི་སྤྲོས་པ་བདེན་གྲུབ། དེར་འཛིན་པའི་བདེན་འཛིན་གྱི་སྤྲོས་པ་དེ་དག་སྡུག་བསྔལ་གྱི་རྩ་བ་ཡིན་པས་ན། མྱང་ངན་ལ་བཞག་སྟེ་དེ་ལས་ཡོངས་སུ་འདས་པ་ཞེས་པ་གཅིག་དང༌། དེ་ཉེ་བར་ཞི་བའི་སྒོ་ནས་དེ་ལས་ཡོངས་སུ་འདས་པས་ན་མྱང་ངན་ལས་འདས་པ་ཞེས་སོ།།

                དེར་བརྟེན་མྱང་ངན་ལས་འདས་པ་ཞི་བ་ཞེས་པ་འདི་ང་ཚོ་ཚང་མས་ཤེས་དགོས། སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི། ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པ་ཞེས་པ་དེ་ཁྱེད་རང་ཚོ་མང་པོས་གོ་ཡོད། རྟེན་འབྱུང་གི་ལྟ་བ་ཞེས་པ་འདི་ཅུང་ཙམ་གསལ་དུ་དང་ཟབ་ཏུ་བཏང་ན། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱང་ངན་ལས་འདས་པ་ཞི་བ་ཞེས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས་པ་འདིར་ང་ཚོས་བསམ་བློ་གཏོང་དགོས་སོ།།  

གསུམ་པ། སངས་རྒྱས་ཆོས་ཚོགས་མའི་འགྲེལ་པ།

སྐྱབས་འགྲོ་དང༌།

སེམས་བསྐྱེད་བཤད་པ།

                ང་རང་ཚོས་སངས་རྒྱས་ཀྱི་ཆོས་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། ནམ་རྒྱུན་ང་ཚོ་ཚང་མས་སངས་རྒྱས་ཆོས་ཚོགས་མ་འདོན་བཞིན་ཡོད།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་པ་འདི་ང་ཚོ་ཚང་མས་འདོན་བཞིན་ཡོད། སངས་རྒྱས་ཆོས་ཚོགས་མ་བློར་ཡོད་པ་རྣམས་ལག་པ་སྐྱོངས་དང༌། དེར་བརྟེན་ང་རང་ཚོ་ཚང་མས་སངས་རྒྱས་ཆོས་ཚོགས་མ་འདོན་གྱི་ཡོད། ནང་པ་སངས་རྒྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་གཙོ་བོ་དེ་དག་སངས་རྒྱས་ཆོས་ཚོགས་མའི་ནང་དུ་ཐོན་གྱི་ཡོད།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པའི་རྐང་པ་སྔ་མ་གཉིས་ཀྱིས་སྐྱབས་འགྲོ་བཤད་ཀྱི་ཡོད།

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་པའི་རྐང་པ་ཕྱི་མ་གཉིས་པོས་སེམས་བསྐྱེད་བཤད་ཀྱི་ཡོད། ཚིགས་བཅད་འདི་ནམ་རྒྱུན་ཇོ་བོ་རྗེས་གསུངས་པ་རེད་ཅེས་པའི་གསུང་རྒྱུན་ཞིག་ཡོད། 

ཀ༽ སྐྱབས་ཡུལ་ངོས་བཟུང་བ། 

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པ་འདིས་སྐྱབས་འགྲོ་བཤད་ཀྱི་ཡོད་ན། སྐྱབས་འགྲོ་ཇི་ལྟར་བཤད་ཀྱི་ཡོད་དམ་ཞེ་ན།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

                ཞེས་པ་འདིས་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དེ་ངོས་བཟུང་བ་ཡིན་ཞིང༌། དཔེར་ན། མུ་སྟེགས་པ་དང་ཡེ་ཤུ་ལྟ་བུར་ཆ་བཞག་ན། དཀོན་མཆོག་ཅེས་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་བཤད་ཀྱི་ཡོད། དེ་དག་གིས་མཚོན་པའི་ཆོས་ལུགས་སོ་སོའི་དཀོན་མཆོག་མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐར་ཐུག་པ་ཡིན་ཞེས་བཤད་རྒྱུ་ཚང་མར་ཡོད།

                ང་རང་ཚོའི་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སྐྱབས་སུ་འགྲོ་སའི་ཡུལ་དེ་ཇི་འདྲ་ཞིག་རེད་དམ་ཞེ་ན། སངས་རྒྱས་ཞེས་པ་གཅིག་པུས་མི་འགྲིགས་པར་ཆོས་ཞེས་པ་ཞིག་ཐོན་ཡོང་གི་ཡོད་ལ། དེ་བཞིན་དགེ་འདུན་ཞེས་པ་ཞིག་ཀྱང་ཐོན་ཡོང་གི་ཡོད། སངས་རྒྱས་ཡོང་བ་དང༌། དགེ་འདུན་ཡོང་བ་དེ་གཉིས་གཙོ་བོ་ཆོས་ཀྱི་ཐོག་ནས་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་བཟོ་མཁན་དེ་ཡང་ཆོས་རེད། དགེ་འདུན་སྒྲུབ་པའམ་བཟོ་མཁན་དེ་ཡང་ཆོས་རེད། དེས་ན་གཙོ་བོ་དེ་ཆོས་རེད།

                དཀོན་མཆོག་གསུམ་པོ་མི་གཅིག་གི་རྒྱུད་ལ་སྐྱེས་རིམ་མམ་སྒྲུབ་སྟངས་བཤད་ན། དང་པོ་དེ་ཆོས་དཀོན་མཆོག་རེད། ཆོས་དེ་རྒྱུད་ལ་སྐྱེས་སྐབས་དེའི་རྐྱེན་གྱིས་ཆོས་རྒྱུད་ལ་ལྡན་པའི་གང་ཟག་དེ། དགེ་འདུན་ཞེས་པ་དེ་ཆགས་པ་རེད། དེས་ན། ཆོས་དང་པོ་དང༌། དེ་ནས་དགེ་འདུན་གཉིས་པར་བཞག་པ་ཡིན། དགེ་འདུན་གྱི་སྤུས་ཀ་ཇེ་ལེགས་སུ་ཕྱིན་ཏེ་མཐར་ཐུག་སྐྱོན་མཐའ་དག་ཟད་ཅིང༌། ཡོན་ཏན་མཐའ་དག་རྫོགས་པའི་དགེ་འདུན་མཐར་ཐུག་དེར་སངས་རྒྱས་ཞེས་ཞུ་བ་རེད། 

ཁ༽ སངས་རྒྱས་ཀྱི་གོ་དོན། 

                སངས་རྒྱས་ཞེས་པའི་དོན་གང་ཞིག་རེད་དམ་ཞེ་ན། སངས་ཞེས་པ་ནི། སྐྱོན་སངས་པ་དང༌། མུན་པ་སངས་པ། དྲི་མ་སངས་པ་སྟེ་མི་དགོས་པ་སྡུག་པ་ཞིག་མེད་སོང་བ། དག་ཅིང་སངས་བ་དེར་སངས་ཞེས་བརྗོད་པ་དང༌། རྒྱས་ཞེས་པ་ནི་ལུས་རྒྱས་པ་དང༌། ལོངས་སྤྱོད་རྒྱས་པ། རྣམ་དཔྱོད་རྒྱས་པ། ཡོན་ཏན་རྒྱས་པ་ཞེས་པ་ལྟར། དེ་ཚུར་སྒྲུབ་པའམ་བྱུང་བའི་དོན་ཡིན་ལ། ཕར་སེལ་ཞིང་སྤངས་པ་དང་བྲལ་བའི་དོན་མིན་པར་ལྡན་པའི་དོན་རེད།

                སངས་ཞེས་པ་དེས་སྤངས་ཤིང་བྲལ་བའམ་དག་པ། མེད་སོང་བ་དང༌། རྒྱས་ཞེས་པ་ནི་ཆུབ་པ། ཁོང་དུ་ཆུད་པ། རྟོགས་པ། ཡོངས་སུ་རྫོགས་པ་དེ་འདྲ་ཞིག་ལ་བརྗོད་ཀྱི་ཡོད། སངས་ཞེས་བརྗོད་སྐབས་སྐྱོན་གྱི་རིགས་སྤངས་ཤིང་མེད་སོང་བ་དེར་སངས་ཞེས་བརྗོད་པ་རེད། སངས་ཞེས་པ་དེས་སྤངས་པའི་ཡོན་ཏན་དང༌། རྒྱས་ཞེས་པ་དེས་རྟོགས་པའི་ཡོན་ཏན་བཤད་པ་རེད། ཁོང་དུ་ཆུད་དགོས་པ། ཤེས་དགོས་པ། རྟོགས་དགོས་པ། ཡོད་དགོས་པ། བཟང་པོའི་ཆ་དེ་དག་གོང་ནས་གོང་དུ་འཕེལ་བ་སོགས། མདོ་དོན་མཐར་གཏུགས་ན་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་ཅིང༌། དེར་བརྟེན་སྡུག་བསྔལ་རྒྱུ་དང་བཅས་པ་མི་དགོས་པ་རེད། བྲལ་དགོས་པ་རེད། མེད་དགོས་པ་རེད། དེར་བརྟེན་སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་པའམ་བྲལ་བ་དེར་སངས་ཞེས་ཞེས་བརྗོད་པ་དང༌།

                བདེ་སྐྱིད་དེ་ང་ཚོར་ཐོབ་དགོས་པ་རེད། བདེ་སྐྱིད་ཐོབ་རྒྱུའི་རྒྱུ་མཐར་ཐུག་པ་དེ་ང་ཚོས་བསྒྲུབ་དགོས་པ་རེད། ང་ཚོར་ཡོད་དགོས་པ་རེད། ང་ཚོར་ཚང་དགོས་པ་རེད། དེས་ན་རྒྱས་ཞེས་བརྗོད་དོ།། 

ག༽ སངས་རྒྱས་ཀྱི་ཡོན་ཏན། 

                དེ་ཡང༌། སངས་རྒྱས་ཞེས་པའི་ཚིག་གཉིས་པོ་དེས། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཐུག་པའི་ཁྱད་ཆོས་དེ་བཤད་ཀྱི་ཡོད་ཅིང༌། དེ་ལྟའི་ཁྱད་པར་ལྡན་པའི་སྐྱེས་བུའམ་གང་ཟག་དེར་སངས་རྒྱས་འཕགས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཡོན་ཏན་ལྡན་པའི་སྐྱེས་བུའམ་གང་ཟག་དེར་སངས་རྒྱས་འཕགས་པ་ཞེས་བྱ། དེས་ན། སངས་རྒྱས་ཞེས་པའི་ཚིག་དེས་སངས་རྒྱུ་ཞིག་ཡོད་པས་ན་སངས་ཞེས་བཤད་ཀྱི་ཡོད་ལ། བྲལ་རྒྱུ་ཞིག་ཡོད་པས་ན་བྲལ་དགོས་པ་རེད། བྲལ་རྒྱུ་མེད་ན་བྲལ་ཞེས་བརྗོད་ཤེས་ཐབས་མེད། རྒྱས་ཞེས་པ་འདི་སྔར་མ་རྒྱས་པ་ཞིག་རྒྱས་རྒྱུ་ཡོད་པ་དང༌། སྔར་མེད་པ་ཞིག་གསར་དུ་སྒྲུབ་རྒྱུ་ཡོད་པའི་ཆ་ནས་རྒྱས་ཞེས་པ་འདི་བཤད་ཀྱི་ཡོད།

                དེར་བརྟེན་རྟག་པ་རང་བྱུང་གི་སྐྱེས་བུ་མེད་ཅེས་བརྗོད་པ་རེད། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་རང་བཞིན་གྱིས་མཁྱེན་བརྩེ་མཐར་ཐུག་པ་ཞིག་མེད། མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐར་མ་ཕྱིན་པ་ཞིག་ག་ལེར་ཐབས་ཤེས་དང་འབད་བརྩོན་བྱས་ཏེ་མཁྱེན་བརྩེ་ནུས་པ་མཐར་ཐུག་པ་ཞིག་ཡོང་རྒྱུ་ཡོད་པ་ལས། འབད་བརྩོན་ལ་མ་ལྟོས་པར་རང་གིས་ངང་གིས་མཁྱེན་བརྩེ་ནུས་པ་མཐར་ཐུག་ཅིང༌། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཞེས་པ་ཞིག་ཡོང་ཐབས་མེད། སངས་རྒྱས་ཞེས་པ་འདི་རྒྱུ་དང་རྐྱེན་ལ་ལྟོས་ནས་གསར་དུ་སྒྲུབ་པ་ཞིག་ལས་རང་གི་ངང་གིས་ཡོད་པ་མ་རེད།

                ཡེ་གདོད་མའི་སངས་རྒྱས་ཞེས་པ་ལྟ་བུ་དང༌། ཡང་ངོ་བོ་ཉིད་ཀྱིས་ཡོད་པའམ་རང་བཞིན་གདོད་མ་ནས་ཡོད་པ། སྐུ་བཞིའི་བདག་ཉིད་དམ་སྐུ་བཞི་སྒྲུབ་བྱེད་ཀྱི་ནུས་པའི་སྟེང་ནས་བསམ་བློ་གཏོང་རྒྱུ་ཞིག་ཡོང་གི་ཡོད་ཅིང༌། དེ་གནས་ཚུལ་ཐ་དད་རེད། ད་ལྟ་ཞུས་པའི་སངས་རྒྱས་འཕགས་པ་ཞེས་པ་འདི། སངས་རྒྱས་ཞེས་པའི་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཐུག་པ་མངའ་བའི་སྐྱེས་བུའམ་གང་ཟག་དེར་སངས་རྒྱས་འཕགས་པ་ཞེས་བརྗོད་དོ།།

                དེ་འདྲའི་སངས་རྒྱས་ཞེས་པ་དེ། རྒྱུ་དང་རྐྱེན་ལ་བརྟེན་ནས་སྒྲུབ་པ་ཞིག་དང༌། རྒྱུ་དང་རྐྱེན་ལ་བརྟེན་ནས་གསར་དུ་ཐོབ་པ་ཞིག་ཡིན་པས་ན། དེ་ལྟའི་སངས་རྒྱས་དེ་རིམ་བཞིན་ཡོང་དགོས་པ་ཞིག་རེད། སྐྱོན་མཐའ་དག་སངས། ཡོན་ཏན་མཐའ་དག་རྒྱས་པ་ཞིག་ཡོང་བར་སྐྱོན་སྣ་རེ་ནས་སངས་སངས་ཀྱིན་དང༌། ཡོན་ཏན་སྣ་རེ་རེ་ནས་རྒྱས་ཀྱིན་དུ་འགྲོ་དགོས།

                དཔེར་ན་སྐས་གདང་ལྔ་བཅུ་ཐམ་པ་ཡོད་པའི་སྐས་འཛེགས་ཤིག་འཛེགས་དགོས་བྱུང་ཚེ། སྐས་གདང་རེ་རེར་གོམ་པ་རེ་རེ་སྤོས་ཏེ་འགྲོ་དགོས་ཤིང༌། མཐའ་མ་སྐས་ཐང་ལྔ་བཅུ་ཐམ་པ་ཡོངས་སུ་རྫོགས་པ་རྫོགས་ཏེ་ཐོག་ཁར་སླེབས་ཀྱི་རེད། དཔེ་དེ་བཞིན་སྐས་གདང་རེ་རེ་བཞིན་འགྲོ་དགོས་པ་ལྟར། སྤངས་པའི་རིགས་ཐོག་མར་མགོ་ཚུགས་ནས་སྐྱོན་གྱི་རིགས་སྤང་བྱ་སྤོང་དགོས་པའམ་བྲལ་དགོས་པ་ཞིག་ཐོག་མར་ཐོབ་ཡོང་སྐབས། སྤང་བྱ་སྤོང་རྒྱུ་དེ་ཡང་གཉེན་པོ་སྐྱེས་ཤིང་བློ་གྲོས་རྒྱས་པའི་ཡོན་ཏན་ཞིག་སྐྱེས་པའི་སྒོ་ནས་སྤང་བྱ་སྤོང་བ་ལས། སྤང་བྱ་སྤོང་བྱེད་ཀྱི་གཉེན་པོ་རྒྱུད་ལ་མ་སྐྱེས་པར། སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་ཡོང་ཤེས་ཐབས་མེད། སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་ཞིག་ཡོད་ན། དེ་འདྲེན་བྱེད་ཀྱི་སྤང་བྱ་སྤོང་བའི་དངོས་ཀྱི་གཉེན་པོ་ཡོད་པ་ཐག་ཆོད་པ་རེད། 

༽ དགེ་འདུན་དཀོན་མཆོག 

                སྤང་བྱ་སྤོང་ནུས་མཁན་གྱི་ད་ལྟ་ང་རང་ཚོའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ལྟ་བ་དང༌། བྱང་ཆུབ་ཀྱི་སེམས་སྐྱེས་ན་ལམ་སེང་སྤང་བྱ་སྤོང་ཐུབ་རྒྱུ་མེད། དེ་རིམ་པས་ནུས་པ་ཆེ་རུ་དང༌། གོམས་འདྲིས་རིམ་གྱིས་ཆེ་རུ་ཕྱིན་པས། སྤང་བྱ་གང་ཡང་རུང་བ་ཞིག་དངོས་སུ་སྤོང་ཐུབ་པའི་ནུས་པ་ཆ་ཚང་ཐོབ་པའི་སྐབས། སྤང་བྱ་སྤོང་བའི་དངོས་ཀྱི་གཉེན་པོར་སྒྲུབ་ཡོང་གི་ཡོད། སྤང་བྱ་གང་ཡང་རུང་བ་ཞིག་སྤོང་བའི་དངོས་ཀྱི་གཉེན་པོ་བྱེད་ཐུབ་པའི་རྟོགས་པའི་ཡེ་ཤེས་དང་པོ་སྐྱེས་སྐབས་དེར་འཕགས་པའི་དགེ་འདུན་ཞེས་བརྗོད་དོ།།

                དེ་ལྟ་བུའི་སྤང་བྱ་གང་རུང་སྤོང་ནུས་པའི་གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེས་སྐབས་སོ་སྐྱེའི་ས་ལས་འཕགས་པ་རེད། སོ་སྐྱེ་བྱིས་པ་ལས་འཕགས་ཤིང༌། བྱིས་པ་ལས་གོང་མར་གྱུར་པ་རེད། དེ་ལས་ཡོངས་སུ་འདས་པའམ་དེ་ལས་ལྷག་པ་རེད། དེར་བརྟེན་འཕགས་པ་ཞེས་པ་འདི་ཁྱད་དུ་འཕགས་པ་ཞེས་པ་དེ་རེད། ཁྱད་དུ་འཕགས་པའམ་གོང་མར་གྱུར་པ། གཞན་ལས་ལྷག་པས་ན་སངས་རྒྱས་ཞེས་པ་འདི། སྤངས་རྟོགས་ཀྱི་ཡོན་ཏན་ཐོག་མ་མགོ་ཚུགས་པའི་སྐབས་དེར་འཕགས་པའི་དགེ་འདུན་ཞེས་པ་དེ་ཆགས་པ་རེད།

ག༽ ཆོས་དཀོན་མཆོག 

                སློབ་པ་འཕགས་པའི་དགེ་འདུན་སྔོན་ལ་སོང་བའི་ཐོག་ནས། མི་སློབ་པའི་འཕགས་པའི་དགེ་འདུན་དེ་སངས་རྒྱས་འཕགས་པ་ཞེས་པ་དེ་མཇུག་མའམ་མཐར་ཐུག་དེར་ཐོབ་རྒྱུ་དེ་ཡིན། དེ་གཉིས་ཀ་ཡོང་བ་ཆོས་དཀོན་མཆོག་ཅེས་པ་དེའི་ཐོག་ནས་ཡོང་དགོས། བྲལ་བའི་ཡོན་ཏན་དེ་ཆོས་དཀོན་མཆོག་རེད། བྲལ་བ་དེ་དངོས་སུ་འདྲེན་ཡོང་མཁན་གྱི་རྟོགས་པའི་ཡོན་ཏན་འཕགས་པའི་ཡེ་ཤེས་དེ་ཆོས་དཀོན་མཆོག་ཆགས་ཀྱི་ཡོད། ཆོས་དཀོན་མཆོག་ལ་འགོག་ལམ་གཉིས་ཞེས་བྲལ་བའི་རང་བཞིན་གྱི་ཡོན་ཏན་གཅིག་དང༌། བྲལ་བ་དེ་དངོས་སུ་འདྲེན་མཁན་གྱི་གཉེན་པོའི་ཡེ་ཤེས་དེ་གཉིས་ལ་ཆོས་དཀོན་མཆོག་ཅེས་བརྗོད་དོ།།

                སངས་རྒྱས་དཀོན་མཆོག་ཡོང་བ་དེ་དགེ་འདུན་དཀོན་མཆོག་དང༌། དེ་འདྲའི་དགེ་འདུན་དཀོན་མཆོག་ཡོང་བ་དེ་ཆོས་དཀོན་མཆོག ནམ་རྒྱུན་ང་རང་ཚོའི་གོ་རིམ་ནི། སངས་རྒྱས། ཆོས། དགེ་འདུན་བཅས་གོ་རིམ་དེ་ལྟར་བཤད་པ་དེ་གང་ལགས་ཤེ་ན། བསྟན་པ་གཅིག་ལ་དཀོན་མཆོག་གསུམ་པོ་དེ་བྱུང་རིམ་བརྩི་སྐབས་ཐོག་མར་སྟོན་པ་བཅོམ་ལྡན་འདས་དེ་སངས་རྒྱས་པའི་མཛད་པ་མཛད་ནས་སྔོན་ལ་སངས་རྒྱས་དེ་སྒྲུབ། དེ་ནས་ཁོང་གིས་ལུང་གི་ཆོས་འཁོར་བསྐོར། དེ་ལ་བརྟེན་ནས་གདུལ་བྱའི་རྒྱུད་ལ་ཆོས་དཀོན་མཆོག་དེ་རྒྱུད་ལ་སྐྱེས། ལུང་རྟོགས་ཀྱི་ཆོས་དེ་སངས་རྒྱས་ཀྱི་རྗེས་སུ་ཡོང་དགོས། སངས་རྒྱས་ཀྱིས་གསུངས་པའི་ལུང་གི་ཆོས་འཁོར་བསྐོར། དེ་ལ་བརྟེན་ནས་ལས་དང་སྨོན་ལམ་གྱི་རྟེན་འབྲེལ་འགྲིགས་པའི་གདུལ་བྱའི་རྒྱུད་ལ་རྟོགས་པའི་ཆོས་འཁོར་དེ་གྲུབ། བསླབ་པ་གསུམ་གྱི་རྟོགས་པའི་ཆོས་འཁོར་དེ་དག་རིམ་པས་ལེགས་སུ་ཕྱིན་པའི་སྐབས་སྤངས་རྟོགས་ཀྱི་ཆོས་དཀོན་མཆོག་དེ་ངོ་མ་ཆགས་པ་རེད། དེ་ཆགས་སྐབས་རང་རྒྱུད་ལྡན་གྱི་གང་ཟག་དེ་དགེ་འདུན་ཆགས་པ་ཡིན།

                མདོར་ན་ལུང་རྟོགས་ཀྱི་ཆོས་ལ་བརྟེན་ནས་དགེ་འདུན་ཡོང་གི་ཡོད་པས་ན་གསུམ་པ་དེར་བཞག སངས་རྒྱས། ཆོས། དགེ་འདུན་བཅས་གོ་རིམ་དེ་ལྟར་བཞག་པ་རེད།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

                ཞེས་པའི་དཀོན་མཆོག་གསུམ་པོ་དེ་ངོས་བཟུང༌། དེས་གཙོ་བོ་ཆོས་དཀོན་མཆོག་ཅེས་པ་དེ་ཤེས་དགོས། ཆོས་དཀོན་མཆོག་ཅེས་བྲལ་བའི་ཡོན་ཏན་དང༌། རྟོགས་པའི་ཡོན་ཏན་ཞེས་པ་དེ་གོང་དུ་བརྗོད་པ་ལྟར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་འདིས་བྲལ་བའི་ཡོན་ཏན་དེ་བཤད་ཀྱི་ཡོད། བྲལ་བའི་ཡོན་ཏན་དེ་ཡོང་བའི་རྒྱུ་མཚན་ནམ་གཞི་རྩ་དེའི་ཐོག་ནས་བསམ་བློ་གཏོང་དགོས།

                མྱང་ངན་ལས་འདས་པ་ཞི་བ་ཞེས་པ་འདི་མཐར་ཐུག་གི་བྲལ་བའི་ཡོན་ཏན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་འདི་རང་བཞིན་གྱི་དྲི་མ་དེ་དག་གློ་བུར་བ་ཡིན་པ་ཤེས་ཐུབ་པ་ཞིག་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་གནས་ལུགས་ཇི་མ་ཇི་བཞིན་མཁྱེན་པའི་བློ་དེ་རྟོགས་པའི་ཡོན་ཏན་མཐར་སྤང་བྱའི་གཉེན་པོར་དངོས་སུ་སྐྱེས་སྐབས་ཆོས་དཀོན་མཆོག་ཆགས་ཀྱི་ཡོད་པ་དེ་དག་གི་ཐོག་ནས་ཤེས་དགོས།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པའི་བྱང་ཆུབ་བར་དུ་ཞེས་པའི་བྱང་ཆུབ་ནི་སྐྱོན་བྱང་ཞིང་ཡོན་ཏན་ཆུབ་པ་སྟེ། བྱང་ཆུབ་ལ་ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ། ཐེག་ཆེན་གྱི་བྱང་ཆུབ་བཅས་བྱང་ཆུབ་ལ་གསུམ་བཤད་ཀྱི་ཡོད། སྐབས་འདིའི་བྱང་ཆུབ་ནི་ཕལ་ཆེར་བྱང་ཆུབ་ཆེན་པོ་རེད།

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་ཡི་ཡིན་ཞེས་དུས་ཀྱི་ཁྱད་པར་དང་དགོས་པའི་ཁྱད་པར་ཡང་བཤད་ཀྱི་ཡོད། བྱང་ཆུབ་ཐོབ་པའི་དོན་དུ་ཞེས་དུས་ཀྱི་ཁྱད་པར་ཡང་བཤད་པ་རེད།

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པ་འདིའི་སྐྱབས་འགྲོ་ནི་དེ་ཙམ་ཞིག་བཤད་པ་ཡིན་ན། སེམས་བསྐྱེད་དང་མ་འབྲེལ་ན་ཐེག་པ་ཐུན་མོང་གི་སྐྱབས་འགྲོ་དང༌། གཤམ་གྱི་སེམས་བསྐྱེད།

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་པའི་ཚིག་འདི་དང་འབྲེལ་ན། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སྟེ། འགྲོ་ལ་ཕན་པའི་ཕྱིར་དུ་སྐྱབས་སུ་འགྲོ་བ་ཡིན་ཞེས་བརྗོད་ན། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་རེད། འགྲོ་བ་ལ་ཕན་པའི་ཆེད་དུ་སྐྱབས་སུ་འགྲོ་བ་ཞེས་བརྗོད་ན། ཆོས་དེ་ཡང་ཐེག་ཆེན་གྱི་ཆོས་དཀོན་མཆོག་ཆགས་ཀྱི་ཡོད། བྱང་ཆུབ་བར་དུ་ཞེས་དགོས་པ་དུས་ཀྱི་ཁྱད་པར་བཤད་ཅིང༌།

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པའི་བདག་ནི་ཞེས་པ་དེ་སྤྱིར་བཏང་བཤད་ན། ངས་བདག་གམ་ངས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སངས་རྒྱས་དང༌། ཆོས། དགེ་འདུན་གསུམ་པོ་དེར་སྐྱབས་སུ་མཆིའོ་ཞེས་བརྗོད་པ་རེད། 

༽ ཕྱི་ནང་གི་ཁྱད་པར། 

                གོང་དུ་བརྗོད་པ་ལྟར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་དོན་དང་འབྲེལ་ནས་བསམ་བློ་གཏོང་དགོས་པས་ན། བདག་ཅེས་པ་དེ་ཇི་འདྲ་ཡོད་དམ། ནམ་རྒྱུན་ང་ཚོས་ང་མཚོ་པདྨར་འགྲོ་ཡི་ཡིན་ཞེས་པ་ལྟ་བུ་དང༌། ང་མཚོ་པདྨར་སླེབས་ཡོད། དཔེར་ན། ད་ལྟ་ཁྱེད་རང་ཚོའི་ངོས་ནས་ཆ་བཞག་ན། ང་མཚོ་པདྨར་སླེབས་ནས་བཀའ་ཆོས་ཞུ་ཡི་ཡོད་ཅེས་བརྗོད་ཀྱི་རེད། དེ་ཚད་མ་རེད། དེ་བདེན་པ་རེད།

                ང་ལ་ཆ་བཞག་ནའང༌། ང་རང་མཚོ་པདྨར་སླེབས་ནས་དེ་རིང་འདིར་མི་མང་པོ་མཉམ་དུ་འདུས་ཏེ་ཆོས་ཀྱི་སྐོར་བཤད་ཀྱི་ཡོད་ཅེས་བརྗོད་ན་བདེན་པ་རེད། ང་ཞེས་པ་དེ་གང་ལ་བརྗོད་ཀྱི་འདུག་གམ། འདི་ལ་བསམ་བློ་གཏོང་དགོས། ཕྱི་པ་དང་ནང་པའི་ཁྱད་པར་འདི་ནས་འབྱེད་དགོས། ཀུན་མཁྱེན་བླ་མའི་གྲུབ་མཐའི་རྩ་བ་ལས།

བདག་ལྟའི་གཞན་ཡུལ་སྒྲུབ་འགོག་ཕྱི་ནང་གཉིས། །

                ཞེས་གསུངས་པ་ལྟར། བདག་ལྟའི་གཞན་ཡུལ་སྒྲུབ་མཁན་དེ། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་ཆོས་རེད། བདག་ལྟའི་གཞན་ཡུལ་འགོག་མཁན་དེ་ཆོས་འདི་པ་རེད། བདག་ཏུ་ལྟ་བ་ཞེས་པ་ནི་ངར་འཛིན་པ་དེ་རེད། བདག་ཏུ་ལྟ་བའི་ཞེན་ཡུལ་བདག་ཏུ་གྲུབ་པ་འགོག་མཁན་དེ་ནང་པའི་ཆོས་རེད། སྒྲུབ་མཁན་དེ་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པའི་ཆོས་རེད། དེར་བརྟེན།

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པའི་བདག་དེ་གང་དུ་འདུག དེར་བསམ་བློ་གཏོང་དགོས། རྒྱ་གར་ནང་དུ་ཆ་བཞག་ན། ལོ་སྟོང་ཕྲག་གསུམ་ཙམ་གྱི་མཚམས་ནས་བདེ་བ་འདོད་མཁན་གྱི་ང་སྟེ། ང་བདེ་བ་འདོད་ཀྱི་འདུག ང་སྡུག་བསྔལ་འདོད་ཀྱི་མི་འདུག་ཅེས་རྨི་ལམ་ཚུན་ཆད་དུ་ཡོང་བའི་ང་ཞེས་པ་དེ་གང་དུ་ཡོད་མེད་བརྟག་དཔྱད་བྱས་པ་རེད།

                ང་ཞེས་པ་དེར་བརྟག་དཔྱད་བྱས་ན། དཔེར་ན། ང་རང་ཚོའི་བློ་ལྷན་སྐྱེས་ལ་ངའི་མིག་གི་གཟུགས་མཐོང་བ་བརྟེན་ནས་ངས་མཐོང་ཞེས་བརྗོད་ཀྱི་ཡོད་ཅིང༌། མིག་རྒྱུད་ནས་མཐོང་ཡང་མིག་གིས་ང་དང་མ་འབྲེལ་བར་མིག་གཅིག་པུས་མཐོང་ཞེས་བརྗོད་ཀྱི་ཡོད། མིག་གིས་མཐོང་བ་ལ་བརྟེན་ནས་ངས་མཐོང་ཞེས་བརྗོད་ཀྱི་ཡོད།

                དེ་བཞིན་ངའི་ལུས་འདི་ང་རེད་བསམ་གྱི་མེད་ཀྱང༌། ལུས་འདི་ན་ལ་བརྟེན་ནས་ང་ན་གི་འདུག་ཅེས་དང༌། ལུས་འདིའི་ནད་དྲག་པ་ལ་བརྟེན་ནས་ང་དྲག་སོང་ཞེས་བརྗོད་ཀྱི་ཡོད། དེས་ན། ལུས་དང་ང་དེ་གཅིག་པ་ཡང་མིན་ལ། ཡང་རྩ་བ་ནས་འབྲེལ་མེད་དོན་གཞན་ཞིག་ཀྱང་མིན་པ་རེད། དེ་བཞིན་ང་རང་ཚོའི་བློ་ལ་ང་ཡི་ལུས། ང་ཡི་སེམས་ཞེས་བརྗོད་སྐབས། ལུས་དང་སེམས་དེ་ཁྱད་ཆོས་བྱས་ཏེ་ཁྱད་ཆོས་དེ་སུ་ཡི་ལུས་རེད། སུ་ཡི་སེམས་རེད་དམ་ཞེས་བརྗོད་ན། གཞན་གྱི་ལུས་དང་སེམས་ཡིན་པ་བཅད་རྒྱུའི་དོན་དུ་ང་ཡི་ལུས། ང་ཡི་སེམས་ཞེས་སྦྱར་སྐབས་ང་ཡི་ལུས་སེམས་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་ང་དེ་ཁྱད་གཞི་དང༌། ལུས་སེམས་གཉིས་པོ་དེ་ཁྱད་ཆོས་ལྟ་བུ་ཞིག་བློར་འཆར་རྒྱུ་ཡོད། དེ་བཞིན་ཚད་མ་རྣམ་འགྲེལ་ལས།

མཆོག་གཞན་དོན་དུ་གཉེར་ཕྱིར་དང༌། །

                ཞེས་པ་ལྟར། ང་ཡི་ལུས་ལས་མཆོག་གམ་ལྷག་པ་ཞིག་སྤྲོད་མཁན་བྱུང་ན། ང་ཡི་ལུས་རྒས་ཤིང་འཁོགས་པ་དང༌། ནད་ཅན་གྱི་ལུས་དེ་ཕར་སྤྲད་དེ། ནད་མེད་གཞོན་ནུའི་ལུས་ཤིག་ཚུར་ལེན་རྒྱུ་བྱུང་ན་ལེན་བསམ་པ་ཞིག་བློར་འཆར་གྱི་ཡོད།

མཆོག་ཞན་དོན་དུ་གཉེར་ཕྱིར་དང༌། །

ཞེས་ང་རང་ཚོའི་བློ་ལྷན་སྐྱེས་ལ་ལུས་སེམས་ཀྱི་བདག་པོ་རྒྱབ་མཁན་ང་དེ་ཁེ་ཕན་གྱི་དོན་དུ་ང་ཡི་ལུས་འདི་ཕར་གཏོང་དགོས་བྱུང་ཡང་ཕར་བཏང་བསམ་པ་ཞིག་བློར་འཆར་རྒྱུ་ཡོད། ང་ཡི་ལུས་སེམས་འདི་ལས་ལྷག་པའི་ལུས་སེམས་གཞན་ཞིག་སྤྲོད་མཁན་བྱུང་ན་བླངས་བསམ་པ་ཞིག་བློར་སླེབས་ཀྱི་ཡོད། དེས་ན། ང་དེ་དབང་བསྒྱུར་མཁན་ལོངས་སྤྱོད་པ་པོ་དང༌། ལུས་སེམས་གཉིས་པོ་དབང་བསྒྱུར་བྱ་དང་ལོངས་སྤྱད་བྱ་ཞིག་བློར་ཤར་གྱི་ཡོད།

                དེ་བཞིན་ང་གཞོན་ནུའི་སྐབས་ལ་ཞེས་བརྗོད་རྒྱུ་ཡོད་ལ། ང་སྔ་མོ་ན་བའི་སྐབས་སུ་ཞེས་བཤད་རྒྱུ་ཡོད། གཞོན་ནུའི་ལུས་དེ་དང་ད་ལྟའི་ལུས་འདི་ཐ་དད་ཡིན་ནའང༌། ད་ལྟའི་འདི་ལ་ཡང་དབང་མཁན་གཞོན་ནུའི་དེ་ལ་ཡང་དབང་མཁན་གྱི་ང་ཞིག་བསྡད་ཡོད། མི་འདུག་གམ། ང་ལོ་བཅུའི་སྐབས་སུ་ཞེས་པ་ལྟ་བུ་དང༌། ང་ལོ་ལྔའི་སྐབས་ལ། ང་ཨ་མའི་ཁོག་པ་ནས་སྐྱེས་པའི་སྐབས་སུ་ཞེས་པ་ལྟ་བུ་དེ་འདྲ་ང་ཚོར་བཤད་རྒྱུ་ཡོད།

                ད་ལྟའི་ལུས་འདི་ཨ་མའི་ཁོག་པ་ལས་སྐྱེས་པ་མིན་ལ། ལུས་གོག་པོ་སྤོ་ལགས་ཀྱི་ལུས་འདི་ཨ་མའི་ཁོག་པ་ལས་སྐྱེས་པ་མ་རེད། ང་ལ་ཆ་བཞག་ན་ད་ལྟ་ལོ་བདུན་ཅུ་ཐམ་པ་སྤོ་ལགས་ཞེས་པ་དེ་ཆགས་པ་རེད། ད་ལྟའི་སྤོ་ལགས་ཀྱི་ལུས་འདི་མངལ་ནས་སྐྱེས་པའི་སྐབས་མེད། ལུས་འདིའི་རྒྱུན་དེ་ཡོད་པ་ལས་ད་ལྟའི་ལོ་བདུན་ཅུའི་ཁྱད་པར་དུ་བྱས་པའི་ལུས་འདི་མའི་མངལ་ནས་བཙས་པའི་གནས་སྐབས་ཀྱི་ལུས་དེ་མིན་ནའང༌། སྤྱི་ཡོངས་ཀྱི་ང་དེའི་ཚེ་དེའི་དུས་ཞེས་བཤད་རྒྱུ་ཞིག་ཡོད།

                དེ་ལྟར་བསམ་བློ་བཏང་སྐབས་ལུས་སེམས་གཉིས་པོ་དབང་བསྒྱུར་བྱ་རེད། དབང་བསྒྱུར་བྱའི་ཁོངས་ནས་དབང་བསྒྱུར་མཁན་དེ་འཇོག་ཤེས་ཀྱི་མ་རེད། ལོངས་སྤྱོད་པ་པོ་དེ་འཇོག་ཤེས་ཀྱི་མ་རེད། དེས་ན་ལོངས་སྤྱོད་པ་པོའམ་དབང་བསྒྱུར་མཁན་དེ་དབང་བསྒྱུར་བྱ་ལས་ལོགས་སུ་དགོས་སོ་བསམ་པའི་བསམ་བློ་དེ་འཁོར་ཡོང་གི་ཡོད།

                དེར་བརྟེན་མུ་སྟེགས་པའི་གྲུབ་མཐའ་ཚོས། ཕུང་པོ་ལས་དོན་གཞན་པའི་བདག་ཅིག་བཤད་པ་རེད། སངས་རྒྱས་པའི་གྲུབ་མཐའི་ནང་གལ་ཏེ་ང་ང་ཞེས་པ་འདི་ལུས་འདི་ཡང་མིན་པ། སེམས་དེ་ཡང་མིན་པ་ཞིག་ཡིན་ན། ལུས་འདི་ཕར་བཞག སེམས་དེ་ཡང་ཕར་བཞག་ཏེ། ང་འདི་རེད་ཅེས་མཛུབ་མོ་བཙུགས་ནས་རྙེད་རྒྱུ་ཞིག་ཡོད་དགོས་པ་ལ་དེ་རྙེད་རྒྱུ་མེད་ཅིང༌། དེ་ཙམ་དུ་མ་ཟད་ང་ཡི་ལུས་ན་བ་དང་གསོས་པ་ལ་བརྟེན་ནས་ང་ན་བ་དང་ང་གསོས་པ་འཇོག་ཐུབ་ཀྱི་ཡོད། ཕུང་པོ་ལས་དོན་གཞན་པའི་བདག་གལ་ཏེ་ཕུང་པོ་ལས་ཡན་འགར་དུ་ཡོད་ན། ཕུང་པོ་དར་རྒུད་ལ་བརྟེན་ནས་ང་དར་རྒུད་འཇོག་མི་ཤེས་ཤིང༌། ཕུང་པོ་ལས་དོན་གཞན་པའི་ང་ཞིག་བཞག་ན་འཇིག་རྟེན་པའི་ཐ་སྙད་དང་འགལ་བ་མ་ཟད། བསམ་བློ་ལེགས་པོ་ཞིག་བཏང་ན། ཧ་ཅང་མི་བདེ་བ་ཞིག་ཆགས་འགྲོ་ཡི་ཡོད།

                དེས་ན། ང་ཞེས་པ་འདི་ལུས་སེམས་གཉིས་ཀྱི་སྟེང་ནས་ཡོད་དགོས་ཤིང༌། ཕུང་པོའི་ནང་ནས་ཡོད་དགོས། ཕུང་པོའི་ཕྱི་ལ་མེད་པ་ཐག་ཆོད་པ་རེད། ཕུང་པོའི་ནང་ལ་ཡོད་དགོས་པ་ཞིག་དང༌། ཕུང་པོའི་ནང་དུ་ཡོད་པ་ལའང༌། ཡོད་ཚུལ་ནི་ཕུང་པོ་ལྔ་ཡི་གསེབ་ནས་ང་ཞིག་ངེས་པར་དུ་ཡོད་དགོས་ཞེས་དེ་འདྲའི་གྲུབ་མཐའ་ཞིག་འཛིན་ནས་བསྡད་པའི་རིང་དེར། ཕུང་པོའི་གསེབ་ནས་ང་ཞིག་རྙེད་ཐབས་མེད། གང་ལགས་ཤེ་ན། ང་དེ་དོན་གྱི་ངོས་ནས་ཡུལ་གྱི་སྟེང་ནས་གྲུབ་དགོས་ཀྱི་ཡོད།

                ཕྱི་ནང་གི་ཆོས་གང་ཞིག་ཡིན་ནའང་དོན་གྱི་ངོས་ནས་གྲུབ་པ་ཞིག་བཤད་ཅིང༌། དེ་ལྟར་ཁས་ལེན་བྱས་ན་ང་དེ་ཕུང་པོ་ལྔའི་ནང་ནས་རྙེད་དགོས། དེ་འཇོག་པའི་སྐབས་མགོའི་སྤྱི་གཙུག་ནས་རྐང་མཐིལ་བར་ང་ཡིན་པ་ཞིག་འཇོག་ཐུབ་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད།

                ཤེས་པའི་ནང་བསམ་བློ་གཏོང་དགོས་ཤིང༌། ཤེས་པའི་ནང་ལའང་སྒོ་ལྔའི་ཤེས་པར་འཇོག་དགོས་བྱུང་ན། གཉིད་ཁུག་པའི་གནས་སྐབས་ལ་ང་མེད་ཅེས་འདོད་དགོས་ལ། དེ་ཡང་བདེ་པོ་མེད། ཡང་ན་རྨི་ལམ་གྱི་ཤེས་པ་དེ་ཡང་རྨི་ལམ་འགག་པའི་གནས་སྐབས་ལ་ང་མེད་ཅེས་བརྗོད་དགོས་པས་དེ་ཡང་བདེ་པོ་མེད། ཡང་ན་རྒྱལ་བའི་གནས་སྐབས་ཀྱི་ཤེས་པའམ། སེམས་མེད་གནས་སྐབས་ཀྱི་ཤེས་པ་དེ་འདྲ་འཇོག་དགོས་བྱུང་ན། རྒྱལ་བ་སངས་པའི་གནས་སྐབས་ལ་ང་དེ་མེད་ཅེས་བརྗོད་དགོས་བྱུང་ནའང་ཁག་པོ་རེད།

                མཐར་གཏུགས་ན་འཆི་སེམས་ཕྲ་མོ་དེ་ཉིད་ལས་བསམ་བློ་གཏོང་ས་མེད། དེ་ང་བཞག་ན་འཆི་སེམས་ཕྲ་མོ་འགག་པའི་གནས་སྐབས་ལ་ང་འགག་ཅེས་བརྗོད་དགོས་པས་དེ་ཡང་ཁག་པོ་རེད། དེས་ན། ཤེས་པའི་ནང་ནས་ཤེས་པ་ཕྲ་རགས་ཀྱི་དབྱེ་བ་ཕྱེ་ནས་ཇི་ལྟར་དཔྱད་ཀྱང༌། ང་དེ་འཇོག་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད།

                 དེས་ན་དབུ་མ་པའི་ལུགས་ལ་ཐ་སྙད་དུ་དོན་གྱི་ངོས་ནས་གྲུབ་པ་ཞིག་མི་འདོད་པའི་ལུགས་གཅིག་དང༌། དོན་གྱི་ངོས་སམ་ཡུལ་སྟེང་ནས་གྲུབ་པར་བཞེད་པའི་ལུགས་གཅིག་བཅས་ལུགས་གཉིས་ཡོད། ཆོས་གང་ཞིག་ཡིན་ནའང་དོན་གྱི་ངོས་ནས་གྲུབ་པ་ཞིག་བཞག་ཕྱིན་ཆད། ང་དེ་ཡང་ཕུང་པོའི་ནང་ནས་འཇོག་དགོས་སོ།།

                མཚན་གཞིའི་ཡིད་ཀྱི་རྣམ་ཤེས་ཞེས་པ་ལྟ་བུ་དང༌། ལུང་གི་རྗེས་འབྲངས་སེམས་ཙམ་པའི་གཞུང་དུ། ཀུན་གཞིའི་རྣམ་ཤེས་གང་ཟག་གི་མཚན་གཞིར་འཇོག་པ་ལྟ་བུ། ཀུན་གཞིའི་རྒྱུན་ཞེས་པ་དེ་འདྲའི་ཐོག་ནས་གང་ཟག་ཅེས་པ་ཞིག་བཤད་ཀྱི་ཡོད།

                དབུ་མ་པའི་ལུགས་ཀྱི་དཔལ་ལྡན་ཟླ་བ་གྲགས་པ་དང༌། ལྷག་པར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བུདྡྷ་པཱ་ལི་ཏའི་ནང་ཧ་ཅང་གསལ་པོ་རེད། ང་ཞེས་པ་འདི་དོན་གྱི་ངོས་ནས་ཡོད་པ་ཞིག་ཡིན་ན། རྟེན་ནས་བཏགས་དགོས་དོན་མེད་ཅེས་གསུངས། ང་དོན་གྱི་ངོས་ནས་གྲུབ་ཡོད་ན་ཕུང་པོ་ལ་བརྟེན་ནས་བཏགས་དགོས་མེད་ཅེས་ཧ་ཅང་གསལ་པོ་ཡོད། ང་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་དགོས་པ་ཉིད་ཀྱིས་ང་དོན་གྱི་ངོས་ནས་གྲུབ་མེད་པ་ཧ་ཅང་གསལ་པོ་རེད་ཅེས་གསུངས་ཡོད།

                ཆོས་གང་ཞིག་ཡིན་ན་ཡང་དོན་གྱི་ངོས་ནས་གྲུབ་རྒྱུ་མེད་པ་དང༌། དོན་གྱི་ངོས་ནས་གྲུབ་པ་ཞིག་མི་བཞེད་པ། དོན་གྱི་ངོས་ནས་གྲུབ་པ་མེད་པས་ན། བརྟེན་ནས་བཏགས་པ་འབའ་ཞིག་ལས་མེད་པ་ཞིག་གམ། བརྟེན་ནས་བཏགས་པའི་མིང་རྐྱང་བཏགས་ཡོད་ཙམ་གྱི་མིང་ཙམ། བརྡ་ཙམ། ཐ་སྙད་ཙམ་ཞེས་པའི་བཀའ་འགྱུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དེ་ལྟར་གསུངས་པ་ཡང་ཡང་དོན་ཡོང་གི་ཡོད། ཆོས་ཐམས་ཅད་མིང་ཙམ། བརྡ་ཙམ། རྟོག་པས་བཏགས་ཙམ་ཞེས་གསུངས་ཡོང་གི་ཡོད། ཆོས་ཐམས་ཅད་རྟོག་པས་བཏགས་པའི་བཏགས་ཡོད་རེད། བཏགས་ཡོད་མིང་རྐྱང་ཙམ་ཞིག་ལས་མེད་རེད་ཅེས་གསུངས་པ་དེ་ནང་པའི་གྲུབ་མཐའ་མཐར་ཐུག་དེ་རེད།

                ཆོས་རྣམས་དོན་གྱི་ངོས་ནས་མ་གྲུབ་པ་དང༌། རང་གི་ངོ་བོས་མ་གྲུབ་པ་འདི་བསམ་བློ་བཏང་ན། བརྟེན་ནས་བཏགས་པ་ཞེས་པ་དེ་ཧ་ཅང་བདེ་པོ་ཆགས་ཀྱི་ཡོད། བརྟེན་ནས་བཏགས་པ་ཡིན་ན་དོན་གྱི་ངོས་ནས་གྲུབ་མེད། དོན་གྱི་ངོས་ནས་གྲུབ་མེད་པར་རྐྱེན་གྱིས་དབང་གིས་གྲུབ་པ་ཞིག་ཡིན་པས། སངས་རྒྱས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་གོ་བ་མཐར་ཐུག་འདིའི་སྟེང་ནས་སླེབས་ཀྱི་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་འདི་ངོས་གཅིག་གི་སྐད་ཆ་རེད། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་བརྟེན་ནས་བཏགས་པ་རེད། བརྟེན་ནས་བཏགས་པའི་མིང་རྐྱང་ཙམ་ཡིན་སྟབས། དོན་གྱི་ངོས་ནས་གྲུབ་མེད་ཅིང་རང་བཞིན་གྱིས་གྲུབ་པས་སྟོང་པ་རེད། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད་ཅེས་བརྗོད་པ་འདི་ཆགས་ཀྱི་ཡོད།

                ད་ལྟ་ངས་ཞུ་དགོས་པ་དེ། ང་ཞེས་པ་ནི། དེ་ལྟར་ན། ང༌། ང༌། ཟེར་བའི་དཀོན་མཆོག་གསུམ་ལ་ང་སྐྱབས་སུ་འགྲོ་ཡི་ཡོད། ངས་སྐྱབས་སུ་འགྲོ་ཡི་ཡོད། བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི་ཡི་ཡིན་ཞེས་པའི་ང་དེ་བཙལ་ན་རྙེད་རྒྱུ་མེད་ཅིང༌། བརྟེན་ནས་བཏགས་ཙམ་ཁོ་ན་བཏགས་ཡོད་མིང་རྐྱང་ཙམ་ཞིག་རེད། དེ་སྤྱིར་སངས་རྒྱས་པའི་ལྟ་བ་དང༌། ཡང་སྒོས་ལྷག་པར་ཅན་དུ་དབུ་མ་པའི་ལྟ་བ་དང༌། དེའི་ནང་ནས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུང་མོང་མ་ཡིན་པའི་བཞེད་པ་འདི་རེད། དེ་ཡང་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས།

སྐྱེས་བུ་ས་མིན་ཆུ་མ་ཡིན། །

མེ་མིན་རླུང་མིན་ནམ་མཁའ་མིན། །

རྣམ་ཤེས་མ་ཡིན་ཀུན་མིན་ན། །

དེ་ལས་གཞན་ན་སྐྱེས་བུ་གང༌། །

 

སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །

ཡང་དག་མ་ཡིན་ཇི་ལྟ་བར། །

དེ་བཞིན་ཁམས་ནི་རེ་རེ་ཡང༌། །

འདུས་ཕྱིར་ཡང་དག་ཉིད་དུ་མིན། །

                ཞེས་གསུངས་པ་འདིས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་གོ་བ་མཐར་ཐུག་འདི་རེད། ཆོས་ཐམས་ཅད་བཏགས་ཡོད་མིང་རྐྱང་ཙམ་ཞིག་ཡིན་པས་ན། སྟོང་ཞིང་བདག་མེད་པ་རེད། དེས་ན། བདེན་འཛིན་ཞེས་པ་དེ་གཞི་རྩ་མེད་པ་རེད། རྒྱབ་རྟེན་གྱི་ཚད་མ་མེད་ཅིང༌། གནོད་བྱེད་ཡོད་པ་རེད། དེར་སྒྲུབ་བྱེད་མེད། གོམས་པའི་དབང་གིས་ཤུགས་ཆེན་པོ་ཡོད་པ་ལས། བདག་མེད་པའི་ལྟ་བ་སྐྱེས་རྒྱུ་ཡོད་པ་དང༌། སྐྱེས་ནས་གོམས་རྒྱུ་ཡོད་པ། གོམས་ནས་གསལ་སྣང་ཐོན་རྒྱུ་ཡོད་པ། གསལ་སྣང་ཐོན་ནས་ཉོན་མོངས་སྤོང་རྒྱུ་ཡོད་པ་ཞིག་གསལ་པོ་ཆགས་ཡོང་གི་ཡོད། དེས་ན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱང་ངན་ལས་འདས་པ་ཞི་བ་ཞེས་པ་འདི་གསུངས་པ་རེད།

                སྙིང་པོ་ནི། ཤེར་ཕྱིན་ནང༌། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་འདིས་ནང་པའི་ཆོས་གང་འདྲ་ཞིག་ཡིན་པ་འདིའི་ཐོག་ནས་ཤེས་དགོས།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་སྐྱབས་སུ་མཆི་ཞེས་པ་ནི་རེ་བ་བཅོལ་བའམ་རང་ཉིད་ཀྱི་བློ་གཏད་བཅོལ་ས་སྟེ། དེ་ལ་རཻ་ཡི་ཡིན། དེ་ལ་ལྟོས་ཀྱི་ཡིན། དེ་ལ་བརྟེན་གྱི་ཡིན། སྐྱབས་སུ་ཚུད་ཀྱི་ཡིན་ཞེས་འཇིག་པ་ལས་སྐྱོབ་མཁན་གྱི་སྐྱབས་ལ་བརྟེན་གྱི་ཡིན་ཞེས་བརྗོད་པ་རེད། དེར་བསྟེན་སྟངས་ལའང་གཉིས་ཡོད་པ་སྟེ། རྒྱུ་སྐྱབས་ལ་སྐྱབས་སུ་འགྲོ་བ་དང༌། འབྲས་སྐྱབས་ལ་སྐྱབས་སུ་འགྲོ་བ་གཉིས་ལས།

                རྒྱུ་སྐྱབས་ལ་སྐྱབས་སུ་འགྲོ་བ་ཞེས་པ་ནི། རྣམ་འདྲེན་ཤཱཀྱ་སེངྒེ་ལྟ་བུ་ང་ཚོ་ལས་རྒྱུད་ཐ་དད་ཅིང་སོ་སོ་བ་རེད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དང༌། དེ་བཞིན་མགོན་པོ་ཀླུ་སྒྲུབ་སོགས་ཡོངས་གྲགས་བརྩིས་ན་འཕགས་པའི་དགེ་འདུན་རེད། ཁོང་རྣམས་དང་ཁོང་རྣམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་དག་གྲུབ་ཟིན་པ་རེད། དེ་དག་ང་རང་ཚོ་ལས་རྒྱུད་ཐ་དད་རེད། དེ་དག་ལ་ང་རང་ཚོའི་མི་འདོད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་བའི་དོན་དུ་དེ་དག་ལ་བློ་གཏད་བཅོལ། དེ་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་ཀྱི་ཐོག་ནས་སྐྱབས་སུ་འགྲོ་བ་དེར་རྒྱུ་སྐྱབས་ལ་སྐྱབས་སུ་འགྲོ་བ་ཞེས་བྱའོ།།

                རྒྱུ་སྐྱབས་ལ་སྐྱབས་སུ་འགྲོ་བའི་དགོས་དོན་སྙིང་པོ་ནི། རང་ཉིད་སངས་རྒྱས་སུ་འགྱུར་རྒྱུ་དང༌། རང་ཉིད་ཀྱི་རྒྱུད་ལ་ཆོས་དཀོན་མཆོག་སྐྱེས་པའི་ཐོག་ནས་དགེ་འདུན་དཀོན་མཆོག་ཏུ་འགྱུར་རྒྱུ། དགེ་འདུན་དཀོན་མཆོག་དེའི་རྒྱུན་ཇེ་བཟང་དུ་ཕྱིན་པའི་མཐར། མི་སློབ་པའི་དགེ་འདུན་དཀོན་མཆོག་སངས་རྒྱས་འཕགས་པར་འགྱུར་རྒྱུ་ཞིག་དམིགས་ཡུལ་དུ་བཞག་ནས་སྐྱབས་སུ་འགྲོ་བས་ན། འབྲས་སྐྱབས་ཀྱི་དཀོན་མཆོག་གསུམ་པོ་དེ་རང་གི་ཐོབ་བྱར་ཁས་ལེན་པའི་ཐོག་ནས་རང་གི་ཐོབ་བྱར་གྱུར་པ། མ་འོངས་པ་ན་རང་གིས་མངོན་དུ་བྱེད་རྒྱུ་ཞིག་ཡིན་པས་ན། རང་གི་ལམ་སྒོམ་ནས་ཐོབ་རྒྱུའི་འབྲས་བུར་གྱུར་པའི་སྐྱབས་ཡིན་པས་ན། འབྲས་སྐྱབས་ལ་སྐྱབས་སུ་འགྲོ་བ་ཞེས་བྱའོ། ། 

༽ སྐྱབས་འགྲོའི་དབྱེ་བ། 

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པས་སྐྱབས་འགྲོ་བཤད་པ་རེད། གཞན་ཡང་སྔགས་དང་འབྲེལ་ནས་བཤད་ན་བླ་མ། ཡི་དམ། མཁའ་འགྲོ་བཅས་རྩ་གསུམ་ལས། བྱིན་རླབས་ཀྱི་འབྱུང་གནས་བླ་མ་དང༌། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྲུང་ཞེས་དང༌། ཡང་ན། བླ་མ་དེ་ཉིད་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་ཐོག་ནས་བླ་མ་དེ།

བླ་མ་སངས་རྒྱས་བླ་མ་ཆོས། །

དེ་བཞིན་བླ་མ་དགེ་འདུན་ཏེ། །

              ཞེས་གསུངས་པ་ལྟར་བླ་མ་དེ་དཀོན་མཆོག་གསུམ་འདུས་པའི་བདག་ཉིད་དམ་རྩ་གསུམ་འདུས་པའི་བདག་ཉིད་དུ་བལྟས་ནས་སྐྱབས་སུ་འགྲོ་བར་གསུངས་པ་རེད།

                གཞན་ཡང་རྩ་དང༌། རླུང་དང༌། ཐིག་ལེ་ལ་སྐྱབས་སུ་འགྲོ་བ་སོགས་ཀྱི་རྣམ་གཞག་མང་པོ་ཐོན་ཡོང་གི་ཡོད་ཅིང༌། ཕྱི་ཡི་སྐྱབས་འགྲོ་དང༌། ནང་གི་སྐྱབས་འགྲོ། གསང་བའི་སྐྱབས་འགྲོ་ལྟ་བུ་མང་པོ་ཡོད།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

                ཞེས་པ་དེས་སྐྱབས་འགྲོ་དེ་བཤད་ཅིང༌། འདིས་ཕྱི་ནང་གི་ཁྱད་པར་དང༌། གྲུབ་མཐའ་གོང་འོག་གི་ཁྱད་པར་ཡང་ཤེས་ཡོང་གི་ཡོད། 

༽ སེམས་བསྐྱེད་བཤད་པ། 

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་པ་འདིས་སེམས་བསྐྱེད་བཤད་ཀྱི་ཡོད་ཅིང༌། སེམས་བསྐྱེད་ཅེས་པ་ནི༌། སེམས་རྒྱ་བསྐྱེད་པའི་དོན་ཡིན་ཞིང༌། སེམས་རྒྱ་བསྐྱེད་ཅེས་པ་དེ་ཡང༌། སེམས་གཟུགས་ཅན་གྱི་ཆོས་བྱས་ཏེ་རྒྱ་བསྐྱེད་རྒྱུ་མེད་ཀྱང༌། སེམས་དེ་ཉིད་ཀྱི་དམིགས་པ་སོགས་ཀྱི་ཐོག་ནས་སེམས་ཆེ་ཆུང་གི་ཁྱད་པར་ཤར་ཐུབ་པ་ཞིག་རེད།

                དཔེར་ན། ཉན་རང་གི་བྱང་ཆུབ་མངོན་དུ་བྱེད་མཁན་གྱི་བློ་དེ་གང་འདྲ་ཞིག་རེད་དམ་ཞེ་ན། རང་ཉིད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྲལ་བའི་ཐར་པ་ཐོབ་ན་བསམ་པ་ཞིག་དང༌། དགོས་པ་རང་གཅིག་པུའི་ཆེད་དུ་དམིགས་པས་ན་རྒྱ་ཆུང་ཆུང་ཆགས་པ་རེད། དེ་བཞིན་རང་གི་མངོན་དུ་བྱེད་རྒྱུའི་དགྲ་བཅོམ་པའི་གོ་འཕང་དེ་ཡང༌། ཉོན་སྒྲིབ་ཙམ་སྤངས་པའི་བྲལ་བའི་ཁྱད་པར་དང་ལྡན་པ་ཡིན་སྟབས། སྤངས་རྟོགས་ཀྱི་ཡོན་ཏན་ཡང་རྒྱ་ཆུང་ཆུང་རེད།

                ཐེག་ཆེན་གྱིས་རང་གཅིག་པུའི་ཆེད་དུ་བསམ་པ་མ་ཡིན་པར། འགྲོ་ལ་ཕན་ཕྱིར་ཞེས་འགྲོ་བ་སེམས་ཅན་མཐའ་དག་ལ་ཕན་པའི་ཕྱིར་དུ་ཞེས་བརྗོད་པས་ན། དམིགས་པ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དམིགས་པ་ཡིན་སྟབས། དམིགས་པ་རྒྱ་ཆེ་བ་རེད། དེ་དག་དམིགས་ནས་སྤྱོད་པ་དེ་ཡང་ཕྱིན་དྲུག་གི་སྤྱོད་པ་ལ་བསླབས་ནས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་འགྲུབ་རྒྱུའི་སྒོ་མཐའ་ཡས་པ་ནས་བསླབས་པས་ན་སྤྱོད་པ་རྒྱ་ཆེ་བ་རེད།

                དེ་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱེད་པ་དེ་ཡང་སྤངས་རྟོགས་མཐར་ཕྱིན་པ་ཡིན་པས་ན། བྲལ་བའི་ཡོན་ཏན་ཡང་རྒྱ་ཆེ་བ་དང༌། རྟོགས་པའི་ཡོན་ཏན་ཡང་རྒྱ་ཆེ་བ་རེད། འདི་ལ་ཐེག་པ་ཆེན་པོ་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་བསམ་པ་ནི་རང་གཅིག་པུའི་ཆེད་དུ་བསམ་པ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་མཐའ་དག་གི་ཆེད་དུ་དམིགས་ཤིང་སེམས་པས། སེམས་བསྐྱེད་ཅེས་སེམས་རྒྱ་ཆེན་པོའི་དོན་ཡིན་ནོ།།

                དེ་ཇི་འདྲ་རེད་དམ་ཞེ་ན། སེམས་ཅན་མཐའ་དག་གི་དོན་བྱ་ཡི་ཡིན་ཞེས་བརྗོད་ཅིང༌། སེམས་ཅན་མཐའ་དག་གི་དོན་ད་ལྟ་རང་ཉིད་ཀྱིས་བྱེད་ཐུབ་བམ་ཞེ་ན། རང་ཉིད་ཀྱིས་བྱེད་མི་ཐུབ་ཅིང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་མེད་ཐབས་མེད། དེར་བརྟེན་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ངས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ཡི་ཡིན། དེའི་ཆེད་དུ་སྦྱིན་སོགས་ཀྱི་ལམ་ལ་བསླབ་ཀྱི་ཡིན་ཞེས་སེམས་བསྐྱེད་སྐབས། དེ་སེམས་རྒྱ་བསྐྱེད་པའི་སེམས་བསྐྱེད་ཅེས་པ་དེ་རེད།

                དེ་ལྟ་བུའི་ཚུལ་གྱི་ལམ་ལ་སློབ་སྐབས་ལམ་མམ་བགྲོད་པར་བགྱིས་པ་ན་ཐེག་པ་ཞེས་དང༌། ཐེག་པའམ་ལམ་གྱི་ནང་ནས་རྒྱ་ཆེན་པོ་ཡིན་པས་ན། ཐེག་པ་ཆེན་པོ་ཞེས་བཤད་པ་རེད། དེར་བརྟེན་བདག་གིས་སྦྱིན་པ་ལ་སོགས་པའི་ཞེས་པའི་བདག་ཅེས་པ་དེ་གོང་དུ་བརྗོད་པ་ལྟར༌། མིང་ཙམ་གྱི་བདག་གམ་མིང་རྐྱང་བཏགས་ཡོད་ཙམ་གྱི་བདག་དེ་ཡིན་ལ། མིང་རྐྱང་བཏགས་ཡོད་ཙམ་གྱི་བདག་དེས། མིང་རྐྱང་བཏགས་ཡོད་ཙམ་གྱི་སྦྱིན་སོགས་ལ་བསླབས་ནས། མིང་རྐྱང་བཏགས་ཡོད་ཙམ་གྱི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱས་ཏེ། མིང་རྐྱང་བཏགས་ཡོད་ཙམ་གྱི་ནམ་མཁའི་མཐར་ཐུག་པའི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་རྒྱུ་ཞིག་བཤད་ཀྱི་ཡོད། དེ་ལྟར་ན།

བདག་གིས་སྦྱིན་ཚོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

                ཞེས་བརྗོད་ན་ཅུང་ཙམ་ལེགས་པ་ཡོད། ནམ་རྒྱུན་ང་རང་ཚོའི་ཁ་ལ་བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །ཞེས་བརྗོད་མཁན་ཡོང་གི་འདུག་ཅིང༌། བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །ཞེས་བརྗོད་ན་ཡེ་ཤེས་ཀྱི་ཚོགས་དེ་ཚུད་ཀྱི་མེད། སྦྱིན་སོགས་ཞེས་པའི་སོགས་སྒྲའི་ནང་བཟོད་པ་སྒོམ་པ་དང༌། ཚུལ་ཁྲིམས་སྲུང་བ་བཅས་ཐབས་ཀྱི་ཆ་དེ་དག་བསམ་བློ་བཏང་ན།

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

                ཞེས་བརྗོད་ན་འགྲིགས་ཀྱི་ཡོད། གང་ཐུབ་ཀྱིས་ང་ཡོད་མེད་བསམ་བློ་བཏང་སྟེ་དེ་ལྟའི་བརྩད་གཅོད་བྱེད་མཁན་ཞིག་ཡིན་ན། ཡེ་ཤེས་ཀྱི་ཚོགས་ཀྱི་ཆ་མཐུན་ལྟ་བུ་ཞིག་བསགས་ཡོང་གི་ཡོད། ཡེ་ཤེས་ཀྱི་ཚོགས་རྗེས་མཐུན་པའམ་ཕྱོགས་སུ་འགྲོ་ཡི་ཡོད།

                ང་ཡོད་མེད་བསམ་བློ་བཏང་བ་དང༌། ཕུང་པོ་ལྔ་ཡོད་མེད་དང༌། སངས་རྒྱས་ཡོད་མེད། སེམས་ཅན་ཡོད་མེད་བསམ་བློ་བཏང་ཚེ། ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱོགས་ལ་འགྲོ་ཡི་ཡོད། དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་སླེབས་ཀྱི་ཡོད། དེར་བརྟེན།

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

                ཞེས་བརྗོད་ན་སྦྱིན་པ་སོགས་ལ་བསོད་ནམས་ཀྱི་ཚོགས་ཙམ་དུ་མ་ཟད། བདག་ཡོད་མེད་བསམ་བློ་བཏང་སྟེ་ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱོགས་འདྲ་ཞིག་བསགས་ཡོད་པ་དེ་དག་ཐེ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཕྱོགས་འགྲོ་ཙམ་ཡོད་པ་དེ་ཐམས་ཅད་ཅེས་བརྗོད་པ་ཞིག་ཡིན།

བདག་གི་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །

                ཞེས་བརྗོད་ན་ཅུང་ཟད་རྒྱ་ཆེ་རུ་ཕྱིན་པ་རེད། མདོར་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་གྱི་མཐུ་ལ་བརྟེན་ནས་ཞེས་བརྗོད་ན་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ཡོད་པས་ན། བདག་གི་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །ཞེས་བརྗོད་ན་ལེགས་པ་ཡོད།

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་པ་འདིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་བར་ཤོག་ཅེས་དང༌། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དགོས་པ་རང་ཉིད་སྡུག་བསྔལ་ལས་ཐར་བའི་སྤངས་རྟོགས་མཐར་ཕྱིན་པའི་ཆེད་ཙམ་མ་ཡིན་པར། འགྲོ་བ་སེམས་ཅན་ཁོ་ནར་ཕན་པའི་ཆེད་དུ།

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

                ཅེས་པའི་ཚིག་འདི་ཡིན་པས། དེ་རིང་ནས་ཁྱེད་རང་ཚོ་སངས་རྒྱས་ཆོས་ཚོགས་མ་འདོན་སྐབས་མཁྱེན་མཁྱེན་པ་ཚོས་མཁྱེན་དགོས་མེད་ཀྱང༌། ཁྱེད་རང་ཚོ་མ་ཤེས་མཁན་ཚོས་ངས་འགྲེལ་བཤད་བརྒྱབ་པའི་སྟོང་དང་རྟེན་འབྱུང་ཞེས་པ་དང༌། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས་པ་དེ་དག་སངས་རྒྱས་ཆོས་ཚོགས་མའི་སྟེང་དུ་འབྲེལ་ཏེ། འདི་ལྟར་བསམ་བློ་ཞིག་བཏང་ཐུབ་ན་ཡག་པོ་ཡོང་གི་རེད། དེ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱས་པ་ཡིན། 

བཞི་པ། ནང་ཆོས་ཉམས་སུ་ལེན་ཚུལ།  

                དེ་ཡང༌། ང་རང་ཚོ་མང་པོ་ཞིག་སངས་རྒྱས་ཀྱི་ཆོས་ལ་དད་པ་ཡོད་ཀྱང༌། སངས་རྒྱས་ཀྱི་ཆོས་ངོ་མ་ཤེས་པར་སྡོད་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་བྱས་མ་བྱས་སོ་སོའི་རང་དབང་རེད། སངས་རྒྱས་ཀྱི་ཆོས་བྱས་པ་ཡིན་ན༌། བསམ་པ་རྣམ་དག་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཆོས་བྱེད་ཀྱི་ཡོད་ཀྱང་བསམ་བློ་ཡར་རྒྱས་མ་ཕྱིན་པར་སྡོྡད་མཁན་ང་རང་ཚོ་མང་པོ་ཡོད།

                ང་རང་ཚོ་བསམ་བློ་ཡར་རྒྱས་ཀྱི་འགྱུར་བ་དེ་ཙམ་མི་འགྲོ་བ་དེ་གང་གིས་ལན་པ་རེད་དམ་ཞེ་ན། བསམ་བློ་མ་བཏང་བས་འགྱུར་བ་མ་ཕྱིན་པ་རེད། བསམ་བློར་འགྱུར་བ་འགྲོ་བ་ཞེས་པ་འདི་ལོ་རྒས་ནས་བསམ་བློ་འགྱུར་རྒྱུ་མེད་ལ། བསམ་བློ་བཏང་ནས་བསམ་བློ་འགྱུར་དགོས་པ་རེད། བསམ་བློ་བཏང་ནས་བསམ་བློ་འགྱུར་བ་ལ། བསམ་བློ་གཏོང་རྒྱུ་དེར་གོམས་འདྲིས་དགོས་ཤིང༌། གོམས་འདྲིས་ཡོང་བར་སྤྲོ་བ་དགོས། སྤྲོ་བ་ཡོང་བར་ཡོན་ཏན་མཐོང་དགོས་པ་རེད།

                བསམ་བློར་འགྱུར་བ་ཐེབས་ན། ཁེ་དང་ཡོན་ཏན་གང་ཞིག་ཡོད་པ་དང༌། བསམ་བློར་འགྱུར་བ་མ་ཐེབས་ན་གྱོང་དང་སྐྱོན་གང་ཞིག་ཡོད་པ་དེ་དག་ཤེས་དགོས། སེམས་ཀྱི་ནང་ནས་བློ་ཆོས་སུ་འགྲོ་བ་ཞིག་བྱུང་ན། སྐྱིད་པའི་སྐྱིད་མགོ་ཞིག་ཚུགས་ཀྱི་འདུག་བསམ་པའི་ངེས་པ་རྙེད་པ་ཞིག་ཡོད་ན། སེམས་ལ་འགྱུར་བ་གཏོང་རྒྱུར་དོན་གཉེར་བྱེད་ཀྱི་རེད། དོན་གཉེར་བྱས་ན་ཉལ་བའི་སྐབས་སུའང་བསམ་བློ་གཏོང་རྒྱུ་ཡོད་ལ། རྨི་ལམ་གྱི་གནས་སྐབས་ལའང་བསམ་བློ་གཏོང་རྒྱུ་ཡོད།

                དཔེར་ན། ཟག་པ་རྒྱུན་གཏོང་ལྟ་བུའི་སྐབས་སུའང་ཆོས་ཀྱི་བསམ་བློ་གཏོང་རྒྱུ་ཡོད། ཁ་ལག་ཟ་བའི་སྐབས་ལ་ཡང་བསམ་བློ་གཏོང་རྒྱུ་ཡོད་ཅིང༌། རྗེ་བཙུན་མི་ལས།

ང་རེ་འགའ་ཟ་ཞིང་ཟ་ཞིང་སྒོམ། །

ཟ་ཞིང་ཟ་ཞིང་སྒོམ་ཙ་ན། །

ཟོས་ཚད་ཚོགས་འཁོར་དུ་འགྲོ་བའི་གདམས་པ་ཡོད། །

ང་རེ་འགའ་ཉལ་ཞིང་ཉལ་ཞིང་སྒོམ། །

ཉལ་ཞིང་ཉལ་ཞིང་སྒོམ་ཙ་ན། །

ཉལ་ཚད་འོད་གསལ་དུ་འགྲོ་བའི་གདམས་པ་ཡོད། །

                ཅེས་གསུངས་པ་ལྟར་བསམ་ཤེས་ན་དེ་ལྟར་རེད། བསམ་མ་ཤེས་ན་ཉིན་གཅིག་གི་དུས་ཚོད་ཕལ་མོ་ཆེ་རང་ཉིད་ཀྱི་ལྟོ་གོས་ཀྱི་ལས་ཀ་བྱས་ཏེ་འགྲོ་རྒྱུ་རེད། དུས་ཚོད་ཐུང་ངུ་ཞིག་གི་རིང་ཁ་འདོན་བྱེད་ཀྱི་ཡོད་ཅེས་བསྡད་ཀྱི་ཡོད། དེའི་རིང་ལའང་སེམས་ཆགས་སྡང་གི་དབང་དུ་འགྲོ་ཡི་ཡོད་པ་ང་རང་ཚོའི་ཉམས་མྱོང་དང་རྒྱུས་ཡོད་ཤ་སྟག་རེད།

                དཔེར་ན། ཚོང་རྒྱབ་མཁན་ལ་ཆ་བཞག་ན། ཕལ་ཆེར་ཚོང་རྒྱབ་རྒྱུའི་བསམ་བློ་ལེགས་ཤོས་དེ་ཁ་འདོན་བྱཻད་སྐབས་སུ་འཁོར་གྱི་མི་འདུག་གམ། ཉིན་མའི་གུང་ལ་ཇ་འཐུང་བ་དང་ཁ་ལག་ཟ་བར་འགྲོ་སྐབས་ཇ་འཐུང་རྒྱུ་དང་ཁ་ལག་ཟ་རྒྱུའི་བསམ་བློ་ཞིག་འཁོར་གྱི་རེད། མི་ཞིག་ཐུག་ཀྱང་དེའི་བསམ་བློ་ཞིག་འཁོར་གྱི་རེད། ཁ་འདོན་བྱེད་སྐབས་ལྷོད་ལྷོད་ཡོད་པའི་སྐབས་སུ་ཁ་སང་ང་ལ་ཁེ་བཟང་འདི་བྱུང༌། དེ་རིང་ཁེ་བཟང་ཡོང་བར་འདི་བཙོང་ནའང་ཡག་པོ་འདུག འདི་གོང་ཅུང་ཟད་སྤར་ནའང་ཡག་པོ་འདུག་བསམ་པ། ཁ་འདོན་བྱེད་སྐབས་བསམ་བློ་འཁོར་གྱི་ཡོད།

                མིག་ཟུམ་ཟུམ་བྱས་ཏེ་ཁ་འདོན་བྱེད་སྐབས་དགོས་པའི་དམིགས་རྣམ་བསམ་བློ་འཁོར་རྒྱུ་དང༌། ཆོས་ཕྱོགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་བསམ་བློ་འཁོར་རྒྱུ་ཕལ་ཆེར་ཁག་པོ་རེད། ལྷོད་ལྷོད་ཡོད་སྟབས་བསམ་བློ་མི་འཁོར་དགུ་འཁོར་ཚང་མ་འཁོར་ནས་གཞན་ལ་བརྣག་བྱེད་རྒྱུ་དང༌། ཁོ་ངའི་ལག་པར་ཉིན་གཅིག་སླེབས་ཀྱི་རེད། སླེབས་སོང་ན་ལྟད་མོ་ལྟོས་ཤིག་བསམ་པ་འཕྲལ་མར་དྲན་པ་དང༌། སྙིང་འཚིམ་ཞིག་ལས་མ་བྱུང་རུང་རྒྱབ་བསམ་པའི་བསམ་བློ་དང༌། ཁ་སང་མི་ཞིག་དང་ཁ་རྩོད་ཤོར་ཡོད་ན། ཁ་སང་ངས་འདི་དྲན་མ་སོང་ཨ་ཁ། ཁོ་རྗེས་སུ་ཐུག་ན་འདི་བརྗོད་བསམ་པ་དེ་འདྲ་དྲན་གྱི་འདུག་པ།

                ཉིན་གཅིག་གི་དུས་ཚོད་ཕལ་མོ་ཆེ་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་འགྲོ་ཡི་ཡོད། ཉོན་མོངས་དུག་གསུམ་ལ་གཉེན་པོ་བསྟེན་པའི་གོ་སྐབས་དེ་ཁ་འདོན་བྱེད་པའི་སྐབས་སུ་ཡིན་ཞིང༌།  དེ་ཡང་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་ཕྱིན་ན་སྙིང་པོ་གང་ཡང་མེད།

                དེ་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་འགྲོ་ཡི་ཡོད། དཔེར་ན། ང་ད་ལྟ་འདིར་ཡོད་རྒྱུ་ཁྲྀའི་སྟེང་དུ་བསྡད་ནས་ཆོས་བཤད་ཀྱི་ཡཽད། ལུས་ལ་སྟོན་པའི་ཆོས་གོས་ན་བཟའ་ཞིག་གྱོན་ཡོད་ཀྱང༌། བསམ་བློའི་ཟུར་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་བློ་སྣ་འདྲེས་ནས། ངས་ཆོས་བཤད་རྒྱུ་འདི་ཇི་འདྲ་ཞིག་བྱེད་ཀྱི་ཡོད་དམ། གཞན་གྱིས་གང་ཞིག་བསམ་གྱི་ཡོད་དམ། གཞན་གྱིས་བསྟོད་ར་གཏོང་གི་མེད་དམ། གཞན་གྱིས་སྨད་ར་གཏོང་གི་མེད་དམ་བསམ་པ་ངའི་བློའི་ཟུར་ལ་དྲན་ན་འཇིག་རྟེན་ཆོས་བརྒྱད་རེད།

                དེར་བརྟེན་ནང་གི་རྣམ་རྟོག་འདི་སྟངས་འཛིན་བྱེད་རྒྱུ་འདི་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡོང་བ་དེ་ཡང་ཉིན་གཅིག་བསམ་བློ་བཏང་སྟེ་ཡོང་རྒྱུ་མེད་ལ། བླ་མར་སྐྱབས་འཇུག་ཞུས་ནས་ཡོང་རྒྱུ་མེད། དར་ལྕོག་བཀྲམས་ནས་ཀྱང་ཡོང་རྒྱུ་མེད། དར་ལྕོག་བཀྲམས་ནས་རྒྱུད་ལ་རྟོག་པ་ཞིག་སྐྱེ་ཡི་ཡོད་ན། འདི་གར་དར་ལྕོག་ཧ་ལས་པའི་མང་པོ་འདུག དེ་རིང་ང་རང་ཚོའི་རྒྱུད་ལ་རྟོག་པ་ཆེན་པོ་སྐྱེ་ས་རེད། དེ་ཁག་པོ་རེད། དངུལ་འཕྲོ་བརླག་ལྟ་བུ་ལས་ཧ་ཅང་ཁག་པོ་རེད།

                དངོས་གནས་དྲང་གནས་སེམས་ལ་འགྱུར་བཅོས་ཐེབས་པ་ཞེས་པ་དེ། རང་ཉིད་ཀྱིས་བསམ་བློ་བཏང་སྟེ་སེམས་ལ་བསྒྱུར་བཅོས་གཏོང་དགོས། བསམ་བློ་གཏོང་རྒྱུ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི། ཟབ་པ་དང་རྒྱ་ཆེ་བ་ཞེས་ཟབ་རྒྱས་གཉིས་བཤད་ཀྱི་ཡོད། དཔེར་ན། བྲལ་བའི་ཡོན་ཏན་དང༌། རྟོགས་པའི་ཡོན་ཏན་ཞེས་གསུངས་པ་དེ་གཉིས་ཀར་ཟབ་རྒྱས་ཞེས་པའི་སྐད་ཆ་དེ་ཧ་ཅང་མང་པོ་ཡོད། བྲལ་བའི་ཡོན་ཏན་ཞེས་པ་དེ་གཙོ་བོ་ཟབ་པའི་ཡོན་ཏན་གྱི་ཐོག་ནས་བྲལ་བ་ཐོབ་དགོས། སྟོང་ཉིད་རྟོགས་པའི་ལྟ་བས་སྤང་བྱ་སྤང་དགོས་ཤིང༌། སྤང་བྱ་དངོས་ཀྱི་གཉེན་པོ་ཚང་མ་སྟོང་ཉིད་རྟོགས་པའི་ལྟ་བ་ཤ་སྟག་རེད། སྔགས་ཀྱི་ལུགས་དང་མདོ་ལུགས་གང་ལ་ཆ་བཞག་ཀྱང་ཟབ་མོ་རྟོགས་པའི་བློ་དེས། སྤང་བྱའི་དངོས་ཀྱི་གཉེན་པོ་བྱས་ཡོང་བ་ཕལ་ཆེར་དེ་རེད༌། རྒྱ་ཆེ་བའི་ཡོན་ཏན་ལ་མང་པོ་ཞིག་ཡོང་གི་ཡོད།

                མདོར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་མང་པོ་ཡོད། དེ་ཆོས་ལུགས་གཞན་དག་ནང་ལ་མེད་ཅིང༌། རང་ཉིད་ཀྱིས་དད་པ་བྱས་ཏེ་ཧ་ཅང་ཡག་པོ་རེད། དོན་ཉུང་བྱ་ཉུང༌། དངོས་གནས་བྱམས་པ་དང༌། སྙིང་རྗེ། བཟོད་བསྲན་སྒོམ་རྒྱུ་དེ་དག་ཧ་ཅང་ཡག་པོ་རེད། འོན་ཀྱང་མིའི་རྣམ་དཔྱོད་ཀྱི་རྩལ་དེས་མཐའ་དང་མུ་མེད་པའི་བསམ་བློ་གཏོང་ས་ཡོད་པ་དེ་ཕལ་ཆེར་ནང་པའི་ཆོས་རེད། དེའི་ནང་ཚན་ནས་དཔལ་ནཱ་ལེཌནའི་ཆོས་བརྒྱུད་དེ་ཧ་ལས་པ་ཞིག་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་གཞུང་དེ་དག་ང་ཚོས་ལེགས་པོ་ཞིག་བལྟས་ན། ང་ཚོའི་ཀླད་པས་འདང་མི་ཐུབ་པ་ཞིག་ཡོད། བསམ་བློ་ཧ་ལས་པ་གཏོང་རྒྱུ་ཡོད། བསམ་བློ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

                ཆོས་ཁ་ནས་བྱེད་རྒྱུ་ལས་སླ་པོ་རེད། ཆོས་ལུས་ཀྱི་བྱེད་རྒྱུ་ཕྱག་འཚལ་རྒྱུ་དང་བསྐོར་བ་རྒྱག་རྒྱུ་དེ་ཚོ་ལུས་ཀྱི་སྒོ་ནས་སྒྲུབ་རྒྱུའི་དགེ་སྦྱོར་ཞིག་ཡིན་ཀྱང་དེ་ཙམ་གལ་ཆེན་པོ་མ་རེད། ལག་པར་ཕྲེང་བ་ཞིག་ཁྱེར་ནས་མཎི་བགྲང་བ་དང༌། གཟུངས་སྔགས་བགྲང་བ་དེ་དག་ངག་གི་སྒྲུབ་རྒྱུའི་ཆོས་ཤིག་རེད། ཡག་པོ་ཡིན་ཀྱང་དེ་ཙམ་གལ་ཆེན་པོ་མ་རེད།

                གལ་ཆེན་པོ་མིན་པའི་རྒྱུ་མཚན་ནི། ངས་ནམ་རྒྱུན་ཞུས་པ་དེ་རེད། དཔེར་ན། ཁྱེད་རང་ཚོ་མཚོ་པདྨའི་མཚོ་ལ་བསྐོར་བ་རྒྱབ་བཞིན་པའི་སྐབས་ངོ་ཤེས་པ་ཞིག་འཕྲད་ན། རྒྱ་དཀར་ནག་གི་ལོ་རྒྱུས་དང༌། ཚོང་གི་ལོ་རྒྱུས་སོགས་ལེགས་དང་ཉེས་ཀྱི་སྐད་ཆ་མང་ཙམ་བཤད་ནས་འགྲོ་ཡི་ཡོད། གཅིག་གིས་མཐོས་དྲགས་འདུག ཅིག་ཤོས་ཀྱིས་སྨད་དྲགས་འདུག་ཅེས་དང༌། སྐད་ཆ་གང་འཚམས་ཀྱི་ཚབ་ཆེན་པོ་ཞིག་བཤད་ཀྱི་ཡོད་ན་རོགས་པ་འདྲ་མི་འདུག་གམ་ཕར་ཚུར་ལྟ་ཙམ་རེ་བྱས་ཏེ། སྐད་ཆ་རྫབ་ཆེན་དེ་འདྲ་བཤད་ཀྱི་རེད། བཤད་ཀྱི་ཡོད་དམ།

                དེར་བརྟེན་ཡིན་རྒྱུ་བསྐོར་བར་འགྲོ་ཡི་ཡོད། བསྐོར་བར་འགྲོ་བཞིན་ངག་གི་སྒོ་ནས་སྡིག་པ་བསགས་པ་དང༌། ཡིད་ཀྱི་སྒོ་ནས་སྡིག་པ་བསགས་པ་བྱེད་ཐུབ་ཀྱི་ཡོད། ཡང་མཎི་བགྲང་བཞིན། ཨོཾ་མཎི་པདྨེ་ཧཱུྃ། ཞེས་ཁ་ནས་མཎི་བགྲང་སྐབས་ལེགས་ཉེས་བཤད་རྒྱུ་མེད་ཀྱང་སེམས་ཀྱི་ནང་ནས་ལེགས་འདུག་ཉེས་འདུག་ཅེས་ཡིད་དུ་འོང་བར་ཆགས། ཡིད་དུ་མི་འོང་བར་སྡང་བ་དེ་འདྲ་ཡོང་ས་རེད། དེར་བརྟེན་ངག་གི་ཆོས་དེ་ཡང་གལ་ཆེན་པོ་ཡིན་ཀྱང་དེ་ཙམ་གལ་ཆེན་པོ་མ་རེད།

                གང་ཞིག་གལ་ཆེན་པོ་རེད་དམ་ཞེ་ན། སོ་སོའི་སེམས་ལ་བརྟག་དཔྱད་དང༌། སེམས་ལ་བྱ་ར་བྱས་ཏེ་ཉོན་མོངས་པའི་སེམས་ཤིག་སྐྱེ་ཡི་འདུག་ན་འཕྲལ་དུ་དེར་གཉེན་པོ་བསྟེན། དགེ་བའི་བློ་ཞིག་སྐྱེ་ཡི་འདུག་ན། དེར་རྗེས་སུ་ཡི་རང་གི་ཐོག་ནས་ད་དུང་གོང་ནས་གོང་དུ་སྤེལ་རྒྱུ་དེ་འདྲ་ག་ལེར་གོམས་ན། ལྟོ་ཆས་ཟ་བའི་སྐབས་སུ་ཡང་དགེ་སེམས་སྐྱེས་ཐུབ་པ་དང༌། དཔེར་ན། གཅིན་པ་གཏོང་བར་ཕྱིན་ཀྱང་དགེ་སེམས་ཀྱི་ངང་ནས་བྱེད་ཐུབ་པ། གཉིད་ཉལ་ཀྱང་དགེ་སེམས་ཀྱི་ངང་ནས་བྱེད་ཐུབ་པ། གོམ་པ་ཞིག་སྤོས་ཀྱང་དགེ་སེམས་ཀྱི་ངང་ནས་བྱེད་ཐུབ་པ་ལྟ་བུ་གང་ཞིག་ཡིན་ནའང་དགེ་སེམས་ཀྱི་ཐོག་ནས་བྱེད་ཐུབ་པ་དང༌། མདོར་ན་སྔགས་ཀྱི་ཉམས་ལེན་དང་འབྲེལ་ན་འགྲོ་འཆག་ཉལ་འདུག་དང༌། མཐོང་ཐོས་དྲན་གསུམ་ཚང་མ་ལྷ་ཡི་རྣལ་འབྱོར་དང་འབྲེལ་བའི་སྒོ་ནས་འགྲོ་ཐུབ་པ་ཞིག་བྱུང་ན་ཧ་ཅང་ལེགས་པོ་ཡོད།

                མདོར་ན་ང་རང་ཚོས་ཡིད་ཀྱིས་ཆོས་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཡིད་ཀྱིས་ཆོས་བྱེད་རྒྱུ་ཡོང་བར་ཆོས་བྱེད་སྟངས་ཤེས་པ་ཞིག་མ་བྱུང་ན་ཁག་པོ་རེད། དོན་གང་ཡང་མི་ཤེས་ཀྱང་ཁ་ནས་ཨོཾ་མཎི་པདྨེ་ཧཱུཾ་ཞེས་བརྗོད་ཤེས་ཀྱི་རེད། བསམ་བློ་གཏོང་རྒྱུ་ཞིག་ཡིན་ན། དོན་དེ་མ་ཤེས་ན་གང་ཞིག་བསམ་བློ་གཏོང་དགོས་སམ། དེར་བརྟེན་ཆོས་ཡག་པོ་ཞིག་བྱེད་པར་རྒྱ་ཆེ་ཆུང་ལ་མ་ལྟོས་པར་སངས་རྒྱས་ཀྱི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྙིང་པོ་ཞིག་མ་ཤེས་ཐབས་མེད་ཡིན།

                དེས་ན། ངེས་པར་དུ་ང་རང་ཚོས་སློབ་སྦྱོང་བྱེད་རྒྱུར་དང་དོད་བྱེད་དགོས། ཆོས་བསླབ་རྒྱུར་དང་དོད་བྱེད་དགོས། དཔེ་ཆ་བལྟ་རྒྱུར་དང་དོད་བྱེད་དགོས། ངས་ནམ་རྒྱུན་བཤད་ཀྱི་ཡོད། དཔེ་ཆ་ལྟ་རྒྱུར་ཆ་བཞག་ཀྱང་ཆོ་ག་ལྟ་བུ་པོ་ཏི་གཅིག་འདོན་བཞིན་བསྡད་ཀྱང༌། ཡི་དམ་གྱི་རྣལ་འབྱོར་དེ་ཚོ་ཡག་པོ་རེད། གཞན་བསྐང་གསཽ་འདྲ་ཆབ་བེ་ཆོབ་བེ་མང་པོ་ཞིག་འདོན་ཏེ་སྦུག་དང་དྲིལ་བུ་བཀྲོལ་བ་དང༌། ཡང་ན་མཧཱ་མ་ཡ་ཞེས་པ་ལྟ་བུ་དཔེར་ན་ཀྱཻ་རྡོར་ཡིན་ནའང་རེད། ལྷག་དོན་ས་སྐྱར་ཆ་བཞག་ན། ཀྱཻ་རྡོར་སྐོར་ཉིན་གང་འདོན་ཤེས་མཁན་ཞིག་ཡོད་ཀྱང༌། དོན་ལ་ད་དུང་སངས་རྒྱས་ལེགས་པོ་ངོ་མ་ཤེས་ཤིང༌། ཆོས་དཀོན་མཆོག་ལེགས་པོ་ཞིག་ངོ་མ་ཤེས་པ། དགེ་འདུན་དཀོན་མཆོག་ལེགས་པོ་ཞིག་ཀྱང་ངོ་མ་ཤེས་པ་དེ་འདྲ་ཕལ་ཆེར་ཡོང་མདོག་ཁ་པོ་རེད།

                གསང་བདེ་འཇིགས་གསུམ་བློ་ཐོག་ནས་འདོན་རྒྱུ་ཡོད་པ་ཞིག་ལ། ད་དུང་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག་ལེགས་པོ་ཞིག་ངོ་མ་ཤེས་པར་ནང་པ་ཡིན་ལ་མིན་ལ་དེ་འདྲ་ཡོང་སྲིད་པས། དེར་བརྟེན་དཔེ་ཆ་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གཞུང་བལྟ་རྒྱུ་དེ་གལ་ཆེན་པོ་རེད།

                ང་རང་ཚོ་ནམ་རྒྱུན་མང་པོ་ཞིག་གིས་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པས་སྤྱོད་འཇུག་ལ་ཧ་ཅང་ལྟ་ཡི་ཡོད་པས་ཡག་པོ་རེད། ཡིན་ནའང་སྤྱོད་འཇུག་གི་ཤེས་རབ་ལེའུ་ཡག་པོ་ཞིག་ཤེས་པར་གྲུབ་མཐའི་གཞུང་གང་འཚམས་ཤིག་མ་བལྟས་ན། ཤེས་རབ་ལེའུའི་ཚིག་འགྲེལ་སྐམ་པོ་ཞིག་རྒྱབ་ཤེས་ཀྱང༌། ཤེས་རབ་ལེའུའི་དོན་ཁོང་དུ་ཆུད་རྒྱུ་ཧ་ཅང་གི་ཁག་པོ་རེད། ཤེས་རབ་ལེའུ་ལེགས་པོ་ཞིག་ཤེས་པ་ལ་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ཤེས་དགོས། དཔེར་ན། གྲངས་ཅན་པའི་གྲུབ་མཐའ་ཤེས་དགོས། རིག་བྱེད་མཐའ་པའི་གྲུབ་མཐའ་ཤེས་དགོས། དེར་བརྟེན་མུ་སྟེགས་པའི་གྲུབ་མཐའ་ཡག་པོ་ཞིག་མ་ཤེས་ན། སྤྱོད་འཇུག་གི་ཤེས་རབ་ལེའུ་ཡག་པོ་ཤེས་ཐུབ་རྒྱུ་ཁག་པོ་རེད།

                དེ་ནས། ནང་པའི་གྲུབ་མཐར་བྱེ་མདོ་གཉིས་ཤུགས་ཆེན་པོ་དེ་ཙམ་མིན་ནའང༌། སེམས་ཙམ་པའི་གྲུབ་མཐའ་ལེགས་པོ་ཞིག་མ་ཤེས་ན་ཁག་པོ་རེད། དབུ་མ་པའི་ནང་གསེས་ཀྱི་དབུ་མ་ཐལ་རང་གི་ཁྱད་པར་རྣམས་ལེགས་པོ་ཞིག་མ་ཤེས་ན། ཤེས་རབ་ལེའུའི་དོན་ཆ་ཚང་ཞིག་ཤེས་ཐུབ་རྒྱུ་ཁག་པོ་རེད། དེས་ན་གྲུབ་མཐའ་ཤེས་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

                སྔ་འགྱུར་རྙིང་མར་ཆ་བཞག་ན། ཀུན་མཁྱེན་ཀློང་ཆེན་པའི་གསུང་བལྟ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། སྙིང་ཐིག་ཞུ་རྒྱུ་དང༌། རིན་ཆེན་གཏེར་མཛོད་ཞུ་རྒྱུ་དང་དོད་ཆེན་པོ་འདུག་པ་ཡག་པོ་ཡིན་ཀྱང༌། དེ་དག་ལས་ཀློང་ཆེན་མཛོད་བདུན་བལྟ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཡིད་བཞིན་མཛོད་དང༌། རྫོགས་པ་ཆེན་པོ་ལེགས་པོ་ཞིག་ཤེས་པར་ཆོས་ཉིད་མཛོད་ཧ་ཅང་གལ་ཆེན་པོ་རེད། ཐེག་མཆོག་མཛོད། ཆོས་དབྱིངས་མཛོད། མན་ངག་མཛོད། ཚིག་བདུན་མཛོད་དེ་དག་ཧ་ཅང་གི་གལ་ཆེན་པོ་རེད། དེ་དག་གི་ཁྱད་ཆོས་ལེགས་པོ་ཤེས་པར་གྲུབ་མཐའ་མཛོད་ཤེས་དགོས། དེར་བརྟེན་ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་ལ་དང་དོད་ཅུང་ཟད་བྱས་ན་དེ་ཧ་ཅང་ཡག་པོ་རེད།

                དབང་བརྒྱ་ཚར་སྟོང་ཚར་ཞུ་རྒྱུ་གལ་ཆེན་པོ་རེད། དེ་ལས་ཀྱང་གཞུང་ཆེན་དེ་དག་བལྟ་རྒྱུ་གལ་ཆེ་བ་ཡིན། དེའི་ནང་ཚན་ནས་གྲུབ་མཐའ་འདི་དག་ཡག་པོ་ཞིག་ཤེས་ན། ཕྱི་ནང་གི་ཁྱད་པར་དང༌། རང་སྡེ་གྲུབ་མཐའ་གོང་འོག་གི་ཁྱད་པར། ཐེག་པ་གོང་འོག་གི་ཁྱད་པར། མདོར་ན་ཐེག་པ་རིམ་པ་དགུ། མཐར་ཐུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བར་ལམ་གྱི་འགྲོ་སྟངས་ཆ་ཚང་ཞིག་ཤེས་ཐུབ་པ་བྱུང་ན། དངོས་གནས་ཆོས་ཀྱི་ཟབ་ཁྱད་ཤེས་ཐུབ་པ་ཞིག་དང༌། ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་ཐུབ་ཀྱི་རེད། དེས་ན། དཔེ་ཆ་བལྟ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

                མདོར་བསྡུས་ན། ད་ལན་ང་རང་ཚོར་མི་ལུས་ཐོབ་ཅིང༌། སངས་རྒྱས་ཀྱི་བསྟན་པ་དང་མཇལ། ང་རང་ཚོར་ཆོས་འཆད་ཉན་བྱེད་རྒྱུ་བཅས། ཆོས་སྒྲུབ་པ་ལ་མེད་མི་རུང་གི་དབང་པོ་དེ་དག་ཚང་བའི་གོ་སྐབས་བཟང་པོ་ཞིག་ཡོད། དེ་འདྲའི་གོ་སྐབས་བཟང་པོ་ཡོད་པའི་ལུས་རྟེན་དེ་ཡང༌། སྐྱེས་ཕྱིན་ཆད་ལ་འཆི་བར་ངེས། ནམ་འཆི་ངེས་པ་མེད་པ། དེ་རིང་ང་རང་ཚོ་འདིར་འཛོམས་པའི་མི་འདི་དག་ད་ནས་བརྩིས་པའི་ལོ་བརྒྱ་ཚུན་ཆད་ལ་མི་གཅིག་ཀྱང་བསྡད་ཀྱི་མེད་པ་ཐག་ཆོད་པ་རེད། དེ་རིང་འདིར་ཡོད་པའི་ཕྲུ་གུ་མལ་སྦྱར་ཞིག་ཡོད་ཀྱང༌། དེ་ཡང་ལོ་བརྒྱ་སྡོད་རྒྱུ་ཁག་པོ་རེད།

                དེ་རིང་ནས་བརྩིས་པའི་ལོ་གཅིག་ཕྱིན་མཚམས་སུ་དེ་རིང་འཛོམས་པའི་མི་ཆ་ཚང་ཡོད་མེད་ཞིབ་འཇུག་བྱས་ན་གང་འཚམས་ཤིག་རྫོགས་འགྲོ་ཡི་རེད། དེ་ནས་ལོ་བཅུ་ཕྱིན་ན་འདིའི་ནང་ནས་མི་མང་པོ་ཞིག་རྫོགས་འགྲོ་ཡི་རེད། འདི་ལྟར་སྐྱེས་པའི་མཐའ་མ་འཆི་རྒྱུ་རེད། འཆི་རྒྱུ་དེ་ཡང་ནམ་འོང་ངེས་པ་མེད་པ་ཐག་ཆོད་པ་རེད།

                འཆི་བའི་གནས་སྐབས་ལ་ཚེ་འདིའི་ལྟོ་གོས་གཏམ་གསུམ་ཇི་ཙམ་ཡོད་ཀྱང༌། དེས་ཕན་པ་མེད་པ་གསལ་པོ་རེད། འཆི་བའི་རྗེས་སུ་སྐྱེ་བ་ཕྱི་མ་ཞེས་པ་དེས་ཟིན་སྐབས། ང་རང་ཚོའི་རྣམ་པར་ཤེས་པའི་རྒྱུན་འདི་ཚེ་ཕྱི་མར་འགྲོ་ཡི་ཡོད་སྟབས། རྣམ་པར་ཤེས་པའི་སྟེང་ལ་དགེ་བའི་བག་ཆགས་ཤིག་ཡོད་ན་དེས་ཕན་པ་ལས། གཞན་ཚེ་འདིའི་ལྟོ་གོས་གཏམ་གསུམ་ཇི་ཙམ་ཡོད་ཀྱང་དེས་མི་ཕན་པ་གསལ་པོ་རེད།

                ང་ལ་ཆ་བཞག་ན། བླ་མའི་མིང་ཡོད་ལ། རྒྱལ་བ་རིན་པོ་ཆེའི་མིང་ཞིག་ཡོད། ཡིན་ནའང་ང་ཤི་བའི་ཉིན་མོ་དེར་རྒྱལ་བ་རིན་པོ་ཆེའི་ཚེ་འདི་དང་འབྲེལ་བའི་གཏམ་སྙན་གྲགས་དང༌། དེ་བཞིན་རྒྱུ་ནོར་ལོངས་སྤྱོད། གཉེན་ཉེ་དུ་ཇི་ཙམ་བཟང་པོ་ཡོད་ཀྱང་དེ་ཐམས་ཅད་འཇོག་རྒྱུ་ལས་གང་ཡང་མེད། དེའི་གནས་སྐབས་སུ་ཕན་པ་དེ། ང་རང་གསོན་པའི་གནས་སྐབས་སུ་སེམས་ནང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་དེ་ལྟ་བུའི་བག་ཆགས་ཕྲན་བུ་ཞིག་འཇོག་ཨེ་ཐུབ་བལྟས་ཏེ། དགེ་བའི་བག་ཆགས་ཀྱི་ནུས་པ་ཞིག་ཡོད་ན། དེས་ཕན་པ་ལས་གཞན་ཕན་པ་གང་ཡང་མེད།

                དེར་བརྟེན་ང་རང་ཚོ་རང་གཞན་རོགས་གསུམ་སུ་ཡིན་ནའང༌། སྐྱེས་པའི་མཐའ་མ་ཤི་རྒྱུ་ཡིན་པ་ཐག་ཆོད་པ་རེད། འཆི་བའི་སྐབས་སུ་འགྱོད་པ་མི་སྐྱེས་པ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ང་རང་ཚོ་ཆོས་རྩ་བ་ནས་མེད་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། དེ་ལོག་ལྟ་ཁོ་ནའི་ངང་ནས་གཅིག་བྱས་ན་ཤི་མདོག་ཁ་པོ་རེད། ཡིན་ནའང་ཆོས་མེད་མཁན་གྱི་མི་དེ་དག་སྐྱིད་པ་ཞིག་གང་ཡང་མེད། སྔ་མོ་སི་ཏ་ལི་ཤི་བའི་སྐབས་དང༌། མའོ་ཙེ་ཏུང་གྲོངས་པའི་སྐབས་སུ་སྐྱིད་པ་ཞིག་ཡོད་བཟོ་མི་འདུག་ཅིང༌། ཆགས་སྡང་དང་རེ་དོགས་ཁོ་ནའི་ངང་ལ་འགྲོ་བ་ཞིག་ལས་སྐྱིད་པ་གང་ཡང་བྱུང་མེད།

                འཛམ་གླིང་འདིའི་སྟེང་གི་མི་རྒྱུ་ཆེན་དང༌། དབང་ཆེན། སྟོབས་ཆེན་དེ་དག་ཤི་སྐབས་ཐ་མལ་པ་ཁྱི་ཤི་བ་ལྟར་ཤི་བ་ལས་གང་ཡང་མེད། དེ་ལས་གསོན་པའི་རིང་ཚེ་བློས་བཏང་གིས་བྱ་བྲལ་དང༌། ཚེ་བློས་བཏང་གིས་ཉམས་ལེན་ལེགས་པོ་ཞིག་བྱེད་མཁན་དེ་དག་འཆི་ཁར་བག་ཕེབས་པ་དང༌། གདེང་ཁེལ་བའི་ངང་ནས་འགྲོ་མཁན་ཡོང་གི་ཡོད།

                དེས་ན། ང་རང་ཚོས་དལ་འབྱོར་དོན་ཆེན་རྙེད་དཀའ་བསམས་ནས་ཆོས་བྱ་དགོས་པར་ཐག་བཅད། དེ་བཞིན་དུ་ཆོས་བྱ་ནུས་པར་ཐག་བཅད། རྙེད་དཀའ་བ་ཞེས་པ་འདི་ཚེ་འདི་ལ་བྱ་དགོས་པར་ཐག་བཅད། འཆི་བ་མི་རྟག་པ་བསམས་ནས་ནམ་བཞག་གཏན་གྱི་མདུན་མར་ཕན་པའི་བློ་ཆོས་སུ་འགྲོ་བ་ཞིག་དགོས་པས་ཆོས་བྱ་དགོས་པར་ཐག་བཅད། ཆོས་དེ་ཡང་སང་བྱ་གནངས་བྱའི་ངང་དུ་མ་ལུས་པར། ད་ལྟ་ཉིད་ནས་བྱ་དགོས་པར་ཐག་བཅད། འཆི་བའི་གནས་སྐབས་ལ་ཆོས་ཁོ་ན་ལས་གཞན་གང་གིས་ཀྱང་མི་ཕན་པས་ན་ཆོས་ཁོ་ན་བྱ་བར་ཐག་བཅད།

                དེ་ཡང་བཀའ་གདམས་གོང་མ་ཚོའི་གསུང་འགྲོས་ལ་ཡོད་པ་ལྟར་བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་པོ་སྐམ་པོ་ལ་གཏད་ཅེས་གསུངས་པ་ལྟར། མདོར་ན། རྗེ་བཙུན་མི་ལས།

མི་མེད་ལུང་པའི་བྲག་ཕུག་ཏུ། །

སྤྲང་པོ་ཤི་བའི་སྨོན་ལམ་འདེབས། །

འགྲོ་བའི་དོན་ལ་ཐེབས་པར་ཤོག །

ཐེབས་ན་བསམ་པ་རྫོགས་པ་ཡིན། །

                ཞེས་གསུངས་པ་ལྟར་དེ་ལྟའི་བློ་ཐག་ཆོད་པ་ཞིག་གིས་ཆོས་བསླབ་དགོས། ང་རང་ཚོས་ཚེ་བློས་བཏང་གིས་ཆོས་རྣམ་དག་ཅིག་བྱེད་དགོས་ཞེས་བརྗོད་སྐབས། ད་ལྟ་ཉིད་དུ་རང་ཉིད་ཀྱི་ལྟོ་གོས་ཀྱི་ལས་ཀ་ཚང་མ་ཆ་ཁྲུ་ལེར་བཞག་སྟེ་རི་ཁྲོད་དུ་འགྲོ་དགོས་ཞེས་བཤད་ཀྱི་མེད། དེ་འདྲའི་གང་ཟག་སེང་གེ་ལྟ་བུ་ཚེ་དང་སྒྲུབ་པ་མཉམ་པར་འགྲོ་ཐུབ་མཁན་ཡོང་གི་ཡོད་ཅིང༌། དེ་དག་ནི་རྗེས་སུ་ཡི་རང་གི་གནས་རེད། ཧ་ཅང་གི་ཡག་པོ་ཡིན་ནའང༌། ང་རང་ཚོ་མང་ཚོགས་ཕལ་མོ་ཆེས་དེ་ལྟར་བྱ་ཐུབ་པ་ཁག་པོ་རེད།

                དེར་བརྟེན་སོ་སོའི་ཚེ་འདིའི་ལྟོ་གོས་ཀྱི་ལས་ཀ་བྱེད་དགོས་ལ། སྤྱི་ཚོགས་ཡར་རྒྱས་འགྲོ་བར་ལྟོ་གོས་ཀྱི་ལས་ཀ་བྱེད་དགོས་ཤིང༌། ལྷག་དོན་ང་ཚོ་བོད་ལ་ཡོད་མཁན་ཚོ་ཡིན་ན། ང་རང་ཚོ་བོད་ལ་དེང་སྐབས་རྒྱ་རིགས་མང་པོ་སླེབས་ཀྱི་ཡོད་ལ། ཧུ་ཧུ་མང་པོ་ཞིག་ཀྱང་སླེབས་ཡོང་གི་ཡོད། ང་རང་ཚོ་བོད་པ་ཚོས་ཀྱང་ཁུམ་སྟེ་མ་བསྡད་པར་དཔལ་འབྱོར་ཡར་རྒྱས་གཏོང་བའི་ལས་ཀ་བྱ་དགོས་ལ། དེའི་ཐོག་ད་དུང་ཤུགས་རྒྱབ་དགོས། ཟ་ཁང་དང་ཚོང་ཁང་འཛིན་དགོས་པ་རེད། དེ་འདྲའི་འབད་བརྩོན་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། དཔལ་འབྱོར་གྱི་ཐོག་ཏུ་དེང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཟེར་བ་དེ་མིང་ཙམ་རེད། ལག་ལེན་ངོ་མའི་ཐོག་མ་རྩའི་རིང་ལུགས་སྟེང་ལ་འགྲོ་ཡི་ཡོད། དེར་བརྟེན་རང་ཉིད་སྒེར་སོ་སོས་རང་དོན་རང་གཅེས་བྱས་ཏེ་རིག་པ་བསྒྲིམ་རྒྱུ་དེ་གལ་ཆེན་པོ་རེད། 

                ད་ལྟ་ངས་གོ་ཐོས་ལ་གྲན་དྷུ་དང༌། ཧྲང་ཧེ་དང༌། པེ་ཅིང་དེ་འདྲར་བོད་པའི་ཟ་ཁང་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག་པས་ཧ་ཅང་གི་ཡག་པོ་རེད། དེ་བཞིན་བོད་པའི་སྨན་གྱི་ཚོང་ཁང་དེ་འདྲ་ཡང་ཡོད་འདུག་པ་དེ་ཚོ་ཧ་ཅང་གི་ཡག་པོ་རེད། རྒྱ་མི་འགའ་ཤས་ཀྱི་ང་ཚོ་བོད་པར་དགའ་པོ་དང་ཤ་ཚ་བྱས་ཏེ་རོགས་རམ་བྱེད་མཁན་ཡོང་གི་འདུག་ལ། བོད་པའི་དཔལ་འབྱོར་དེ་བོད་པ་རང་ངོས་ནས་ཤུགས་བསྐྱེད་ནས་དཔལ་འབྱོར་གོང་འཕེལ་འགྲོ་བར་ངེས་པར་འབད་བརྩོན་བྱ་དགོས་པ་ཞིག་རེད།

                དེ་དང་དེས་མཚོན་པའི་ཚེ་འདིའི་ལྟོ་གོས་ཀྱི་ལས་ཀ་བྱེད་དགོས་ཀྱང་རྫུན་དང༌། ཧམ་པ། གཡོ་སྒྱུ་འཁྲབ་པ་དེ་འདྲ་མི་བྱེད་པར་དྲང་པོ་དང་རྒྱུ་འབྲས་དཔང་འཕེར། བདེན་པ་བདེན་ཐུབ་ཀྱི་མི་ཚེ་སྐྱེལ་སྟངས་དང༌། དཔལ་འབྱོར་གྱི་ལས་ཀ་བྱེད་སྟངས་འདི་གལ་ཆེན་པོ་རེད། དངུལ་ཁོ་ནར་བསམ་བློ་བཏང་སྟེ་རྫུན་སྨྲ་བ་དང༌། ཧམ་པ་བཤད་པ། ལྐོག་ཟ་རུལ་སུངས་བྱེད་པ་དེ་དག་གིས་ཐོག་ནས་དཔལ་འབྱོར་ཡོད་ཀྱང་ཅི་ཕན། མིང་ཆད་ངན་པ། སོ་སོ་ངོ་ཚ་བ། སེམས་མ་སྐྱིད་པ། གནོང་ལེན་དགོས་པ། སྡིག་པ་དང་འབྲེལ་ནས་བསགས་པས་ན། སྐྱེ་བ་ཕྱི་མ་སྡིག་པའི་ཕུང་པོ་འཁྱེར་ནས་འགྲོ་དགོས་པ་ཞིག་ཆགས་ཀྱི་ཡོད།

                དེས་ན་ལས་འབྲས་རྙོག་པ་མ་ཡིན་པར་ལས་འབྲས་དང་མཐུན་པ་ཞིག་གི་ཐོག་ནས་ལྟོ་གོས་ཐབས་འཚོལ་གྱི་ལས་ཀ་བྱ་དགོས་པ་དེ་གལ་ཆེན་པོ་རེད། ང་རང་ཚོ་སོ་སོས་ལས་རྒྱུ་འབྲས་དཔང་འཕེར་གྱི་ལྟོ་གོས་ཀྱི་ལས་ཀ་བྱས་ཚེ། བསོད་ནམས་བསགས་ཡོང་བས་ན་རང་ཤུགས་ཀྱིས་བྱ་བ་ལམ་འགྲོ་ཡག་པ་ཡོང་གི་རེད།

                ང་རང་ཚོ་བོད་པའི་ནང་སྐྱིད་སྡུག་ཁོད་སྙོམས་ཀྱང༌། བསོད་ནམས་ཡོད་མཁན་ཚོ་ག་ལེར་སྤུ་སྐྱེས་པ་མགྱོགས་པ་འདུག་ཅིང༌། བསོད་ནམས་མེད་པ་དེ་དག་སྐབས་རེ་བཅོས་བསྒྱུར་བཏང་སྟེ་བགོ་བཤའ་རྒྱབ་སྟེ་རྐང་པར་ལྷམ་འཇའ་ཆེན་གཡོགས་ཀྱང༌། ཉིན་ཤས་ནས་ཁག་པོ་བྱས་ཏེ་བསྡད་ཀྱི་ཡོད་པ་ཁྱེད་རང་ཚོ་བོད་ནས་ཡོང་མཁན་ཚོར་བཤད་རྒྱུ་འདུག་ལ། ཡང་འགའ་ཤས་སྐྱོ་པོ་བྱས་ཏེ་སེམས་ཅན་ཁ་ཤས་བགོ་བཤའ་བརྒྱབ་ནས་གཅིག་པ་ཡིན་ནའང་སེམས་ཅན་ཤི་བ་དང༌། འོ་མ་ཡང་ཡག་པོ་མི་ཡོང་བ་དེ་འདྲ་ཡོང་གི་འདུག་ཅེས་བརྗོད་ཀྱི་འདུག བསོད་ནམས་ཆེ་ཆུང་ཞེས་པ་དེ་ཏན་ཏན་ཡོད་ས་རེད།

                ང་རང་ཚོ་བོད་པ་བཙན་བྱོལ་བ་རྣམས་རྒྱུས་ཡོད་པ་ས་དང་གནམ་ལས་མེད་པ་ལྟ་བུ་ཞིག་ཡིན་ནའང༌། འདི་ལྟར་འགྲིགས་ཙམ་གྱི་ཐོག་ནས་འགྲོ་ཡི་ཡོད་པ་རེད། དཀའ་ངལ་ཡོད་པ་ད་དུང་ཡོད་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་བོད་པ་གཞིས་ཆགས་ཡོད་ས་ཕལ་མོ་ཆེ་ཡུལ་པ་རྒྱ་གར་བ་སྐྱོ་པོ་དེ་དག་དང་བོད་པ་བསྡུར་ན་ཕལ་ཆེར་བོད་པ་ལྟོ་ཆས་ཟ་སྟངས་ཁ་སྐྱིད་པ་དང༌། འགྲོ་སོང་གཏོང་ཕོད་ཆེ་བ་ཡོད། དེ་བསོད་ནམས་ཆེ་ཆུང་གིས་ཏན་ཏན་ཡིན་ས་རེད། དེར་བརྟེན་བསོད་ནམས་གསོག་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་བོད་བསྟན་སྲིད་སྤྱིའི་དོན་ལ་ཆ་བཞག་ཀྱང་བསོད་ནམས་གསོག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད།

                དེ་ནས་ཆོས་ལུས་རྟེན་འདིའི་ཐོག་ནས་ཆོས་བྱས་ཞེས་པ་འདི་གོང་དུ་བརྗོད་པ་ལྟར་ཆོས་ཞེས་པ་འདི། རྒྱུ་དང་འབྲས་བུའི་རྟེན་འབྱུང་གི་འགྲོ་སྟངས་འདི་ཡིན་སྟབས། རང་རང་སོ་སོས་དགེ་བའམ་རྒྱུ་བཟང་པོ་བསགས་ཏེ་འབྲས་བུ་བཟང་པོ་ཡོང་བ་ཞིག་བྱ་དགོས། འཕྲལ་དུ་མངོན་མཐོ་སྒྲུབ་རྒྱུའི་རྒྱུ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་བསླབས་ཏེ་ཕྱི་མ་མངོན་མཐོའི་ལུས་རྟེན་ཐོབ་ཐུབ་པ་ཞིག་བྱ་དགོས་ཀྱི་ཡོད། དེའི་ཐོག་ནས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ལ་བསླབས་ནས་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཞིག་བྱ་དགོས་ཀྱི་ཡོད། ལམ་ལ་བསླབས་ནས་འབྲས་བུ་བཟང་པོ་ཐོབ་དགོས་པ་ཞིག་དང༌། རྒྱུ་དང་འབྲས་བུའི་རྟེན་འབྱུང་གི་འགྲོ་སྟངས་ཡིན་སྟབས་འགྲོ་སྟངས་འདི་ལྟར་འགྲོ་རྒྱུ་ལས། རང་གི་ཉམས་ལེན་མ་བྱས་པར་འབྲས་བུ་བཟང་པོ་ཡོང་བ་ཞེས་པ་ཞིག་རྩ་བ་ནས་མེད།

                དཔེར་ན། ང་རང་ཚོའི་མཐོང་ཆོས་ཀྱི་ཚེ་འདིའི་ལྟོ་གོས་ལེགས་པོ་ཞིག་ཡོང་བར། ཉལ་བསྡད་ན་ལྟོ་གོས་ལེགས་པོ་ཡོང་ཐབས་མེད། དཀའ་ལས་བརྒྱབ་ནས་ཕར་རྒྱུགས་ཚུར་རྒྱུགས་བྱས་ཏེ་ལྟོ་གོས་ཡོང་བའི་ཐབས་ཤེས་བྱ་རྒྱུ་ལས། ཉལ་བསྡད་ནས་ལྟོ་གོས་ལེགས་པོ་ཡོང་བར་ཤོག་ཅེས་བརྗོད་ནས་ཕན་ཐོགས་གང་ཡང་མེད།

                དེ་བཞིན་ནམ་ཞག་གཏན་དུ་སྐྱིད་པ་ཞིག་ཡོང་བར་སྐྱིད་པོ་ཡོང་བར་ཤོག་ཅེས་སྨོན་ལམ་བརྒྱབ་སྟེ་སྒྲུབ་ཐུབ་ཐབས་མེད། རང་ངོས་ནས་ནམ་ཞག་གཏན་གྱི་མདུན་མ་སྒྲུབ་རྒྱུའི་ཉམས་ལེན་བྱ་དགོས། ཉམས་ལེན་གྱི་སྙིང་པོ་གང་ཞིག་རེད་དམ་ཞེ་ན། བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ། བྱམས་པ་དང་སྙིང་རྗེ་རྩ་བར་གྱུར་པའི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ། སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་དེ་གཉིས་རེད། དེ་ཧ་ཅང་གི་གལ་ཆེན་པོ་རེད།

                འདི་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི་ལས་སླ་པོ་རེད། ང་རང་ཚོ་ཕུང་བའི་རྩ་བ་དེ་རང་གཅེས་པར་འཛིན་པའི་གཅེས་འཛིན་དང༌། བདག་ཏུ་འཛིན་པའི་བདེན་འཛིན་གཉིས་པོ་དེ་ཡིན་པ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་དེ་དག་བསྔོག་ན་ཤེས་ཀྱི་རེད། རང་གི་ཉམས་མྱོང་གི་སྟེང་ནས་ཀྱང་ཤེས་ཐུབ་པ་ཞིག་རེད།

                ཕུང་ལ་སྦྱོར་མཁན་གྱི་རྩ་བ་དེ་རང་གཅེས་པར་འཛིན་པའི་གཅེས་འཛིན་དང༌། བདེན་འཛིན་གཉིས་པོ་ཡིན་པས་ན། དེའི་གཉེན་པོ་དེ་ཡང་བྱམས་པ་དང༌། སྙིང་རྗེ་རྩ་བར་གྱུར་པའི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དེ་དང༌། སྟོང་ཉིད་རྟོགས་པའི་ལྟ་བ་དེ་གཉིས་ལས་གཞན་གང་ཡང་འགྲོ་ས་མེད། ང་རང་གི་ངོས་ནས་ཆ་བཞག་ཀྱང༌། བྱང་ཆུབ་ཀྱི་སེམས་ཞེས་པ་དེར་གང་ཐུབ་ཀྱིས་གོམས་འདྲིས་བྱེད་ཁུལ་བྱེད་ཀྱི་ཡོད་ལ། སྟོང་ཉིད་ཀྱི་ལྟ་བར་གང་ཐུབ་ཀྱི་གོམས་འདྲིས་བྱེད་ཀྱི་ཡོད། ཕན་ཡང་ཕན་གྱི་འདུག་ཅིང༌། ཁ་ཡོད་ལག་ཡོད་ཕན་གྱི་ཡོད་བཟོ་འདུག སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་རྣལ་མ་རྒྱུད་ལ་སྐྱེས་མེད་ཀྱང༌། དེའི་ཕྱོགས་མཐུན་པའི་བློ་ཞིག་འདི་ལྟར་གོམས་སྐབས་ཏན་ཏན་ཁྱད་ཐོན་ཡོང་གི་འདུག སྤྱོད་འཇུག་ལས།

བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །

བདེ་ནས་བདེ་བར་འགྲོ་བ་ལ། །

སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །

                ཞེས་གསུངས་པ་ལྟར་རོ།། དེ་བཞིན།

ཇི་སྲིད་ནམ་མཁའ་གནས་པ་དང༌། །

འགྲོ་བ་དེ་སྲིད་གནས་གྱུར་པ། །

དེ་སྲིད་བདག་ནི་གནས་གྱུར་ནས། །

འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །

                ཅེས་པ་འདི་ལྟ་བུའི་བསམ་བློ་ཞིག་འཁོར་ཐུབ་ན། ནམ་མཁའ་མ་ཟད་ཀྱི་བར་དུ་དངོས་གནས་སྐྱིད་པའི་སྐྱིད་མགོ་ཚུགས་པ་དང༌། རང་གཞན་དོན་གཉིས་མཐར་ཕྱིན་པ་ཡོང་བ་རེད། དེར་བརྟེན་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་བྱ་རྒྱུ་དང༌། སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཀྱི་སྙིང་པོ་དེ་རེད།

                རང་ཉིད་ཀྱིས་ཉམས་ལེན་བྱ་དགོས་ལ། ཚང་མས་ཧུར་ཐག་གིས་ཉམས་ལེན་གནང་དགོས། ཚོགས་བསགས་རྒྱུ་ཡང་འདི་རེད། བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་ཀྱི་ལྟ་བ་བསྒོམ་ན་ཚོགས་བསགས་པ་འདི་ལས་ལྷག་པ་མེད། སྒྲིབ་པ་སྦྱོང་བ་ཡང་འདི་ལས་ལྷག་པ་མེད། ཡིག་བརྒྱ་འབུམ་ཐེར་གཅིག་བགྲངས་ནས་སྡིག་པ་དག་མ་དག་ཐེ་ཚོམ་རེད། མིག་ཆུ་ཁྲུལ་ཁྲུལ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་ན། སྡིག་པ་དག་མ་དག་ཐེ་ཚོམ་མེད། སྟོང་ཉིད་ཀྱི་ལྟ་བ་བསྒོམ་ན་སྡིག་པ་དག་མ་དག་ཐེ་ཚོམ་མེད། བསོད་ནམས་བསགས་མ་བསགས་ཐེ་ཚོམ་མེད། ཤེས་སོང་ངམ འདི་ལྟར་ཡིན་ནོ་ཞེས་བཀའ་སྩལ་ཏོ།།    །། ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཡིག་ཐོག་ཕབ་གནང་སྟེ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སངས་རྒྱས་ཆོས་ཚོགས་མ།
1 ༡༦༢༠༡༠༡༢༣༣
ཁོ་བོས་བཀའ་སློབ་འདིར་བལྟས་པའི་གོ་སྐབས་ཐོབ་རྗེས།ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད།དེ་བཞིན་ལྟ་བ་བཀར་བཏགས་ཕྱག་རྒྱ་ལ་བལྟས་ནས་འགྲེལ་དགོས་པ་སོགས་རིན་བྲལ་ཤེས་བྱ་མང་པོ་བློ་ཡི་བང་མཛོད་དུ་བྱུང་བས་སྤྲོ་བ་བསམ་བརྗོད་ལས་འདས་པ་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།