༄༅། །འཕགས་བོད་ཐེག་ཆེན་ཆོས་འབྱུང་མདོར་བསྡུས།།

༄༅། །འཕགས་བོད་ཐེག་ཆེན་ཆོས་འབྱུང་མདོར་བསྡུས།། དམར་སེར་ལི་ཁྲི་ མཚར་སྡུག་གཞོན་ནུ་ཡིས།།
སྙིང་ལ་སྟེར་བས་སྤོབས་པའི་གཏེར་བརྒྱད་ཕྱིན།།
མཁས་ གྲུབ་ཕྱེ་བའི་འཛུམ་བསྟོང་དབུགས་འཕྱིན་པ།། འཇམས་དཔལ་དགྱེས་པའི་བྱིན་རློབས་བདག་ལ་རྩོལ།། ཅེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྣ་དྲངས་ཏེ་འཕགས་བོད་ཀྱི་ཆོས་འབྱུང་མདོར་ཙམ་བརྗོད་པར་བྱ་བ་ལ། དང་པོ་འཕགས་ཡུལ་དུ་བསྟན་པ་འབྱུང་ཚུལ་དང༌།། བོད་དུ་བསྟན་པ་བྱུང་ཚུལ་གཉིས་ལས།། དང་པོ་འཕགས་ཡུལ་དུ་བསྟན་པ་བྱང་ཚུལ།།
དེ་ལ་ཐེག་ཆེན་སངས་རྒྱས་ཀྱི་བསྟན་པ་ཐོག་མར་འབྱུང་ཚུལ་དང༌།། སྟོན་པ་འཇིག་རྟེན་དུ་བྱོན་ནས་མཛད་པ་བཅུ་གཉིས་བསྟན་ཚུལ།། ཐེག་དམན་ལུགས་ཀྱི་བཀའ་བསྡུ་རིམ་པ་གསུམ་མཛད་ཚུལ།། ཐེག་པ་ཆེན་པོ་བཀའ་བསྡུ་མཛད་ཚུལ།། ཐེག་པ་ཆེན་པོ་བྱུང་ཚུལ།། གསང་སྔགས་རྡོ་རྗེ་ཐེག་པ་དར་ཚུལ།། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་ཚུལ་བཅས་བདུན་ལས།།
དང་པོ་ཐེག་ཆེན་སངས་རྒྱས་ཀྱི་བསྟན་པ་ཐོག་མར་འབྱུང་ཚུལ་ནི།།
༄༅། །དང་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་འཁོར་དང་སྟོན་པ་ཐ་མི་དད་པའི་ངང་ནས། འོད་གསལ་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྱིས་གྲུབ་པས་འདུལ་བྱ་སོ་སོར་སྣང་བ་ལྟར་བསུངས་བ་ཡིན་ནོ།།

དེ་ལས་སྤྲུལ་སྐུ་རིམ་བཞིན་མཆེད་ཚུལ་ནི། དང་པོ་ཚེ་ལོ་བྱེ་བ་གཅིག་ཐུབ་པའི་དུས་སུ། མི་མཇེད་འཇིག་རྟེན་གྱི་ཞིང་ན། སྟོན་པ་ཁྱེའུ་འོད་མི་འཁྲུག་པས། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲོན་ལས་ཀྱི་རྒྱུད་ལྔ་བོ། ཐབས་འབྱུང་བ་ཚ་གྲང་གི་རང་སྒྲ་ལས་ཁྱབས་འཇུག་ཟུར་ཕུད་ལྔ་བའི་སྐད་ཀྱིས་གསུངས་སོ།།

གཉིས་པ་ཚེ་ལོ་འབུམ་ཐུབ་པའི་དུས་སུ། གནས་དྲོད་གཤེར་འདུས་པ་འོད་ཀྱི་ཕུང་པོ་རུ། སྟོན་པ་འཇམ་དཔལ་འཇིགས་པ་སྐྱོབ་ཀྱིས། འཁོར་བྱུང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་འཁོར་བ་དོང་སྤྲུགས་དང༌། རྨ་བྱ་མཇིང་བསྣོལ། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས་བར་སྣང་ཁམས་སུ་བབས་ནས། རླུང་གི་སྒྲ་མ་ར་ཤ་ཤུལ་ལས་དྲངས་ཏེ་མཁའ་ལྡིང་ཟུར་ཕུད་གསུམ་པའི་སྐད་ཀྱིས་གསུངས་སོ།།

གསུམ་པ་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་སུ། གནས་འདོད་ཆགས་འབྱུང་བ་མངལ་དུ་སྣང་བ་ལ། སྟོན་པ་གཞོན་ནུ་རོལ་བ་རྣམ་པར་རྩེ་བས། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་ལྔ་ལ། ཆོས་སེམས་སྡེ་རྩ་བའི་རྒྱུད་ལྔ་དང༌། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་གསུངས་སོ།།

བཞི་བ་ཚེ་ལོ་བདུན་ཁྲི་ཐུབ་པའི་དུས་སུ། གནས་འཚོ་བྱེད་གཞོན་ནུ་ལྡུམ་རར་ནང་དུ། སྟོན་པ་དྲུག་པ་རྡོ་རྗེ་གིས། འཁོར་སངས་རྒྱས་རབས་བདུན་ལ། ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་གསུངས་སོ།།

ལྔ་བ་ཚེ་ལོ་དྲུག་ཁྲི་ཐུབ་པའི་དུས་སུ། གནས་གསང་ཆེན་རོལ་བའི་དུར་ཁྲོད་མེ་རི་འབར་བ་ནས། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་བྱུང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་ལ། ཆོས་ཕ་རྒྱུད་དང་མ་རྒྱུད་སོགས་གསུངས་སོ།།

དྲུག་པ་ཚེ་ལོ་གཅིག་ཁྲི་ཐུབ་པའི་དུས་སུ། གནས་སྲིན་པོ་རུ་ལུའི་སྒྲ་དང་ལྡན་པ་ལ། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ་གསུངས་སོ།།

བདུན་པ་ཚེ་ལོ་ལྔ་སྟོང་ཐུབ་པའི་དུས་སུ། གནས་བྱ་རྒོད་ཕུང་པོའི་རི་བོ་ལ། སྟོན་པ་དགྲ་བཅོམ་པ་གསེར་འོད་དམ་པས། འཁོར་འཕགས་པ་ཉན་ཐོས་རྫུན་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་རྣམས་ལ། ཆོས་འདུལ་བ་ཁྲི་ཕྲག་སོགས་གསུངས་སོ།།

བརྒྱད་པ་ཚེ་ལོ་སྟོང་ཐུབ་པའི་དུས་སུ། གནས་སོག་པོ་གཡུ་ཡི་སྨོན་མ་ཅན་གྱིས་བྱང་ཆུབ་ཤིང་གི་རྣམ་པར་རྒྱལ་བའི་ཁང་བཟང་ལ། སྟོན་པ་བརྩེ་བས་རོལ་བའི་བློ་གྲོས་ཀྱིས། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ཕྲ་རྒྱུད་བདུན་ལ་སོགས་པ་གསུངས་སོ།།

དགུ་བ་ཚེ་ལོ་ལྔ་བརྒྱའི་དུས་སུ། གནས་བྱ་རྒོད་སྤུངས་པར་ཅན་ལ། སྟོན་པ་འོད་སྲུང་ཆེན་པོས། འཁོར་ཚེ་དང་ལྡན་པ་དགྲ་བཅོམ་པ་བདུན་ལ། ཆོས་མདོ་སྡེ་དང༌། སྔགས་ཀྲི་ཡ། ལུང་ཨ་ནུ་ཡོ་ག་སོགས་ཁྲི་ཕྲག་ཕྱེད་དང་བརྒྱད་ལ་སོགས་པ་གསུངས་སོ།།

བཅུ་བ་ཚེ་ལོ་སུམ་རྒྱའི་དུས་སུ། གནས་རྡོ་རྗེ་གདན་དུ། སྟོན་པ་མངོན་རྫོགས་རྒྱལ་པོས། འཁོར་རིག་གསུམ་མགོན་པོ་ལ། ཆོས་ངེས་པའི་དོན་འབའ་ཞིག་ཏུ་གསུངས་སོ།།

གཉིག་པ་སྟོན་པ་འཇིག་རྟེན་དུ་བྱོན་ནས་མཛད་པ་བཅུ་གཉིས་བསྟན་ཚུལ།

བཅོམ་ལྡན་འདས་ནི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསག ཐ་མ་ངེས་པའི་དོན་དུ་འོག་མིན་དུ་སངས་རྒྱས་ནས། དགའ་ལྡན་ལྷའི་ཡུལ་དུ་ཁྱེའུ་དམ་པ་ཏོག་དཀར་པོ་གྱུར་བའི་ཚུལ་མཛད་དོ།།

དེ་ཡང་སྔོན་རྒྱལ་པོ་འཕགས་སྐྱེས་པོ་ལ། བུ་གསུམ་དང་བུ་མོ་གསུམ་བྱུང་བ། དེ་རྣམས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ་མིང་སྲིང་ལྷན་དུ་བསྡད་ནས། རིམ་བཞིན་བརྒྱུད་འཕེལ་ཏེ། ཤཱཀྱའི་རྒྱལ་བརྒྱུད་ཅེས་གྲགས། དེ་ལས་རྒྱལ་པོ་འཕགས་སྐྱེ་པོ་ནས་བཟུང༌། རྒྱལ་རབ་རྒྱ་དང་བརྒྱད་བཅུ་བྱང་བས་སྐབས་སུ། ཡབ་རྒྱལ་པོ་ཟས་གཙང་གི་བཙུན་མོ་སྒྱུ་འཕྲུལ་མ་ལ། ལྷའི་བུ་དམ་པ་ཏོག་དཀར་པོ་འཛམ་བུའི་གླིང་དུ་སྐྱེ་བ་འཛིན་པའི་འཛད་པ་སྟོན་པ་ལ། གླིང་དང༌། རིགས་དང༌། ཡབ་ཡུམ་དང༌། དུས་ལ་སོགས་པའི་ཁྱད་པར་གྱིས་གཟིགས་པ་ལྔ་ལ་གཟིགས་ནསས། ལྷུམ་སུ་ཞུགས་པའི་ཚུལ་མཛད། ཟླ་དགུ་དང་ཞག་བཅུའི་ལོན་པ་ན། ལུམ་བི་ནཱིའི་སྐྱེ་ཚལ་དུ། བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་ཡུམ་གསོ་སྦྱོང་ལ་ཕེབས་པའི་དུས། མངལ་གྱི་དྲི་མས་མ་གོས་པར་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ཉིན། བཀྲ་ཤིས་པའི་བལྟས་དུ་མ་དང་བཅས་ཡུམ་སྒྱུ་འཕྲུལ་མའི་རྩིབ་ལོགས་གཡས་པ་ནས་སྐུ་བལྟབས་པའི་ཚུལ་མཛད། དེའི་ཚེ་ཚངས་པ་དང་བརྒྱ་བྱིན་གྱིས་ཀྭ་ཤི་ཀའི་རས་ཀྱིས་བླངས། ཀླའི་རྒྱལ་པོ་དགའ་བོ་དང༌། ཉེ་དགའ་བོ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་ཀྱིས་སྐུ་ཁྲུས་གསོལ། དེ་ནས་སྲས་ཀྱིས་གོམས་པ་བདུན་པོར་ནས། དེ་མ་ཐག་ཞལ་ནས།

གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟབས་ཚེ།།

ས་ཆེན་འདི་ལ་གོམ་པ་བདུན་པོར་ནས།།

ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།།

དེའི་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ།།

ཅེས་གསུང་པས། གོམས་པ་བདུན་ལ་མེ་ཏོག་པདྨ་བདུན་སྐྱེ་བས་ཐམས་ཅད་ངོམས་མཚར་བའི་གནས་སུ་གྱུར། དེ་ནས་སྐྱེ་དགུའི་བདག་མོ་ལ་སོགས་པ་མ་མ་སུམ་ཅུ་རྩ་གཉིས་ལ་གཏན་ནས་རིམ་བཞིན་ནལ་སོས་པ་དང༌། དེ་ནས་ཡི་གེ་དང་རྩིས་ལ་སོགས་པ་རིག་པའི་གནས་ལྔ་ལ་ཤུན་ཏུ་མཁས་པར་གྱུར་བ་མ་ཟད། སྒྱུ་རྩལ་ཐམས་ཅད་ཀུན་གྱིའི་འགྲན་ཟླ་དང་བྲལ་བར་མཛད། དེ་ནས་འཇིག་རྟེན་མཐུན་འཇུག་དང༌། མུ་སྟེགས་པས་ངན་སྨྲས་སྤོང་བའི་ཕྱིར་དུ། བུ་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང༌། ཡོན་ཏན་བརྒྱད་དང་ལྡན་པ་ས་འཚོ་མ་དང༌། གྲགས་འཛིན་མ་ལ་སོགས་པ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་ཁབ་ཏུ་བཞེས་ནས། ལོ་ཉི་ཤུ་རྩ་དགུ་རྒྱལ་སྲིད་ཀྱི་བྱ་བ་མཛད་ནས་འདོད་ཡོན་གྱི་སྣང་བ་ལ་སྒྱུ་མ་ལྟ་བུར་ལོངས་སྤྱོད་པའི་ཚུལ་མཛན་དོ།

དེ་ནས་འཁོར་བའི་བྱ་བ་ལ་སྙིང་བོ་མེད་པར་སྟོན་པའི་ཕྱིར། གྲོང་ཁྱེར་སེར་སྐྱའི་ཕྱོགས་བཞི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཟོད་བརླག་མེད་པ་གཟིགས་ནས་ཐུགས་རབ་ཏུ་སྐྱོ་སྟེ། འཁོར་བའི་བྱ་བ་སྙིང་བོ་མེད་པར་དགོངས་ནས། རབ་ཏུ་བྱུང་བར་བཞེད་པ་ལ། བཙུན་མོའི་འཁོར་དང༌། ཡབ་ཡུམ་སོགས་ཀྱིས་བཀའ་མ་གནང་བས། སྐར་མ་རྒྱལ་གྱི་ནམ་ཕྱེད་ན། རྒྱལ་པོ་ཆེན་པོ་བཞིས་སྟེང་གི་ནམ་མཁའ་ལ་གདན་དྲངས་ཏེ། དཔག་ཚད་དྲུག་ཏུ་བྱོན་པ་ན། ནམ་གསལ་བ་དང་མཆོད་རྟེན་རྣམ་དག་དྲུང་དུ་ཕེབས། རྟ་མཆོག་རྒྱན་དང་བཅས་པ་ཡབ་ཀྱི་རྩར་ཕྱིར་བསྐུར། རང་ཉིད་རང་གིས་དབུ་སྐྲ་བཅད་ནས། གནས་གཙང་མའི་ལྷས་ཕུལ་བའི་ངུར་སྨིག་གི་ན་བཟའ་སྐུ་ལ་གསོལ་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བས་ཚུལ་མཛད།

དེ་ནས་ཆུ་ཀླུང་ཆེན་པོ་ནེ་རཉྫ་ནའི་འགྲམ་དུ། ལོ་དང་པོ་གཉིས་ལ་འབྲས་ཉག་རེ་ཟ། བར་བ་གཉིས་ལ་ཆུ་ཐིགས་པ་རེ་འཐུང༌། ཐ་མ་གཉིག་ལ་ཅི་ཡང་མ་གསོལ་བའི་བཀའ་བ་སྤྱད་དེ་ལོ་དྲུག་ལ་ཏིང་ངེ་འཛིན་གནས་པའི་ཚུལ་མཛད། དེ་ནས་མ་ག་དྷ་རྡོ་རྗེའི་གདན་ཕེབས་པའི་ལམ་དུ། བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱའི་འོ་མ་ལན་བཅུ་དྲུག་ཏུ་ཕུལ་བ་གསོལ་ཏེ། སྐུ་ལུས་གཟི་བརྗིད་དང་ལྡན་པ་གྱུར། དེ་ནས་ལམ་དུ་རྩྭ་འཚོ་བཀྲ་ཤིས་ལས་རེག་ན་འཇམ་པའི་རྩྭ་ཕྱག་གང་བཞེས་ནས་རྡོ་རྗེ་གདན་དུ་བྱོན། བྱང་ཆུབ་ཤིང་དྲུང་དུ་རྩྭའི་གདན་གྱི་སྟེང་ལ་སྐྱིལ་མོ་ཀྲུང་བཞུགས་ནས།
སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང༌།།
པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང༌།།
བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར།།
སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ།།
ཅེས་དེ་ལྟར་དམ་བཅའ་ནས་འོད་གསལ་ཏིང་ངེ་འཛིན་ལ་མཉམས་པར་བཞག་པའི་སྐབས་སུ། བདུད་དགའ་རབ་དབང་ཕྱུག་བདུད་དམག་བྱེ་བ་ཕྲག་བརྒྱད་ཅུ་དང་བཅས་པ་བྱུང་སྟེ། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པ་ནི། ཐམས་ཅད་མེ་ཏོག་གི་ཆར་དུ་སྒྱུར་བ་དང༌། ཡང་མི་སྙན་པའི་སོད་སོད་རྒྱོབ་རྒྱོབ་གྱི་སྒྲ་སྐད་ནི། ཤིན་ཏུ་སྙན་པའི་བསྟོད་དབྱངས་ཀྱི་རང་བཞིན་དུ་གྱུར་བའི་ཚུལ་མཛད། སླར་ཡང་བུ་མོ་བདུན་མཛེས་མ་བདུན་དུ་བསྒྱུར་ཏེ་ཆགས་པའི་ཟོལ་གྱིས་བསླུ་བར་བརྩམས་པ་ན། བ་སྤུའི་རྩེ་མོ་གཡོ་བའི་སྐབས་ཀྱང་མེད་པས། འགྱོད་དེ་བཟོད་པར་གསོལ་བ་སོགས་སྟོབས་དང་རྫུན་འཁྲུལ་བསམ་གྱི་མི་ཁྱབས་པ་བྱེད་པའི་མཐར། འོད་གསལ་ཆོས་ཀྱི་དབྱིངས་ལ་ཉམས་པར་བཞག་སྟེ། ཐུགས་བསྐྱེད་དང་སྨོན་ལམ་མཐར་ཕྱིན་པར་སྟོན་པའི་ཕྱིར། སྦྱོར་ལམ་དྲོད་ནས་མི་སློབ་པའི་ལམ་བར་དུ་སྤངས་བྱ་མཐའ་དག་སྤངས་ནས། མངོན་པར་སངས་རྒྱས་པའི་ཚུལ་མཛད་པས་ན། ས་ཆེན་པོ་འདི་རབ་ཏུ་གཡོས་བ་དང༌། དེ་ནས་སངས་རྒྱས་དང་ཆོས་དག་ནི་ཤིན་ཏུ་དཀོན་པ་དང༌། བདུད་རྩི་ཟབ་མོ་ལྟ་བའི་ཆོས་འདི་རྟོག་གེའི་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་སྟོན་པའི་སླད་དུ།

ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བའི་ཆོས་ཞིག་བདག་གིས་རྙེད།།
སུ་ལ་བསྟན་ཀྱང་གོ་བ་མི་འདུག་པས།།
མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ།།

ཞེས་གསུངས་ཏེ་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུངས་པའི་ཚུལ་མཛད་པ་དང༌། མཐར་ཡུལ་ཝཱ་རཱ་ཎ་སཱིར་བྱོན་པ་ན། ལྷ་མཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཞིག་ཕུལ། བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཞིག་ཕུལ་ནས། གསོལ་བ་བཏབ་པའི་ངོར། འཁོར་ལྔ་སྡེ་བཟང་པོ་དང༌། ལྷ་བརྒྱད་ཁྲི་ལ་སོགས་པ་རྣམས་ལ།

ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།།
གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌།།
འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར།།
ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།།

ཅེས་གསུངས་ནས། བརྗོད་བྱ་བདེན་པ་བཞི་ཆོས་ཀྱི་འཁོར་ལོ་བསྐོར་བས་ན། གནས་གཙང་གི་ལྷ་རྣམས་ཀྱིས། ཀྱེ་མ་འཛམ་བུའི་གླིང་དུ་བདེན་བཞི་ཆོས་ཀྱི་འཁོར་ལོ་བསྐོར་རོ། ཞེས་བསྒྲགས་པས། བཀའ་དང་པོ་བདེན་པ་བཞི་ཆོས་འཁོར་ཞེས་བཏགས། དེ་ནི་ཕལ་ཆེར་ལོ་ལྔའི་བར། ཉན་ཐོས་རྣམས་ལ་གསུངས་པས་ན། དགེ་འདུན་དགྲ་བཅོམ་པའི་སྡེ་ཡང་མང་དུ་འཕེལ་བ་མ་ཟད། འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་གྱི་བསླབས་པ་གཙོ་བོར་སྟོན་པས་སོ།།

དེ་ནས་གནས་བྱ་སྒོད་ཕུང་པོའི་རི་བོ་ལ། ཤཱ་རིའི་བུ་དང་མཽངྒལ་གྱི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་སྟོང་ཙམ་དང༌། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་ལ། བརྗོད་བྱ་སྟོང་པ་ཉིད་ཟབ་པ་དང་རྒྱ་ཆེ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་གསུངས་པ་ན། ལྷ་རྣམས་ཀྱིས། ཀྱེ་མ་འཛམས་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་རོ། ཞེས་བསྒྲགས་པས། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་བཏགས། དེ་ནི་ཕལ་ཆེར་ལོ་སུམ་བཅུའི་བར་གསུངས་པ་མ་ཟད། མདོ་སྡེའི་སྡེ་སྣོད་བྱང་ཆུབ་སེམས་དཔའི་བསླབ་པ་བཙོ་བོར་སྟོན་པས་སོ།

དེ་ནས་ཡུལ་ཡངས་པ་ཅན་དུ། བརྗོད་བྱ་ཀུན་བཏགས། གཞན་དབང༌། ཡོངས་གྲུབ་གསུམ་དུ་དབྱེ་བའི་མདོ་གསུངས་པ་ན། ལྷ་རྣམས་ཀྱིས། ཀྱེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་རོ། ཞེས་བསྒྲགས་པས། བཀའ་ཐ་མ་ངེས་པར་དོན་གྱི་ཆོས་འཁོར་ཞེས་བཏགས། དེ་ནི་སྟོན་པའི་སྐུ་ཚེ་སྨད་ཀྱི་མཛད་འཕྲེན་ཡིན་པ་ཟད། མངོན་པའི་སྡེ་སྣོད་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པས་སོ། དེ་ནས་བཅོམ་ལྡན་འདས་དགུང་ལོ་བརྒྱད་ཅུ་ཟིན་པ་ན། སྐུ་དངོས་ཀྱི་གདུལ་བྱ་ཕལ་ཆེར་ལེགས་གྲུབ་བྱང་བའི་ཚུལ་གྱིས། ཡུལ་རྩྭ་མཆོག་གྲོང་དུ་བྱོན་ནས། ཤིང་ས་ལ་ཟུང་གི་དྲུང་དེར་སེང་གེའི་ཉལ་ཐབས་བྱས་ནས། འོད་གསལ་ཆོས་དབྱངས་སུ་ཐིམ་པའི་ཚུལ་དང་བཅས། སྐུ་གདུང་ཡང་རིང་བསྲེལ་གྱི་ཕུང་པོར་འགྱུར་བར་བྱིན་གྱིས་བརླབས་པའི་ཚུལ་མཛད་དོ།

གསུམ་པ་ཐེག་དམན་ལུགས་ཀྱི་བཀའ་བསྡུ་རིམ་པ་གསུམ་ལས།

བཀའ་བསྡུ་བ་དང་པོ་ནི། སྟོན་པ་མྱ་ངན་ལས་མ་འདས་པའི་གོང་ཙམ་དུ་ཤཱ་རའི་བུ་དང་ལྷན་གཅིག་ཏུ་དགྲ་བཅོམ་པ་བརྒྱད་ཁྲི། མོངྒལ་གྱི་བུ་དང་ལྷན་གཅིག་ཏུ་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་དང་བཅས་པ་མྱ་ངན་ལས་འདས་པའི་ཚེ། དམ་པའི་ཆོས་ཀྱང་ཆུ་ཐག་པ་ལྟར་གྱུར་པས་ན། འཁོར་རྣམ་པ་བཞི་དང༌། ཀུན་དགའ་བོ་བཅས་འོད་སྲུང་ཆེན་པོ་ལ་ཞུས་པས། འོད་སྲུང་ཆེན་པོས་བཀའི་བསྡུ་བ་མཛད་པར་དགོངས་ཏེ་རྒྱལ་པོའི་ཁབ་ཏུ་བྱོན། རྒྱལ་པོ་མ་སྐྱེས་དགྲ་ལ་སྦྱིན་བདག་ཞུས། ཤིང་ཎཡ་དྲོ་དྷའི་ཕུག་ཏུ་དབྱར་གནས་པར་ཁས་བླངས་ནས། དགེ་འདུན་བསྡུ་བའི་གཎྜི་རྡུངས་སྟེ། དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་བསྡུས་པ་ན། དགྲ་བཅོམ་པ་ལྔ་རྒྱ་ལ་གཅིག་གིས་མ་ཚང་བར། འོད་སྲུང་གིས་ཀུན་དགའ་བོ་ལ་སྐྱོ་བས་བསྐུལ་ཏེ། ཀུན་དགའ་བོ་དགྲ་བཅོམ་གྱི་གོ་འཕང་ཐོབ་པས། དགྲ་བཅོམ་པ་ལྔ་རྒྱའི་དགེ་འདུན་གྱི་སྡེ་ཚང་བ་ནས་བཀའི་བསྡུ་བ་མཛད་པའི་དུས། དགེ་འདུན་གྱི་ལས་བརྗོད་པས། ཐམས་ཅད་སྤྲོ་བ་དང་བཅས། རིམ་པ་བཞིན་དགྲ་བཅོམ་པ་ཐམས་ཅད་ཆོས་གོས་དང་སྣང་སྦྱར་གསོལ་ནས་ཁྲི་བཤམས་པའི་ཁར་བཞུགས་སུ་གསོལ་ཏེ། ཐོག་མར་ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད། ཉེར་བར་འཁོར་གྱིས་འདུལ་བའི་སྡེ་སྣོད། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་རྣམས་སོ་སོར་བཀླགས་ཤིང་བསྡུ་བར་མཛད་པས། སངས་རྒྱས་ཀྱི་བསྟན་པ་ཡུ་རིང་དུ་གནས་སོ། ཞེས་ལྷ་རྣམས་ཀྱིས་འོག་མིན་གྱི་བར་དུ་བསྒྲགས་པས་ན་བཀའི་བསྡུ་བ་དང་པོའོ།།

དེ་ནས་དབྱར་གྲོལ་བ་ན་འོད་སྲུང་ཆེན་པོ་རང་མྱ་ངན་འདའ་བའི་དུས་ཡིན་པར་མཁྱེན་ནས། ཀུན་དགའ་བོ་ལ་བསྟེན་པ་གཏད་ནས། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་རི་བྱ་གག་རྐྱང་གྱི་རྩེ་མོར་བྱོན། སྟོན་པས་གནང་བའི་ཆོས་གོས་དང་སྣམ་སྦྱར་སྐུ་ལ་གསོལ་ཏེ་སེང་གེ་ཉལ་སྟབས་ངང་མྱ་ངན་ལས་འདས་ནས། སྐུ་སྡོང་ཡང་སངས་རྒྱས་བྱམས་པ་མ་བྱོན་གྱི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས། དེ་ནས་ཀུན་དགའ་བོས་བསྟན་པ་ལོ་བརྒྱ་ཟིན་ཙམ་བར་ཡུན་རིང་སྐྱོང་བས་མཐར། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ལྟར་རང་གི་སློབ་མ་དགྲ་བཅོམ་པ་ཤཱ་ནའི་གོས་ཅན་ལ་བསྟན་པ་གཏད། ཤཱ་ནའི་གོས་ཅན་གྱིས་བསྟན་པ་ཡུན་རིང་བསྐྱོང་མཐར། རང་གི་སློབ་མ་དགྲ་བཅོམ་པ་ཉེར་སྦས་ཞེས་པ། སྟོན་པས་མཚམ་མེད་པའི་སངས་རྒྱས་འགྲོ་དོན་ཅན་ཞེས་པ་ལུང་བསྟན་པ་དེ་ལ་བསྟན་པ་གཏད། ཉེ་སྦས་རང་གི་སློབ་མ་མང་པོ་དགྲ་བཅོམ་ཐོབ་པ་དང༌། ཁོང་མྱ་ངན་ལས་འདས་ཁར། རང་གི་སློབ་མ་དགྲ་བཅོམ་པ་ནག་པོ་ལ་བསྟན་པ་གཏད། དེས་ཀྱང་རང་གི་སློབ་མ་དགྲ་བཅོམ་པ་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་པ་བཅས། སངས་རྒྱས་ཉིད་ཀྱི་ལུང་གིས་ཟིན་པའི་གཏད་རབས་བདུན་ཞེས་གྲགས་པ་མ་ཟད། གནས་བརྟེན་ཆེན་པོ་སྡེ་སྣོད་གསུམ་གྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཤ་སྟག་གོ།

བཀའ་བསྡུ་བ་གཉིས་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་འདས་པ་ན། ཡུལ་ཡངས་པ་ཅན་དགེ་སློང་རྣམས་ཀྱི། འདུལ་བའི་བཅས་པ་དང་འགལ་བར་གྱུར་བའི་བཅས་པ་ལ། ཧུ་ལུ་ཧུ་ལུ་ཡི་རིང་དང༌། ཞེས་སོགས་མི་རུང་བའི་གཞི་བཅུ་བྱས་ཤིང་བསྟན་པ་དཀྲུགས་པ་ན། གཞི་བཅུའི་འདོད་པ་བསལ་བའི་ཕྱིར་རྒྱལ་པོ་ཨཱ་ཤྭ་ཀ་འམ་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ནས། ཡུལ་ཡངས་པ་ཅན་ཀསྨ་པུ་རིའི་གཙུག་ལག་ཁང་དུ། ཀུན་དགའ་བོའི་སློབ་རྒྱུད་དགྲ་བཅོམ་པ་བདུན་བརྒྱ་ཙམ་འདུས་ཏེ། སྡེ་སྣོད་གསུམ་ཚང་བར་བཀླགས་ནས། བཀའ་བསྡུ་བ་མཛད་ནས། ཐམས་ཅད་དོན་ཡང་དག་པ་རྟོགས་པས་ན་བཀའི་བསྡུ་བ་གཉིས་པའོ།།

བཀའ་བསྡུ་བ་གསུམ་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ན། ཉན་ཐོས་རྩ་བའི་སྡེ་བཞི་བོ། གྱེས་པ་མི་འདྲ་བ་བཅོ་བརྒྱད་བྱུང་ནས། ཐམས་ཅད་ནང་མ་མཐུན་པར་རྩོད་པ་ཅན་དུ་འགྱུར་བས་ན། རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ནས་ཡུལ་ཛ་ལན་དྷ་རའི་ཀ་མ་པུ་རིའི་གཙུག་ལག་ཁང་དེར། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང༌། དགྲ་བཅོམ་པ་ལྔ་བརྒྱ། སོ་སྐྱེའི་པནྜི་ཏ་ཁྲི་དྲུག་སྟོང་རྣམས་ཀྱིས་སྡེ་སྣོད་གསུམ་པོ་གླེ་བམ་ལ་བྲིས་ཏེ། ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས་པ་གཅིག་ཏུ་འདུས་པར་བྱས་པ་ནི། བཀའི་བསྡུ་བ་གསུམ་པའོ།།

བཞི་བ་ཐེག་པ་ཆེན་པོ་བཀའ་བསྡུ་མཛད་ཚུལ་ནི།

རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བྷཱེ་མ་སམྦྷའི་རི་ལ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུ་དང་ལྷན་གཅིག་ཏུ་འདུས་པའི་དབུས་སུ། བྱམས་པས་འདུལ་བ། འཇམ་དབྱངས་མདོ་སྡེ། གསང་བདག་གིས་མངོན་པའི་སྡེ་སྣོད་རྣམས་བསྡུ་བར་མཛད། དེས་རྗེས་སུ་ཕྱག་ན་རྡོ་རྗེ་སངས་རྒྱས་སྟོང་གི་བསྟན་པའི་སྡུད་པ་པོར་བཤད་པ་དང༌། འཇམ་དབྱངས་ཟབ་མོ་ལྟ་བའི་ཕྱོགས་བསྡུས། བྱམས་པས་རྒྱ་ཆེན་སྤྱོད་པའི་ཕྱོགས་སུ་བསྡུ་མ་ཐག ལྷ་དང༌། ཀླུ། མི་མ་ཡིན་རྣམས་ཀྱིས་རང་རང་གི་གནས་སུ་སྤྱན་དྲངས་པས། འཕགས་ཡུལ་དུ་ཡུན་རིང་ཙམ་གྱི་བར་ཐེག་ཆེན་གྱི་སྒྲ་ཙམ་ཡང་མ་གྲགས་ཤིང༌། གྲགས་ཆེ་བ་ནི་ཉན་ཐོས་ཀྱི་བསྟན་པ་ཁོ་ན་ཡིན་པ་དང༌།

ལྔ་བ་ཐེག་པ་ཆེན་པོ་བྱུང་ཚུལ་ནི།

ཕྱིས་སུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་རྒྱ་སྐོར་ཙམ་ན། ཡུལ་ཨོ་ཌི་བི་ཤར་ལ་རྒྱལ་པོ་ཟླ་སྲུང་གི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་ཚུལ་དུ་བྱོན་ནས། ཐེགས་པ་ཆེན་པོ་ཆོས་བསྟན་ཅིང་གླེགས་བམ་ཞིགས་ཀྱང་བཞག དེ་ནི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་ཆེན་མི་ཡུལ་དུ་དར་བའི་ཐོག་མ་ཡིན། དེ་ནས་ག་ལེ་འཇམ་དབྱངས་དང༌། བྱམ་པ། སྤྱིན་རས་གཟིགས་སོགས་དགེ་སློང་གི་ཚུལ་དུ་བྱོན་ནས། ཐེགས་པ་ཆེན་པོའི་མདོ་སྡེ་རྣམས་བཀླགས་ཤིང་སྤེལ་བ་ན། རིམ་གྱིས་ཐེག་པ་ཆེན་པོའི་དགེ་འདུན་བརྒྱ་ནས། ལྔ་བརྒྱ་དང༌། སྟོང་སོགས་འཕེལ་ནས། ཐེག་པ་ཆེན་པོའི་དགེ་འདུན་གྱི་སྡེ་བྱུང་བ་ན། སྔོན་ཤཱ་རིའི་བུ་དགྲ་བཅོམ་བརྒྱད་ཁྲི་ལྷག་དང་མཉམ་དུ་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པའི་གནས་དེར། རྒྱ་པོ་ནཱ་ལེན་དྲ་གིས་ཤྲཱི་ནཱ་ལེན་དྲའི་གཙུག་ལག་ཁང་ཆེན་པོ་གཞུང་ནས། ཐེག་ཆེན་དགེ་འདུན་གྱི་སྡེ་རྣམས་ཀུན་གྱི་མགྲན་ཟླ་དང་བྲལ་བར་གྱུར།།

དེ་ལས་སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་ནམ། གྲུབ་པའི་དབང་ཕྱུག་ས་ར་ཧ་ནི། རིགས་པའི་གནས་ཐམས་ཅད་ལ་མཁས་པ་མ་ཟད། དམ་ཚིག་གི་བདུད་རྩི་དང་སྦྱོར་གྲོལ་སོགས་ལ་རྟོག་མེད་དུ་ལོངས་སུ་སྤྱོད་པའི་རྫོགས་པ་ཆེན་པོ་རྣལ་འབྱོར་བ་ཞེས་གྲགས། འཐར་འཕགས་པ་གནས་བརྟན་པའི་སྡེ་ལས་རབ་ཏུ་བྱུང་སྟེ། འདུལ་བ་སྨར་བའི་མཁན་པོ་གྱུར་ནས། ཐེག་པ་ཆེན་པོའི་མདོ་སྡེ་དར་རྒྱས་སུ་གྱུར། དེ་ནས་ཐབས་ཀྱི་སྤྲོས་པ་མེད་པར་རྗེས་སུ་བསྟེན་པས་ཕྱིར། མདའ་འཚོང་གི་བུ་མོ་དངོས་གྲུབ་རྟེན་དུ་ཉེ་བར་ནས་བཟུང༌། རྒྱལ་པོ་ནཱ་ལེན་དྲ་ལ་སོགས་པ་སྟོང་ཕྲག་ལྔ་མངོན་སུམ་དུ་གདོན་མའི་གནས་ལུགས་ངོ་འཕྲོད་ནས། ནམ་མཁའ་ལ་འགྲོ་ཞིང་སྐུ་ལུས་མ་སྤངས་པར་སངས་རྒྱས་ཀྱི་ཞིང་དུ་ཕེབས་པས་ན། ཡུལ་ཐམས་ཅད་ལ་གྲགས་པས་ཁྱབས་སོ།།

བྲམ་ཟེ་སྒྲ་གཅན་འཛིན་གྱི་སློབ་མ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། ལང་ཀར་གཤེགས་པའི་བདོ་ལས།

ང་ནི་མྱ་ངན་འདས་འོག་ཏུ།།
ལོ་ནི་བཞི་བརྒྱ་ལོན་པ་ན།།
ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི།།
དགེ་སློང་དཔལ་ལྡན་ཆེར་གྲགས་པ།།
དེ་མིང་ཀླུ་ཞེས་འབོད་པ་འབྱུང༌།།
ཡོད་དང་མེད་པའི་ཕྱོགས་འཇིག་པའི།།
ང་ཡི་ཐེག་པ་འཇིག་རྟེན་དུ།།
བླ་མེད་ཐེག་ཆེན་རབ་བཤད་ནས།།
རབ་ཏུ་དགའ་བའི་ས་བགྲོད་དེ།།
བདེ་བ་ཅན་དུ་དེ་འགྲོའོ།།

ཞེས་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་ལྟར། རྒྱ་གར་གྱི་ལྷོ་ཕྱོགས་བཻ་ཏ་ཞེས་པའི་ས་ཆར་ལ། བྲབ་ཟེ་གཙུག་ཕུད་ཅན་ཟེར་བ་ཕྱུག་པོ་ཞིག་ལ་བུ་མེད་ནས། འཇིག་རྟེན་པའི་ལྷ་སོགས་ལ་གསོལ་བ་བཏབ་པའི་མཐར། བུ་མཚན་ཉིད་དང་ལྡན་པ་ཞིག་འཁྲུངས། ལྟས་མཁན་གྱིས་མཚན་བརྟགས་པས་ན། མཚན་བཟང་ཡང་ཚེ་མི་འདུག་ཟེར། ཐབས་དྲིས་པ་ན། མི་ཕལ་བ་བརྒྱ། བྲམ་ཟེ་བརྒྱ། དགེ་སློང་བརྒྱ་ལ་སྟོན་མོ་བྱས་ན་ཞག་བདུན། ཡང་དེ་ལྟར་བྱས་ན། ཟླ་བདུན། ཡང་དེ་ལྟར་བྱས་ན་ལོ་བདུན། དེ་ལས་ལྷག་པའི་ཐབས་མི་འདུལ་ཟེར། ལོ་བདུན་རིང་རིག་བྱེད་ཀྱང་མཁས་པར་བསླབ། དེ་ནས་ལོ་བདུན་ལོན་པར་ཉེ་བ་ན། ཕ་མས་བུ་འཆི་བ་མཐོང་བ་མ་བཟོད་པར། གཡོག་དང་ནོར་རྫས་བཅས་ཕྱིན་ནས་ཡུལ་གཞན་དུ་བཏང་བ་ན། རིམ་པར་བྱོན་ཏེ་ཡུལ་ནཱ་ལེན་དྲར་སླེབས། བྲམ་ཟེ་སྒྲ་གཅན་འཛིན་གྱིས་རྗེ་སུ་བཟུང་སྟེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། རིག་སྔགས་ཀྱི་རྒྱལ་པོ་རྨ་བྱ་ཆེན་མོའི་སྒོ་ནས། དགུང་ལོ་དྲུག་བརྒྱའི་བར་དུ་སྐུ་ཚེ་བསྲིང་བར་མཛད་པ་དང༌། དེ་ནས་མདོ་སྔགས་རིག་གནས་དང་བཅས་པ་མཐར་ཕྱིན་ནས། ལོ་བཅུ་གཉིག་རིང་དགེ་འདུན་གྱི་ཞལ་ཏ་བ་མཛད་པ་མ་ཟད། གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ནས་དགེ་འདུན་པ་འཚོ་བ་སྦྱར། དགེ་སློང་བདེ་བྱེད་ཀྱིས་ཆོས་མིན་སྟོན་པའི་གཞུང་འབུམ་ཕྲག་བཅུ་གཉིས་ཚར་བཅད་པའི་དབང་གིས། ས་དང་པོ་རབ་ཏུ་དགའ་བ་ཡང་བརྙེས། དེ་ནས་སློབ་དཔོན་སྒྲ་གཅན་འཛིན་གྱི་བཀའ་བཞིན། གཙུག་ལག་ཁང་བྱེ་བ་གཅིག་ཙམ་བཞེངས། ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་མདོ་སྡེ་སོགས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་ཀླུ་ཡུལ་ནས་མི་ཡུལ་དུ་སྤྱན་དྲངས་ནས། དབུ་མ་རྩ་བ་ཤེས་རབ་སོགས་ཟབ་མོ་ལྟ་བའི་སྲོལ་རྒྱ་ཆེར་དཔེལ་ལོ།།

དེའི་སློབ་མ་ན་ག་ཧུ་དང༌། ཀླུའི་བྱང་ཆུབ། དགེ་སྲུང། ཨ་རྱ་དེ་བ་བཅས་བྱོན།།

དགེ་སྲུང་སློབ་མ་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་གཉིས་བྱོན། དེ་ལས་སངས་རྒྱས་བསྐྱངས་ཀྱིས། མཐའ་བཞིའི་སྐྱེ་བ་བཀག་པའི་ཚུལ་གྱིས། རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པ་ལི་མཛད་ནས། མཐའ་བཞིའི་སྐྱེ་བ་བཀག་པའི་ཚུལ་གྱིས། བདག་ལས་མ་ཡིན་གཞན་ལས་མིན། གཉིས་ཀ་མ་ཡིན་སྒྱུ་མེད་མིན། དངོས་པོ་གང་དང་གང་ན་ཡང༌། སྐྱེ་བ་རྣམས་ཡང་ཡོད་མ་ཡིན། ཞེས་ཐལ་འགྱུར་གྱི་དམ་བཅའ་བཞིའི་སྒོ་ནས་འགྲེལ་བ་ལ། ལེགས་ལྡན་བྱེད་ཀྱིས། དེ་རིགས་པའི་བཀག་ནས། རྩ་ཤེར་གྱི་དམ་བཅའ་བཞི་བོ་རང་རྒྱུད་ཀྱི་ཚུལ་དུ་འགྲེལ་བ་མཛད་པ་ན། དབུ་མ་ཐལ་རང་གི་སྲོལ་གཉིག་སུ་གྱིས་ཡང༌། ཆོས་ཅན་ཐ་སྙད་ཀུན་རྫོབ་ཀྱི་རྣམ་གཞག་ལ་རང་རྒྱུད་ཀྱི་ཚུལ་དང༌། ཐ་སྙད་འཇིག་རྟེན་ཇི་ལྟར་གྲགས་པ་ལྟར་ཁས་ལེན་པ་ཐལ་འགྱུར་བའི་ཁྱད་པར་ཙམ་ཡིན་པ་མ་ཟད། མཐར་ཐུག་ཆོས་ཉིད་དོན་དམ་པར་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བ་ཁས་ལེན་པར་མཐུན་ཞིང་ཁྱད་པར་མེད་ལ།།

ཀླུ་སྒྲུབ་སྐུ་ཚེ་སྨད་ཀྱི་སློབ་མ། འཕགས་པ་ལྷ་འམ་ཨཱརྱ་དེ་ཝ་ནི། སིངྒ་ལར་རྒྱལ་པོའི་མེ་ཏོག་ལྡུམ་རར་ནང་དུ་བརྫུས་ཏེ་འཁྲུངས་ཤིང༌། སྟོན་པས་ལུང་བསྟན་པ་ལྟར། ཀླུ་སྒྲུབ་ཀྱི་དགོངས་པ་མ་ནོར་བར། དབུ་མ་བཞི་བརྒྱ་པ་སོགས་མཛད། ཨརྱ་དེ་ཝ་སློབ་མ་དམང་རིགས་སྒྲ་གཅན་འཛིན་དང་སློབ་དཔོན་དཔའ་བོ་གཉིས་བྱོན་ནོ།།

ཡང་སྟོན་པ་འདས་ནས་ལོ་དགུ་བརྒྱ་ལོན་པ་ན། སློབ་དཔོན་ཐོག་མེད་བྱོན། དེ་ནི་ཀླུ་སྒྲུབ་སྐུ་ཚེ་སྨད་ཙམ་ཞིག་གི་སྐབས་སུ་ཡིན། ཁོང་དགའ་ལྡན་དུ་ཕེབས་ཏེ་རྒྱལ་ཚབ་བྱམས་མགོན་ལས་བྱམས་ཆོས་སྡེ་ལྔ་གསན་ཏེ་མི་ཡུལ་དུ་བསྒྲགས་ཤིང་རྒྱ་ཆེན་སྤྱོད་པའི་ཤིང་རྟའི་བཀའ་སྲོལ་ཐོག་མར་ཕྱེས་པ་མ་ཟད། དཔལ་ན་ལེན་དྲའི་མཁན་པོ་མཛད་དེ་སངས་རྒྱས་གཉིས་པ་ཞེས་མཚན་ཡང་ཐོབ།།

དེའི་སློབ་མ་དབྱིག་གཉེན་གྱིས། ཆོས་མངོན་པར་མཛོད་ཀྱི་རྩ་བ་དང་དེའི་འགྲེལ་བ་སོགས་བརྩམས་པ་མ་ཟད། མུ་སྟེགས་ཅན་གྱིས་རྒོལ་བ་ལྔ་བརྒྱ་ཙམ་ལུང་རིགས་ཀྱི་འཁྲུལ་འཁོར་རྣོན་པོས་འཐག་པར་མཛད་ནས། བྲམ་ཟེ་མུ་སྟེགས་བྱེད་སྟོང་ཕྲག་ལྔ་ཙམ་ནང་བའི་བསྟན་པ་ལ་བཙུད། ཐེགས་དམན་གྱི་དགེ་འདུན་པ་ཁྲི་ཡང་ཐེག་ཆེན་ལ་ཞུགས། སློབ་དཔོན་འདི་དང་བོད་རྒྱལ་པོ་ཐོ་ཐོ་རི་གཉན་བཙན་གཉིས་དུས་མཉམ་ཡིན་པ་གྲགས་སོ།

དེ་ལ་རང་ལས་མཁས་པའི་སློབ་མ་བཞི་ཡོད། ཕྱོགས་ཀྱི་གླང་པོ་དང༌། ཡོན་ཏན་འོད། བློ་གྲོས་བརྟན་པ། འཕགས་པ་རྣམ་གྲོལ་སྡེ་བཅས་བྱོན། དེ་ལས་སློབ་དཔོན་བློ་གྲོས་བརྟན་གྱི་སློབ་མ་ཙནྡྲ་གོ་མི་བྱོན། ཁོང་དང་དུས་གཅིག་པས་ཟླ་བ་གྲགས་པ་བྱོན་ནས། ལོ་བདུན་གྱི་བར་ཆོས་ཀྱི་རྩོད་པ་མཛད། དེས་སློབ་མ་ཕྱོགས་ཀྱི་གླང་པོ་བྱོན་ནས། རྣམ་རིག་ཏུ་བཀྲལ་བའི་དབུ་མ་བཞི་བརྒྱ་པ་མཛད། དེའི་སློབ་མ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང། དཔལ་ལྡན་ཆོས་སྐྱོང་གཉིས་བྱོན། ཞི་བ་ལྷའི་ཐལ་འགྱུར་བའི་ལུག་ལྟར་བྱང་ཆུབ་སེམས་དཔའི་སེམས་དཔའི་སྤྱོད་པ་ལ་འཇུག་པ་མཛད། དཔལ་ལྡན་ཆོས་སྐྱོང་སློབ་མ། ཆོས་ཀྱི་གྲགས་པ་སོགས་བྱོན་ནོ།

དེ་ཡང་སློབ་དཔོན་ཙནྡྲ་གོ་མི་དང་དུས་མཉམ་དུ། དཔལ་ལྡན་ཟླ་བ་གྲགས་པ་བྱོན། ཁོང་ནི་སངས་རྒྱས་བསྐྱངས་ཀྱི་ཡང་སྲིད་ཡིན་པ་མ་ཟད། དགེ་འདུན་པའི་ཞལ་ཏ་མཛད་པའི་སྐབས། རི་མོ་བྲིས་པའི་བ་ལས་འོ་མ་འཇོས་ནས། དགེ་འདུན་པ་རྣམས་ལ་དྲངས། དེ་ནས་ཁོང་གི་དབུ་མ་རྩ་བ་ཤེས་རབ་ལ། ཚིག་གི་འགྲེལ་བ་ཚིག་གསལ༌། དོན་གྱི་འགྲེལ་བ་དབུ་མ་འཇུག་པ་རྩ་འགྲེལ་དང༌། རིགས་པ་དྲུག་བཅུ་བ། བཞི་བརྒྱ་པའི་འགྲེལ་བ་རྣམས་མཛད་ནས། དབུ་མ་ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་ཞེས་གྲགས།

ཕྱིས་སུ་མཁན་ཆེན་ཞི་བ་མཚོ་བྱོན་ནས། ཐ་སྙད་དུ་སྣང་བ་སེམས་སུ་སྒྲུབ། སེམས་སྣང་སྒྱུ་མ། སྒྱུ་མ་བརྗོད་བྲལ་དུ་བསྒྲུབས་ནས། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ལྟར་ཞལ་གྱིས་བཞེས་པས། དབུ་མ་རང་རྒྱུད་གོང་མ་ཞེས་གྲགས། ཞི་མཚོ་སློབ་མ་ཀ་མ་ལ་ཤཱི་ལ་བྱོན།

དེའི་རྗེས་སུ་ན་ལེན་དྲ་ཆོས་སྡེ་ཆེན་པོ་ཡང་ཉམས་ཆགས་སོང་བ་ན། ཆུ་བོ་གངྒའི་འགྲམ་དེར་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཞེས་པའི་ཐེག་པ་ཆེན་པོའི་ཆོས་གཞི་ཞིག་ཆགས་ནས། བར་སྐབས་ཤིན་ཏུ་དར་རྒྱས་སུ་་གྱུར་ཏེ། ཕྱི་རོལ་པའི་རྩོད་པ་བཟློགས་ནུས་པ་སོགས་ཀྱི་པནྜི་ཏ་ཆེན་པོ་འམ། མཁས་པ་སྒོ་དྲུག་ཅེས། ཤར་སྒོ་སྲུང་བ་སློབ་དཔོན་ཤནྟི་པ་དང༌། ལྷོ་སྒོ་སྲུང་བ་ངག་དབང་གྲགས་པ། ནུབ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་སྦས་པ། བྱང་སྒོ་སྲུང་བ་ནཱ་རོ་ཏ་པ། དབུས་ཀྱི་ཀ་ཆེན་གཉིས་ནི། ཛྙཱ་ན་ཤྲཱི་མི་ཏྲ་དང༌། བྲམ་ཟེ་རིན་ཆེན་རྡོ་རྗེ་རྣམས་བྱོན། དེ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་ཆེན་དམ་པ་དུ་མ་བྱོན་པ་མ་ཟད། བོད་ལ་བཀའ་དྲིན་ཆེ་བའི་དཔལ་ལྡན་ཨ་ཏི་ཤ་ཆོས་གཞི་འདི་ནས་བྱོན་པ་དང༌། ཇོ་བོ་རྗེས་བཞུགས་པའི་སྐབས་སུ། ཆོས་སྡེ་དེ་མཁས་པ་ཆེན་པོ་པནྜི་ཏ་ལྔ་བཅུ་རྩ་གཉིས་ཙམ་བཞུགས་པ་ཡང་གསུངས། དེ་བཞིན་དུ་བོད་བསྟན་པ་ཕྱི་དར་གྱི་སྐབས་སུ། ལོ་ཆེན་རིན་ཆེན་བཟང་པོ་དང༌། འབྲོགས་མི་ལོ་ཙྭ་བ། བ་རི་ལོ་ཙྭ་བ། མར་བ་ལོ་ཙྭ་བ། རྔོག་ལོ་ཙྭ་བ། པ་ཚབ་ལོ་ཙྭ་བ་སོགས་འཕགས་ཡུལ་དུ་སློབ་གཉེར་དུ་ཕེབས་པ་ན། ཆོས་སྡེ་ཆེན་པོ་འདིའི་ནང་དུ་བྱོན་ཏེ། ཛྙན་ཤྲཱི་མི་ཏ་དང༌། ཤནྟི་པ་སོགས་པནྜི་ཏ་རྣམས་ལ་བསྟན་ཡོད་ཚུལ་སོགས་གྲགས་ཤིང༌། ཇོ་བོ་རྗེ་ཁོང་གི་དགེ་སློང་གི་སྡོམ་རྒྱུད་ནི། གནས་བརྟན་སྡེ་བའི་ལུགས་ཡིན་པས་བོད་དུ་སྤེལ་མི་རུང་གསུངས་ནས། དབུ་མ་ཐལ་རང་གཉིས་ཀའི་ཆོས་ཁྲིད་གསུངས་པ་དང༌། ཁ་ཆེ་པཎ་ཆེན་ནི་ཤར་སྒོ་སྲུང་བའི་པནྜི་ཏ་ཤནྟི་པས། ཐེག་ཆེན་སེམས་ཙམ་པའི་ལུགས་ལྟར་སོ་ཐར་གྱི་སྡོམ་རྒྱུད་སྤེལ་བར་མཛད་དོ།།

དྲུག་པ་གསང་སྔགས་རྡོ་རྗེ་ཐེག་པ་དར་ཚུལ་ནི།།

སངས་རྒྱས་མྱ་ངན་ལས་འདས་པའི་དུས། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག ཆོས་ཐམས་ཅད་ནི་མི་རྟག་པ། འབྱོར་བ་ཐམས་ཅད་ནི་རྒུད་པ། དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པ། གང་ཟག་གི་སྲོག་གི་དབང་པོ་ལ་ངེས་པར་སྐྱེ་ཤི་ཡོད་པའི་ཕྱིར་ང་ཡོངས་སུ་མྱ་ངན་ལས་འདའ་བས། གང་སུ་དག་ཐེ་ཚོམ་དང་སྤྲོས་པ་ཡོད་ན་དྲིས་ཤིག་གསུངས་པས། འཁོར་རྣམས་ཀྱི་ནང་ནས་རིག་འཛིན་ཆེན་པོ་ཀུཉྫར་ཞེས་བྱ་བ་སྟན་ལས་ལངས་ཏེ་གསོལ་བ།

ཁྱོད་ནི་ནམ་མཁའི་རང་བཞིན་ཏེ།།

འདའ་དང་མི་འདའ་ཡོངས་མི་མངའ།།

འཇིག་རྟེན་པ་ལ་མཐུན་འཇུག་ཏུ།།

འདའ་བས་ཡོངས་སུ་འདུལ་བ་དགོངས།།

ཞེས་དྲིས་པས། སྟོན་པའི་ཞལ་ནས།

འདྲེན་པའི་ཐེག་པ་རྣམ་གསུམ་ལ།།

གང་དག་རིམ་པར་བཀོད་ལགས་ན།།

མཉམ་པར་བླང་དོར་སྤྱོད་བྱེད་ཅིང༌།།

བྱང་ཆུབ་གཞན་ནས་མི་འཚོལ་བའི།།

ཐབས་མཆོག་དཔག་གིས་མི་ལང་པ།།

མཉམ་པའི་ཐེས་མཆོག་ཡོངས་མ་གསུངས།།

ཞེས་སྔར་གསང་སྔགས་མ་གསུངས་པའི་ཚུལ་དང་ཕྱིས་གསང་སྔགས་འབྱུང་བའི་དུས་ཀྱང་ལུང་དུ་བསྟན་པ་སྟེ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མ་ལས།

ང་ནི་འདི་ནས་མི་སྣང་ནས།།

ལོ་ནི་བརྒྱ་དང་ཉི་ཤུ་ན།།

བསྟན་པའི་སྙིང་པོ་དམ་པ་ཞིག།

ལྷ་གནས་གསུམ་དུ་གྲགས་པ་དེ།།

འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི།།

དཔལ་ཞེས་བྱ་བའི་རི་བོ་ལ།།

ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས།།

རྒྱལ་པོ་ཛཿཞེས་བྱ་བ་ལ།།

ལག་ན་རྡོ་རྗེས་སྣང་བར་བྱེད།།

མི་ལས་སྐལ་ལྡན་དམ་པ་རྣམས།།

བྱང་ཆུབ་མཆོགས་ཏུ་གྲུབ་གྱུར་པས།།

དེ་ལ་རྟག་ཏུ་གུས་པར་གྱིས།།

ཞེས་གསུངས་སོ། དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་ཉེ་ཤུ་ཡས་མས་ཙམ་ན། ལངྐའི་ཡུལ་རི་བོ་གནམ་ལྕགས་འབར་བའི་རྩེ་མོར་དམ་པའི་རིགས་ཅན་དྲྭ་མ་ལྔ་ལ། ཐོག་མར་ཕྱག་ན་རྡོ་རྗེས་དབང་བསྐུར་ཏེ། རྒྱུད་ཐམས་ཅད་གཏད་པའི་ཚེ། ས་ཧོར་རའི་རྒྱལ་པོ་ཛ་གསང་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པར་བཞུགས་པ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། ཇི་སྐད་དུ།

སྐུ་གསུང་ཐུགས་རྟགས་ཐིམ་པ་དང༌།།

རིན་ཆེན་གླེགས་བམ་བབས་པ་དང༌།།

ཆོས་ཀྱི་བགྲོ་བ་བྱེད་པ་དང།།

ཀུན་གྱི་དམ་པར་བསྒྲགས་པ་དང༌།།

མཆོད་པ་ཆེན་པོ་བྱས་པ་དང༌།།

རིན་ཆེན་ཆར་དུ་བབས་པ་དང༌།།

སངས་རྒྱས་ས་ལ་ལུང་བསྟན་པ།།

ཞེས་གསུངས་པ་ལྟར། རྒྱལ་པོ་ཛ་ནི་སྟོན་པས་མདོ་རྒྱུད་ཐམས་ཅད་ལས་ལུང་བསྟན་པའི་སྐྱེས་བུ་ཡིན་སྟེ། བདེ་མཆོག་སྡོམ་བྱུང་གི་རྒྱུད་ཕྱི་མ་ལས།

ང་ནི་འདི་ནས་མི་སྣང་ནས།།

ལོ་གྲངས་བརྒྱ་དང་བཅུ་གཉིས་ན།།

ལྷ་གནས་གསུམ་དུ་གྲགས་པ་ཡི།།

བསྟན་པའི་སྙིང་པོ་དམ་པ་ཞིག།

འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི།།

རྒྱལ་པོ་ཛ་ཞེས་བྱ་བ་ལ།།

བསོད་ནམས་ཆེན་པོའི་མཐུས་སྣང་བའི།།

བསང་བའི་བདག་པོ་སྣང་བར་འགྱུར།།

ཞེས་གསུངས་པ་ལྟར། སྔོན་གྱི་ལོ་རྒྱུས་སྨར་བ་དག་གི་བཤད་གསོལ་རྟར་ན། རྒྱལ་པོ་ཛ་ནི་ཨིནྡྲ་བྷུ་ཏི་ལ་གོ་དགོས་པ་ཡིན་ལ། དེ་ཡང་རྒྱལ་པོ་ཨིནྡྲ་བྷུ་ཏི་རྒྱུད་སྡེ་འོག་མའི་རྣམ་འབྱོར་སྒོམ་ཞིང་བཞུགས་པའི་ཚེ། སྔོན་གྱི་རྨི་ལྟས་བཟང་པོ་བདུན་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་པ་སྟེ། ཀྲི་ཡའི་རྒྱུད་རྣམས་ཝཱ་ར་ཎ་སིར་བབས། ཨུ་པ་ཡུའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བ་ཚལ་དུ་བབས། ཡོ་གའི་རྒྱད་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱུད་ཀྱི་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་བ་གཅིག་བཅས་རྒྱལ་པོ་ཨིནྡྲ་བྷི་ཏིའི་ཁང་སྟེང་དུ་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་ལངྐའི་གླིང་གི་རི་བོ་མ་ལ་ཡར་གླེགས་བམ་དང་བཅས་ཏེ་ཆར་བབས་པར་གྱུར་ཏོ། དེ་ནས་གསོལ་བ་བཏབས་པས། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་རི་བོ་ལེའུ་རྟོགས་ཤིང་དེ་དང་ཕྱག་ན་རྡོ་རྗེའི་སྐུ་ལ་བརྟེན་ནས་ཟླ་བ་བདུན་ལ་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་དོན་མ་ལུས་པ་མཁྱེན་ནས་དགའ་བ་དང་བཅས།

ཤར་ཕྱོགས་ཨིནྡྲ་བྷུ་ཏི་ངས།།

གསང་བའི་བདག་པོས་མངོན་བསྟེན་པའི།།

སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང༌།།

ཚོམ་བུ་ལྔ་བཅུ་སྟོང་དང་བཅས།།

ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ།།

སྤང་ལེན་བརྟུལ་ཞུགས་སྤྱོད་པའི་དབང༌།།

དགེ་བར་བསྐུལ་ནས་སྡིག་པ་མེད།།

དེ་ནས་ས་ལ་རེག་པར་བྱས།།

ཞེས་གསུངས། དེ་ནས་རྒྱལ་པོ་ཨིནྡྲ་བྷུ་ཏིའི་རྒྱུད་སྡེ་རྣམས་སྦས་པའི་ཚུལ་གྱིས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བཤད། རྒྱ་གར་ཁྱིའི་མིང་ལ་ཀུ་ཀུ་བྱས་པ་དང་རཱ་ཛ་ནི་རྒྱལ་པོ་ལ་གོ་དགོས། རྒྱལ་པོ་འདི་ཉིད་ལ་ཁྱི་མང་པོ་ཡོད་པའི་ཕྱིར་ན། སློབ་དཔོན་ཀུ་ཀུ་རཱ་ཛ་ཞེས་བརྗོད། དེ་ཡང་སློབ་དཔོན་དེའི་ཉིན་མོ་ཁྱི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲགས་རེ་ལ་ཆོས་སྟོན་ཅིང༌། མཚན་མོ་དེ་དག་དང་ལྷན་དུ་དུར་ཁྲོད་ཀྱི་གནས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་སྤྱོད་ལ་ལོ་བཅུ་གཉིས་བར་སྤྱད་པས་མཐར། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེད་པ་མ་ཟད། མཉམ་སྦྱོར་རྩལ་དུ་བཏོན་ཞིང༌། གསང་དོན་རྣམ་པར་དགོད་པ་དྲུག་དང༌། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེ་སུ་འཇུག་པའི་ཆོ་ག་ལྔ་བ་སོགས་བསྟན་བཅོས་དུ་མ་མཛད་དོ།

སློབ་དཔོན་ཀུ་ཀུ་རཱ་ཛའི་ཤཱ་ཀྲ་པུ་ཏྲི་ལ་བཤད། སློབ་དཔོན་འདི་ཉིད་ཏིང་ངེ་འཛིན་བསྒོམས་ཤིང་བཞུགས་པས་ནམ་ཕྱེད་ཙམ་ན་མུ་སྟེགས་པའི་མཁའ་འགྲོ་རྣམས་ཀྱིས་རྡོ་ཆར་ཕབ་པ་བསྐྱེད་རིམ་བསྒོམས་པས་གནོད་མ་ཐུབ། ཡང་སྐྱེད་རིམ་གྱི་ཕན་ཡོན་དེ་འདྲ་ཡོད་ན་རྫོགས་རིམ་གྱི་ནུས་པ་བསྟན་པར་བྱའོ་དགོངས་ནས། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་རྡོ་ཐམས་ཅད་ནམ་མཁའ་ལ་ཆགས་ནས་དེང་སང་བ་མ་ཟད། སྒྲུབ་ཕུག་འདིའི་སྟེང་གི་ནམ་མཁའ་ལ་ཕ་ཝང་ཆེན་པོ་རྟེན་མེད་དུ་ཡོད་པ་དང༌། བྲག་མེ་ལོང་ལྟར་འཇམ་པའི་ངོས་ལ་ཕ་ཝོང་མང་པོ་ཆགས་པ་མངོན་སུམ་དུ་ཀུན་གྱི་མཐོང་ཆོས་སུ་གྱུར། ཡང་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་དུ་ལོ་བཅུ་གཉིས་སུ་འོད་གསལ་ཆོས་དབྱིངས་ངང་ཐུན་གཅིག་ལ་མཉམ་པར་བཞག་པ་སོགས་གྲུབ་པ་ཐོབ་པའི་རྟགས་སྐྱེ་བོ་རྣམས་ལ་བསྟན་པའི་ལོ་རྒྱུས་ཤིན་ཏུ་མང༌། ཕྱིས་སུ་ཨོ་རྒྱན་གྱི་ཡུལ་རྒྱལ་པོ་དང་སློབས་དཔོན་གཉིས་ཆར་གྱིས་གདམས་པ་བསྟན་པས་ཐམས་ཅད་རིག་པ་འཛིན་པའི་ས་ལ་གཤེགས་པས་ཡུལ་སྟོངས་སུ་ཉེ་བར་གྱུར་རོ།

ཤཱ་ཀྲ་པུ་ཏྲིའི་སློབ་དཔོན་སེང་ཧ་རཱ་ཛ་ལ་བཤད། ཁོང་གིས་སློབ་ཚོགས་འཁོར་སྟོང་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས།

སློབ་དཔོན་སེང་ཧ་རཱ་ཛའི་ཨུ་པ་རཱ་ཛ་ལ་བཤད་དེ་འཁོར་ཚོམ་བུ་བརྒྱ་དང་དེས་སྲས་མོ་གོ་མ་དེ་བཱི་ལ་བཤད་པས་འཁོར་ཚོམ་བུ་ལྔ་བཅུ་དང་བཅས་ཀུན་ཀྱང་ཟུང་འཇུག་རྡོ་རྗེ་འཆང་གི་སར་གཤེགས། དེས་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་བཤད། འདི་ནི་ཀུ་ཀུ་རཱ་ཛ་ཕྱི་མ་ཞེས་གྲགས། རྒྱལ་པོ་ཀུ་ཀུ་རཱ་ཛའི་སློབ་དཔོན་སྒེག་པ་རྡོ་རྗེ་དང༌། རོ་ལངས་བདེ་བའི་དངོས་གྲུབ། དྲང་སྲོང་བྷཱ་ཥི་ཏ། ནཱ་གརྫུ་ན་བཞི་ལ་བཤད།

དེ་ལས་སློབ་དཔོན་སྒེག་པ་རྡོ་རྗེ་ནི། ཡུལ་ཥམ་ཥར་ལ་སྐུ་འཁྲུངས་ཤིང༌། ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ནས་མཚན་ལ་དཔལ་ལྡན་བྱང་ཆུབ་ཞེས་གྲགས། སྡེ་སྣོད་གསུམ་ལ་སྦྱངས་ཤིང་ཐོགས་མེད་ལུགས་ཀྱི་གྲུབ་མཐའ་ལ་ལྷག་པར་དུ་མཁས། ཨོ་རྒྱན་ཡུལ་གྱི་གླིང་ཕྲན་མ་དྷིམ་ཞེས་བྱ་བར་འཇམ་དཔལ་སྒྲུབ་སྐབས། བྲིས་སྐུའི་ཞལ་ནས་འོད་ཟེར་བྱུང་སྟེ་གླིང་དེར་ཡུན་རིང་སྣང་བས་ཉི་མ་དང་འདྲ་བར་ཞེས་མཚན་གསོལ། ཡང་ལྟ་བ་ལོག་པ་ཞིག་གི་བཀྲོང་དུ་འོངས་བ་ན། གླང་པོ་ཆེ་དང༌། རྟ་དང༌། མ་ཧེ་དང༌། ཁྱེའུ་དང༌། བུ་མོ་དང༌། རྨ་བྱ་ལ་སོགས་པ་སྣ་ཚོགས་པའི་གཟུགས་སུ་སྣང་བར་མཛད་པས། སྣ་ཚོགས་གཟུགས་ཅན་ཞེས་མཚན་དུ་གྲགས། དེ་ནས་སྐུ་ཚེ་སྨད་དུ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་བའི་དོན་མཛད་པ་དང༌། ཕྱིས་སུ་དཔལ་ན་ལེནྡྲར་ལོ་བཅུ་བཞུགས་ནས་གསང་སྔགས་ཀྱི་བསྟན་པ་རྒྱ་ཆེ་སྤེལ་བ་མ་ཟད། བླ་མེད་ལུགས་སུ་བཀྲལ་བའི་ཊཱི་ཀ་དང༌། དགྱིས་པ་རྡོ་རྗེའི་རྫོགས་རིམ་ཐིག་ལེ་ཆེན་པོའི་རིམ་པ། འདུས་པ་ལ་རྒྱད་ཀྱི་བཤད་པ་བླ་མའི་མན་ངག་གིས་བཤད་པ་དང༌། ཁྱེད་པར་དུ་ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་གཞན་དང༌། གསང་སྙིང་འགྲེལ་བ་རིན་ཆེན་སྤར་ཁབ། ཐུགས་ཐིག དམ་ཚིག་གསལ་བཀྲ། རིག་པ་དྲུག་པ། ཕྲ་རྒྱས་སོགས་སྒྱུ་འཕྲུལ་སྐོར་གྱི་བསྟན་བཅོས་མང་དུ་མཛད་ནས། མཐར་ཟུང་འཇུག་རྡོ་རྗེ་འཆང་གི་སར་གཤེགས་སོ།

ཡང་སློབ་དཔོན་སྒེག་པ་རྡོ་རྗེའི་སངས་རྒྱས་གསང་བ་ལ་བཤད། སློབ་དཔོན་སངས་རྒྱས་གསང་བ་ནི། ནཱ་ལེནྡྲར་ནས་རབ་ཏུ་བྱུང་ནས། སྐུ་ཚེའི་སྟོད་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ལ་བསྟེན། ཝྭ་ར་ཎཱ་སིའི་གནས་ཤིན་ཏུ་འཇམ་དཔལ་བསྒྲུབས་པས་བྲིས་སྐུ་བཞད་ཅིང་དངོས་གྲུབ་ཀྱི་རྫས་བ་དམར་གྱི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་གྲུབ་པའི་རྟགས་སུ་མཁྱེན་ཞིང༌། ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་གསོལ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་ཅུང་ཟད་ལུས་པ་ན། གནོད་སྦྱིན་མོ་ཞིག་གིས་བར་ཆད་བརྩམས་ནས་སློབ་དཔོན་གྱི་འགྲམ་པར་ཐལ་ལྕགས་བསྣན་པས་ཅུང་ཟད་བརྒྱལ། སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང༌། མར་ཁུ་ཡང་སར་བོ་བ་གཟིགས། འོན་ཀྱང་རྡུལ་ཕྱིས། མེ་ཏོག་དབུ་ལ་ཕུལ། མར་ཁུ་གང་ཡོད་གསོལ་བས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཏེ་སྟོབས་དང་གཟི་བརྗིད་ལྡན་པ། བློ་ཤིན་ཏུ་རྣོ་ཞིང་མངོན་པར་ཤེས་པ་ལ་དབང་བསྒྱུར་བ་བྱུང༌། སྐབས་དེར་ཨོ་རྒྱན་གྱི་ཡུལ་དུ་བྱོན་པས་སློབ་དཔོན་སྒེག་པ་རྡོ་རྗེ་དང་མཇལ། རྣལ་འབྱོར་རྒྱུད་དང་བླ་མེད་ནང་རྒྱུད་སྡེ་ལྔ་གསན་ཞིང་ཁྱད་པར་དུ་སྒྱུ་འཕྲུལ་ལ་མཁས། ཕྱིས་སུ་སངས་རྒྱས་ཞི་བ་དང་མཉམ་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས། རིའི་རྩ་བར་འཕགས་མ་སྒྲོལ་མས་ཀླུའི་ཚོགས་ལ་ཆོས་སྟོན་པ་དང༌། སྐེད་པར་ཁྲོ་གཉེར་ཅན་མས་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་དང༌། རྩེ་མོ་འཕགས་པ་མངོན་སུམ་དུ་བཞུགས་པ་ཡང་རང་རང་གི་སྣང་བ་དང་མཐུན་པར་མཇལ། དེར་སངས་རྒྱས་གསང་བས་ཞབས་ས་ལ་མི་རེག་པ་སོགས་ཀྱི་དངོས་གྲུབ་ཀྱང་བསྙེས། འཕགས་མ་སྒྲོལ་མས་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན། ཚུར་སླེབས་ནས་ཝྭ་རྭ་ཎཱ་སི་སོགས་སུ་ལོ་པོར་ཆོས་བཤད། སླར་སྒྲོལ་མས་ལུང་བསྟན་པ་ལྟར་གངས་ཏི་སེར་བྱོན་ནས་སྒྲུབ་པ་མཛད་པས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་གཟིགས་ཤིང་འཇམ་དཔལ་དབྱངས་ལ་མི་དང་མི་ལབ་པ་བཞིན་དུ་གྱུར། འདི་དུས་བོད་ཀྱི་རྒྱལ་རབས་སོ་དྲུག་པ་ཆོས་རྒྱལ་བཙན་པོ་ཨག་ཚོམ་ཅན་ལ་ཆོས་སྐྱེས་བསྐུར་བར་མཛད་པས་བོད་ཡུལ་ལའང་བཀའ་དྲིན་ཤིན་ཏུ་ཆེ། སློབ་དཔོན་འདིས་གསང་བ་སྙིང་པོའི་འགྲེལ་པ་རྣམ་དབྱེ་དང༌། རྡོ་རྗེ་ལས་རིམ་དང༌། དཀྱིལ་འཁོར་ཆོས་དོན། དམ་པ་རྒྱན། དྲྭ་ཆེན་དྲྭ་ཆུང༌། ལམ་རིམ་ཆེ་ཆུང༌། ཞི་ཁྲོའི་མངོན་པར་རྟོགས་པའི་རིམ་པ་རྣམས་དང༌། རྣལ་འབྱོར་རྒྱུད་ལའང་རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ་དང༌། རྣམས་སྣང་མངོན་བྱང་གི་བསྡུས་འགྲེལ། བསམ་གཏན་ཕྱི་མའི་རྒྱས་འགྲེལ་སོགས་མཛད་ནས་མཐར་སྐུ་ལུས་མི་སྣང་བར་འོད་གསལ་ཆོས་དབྱིངས་སུ་བྱང་ཆུབ་པའོ།།

ཡང་སློབ་དཔོན་རོ་ལངས་བདེ་བའི་དགའ་རབ་རྡོ་རྗེ་ལ་བཤད། དེ་དང་དྲང་སྲོང་བྷཱ་ཥི་ཏ་གཉིས་ཀྱིས་ཟ་ཧོར་གྱི་རྒྱལ་པོ་པྲ་བྷཱ་ཧསྟི་ལ་བཤད་སྟེ་སློབ་དཔོན་འདི་ཉིད་ནི། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་རིགས་སུ་སྐུ་འཁྲུངས། ཙི་ཏ་བ་རིའི་ཡུལ་གྱི་སློབ་དཔོན་ཞི་བ་འོད་དང༌། མ་རུའི་ཡུལ་གྱི་འདུལ་འཛིན་ཆེན་མོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཤྭཀྱ་འོད་ཞེས་གསོལ། སྡེ་སྣོད་གསུམ་ལ་མཁས་པར་སྦྱངས་ཤིང་སློབ་དཔོན་རྡོ་རྗེ་བཞད་པ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པ་དུ་མ་ལ་བསྟེན་ནས་རྒྱུད་སྡེ་ཐམས་ཅད་ཐུགས་སུ་ཆུད་ཅིང་མཆོག་གི་དངོས་གྲུབ་བརྙེས་པར་གྲགས། སྔགས་སུ་ཞུགས་པའི་མཚན་ལ་གླང་པོའི་འོད་དེ་པྲ་བྷ་ཧསྟི་ཞེས་འབྱུང༌། སློབ་དཔོན་འདིའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་རྣམ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བ་ཀོ་ས་ལའི་རྒྱན་ཞེས་བྱ་བ་བརྩམས། སློབ་དཔོན་འདི་གཉིས་ཀ་ཁ་ཆེར་བྱོན་ནས་འགྲོ་དོན་རྒྱ་ཆེན་བྱུང་བ་དང༌། སློབ་དཔོན་ཆེན་པོ་པད་མ་སམྦྷ་ཝས་ཀྱང་འདི་ལས་རིང་བརྒྱུད་ཀྱི་ཚུལ་དུ་གསན་པར་མཛད་ཅིང༌། སློབ་དཔོད་ཆེན་པོ་རྒྱལ་པོ་ཛ་ཉིད་ལས་གསན་པའི་ཉེ་བརྒྱུད་ཀྱང་བཞུགས། སློབ་དཔོན་སངས་རྒྱས་གསང་བས་ཀྱང་འདི་ལས་གསན་པ་གྲགས་ཤིང༌། སྒེག་པ་རྡོ་རྗེ་དང་སངས་རྒྱས་གསང་བ་གཉིས་ལས་སློབ་དཔོན་བཱི་མ་ལས་གསན་ནས་སྙིང་འགྲེལ་ཁོག་གཞུང་གསལ་སྒྲོན་ཡང་མཛད། གཞན་ཡང་ནཱ་གརྫུ་ནས་སློབ་དཔོན་ཧཱུྃ་ཀ་ར་དང༌། དགའ་རབ་རྡོ་རྗེས་ཤྲཱི་སེང་ཧ་ལ་བཤད་པར་མཛད་པ་བཅས་འཕགས་ཡུལ་དུ་བརྒྱུད་པའི་ཆུ་མགོ་མི་འདྲ་བ་དུ་མ་ཡོད་ཀྱང་བོད་དུ་གཉགས་གནུབས་ཟུར་གསུམ་ལ་བཀའ་བབ་ནས་ཆུ་བོ་གཅིག་འདྲེལ་སུ་གྱུར་པའི་བཀའ་སྲོལ་ད་ལྟའི་བར་རྒྱུན་མ་ཆད་པར་གནས་སོ།།

བདུན་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བརྒྱུད་ཚུལ་ནི།

དེ་ཡང་རྩོལ་མེད་ཨ་ཏི་རྫོགས་པ་ཆེན་པོ་འབྱུང་བའི་ཚེ། སུམ་ཅུ་རྩ་གསུམ་གྱི་ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་བཀྲ་ཤིས་པའི་རྨི་ལྟས་ཁྱད་པར་ཅན་བཞི་བྱང་བ་དང་མཐུན་པར་རྡོ་རྗེ་སེམས་དཔའ་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་ལྷའི་གནས་སུ་དར། དེ་ནས་མི་ཡུལ་དུ་གསང་བའི་བདག་པོས་དུར་ཁྲོད་མེ་རི་འབར་བར་མཁའ་འགྲོ་དང༌། མཁའ་འགྲོ་མ། གྲུབ་པ་དང༌། རིག་པ་འཛིན་པའི་ཚོགས་ལ་གསང་བ་སྔགས་ཀྱི་ཆོས་བསྟན་པའི་ཚེ་སློབ་དཔོན་དགའ་རབ་རྡོ་རྗེ་མི་ཡུལ་དུ་བྱོན་པ་སྟེ། ཇི་སྐད་དུ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས།

ང་ནི་མྱ་ངན་འདས་འོག་ཏུ།།

ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ།།

དྷ་ན་ཀོ་ཤའི་ལྷ་ལྕམ་ལ།།

ཕ་མེད་བུ་སྟེ་བཛྲ་ཧེ།།

འདིས་ནི་དམ་པའི་བསྟན་པ་འཛིན།།

ཞེས་པ་ལྟར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་དུ། བདེ་བྱེད་བརྩེགས་པའི་མཆོད་རྟེན་ཞེས་གྲགས་པ་ལྷ་ཁང་ཆེན་པོ་གཅིག་ལ་ལྷ་ཁང་ཆུང་ངུ་སྟོང་དྲུག་བརྒྱ་བརྒྱད་ཀྱིས་བསྐོར་བའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་གནས་སུ། ཡབ་རྒྱལ་པོ་ཨུ་པ་ར་ཛ་དང་ཡུམ་སྣང་གསལ་འོད་ལྡན་མ་གཉིས་ལ་སྲས་མོ་པྲ་ར་ནི་བྱ་བའི་དགེ་སློང་མ་ཞིག་བྱུང༌། དེ་ཉིད་ཡུལ་དེ་ནས་དཔག་ཚད་ཙམ་འདས་པའི་གསེར་གྱི་བྱེ་མ་བརྡལ་བའི་མཚོའི་འགྲམ་ན་བསམ་གཏན་སྒོམ་པའི་ཚེ། ཤིང་མོ་གླང་གི་ལོའི་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོག་རངས་ལ་རྨི་ལམ་ནང་དུ། ཤེར་གྱི་སྐྱེ་བུ་འོད་དང་ལྡན་པ་གཅིག་གིས་ཤེལ་བུམ་དཔའ་བོ་འབྲུ་ལྔས་མཚན་པས་དབང་བསྐུར་བ་རྨིས། དེའི་ནང་པར་མཚོ་ཀུ་ཏྲིའི་འགྲམ་དུ་ཁྲུས་བྱས་ནས་ཁ་ཤར་དུ་ཕྱོགས་ནས་འདུག་པ་ལ། ཕྱག་ན་རྡོ་རྗེ་གསེར་གྱི་ངང་བ་ཞིག་ཏུ་སྤྲུལ་ནས་ལྷའི་བུ་སེམས་ལྷག་ཅན་ཡི་གེ་ཧཱུྃ་ཞིག་ཏུ་བསྡུས། སྤྲུལ་བའི་བྱ་ངང་བ་བཞི་དང་བཅས་ནམ་མཁའ་ལས་བབས་སྟེ་སྲས་མོའི་མདུན་དུ་ཁྲུས་བྱས་པའི་མཐར་སྤྲུལ་བཞི་ནམ་མཁའ་ལ་འཕུར་ནས། སྤྲུལ་བའི་གཙོ་བོ་གསེར་གྱི་བྱ་དེ་སྲས་མོའི་སྙིང་ཁར་མཆུ་ལན་གསུམ་གཏུགས་ནས་ཧཱུྃ་འོད་འབར་བ་ཞིག་བསྟིམས་ནས་སྔར་གྱི་གནས་སུ་འཕུར་རོ། དེ་ནས་མི་རིང་བར་ཟླ་དུས་ཚང་བ་ན་རྡོ་རྗེ་སེམས་དཔའི་སྤྲུལ་བ་ལྷའི་བུ་སེམས་ལྷག་ཅན་ཞེས་རྫོགས་པ་ཆེན་པོ་ལྷ་ཡུལ་དུ་དར་བར་བྱེད་པ་དེ། དགེ་སློང་མའི་རྩིབ་མ་གཡས་པའི་གོ་བར་ནས་ཁྱེའུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་དུ་སྤྲུལ་ནས་འཁྲུངས་པ་ན། ཡུམ་དགེ་སློང་མ་ཤིན་ཏུ་ངོ་ཚ་ནས་སྨས་པ།

ཕ་མེད་བུ་འདི་འདྲེ་བས་གཞན་པ་སུ།།

གལ་ཏེ་ལྷ་དང་ལྷ་མིན་སྣ་ཚོགས་གཟུགས།།

འདི་ལྟར་འབྱུང་བའི་དཔེ་ནི་སུས་མཐོང་མེད།།

རྒྱལ་ཁམས་ཆོས་མེད་འདི་ནི་སུ་ལ་སྲིད།།

ཅེས་སོགས་སྨེ་སྔགས་མང་དུ་བཏོན་ནས། དོང་དུ་བསྐྱུར་བ་ན་སྒྲ་དང་འོད་ལ་སོགས་པའང་བྱུང་བར་གྱུར་རོ། དེ་ནས་ཞག་གསུམ་ནས་བལྟས་པས་ཅི་ཡང་མ་ཉེས་པར་མཐོང་བས། སྤྲུལ་བ་ཡིན་པར་ཤེས་ཏེ་བཀུར་སྟི་ཆེན་པོ་དང་བཅས་སྤྱན་དྲངས་པ་ན། བར་སྣང་ནས་ལྷ་རྣམས་ཀྱིས།

མགོན་པོ་ཆེན་པོ་བཅོམ་ལྡན་འདས།།

བདག་ཀྱང་རབ་ཏུ་སྐྱབས་པ་དང༌།།

ནམ་མའི་རྡོ་རྗེ་དེང་བདག་གསོལ།།

ཞེས་བཀྲ་ཤིས་པར་བརྗོད་ཅིང་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པའི་སྤྲིན་གཏིབས་ཏེ་ལྷ་ཀླུ་དང་གནོད་སྦྱིན་ལ་སོགས་པས་ཙནྡན་དང་གུར་གུམ་གྱི་ཆར་འབེབས་པ་སོགས་བྱུང་ངོ། ལོ་བདུན་སོང་བ་ན་སྲས་ཀྱིས་ཡུམ་ལ། བདག་གིས་པཎྜི་ཏ་རྣམས་ལ་ཆོས་ཀྱི་གཏམ་བགྲོ་གླེང་བྱེད་པར་བྱ་བ་གསོལ་བས། ཡུམ་གྱིས་བུ་ཁྱོད་ཤིན་ཏུ་གཞོན་པས་པཎྜི་ཏ་རྣམས་མཁས་ཤིང་གཞུངས་པས་ཁྱོད་ཀྱིས་ཐུབ་པ་དཀའ་ཟེར། ཅིས་ཀྱང་བགྱི་བར་གསོལ་བ་ན། རྒྱལ་པོ་ཨུ་པ་ར་ཛའི་བསམ་པ་ལ་ཁྱེའུ་འདི་ནི་གཞོན་པས་པཎྜི་ཏ་རྣམས་དང་ཆོས་ཀྱི་གཏམ་འོང་བ་དཀའ་མོད་ཀྱི། འོན་ཀྱང་ལུས་ལ་སྐྱེ་བུ་ཆེན་པོས་མཚན་མང་པོ་འདུག་པས་ཐོབ་སྲིད་སྙམ་ནས། མཆོད་གནས་པཎྜི་ཏ་ལྔ་རྒྱ་དང་བརྩོད་པ་བྱས་པས་སུས་ཀྱང་མ་ཐུབ་སྟེ་སྤྲུལ་པའི་སྐུ་དངོས་ཡིན་པ་ཤིས་ནས་ཞབས་སྤྱི་བོར་བླངས། རྒྱལ་པོ་ངོ་མཚར་ཞིང་རབ་ཏུ་དགའ་བས་ན་དགའ་རབ་རྡོ་རྗེ་ཞེས་མཚན་གསོལ། དེ་ནས་བྱང་ཕྱོགས་ཉི་མ་སྣང་བྱེད་ཞེས་བྱ་བར་ཡི་དྭགས་དྲགས་པོ་གནས་པའི་རི་ལ་ལོ་སུམ་ཅུ་རྩ་གཉིས་བར། འོད་གསལ་རྫོགས་པ་ཆེན་པོ་ངང་རབ་ཏུ་གནས་པའི་ཚེ། ས་ཆེན་པོ་ལན་དུ་མར་གཡོས་ཤིང་ནམ་མཁའ་ལས་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ་ཞེས་སྒྲ་ཆེན་པོ་བྱུང་བས། མུ་སྟེག་ཀྱི་རྒྱལ་པོས་ཐོས་པས་གཤེད་མ་བཏང་ནས་བཀྲོང་བར་བརྩམས་པ་ན། སློབ་དཔོན་དེ་མ་ཐག་ནམ་མཁའི་ལམ་ནས་གཤེགས་པ་མཐོང་བས་རྒྱལ་པོ་འཁོར་བཅས་དད་དེ་ནང་བས་བསྟན་པ་ལ་ཞུགས། དེ་ནས་ཐེགས་པ་ཕྱི་ནང་གི་སྡེ་རྣམས་དང༌། ཁྱེད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས། རྡོ་རྗེ་སེམས་དཔའ་ཞལ་མངོན་སུམ་དུ་བསྟན་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན། ཚིག་གི་རྒྱུད་རྣམས་ཡི་གེར་འགོད་པའི་གནང་བ་བྱིན་ཏེ་རིམ་མ་ལ་ཡའི་རིན་ཆེན་སྤུངས་པ་རྒྱས་པའི་རྩེ་མོར་སློབ་དཔོན་ཉིད་དང༌། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་གསུམ་གྱིས་ལོ་གསུམ་བར་བྲིས་ནས་གླེགས་བམ་དུ་བཀོད་ནས། མཁའ་འགྲོ་སེམས་ལྡན་མས་བཞུགས་སུ་གསོལ་སྟེ་མཆོད་པར་བྱེད་དོ། དེ་ནས་སློབ་དཔོན་ཁྱབ་འཇུག་གི་བུ་མོ་གཅེར་བུ་ལ་ཆིབས་ཏེ་དུར་ཁྲོད་བསིལ་བ་ཚལ་དུ་བྱོན་ནས། མཁའ་འགྲོ་མ་རྣམས་ལ་འོད་གསལ་རྫོགས་པ་ཆེན་པོ་མངོན་དུ་བསྟན་པས། མཁའ་འགྲོ་མ་འབུམ་ཕྲག་མང་པོ་འཇའ་ལུས་སུ་གྲུབ་པ་མ་ཟད། སློབ་དཔོན་ཉིད་ཀྱང་ཆུ་བོ་དན་ཏིག་བྱ་བར་འོད་ཕུང་དུ་ཡལ་ལོ།།

དེའི་བརྡའ་ཡི་རྒྱུད་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། ཇི་སྐད་དུ། ཐལ་འགྱུར་ལས།

དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས།།

བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ།།

མཉྫུ་ཤྲཱི་པ་ཏི་ཞེས།།

ལོ་ནི་བདུན་ཅུ་རྩ་ལྔར་འཛིན།།

ཞེས་ལུང་བསྟན་པ་ལྟར་སློབ་དཔོན་འཇམ་དཔལ་བཤེས་གཉེན་དགའ་རབ་རྡོ་རྗེ་དྲུང་དུ་ལོ་ལྔའི་རང་ཨ་ཏི་རྫོགས་པ་ཆེན་པོ་རྒྱུད་དཔག་ཏུ་མེད་པ་གསན་པ་མ་ཟད། མཐར་དགའ་རབ་རྡོ་རྗེ་འོད་ཕུང་དུ་ཡལ་བའི་ཚེ། འཇམ་དཔལ་བཤེས་གཉེན་གྱིས་གདུང་ཚིག་ལན་གསུམ་བཏོན་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྐུ་མངོན་སུམ་སྣང་བར་མཛད་དེ། གསེར་གྱི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་ཏུ་བབས་སྟེ་གཟིགས་པ་ཙམ་གྱི་དགའ་རབ་རྡོ་རྗེ་དང་རྟོགས་པ་མཉམ་པར་གྱུར་ནས། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སྡེ་གསུམ་དུ་ཕྱེ་ཏེ། སེམས་གནས་རྣམས་ལ་སེམས་ཀྱི་སྡེ། བྱ་བྲག་རྣམས་ལ་ཀློང་གི་སྡེ། གནས་གཙོ་བ་ལ་མན་ངག་གི་སྡེ། ཞེས་པ་ལྟར་རྫོགས་པ་ཆེན་པོ་སྡེ་གསུམ་དུ་ཕྱེས་ཤིང་གནད་ལས་ཟབ་པ་སྙིང་གི་ཐིག་ལེའི་སྐོར་ལ་བཤད་རྒྱུད་དང༌། རྣ་རྒྱུད་གཉིས་སུ་ཕྱེས་ནས་རྣ་རྒྱུད་མཆན་དུ་བཏབ། བཤད་རྒྱུད་སྙིང་གི་ཐིག་ལེ་རེ་ཞིག་སྤེལ་བའི་སྣོད་མ་རྙེད་པས་རྡོ་རྗེ་གདན་གྱི་བྱང་ཤར་ཕ་ཝང་ཆེན་པོ་ཞིག་གི་འོག་ལ་གཏེར་དུ་སྦས། རྒྱལ་པོ་ཨུ་པ་ར་ཛ་ལ་སོགས་པ་འཁོར་སློབ་མ་མང་པོ་འཇའ་ལུས་ཆོས་སྐུ་སུ་འགྲུབ་པ་མ་ཟད། ས་གླིང་གི་དུར་ཁྲོད་དུ་ལོ་རྒྱ་དང་ཉི་ཤུ་རྩ་དགུའི་བར་ཏིང་ངེ་འཛིན་ལ་བཞུགས་ཤིང༌། མཁའ་འགྲོ་མ་རྣམས་དང་སྤྱོད་པ་ལ་གནས་པའི་སྒྲུབ་པ་པོ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་ནས། མཐར་སློབ་དཔོན་ཉིད་ཀྱང་སྐུ་ལུས་འོད་ཕུང་དུ་ཡལ་ལོ།།

དེའི་བརྡའ་ཡི་རྒྱུད་པ་སློབ་དཔོན་ཤྲཱི་སེངྷ་ནི། ཇི་སྐད་དུ། ཐལ་འགྱུར་ལས།

དེ་ཡི་རྗེས་སུ་སྐལ་ལྡན་པ།།

སོ་ས་གླིང་ཞེས་བྱ་བ་རུ།།

ཁྱིམ་བདག་རིགས་སྐྱེས་ཤྲཱི་སེང༌།།

ཞེས་བྱ་བ་ཡིས་འཛིན་པར་འགྱུར།།

ཞེས་པ་ལྟར། རྒྱ་ནག་པོའི་གྲངས་ཁྱེར་ཤོ་ཁྱམ་ལ་ཡབ་དགེ་བའི་ཡིད་ཅན་དང༌། ཡུམ་སྣང་གསལ་གཉིས་ཀྱི་སྲིས་སུ་འཁྲུངས། ལོ་བཅོ་ལྔ་ནས་སློབ་དཔོན་ཧ་རི་བྷ་ལ་སོགས་པ་པནྜི་ཏ་ལྔ་བརྒྱ་ལས་སྒྲ་དང་ཚད་མ་གཙོ་བྱས་པའི་ཐུན་མོང་གི་རིག་གནས་དང་བཅས་པ་ལོ་གསུམ་ལ་སྦྱངས་པ་མཐར་ཕྱིན། དེ་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་དུ་འགྲོ་བའི་ལམ་ཞིག་ནས། འཕགས་པ་སྤྱིན་རས་གཟིགས་ནམ་མཁར་བྱོན་ཏེ་སྐལ་ལྡན་འབྲས་བུ་ངེས་པར་འདོད་ན། རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང་དུ་སོང་ཤིག ཅེས་ལུང་བསྟན་པས་སློབ་དཔོན་ཉིད་ཡིད་ཚིམས་པར་མ་གྱུར་ཏེ་ད་དུང་འབྲས་བུ་བླ་ན་མེད་པ་གོ་སླ་བའི་ཕྱིར་གསང་སྔགས་ཀྱི་རྒྱུད་གཞན་ལ་མཁས་པར་བྱ་དགོས་དགོངས་ནས། རི་བོ་རྩེ་ལྔ་ལ་སློབ་དཔོན་བྷེ་ལ་ཀིརྟིའི་མདུན་དུ་རབ་ཏུ་བྱུང་ནས། ལོ་སུམ་ཅུའི་བར་དུ་སྔགས་ཕྱི་ནང་གི་ཆོས་མ་ལུས་པར་སྦྱངས་པའི་ཡོན་ཏན་ལ་གནས། དེ་ནས་འཕགས་པའི་ལུང་བསྟན་པ་བཞིན་རྒྱ་གར་དུ་འགྲོ་བའི་ལམ་ལ་དཀའ་བ་མེད་པ་ཞིག་དགོས་དགོངས་ཏེ། ལོ་གསུམ་དུ་སྒྲུབ་པ་ལ་བཞུགས་པས་རིག་པ་འཛིན་པའི་སྐུར་གྱུར་ནས། ཞབས་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་རྒྱ་གར་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་མཇལ་བ་སྟེ། ཐོག་མར་ཞལ་མཇའ་སྐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཐོང་གཤོལ་ཕྲག་པ་ལ་གཟུང་ནས་ཤམ་ཐབས་ཐོད་དུ་བཅོངས་པ་ཞིག་འདུག་པས་ངོ་མ་ཤེས་ཤིང༌། དེ་ནི་པནྜི་ཏའི་ཆ་བྱད་དམ་ཡང་ན་རྣལ་འབྱོར་བའི་ཆས་སུ་འོང་སྙམ་ནས་བཟའ་བ་ཞིག་བསླངས་པས། ངའི་ཆུང་མ་ལ་སློངས་ཟེར། དེ་ནས་གྲོང་ཁྱེར་དུ་ཕྱིན་ནས་བསླངས་པས། ཕྱག་རྒྱ་མས་ཚོང་དུས་ནས་བྱེའུ་མཆིལ་བདུན་ཉོས་པ་བཙོས་ཤིང་འབྲས་ཆང་དང་བསྲེས་ནས་དྲངས། ང་དགེ་སློང་ཡིན་པས་བཟའ་བ་མི་རུང་བྱས་པས་རྗེས་སུ་ཡི་རང་ཟེར་ནས། ཕར་ལག་མཐིལ་དུ་བཞག་པ་མོས་ཕུས་བཏབ་པས་ཐམས་ཅད་ཅོ་དིར་གྱིས་ནམ་མཁའ་ལ་དེངས་སོང༌། ཅུང་ཟད་ནས་ཁྱིམ་བཙུན་བྱུང་སྟེ་འདི་ལ་བཟའ་མ་བྱིན་ནམ་ཟེར། ཆུང་མའི་བཟའ་མ་བྱིན་ཀྱང་ཁོང་མི་འདོད་པ་གདའ་ཞུས་པས། གང་ཟག་འཆིང་བ་ཅན་གསུངས། དེ་ནས་ཤྲཱི་སེངྷས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞལ་འདོན་མཛད་པས་སློབ་དཔོན་གྱིས་དང་པོ་མལ་ན་གཟིམས་བཞིན་གསན། དེ་ནས་བཞེངས་ཏེ་གསན་ཞིང་ཐམས་ཅད་རྫོགས་པ་ན་དོན་ལ་ལྟ་ཅི་ཚིག་ལའང་རྨོངས་གསུངས་པས་ད་གཟོད་འཇམ་དཔལ་བཤེས་གཉེན་ཡིན་པ་དགོངས། རྗེ་སུ་བཟུང་བར་གསོལ་བ་བཏབ་པས་བླ་མས་ཀྱང་དགྱེས་བཞིན་དུ་གནང༌། ལོ་ཉེར་ལྔའི་བར་ལ་གདམས་པ་དང་རྗེས་སུ་གདམས་པ་རྣམས་བསྩལ་བའི་རྗེས་སུ་སློབ་དཔོན་ཉིད་སྐུ་འོད་ཕུང་དུ་ཡལ། དེའི་ཚེ་ཤྲཱི་སེངྷས་སྨྲེ་སྔགས་ཀྱི་གདུང་དབྱངས་བཏོན་པས་ནམ་མཁའ་ནས་སློབ་དཔོན་གྱི་སྐུ་དངོས་སུ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་གཏད་པར་སྒོམ་ཉམས་དྲུག་པ་ཞེས་བྱ་བའི་འདས་རྗེས་བབས་པས་སློབ་དཔོན་ཉིད་དོན་གྱི་གདེང་དང་ལྡན་པར་གྱུར་ཏོ། དེ་ནས་སློབ་དཔོན་ཤྲཱི་སེངྷས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ཏེ་རྒྱ་ནག་ཏུ་བྱོན་ཞིང༌། རྫོགས་པ་ཆེན་པོའི་མན་ངག་གི་སྡེ་རྣམས་ལ་ཕྱི་སྐོར་དང༌། ནང་སྐོར། གསང་བའི་སྐོར། གསང་བ་བླ་ན་མེད་པའི་སྐོར་བཞིར་ཕྱེས་ནས། སྐོར་སྔ་མ་གསུམ་ལ་སྤྲོས་བཅས་ཀྱི་དོན་དུ་བསྡེབས་ནས་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་ན་མེད་པའི་སྐོར་རྣམས་མཁའ་འགྲོ་ལུང་བསྟན་པ་ལྟར་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྨོན་ལམ་གྱི་རྒྱས་བཏབ་ནས་སྦས། དེ་ནས་སློབ་དཔོན་ཉིད་བསིལ་སྦྱིན་ཞེས་པའི་དུར་ཁྲོད་ཆེན་པོ་རུ་གདུག་པའི་མི་མ་ཡིན་རྣམས་ཀྱིས་བཀུར་སྟི་དང་བཅས་པས་ཏིང་ངེ་འཛིན་ལ་བཞུགས་ནས། མཐར་སྐུ་ལུས་འོད་ཕུང་དུ་ཡལ་ལོ།།

དེའི་བརྡའ་ཡི་རྒྱུད་པ་མཁས་པ་ཛྙཱན་སུ་ཏྲ་ནི། ཐལ་འགྱུར་ལས།

དེ་རྗེས་འཛིན་པ་གདོལ་བའི་རིགས།།

ཛྙཱ་ན་སུ་ཏྲས་འདི་ཉིད་འཛིན།།

ཞེས་པ་ལྟར། ཤར་ཕྱོགས་ཀ་མ་ཤཱི་ལའི་གྲོང་ཁྱེར་དུ་ཡབ་གདོལ་བའི་རིགས་ཨུ་པ་རྡ་ཛ་ན་དང༌། ཡུམ་རྒྱ་མཚོ་མ་བྱ་བའི་བུ་སྤྲུལ་གྱི་གདེངས་ཀས་མཚན་པ་ཞིག་བྱུང་བ་ཕ་མ་གཉིས་སྐྲགས་ཏེ་དུར་ཁྲོད་དུ་བསྐྱལ་བས་ཁྱེའུ་ན་རེ། སྙིང་པོའི་དོན་ལ་ཐུགས་ཕངས་པའི་སྤྲུལ་པ་ཡིན་ཞིང༌། ཁྱེད་གཉིས་ང་ཡི་ལས་ཀྱིས་འབྲེལ་བའི་ཕ་མ་ཡིན་པས་གསོས་ཤིག་ཅེས་ཟེར་བས། བདེན་པར་བཟུང་ནས་བླངས་ཏེ་གསོས། ཁྱེའུ་དེ་གཞན་ལས་སྐྱེད་ཆེ་ཞིང་བློ་གྲོས་དང་ལྡན་པར་གྱུར་ནས་རྒྱལ་པོ་ཧསྟི་དང༌། སྲས་མོ་པྲ་ར་ནི་སོགས་ལས་སེམས་ཕྱོགས་ཀྱི་ཆོས་མང་དུ་གསན། དེ་ནས་རེ་ཞིག་ན་སློབ་དཔོན་བཱི་མ་ལ་ནས་སློབ་དཔོན་ཤྲཱི་སེངྷའི་རྣམ་ཐར་གསན་པས་འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་ཏེ། མཁའ་འགྲོ་མས་ལུང་བསྟན་པ་བཞིན་བསིལ་སྦྱིན་དུ་ཤྲཱི་སེངྷ་དང་མཇལ། ལོ་དགུའི་བར་རྫོགས་ཆེན་གསུངས་ནས་སྙན་བརྒྱུད་དཔེ་དང་བཅས་པ་གནང། དེས་ཚིམ་ནས་བྱོན་པར་བརྩམས་པ་ན། སློབ་དཔོན་གྱིས་གཏད་པ་མེད་དོ་གསུངས་པས། ཡེ་ཤེས་མདོ་དོགས་པ་སྐྱེས་ཏེ་སླར་ཡང་རབ་ཏུ་ཟབ་པའི་གདམས་པ་གནང་བར་ཞུས་པས། ཕྱི་སྤྲོས་བཅས་ཀྱི་དབང་རྫོགས་པར་གནང་ནས་གསང་བ་བླ་ན་མེད་པའི་མན་ངག་རྣམས་ལོ་གསུམ་གྱི་བར་དུ་གནང། དེ་ནས་ཉམས་སུ་བླང་བར་ཞུས་པས། སྤྲོས་མེད་ཀྱི་དབང་རྫོགས་པར་གནང་ཞིང་རི་བོ་ཀོ་ས་ལའི་རྩེ་མོར་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་མཛད་ཅིང་རབ་ཏུ་སྤྲོས་མེད་ཀྱི་དབང་དང༌། རིམ་པས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཡང་སུ་རྫོགས་པར་གནང༌། དེ་ནས་ལོ་བཅུ་དྲུག་ཏུ་ཉམས་སུ་བླངས་པས་སྒོམ་པར་མཛད། སློབ་དཔོན་འདི་ཁྱད་པར་གྱི་སྤྱོད་པ་སྣ་ཚོགས་པར་གནས་པས་དུས་གཞན་ཞིག་ཏུ་ལི་ཡུལ་གྱི་རྒྱལ་པོས་སྤྱན་དྲངས་ནས་དེར་བཞུད་པའི་བདུན་ན། སྒར་དང་ལྟས་ཆེན་པོ་བྱུང་བས་ནམ་མཁར་གཟིགས་ཚེ་ཤྲཱི་སེང་ཧ་བཞུགས་པ་མཇའ་ནས་སྨྲེ་སྔགས་ཀྱི་གདུང་ཚིག་བཏོན་པས་གཟེར་བུ་བདུན་པའི་ཞལ་ཆེམ་ཕྱག་ཏུ་བབས་པ་དང༌། བཀྲ་ཤིས་ཁྲི་སྒོའི་ཀ་བ་ན་ཡོད་པའི་སྙིང་ཐིག་གསང་བའི་མན་ངག་གི་དཔེ་རྣམས་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་ཞིག་ཅེས་པ་ཐོས། དེ་ནས་གསང་བའི་དཔེ་རྣམས་བཏོན་ནས་རྒྱ་གར་གྱི་དུར་ཁྲོད་བྷ་སིང་དུ་བྱོན་ཞིང་དེར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བཞུགས་བཞིན། བཱི་མ་ལའང་རྗེས་སུ་བཟུང་ནས་གསང་བ་མཆོག་གི་གདམས་པ་ཐམས་ཅད་ལྷག་མེད་དུ་བསྩལ་བའི་མཐར་སྐུ་འོད་ཕུང་དུ་ཡལ་ལོ།།

དེའི་བརྡའ་ཡི་རྒྱུད་པ་པཎ་ཆེན་བཱི་མ་མི་ཏྲ་ནི། ཐལ་འགྱུར་ལས།

དེ་རྗེས་འཛིན་པ་ཁྱིམ་བདག་རིགས།།

ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན།།

ཞེས་པ་ལྟར། ཁོང་ནི་ཕ་མེད་ཀྱི་བུ་གྱུར་བས་ཡུམ་ཤིན་ཏུ་གནོད་དེ་གཡོག་མོ་མངགས་ནས་བྱེ་མའི་ཁུང་དུ་སྦས། ཉིན་འགའི་རྗེས་སུ་བལྟས་པས་ན། མིག་ཁྲ་ཧྲིག་གེ་མ་ཤི་བར་འདུག་པས་སྤྲུལ་པའི་སྐུ་ཡིན་པར་ཤེས་ནས་བླངས། རིམ་བཞིན་ན་སོས་པས་ན་རིག་པའི་གནས་ལྔ་ལ་བསླབས་པས་པཎྜི་ཏ་ལྔ་རྒྱའི་སྤྱི་ཕུད་དུ་གྱུར། དེ་ནས་སློབ་དཔོན་ཛྙཱ་ན་སུ་ཏྲ་དང་སྐྱེ་བ་སྔ་མ་སྤུན་ཟླར་གྱུར་པའི་རྟེན་འབྲེལ་ལས་ཐུགས་ཤིན་ཏུ་མཐུན་པར་གནས་ཤིང༌། རེ་ཞིག་ན་སྐྱོ་སངས་ལ་ལྷན་དུ་ཕེབས་སྐབས་རྡོ་རྗེ་སེམས་དཔའ་ནམ་མཁའ་རུ་མངོན་སུམ་དུ་བྱོན་ནས། ཀྱེ་རིགས་ཀྱི་བུ་གཉིས་ཁྱེད་གཉིས་སྐྱེ་བ་ལྔ་བརྒྱ་པཎྜི་ཏའི་ལུས་བླངས་ཤིང་དམ་པའི་ཆོས་སྤྱད་ཀྱང་འབྲས་བུ་མ་ཐོབ། ད་ཡང་མི་ཐོབ་པས་ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འདོད་ན་རྒྱ་ནག་པོའི་ཡུལ་དུ་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག ཅེས་ལུང་བསྟན་པས་བཱི་མ་མི་ཏྲ་བརྩོན་འགྲུས་ཆེ་བས་དེ་ཉིད་དུ་ལྷུང་བཟེད་བླངས་ཏེ་བྱོན། ལུང་བསྟན་པ་ལྟར་སློབ་དཔོན་ཤྲཱི་སེངྷ་དང་མཇལ། སློབ་དཔོན་གིས་རེ་ཞིག་གསང་སྔགས་རྫོགས་པ་ཆེན་པོ་སྣོད་དུ་མ་གྱུར་བར་དགུངས་ནས། ལོ་ཉི་ཤུའི་བར་ལ་སྙན་རྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་བསྩལ་ཀྱང་དཔེ་མ་གནང༌། བཱི་མ་ལ་ཐུགས་ཚིམས་ཏེ་སླར་རྒྱ་གར་དུ་བྱོན་ནས་ཛྙཱ་ན་སུ་ཏྲ་ལ་ཇི་ལྟར་བྱུང་བ་རྣམས་བསྙད་དེ་རང་ཉིད་སྤྱོད་པ་ལ་གནས་པར་མཛད། རེ་ཞིག་ན་མཁའ་འགྲོའི་ལུང་བསྟན་ནས། ཀྱེ་སྐལ་ལྡན། སྔར་བས་ཟབ་པའི་སྙིང་ཐིག་གི་གདམས་པ་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སིང་གི་ནགས་སུ་སོང་ཤིག ཅེས་ལུང་བསྟན་པ་བཞིན་དེ་ཉིད་དུ་བྱོན་པས་ཛྙཱ་ན་སུ་ཏྲ་དང་མཇའ་ཞིང་ཆེས་ཟབ་པའི་གདམས་པས་རྗེས་སུ་བཟུང་བར་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཆོ་འཕྲུལ་སྣ་ཚོགས་པ་སྣང་བར་མཛད་ནས་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབང་རྣམས་བསྐུར། རི་བོ་སྣང་བྱེད་ཀྱི་རྩེ་མོར་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་དབང་རྣམས་རྫོགས་པར་མཛད་པས་ཐུན་མོང་མ་ཡིན་པའི་རྟོགས་པ་སྐྱེས། ཤངས་ཀྱི་རྩེ་མོར་ཡི་གེ་ཨ་དཀར་པོ་ཟངས་ལ་ཁད་པ་གཅིག་ཀྱང་བྱུང། དེ་ནས་རབ་ཏུ་སྤྲོས་མེན་ཀྱི་དབང་རྫོགས་པར་གནང་བས་སེམས་ཀྱི་དེ་ཉིད་ཁོ་ན་རྗེན་པར་མཐོང༌། དབང་དེ་དག་གི་རིམ་པ་བཞིན་རྫོགས་པ་ཆེན་པོ་སྐོར་བཞིའི་གདམས་པ་དཔེ་དང་བཅས་པ་མ་ལུས་པ་ལོ་བཅུའི་བར་གནང༌། མཐར་ཛྙ་ན་སུ་ཏྲ་སྐུ་ལུས་འོད་ཕུང་དུ་ཡལ་བའི་ཚེ་བཱི་མས་སྨེ་སྔགས་དང་བཅས་གདུང་དབྱངས་བཏོན་པ་ན། སླར་ཡང་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་རིན་པོ་ཆེ་སྣ་ལྔའི་ཟ་མ་ཏོག་ཅིག་ཕྱག་ཏུ་གཏད་པ་ལས། བཞག་ཐབས་བཞི་བ་ཞེས་པའི་འདས་རྗེས་ཐོབ་ཅིང་ཚིག་དོན་ལ་འཁྲུལ་བ་མེད་པའི་དོན་ཐམས་ཅད་ཐོབ་པར་གྱུར། དེ་ནས་སློབ་དཔོན་བཱི་མ་ཉིད་ཤར་ཕྱོགས་ཀ་མ་རུའི་གྲོང་ཁྱེར་དུ་རྒྱལ་པོ་སེང་གེ་བཟང་པོའི་བླ་མཆོད་དུ་ལོ་ཉི་ཤུར་བཞུགས་ཤིང༌། དེ་ནས་ནུབ་ཕྱོགས་སུ་གྲོང་ཁྱེར་བྷིར་ཡ་དུ་རྒྱལ་པོ་དྷརྨ་པཱ་ལའི་མཆོད་གནས་ཀྱང་མཛད། ཕྱིས་སུ་རབ་ཏུ་སྣང་བྱེད་ཅེ་པའི་དུར་ཁྲོད་ཆེན་པོར་ཕྱོགས་ལས་རྣམས་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ཅིང་གདུག་པའི་ཚོགས་ཆོས་སྟོན་ཞིང་བཞུགས། གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས། ཚར་གཅིག་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དུ་སྦས། ཚར་གཅིག་ཁ་ཆེའི་ཡུལ་གསེར་གླིང་ཞེས་པའི་བྲག་སྐྱིབས་སུ་སྦས། ཚར་གཅིག་སུར་ཁྲོད་དེར་མཁའ་འགྲོ་མ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞག དེ་ནས་བོད་དང་རྒྱ་ནག་སོགས་ལ་ཡང་འགྲོ་དོན་རྒྱ་ཆེར་མཛད། མཐར་འཕོ་བ་ཆེན་པོ་སྐུ་གྲུབ་ནས་འོད་ཕུང་དུ་ཡལ་ལོ།།

དེ་ཡང་དགའ་རབ་རྡོ་རྗེ་དང༌། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ་གསུམ་ལས་འཁོར་དང་སྟོན་པ་ཐ་མི་དད་པ་འོད་གསལ་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྱིས་གྲུབ་པས་ངང་རིག་འཛིན་བརྡའ་ཡི་རྒྱུད་ཚུལ་ཙམ་མཛད་པས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི། སྐུ་གསུམ་ཀུན་འདུས་གྱི་ངོ་བོ་ཡིན་པས། རྒྱུད་པ་བྲེང་ཆགས་ཀྱི་མཚན་ཉིད་ལ་ལྟོས་པ་མེད་ཀྱང་ཚུལ་མཐོང་གི་སྣང་ངོར་པཎ་གྲུབ་སྤྱི་ལྟར་བླ་བརྒྱུད་བར་མ་ཆད་པ་ལས་ཟབ་མོའི་མན་ངག་གི་བདུད་རྩི་གསན་བཞེས་ཀྱི་ཚུལ་བསྟན་པ་སྟེ། བཏགས་གྲོལ་སྙིང་པོའི་རྒྱུད་ལས།

སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས།།

ཉིད་ལས་མི་གཞན་སེམས་དཔའི་སྣོད།།

བྱིན་གྱིས་རླབས་ཀྱི་བདག་ཉིད་ལ།།

བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ།།

བཅིངས་དང་གྲོལ་བའི་མཐའ་ལས་འདས།།

རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས།།

རང་བྱུང་དགའ་རབ་ཐུགས་ལ་ཤར།།

སེང་ཧ་ཉིད་ལ་རྒྱུད་གཏད་པ།།

འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད།།

ཨོ་རྒྱན་པདྨ་ཉིད་ལ་གཏད།།

ལྔ་ལྡན་བུ་ལ་འདི་སྟོན་ཅིག།

ཅེས་གསུངས་པ་ལྟར་དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ལས་གསན་པར་གྲགས་ཀྱང༌། གཙོ་ཆེར་རྡོ་རྗེ་ཕག་མོ་ལུང་བསྟན་པ་ལྟར་སློབ་དཔོན་ཤྲཱི་སེངྷ་ལས་བླ་མ་བསྟེན་ནས་གསན་པའི་ཚུལ་མཛད་པ་སྟེ། དེ་ཡང་དང་པོ། ཇི་སྐད་དུ། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས།

ང་ནི་མྱ་ངན་འདས་འོག་ཏུ།།

ལོ་ནི་བཅུ་རུ་གཉིས་ཆད་ན།།

ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང༌།།

པདྨ་འབྱུང་གནས་ཞེས་བྱ་བ།།

གསང་སྔགས་བསྟན་པའི་བདག་པོར་གྱུར།།

ཞེས་ལུང་བསྟེན་པ་ལྟར། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ལས་བྱུང་བའི་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱི་མཚན་པ་ཞིག་སྤྲོས་པ་ལས། རྫུས་སྐྱེས་ཀྱི་ཁྱེའུ་ལོ་བརྒྱད་པའི་ན་ཚོད་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པར་སྤྲུལ་ཏེ་བཞུགས་ཤིང༌། ལྷ་དང་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཟབ་མོའི་ཆོས་སྟོན་པར་མཛད་པའི་ཚེ་ན། ཡུལ་དེ་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ་སྲས་མེད་པས་དཀོན་མཆོག་ལ་དཀོར་མཛོད་སྦྱིན་པ་བཏང་བས་ཟད་དེ་རྒྱ་མཚོའི་གླིང་དུ་ནོར་བུ་བླངས་ནས་ཚུར་བྱོན་པས་དུས། ཆོས་བློན་ཀྲིཥྞ་འཛིན་གྱིས་མཇལ་ནས་རྒྱལ་པོ་ལ་ཞུས། རྒྱལ་པོ་ཤིན་ཏུ་དགའ་སྟེ་ང་སྲས་ཀྱི་སྐལ་བ་ལྡན་སོང་ཟེར་ནས་ཕོ་བྲངས་དུ་སྤྱན་དྲངས། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲིའི་སྟེང་ལ་བཞུགས་སུ་གསོལ་ཏེ་མཚན་ལ་ཡང་པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་གསོལ། དེ་ནས་མཁའ་འགྲོ་མ་འོད་འཆང་ཁབ་ཏུ་བཞེས་ནས། ཟས་གོས་རིན་པོ་ཆའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམས་པར་བྱས་ཤིང་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་ན་རྒྱལ་པོ་ཐོར་ཅོག་ཅན་ནམ་པདྨ་རྒྱལ་པོ་ཞེས་གྲགས། དེ་ནས་རྒྱལ་སྲིད་བཟུང་ན་གཞན་དོན་རླབས་པོ་ཆེ་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བས། ཕོ་བྲང་ཡང་རྩེ་ནས་གར་མཛད་དེ་མདུང་མོ་ཤོར་བའི་བརྫུན་བག་གིས་བདུད་བློན་གྱི་བུ་བསད་པའི་ཁྲིམས་ཀྱིས་དུར་ཁྲོད་དུ་སྤྱུགས་པས། བསིལ་བའི་ཚལ་དང༌། དགའ་བའི་ཚལ། ས་སོ་གླིང་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན། མཁའ་འགྲོ་བདུད་འདུལ་མ་དང་ཞི་བ་འཚོ་གཉིས་ལ་དབང་བསྐུར་ཞིང་བྱིན་གྱིས་རླབས། དུར་ཁྲོད་ཀྱི་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་པའི་ཚེ་ཤཱནྟ་རཀྵི་ཏ་ཞེས་གྲགས། དེ་ནས་དྷ་ན་ཀོ་ཥའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས། མཚོ་གླིང་ནི་མཁའ་འགྲོ་མ་རྣམས་དབང་དུ་བསྡུས། རྩུ་འགྱུར་ཚལ་དུ་སྤྱོད་པ་མཛད་པས་རྡོ་རྗེ་ཕག་མོས་ཞལ་བསྟན་ནས་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་དམ་ལ་བཏགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བསྩལ་ཏེ་མཚན་ལ་ཡང་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ཆོས་འཕྲུལ་སྣ་ཚོགས་བསྟན་པས་མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པས། རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པ་ཡིད་མ་ཆེད་ཏེ་སྐུར་བ་བཏབ་པ་ན། དགོས་པའི་དབང་གི་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བའི་ཚུལ་མཛད་ནས་མཚན་ལ་ཡང་ཤཱཀྱ་སེངྒེ་ཞེས་གྲགས། དེ་ནས་ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན་པས་དེ་ཉིད་དུ་ལྷ་རྣམས་ཀྱི་ཞལ་མཐོང༌། སླར་ལྷོ་ཕྱོགས་བྷཻདྷེའི་ཡུལ་གྱི་དུར་ཁྲོད་སྐུ་ལ་རྫོགས་སུ་མཁའ་འགྲོ་མ་རྣམས་ལ་ཆོས་གསུངས་པས་མཚན་ལ་ཉི་མ་འོད་ཟེར་དུ་གྲགས། དེ་ནས་ནགས་ཚལ་དྲྭ་བ་ཅན་དུ་བྱོན་ནས་སྲས་མོ་གོ་མ་དེ་ཝི་ལ་ཕྱི་ནང་གསང་བའི་དབང་རྣམས་བསྐུར་ཞིང༌། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇའ་བའི་ཚེ། ངས་ཁྱོད་འདུལ་བའི་དུས་ལ་མ་སླེབས་པས་མཁའ་འགྲོ་གསང་བ་ཡེ་ཤེས་དགེ་སློང་མའི་ཚུལ་དུ་བྱོན་པ་ཀུན་དགའ་མོ་ལས་ཞུས་ཞེས་ལུང་བསྟན། དེ་ལས་ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་མཛད། ཡང་སངས་རྒྱས་གསང་བ་ལས་ཕར་ཕྱིན་དང་སྒྱུ་འཕྲུལ་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། གཞན་ཡང་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས་རིག་པའི་གནས་ཐམས་ཅད་གསན་ཅིང་སྦྱངས་བའི་ཚུལ་བསྟན་པས། ཆོས་ཐམས་ཅད་ཚར་རེ་རེས་མཁས་པར་མཁྱེན་པས་མཚན་བློ་ལྡན་མཆོག་སྲེད་དུ་གྲགས། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་དང༌། འཇམ་དཔལ་བཤེས་གཉིན། ཤྲཱི་སེངྷ་གསུམ་ལས་རྫོགས་པ་ཆེན་པོ་དོན་བརྒྱུད་ཀྱི་མན་ངག་རྒྱལ་ཐབས་སྤྱི་བླུགས་ཀྱི་ཚུལ་དུ་ཐོབ་པས། ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དགོངས་པར་རང་དབང་བརྙེ་པས་ཚུལ་མཛད། ཁྱད་པར་དུ་སློབ་དཔོན་ཤྲཱི་སེངྷའི་མདུན་ནས་ལོ་ཉི་ཤུ་རྩ་ལྔའི་རིང་འོད་གསལ་རྫོགས་པ་ཆེན་པོའི་ཚིག་དོན་གྱི་ཆ་ཐམས་ཅད་ལྷག་མེད་དུ་གསན་པའི་ཚུལ་ནི། རྡོ་རྗེ་ཕག་མོས་ལུང་བསྟན་ལས།

སྐལ་ལྡན་འབྲས་བུ་ཚེ་གཅིག་ངེས་པའི་ལུང༌།།

གང་དང་མི་འདྲ་ཀུན་ཀྱིས་མ་རྟོགས་པ།།

ཤྲཱི་སེངྷ་རྡོ་རྗེ་ཐུགས་ལ་གནས།།

རྩུབ་འགྱུར་ཚལ་དུ་དགོངས་པ་རྙེད་པར་འགྱུར།།

ཞེས་གསུངས་པ་ལྟར། སྐད་ཅིག་གིས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་རྫུ་འཕྲུལ་གྱིས་བྱོན་ཏེ་སློབ་དཔོན་ཤྲཱི་སེངྷ་ལ་ཕྱག་དང་སྐོར་བ་བྱས་ནས་རྗེ་སུ་བཟུང་བར་ཞུས་པས་གནང་སྟེ། རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་སེམས་ཀློང་མན་ངག་གི་སྐོར་མཐའ་དག་གསུངས་ཤིང༌། ཁྱད་པར་དུ་ཐིག་ལེ་ཕྱི་ནང་གསང་བའི་སྐོར་མ་ལུས་པ་གསན་དུས། ཡང་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་མཐོང་ཞིང༌། ཆོས་ཀྱི་སྐུའི་ཞིང་ཁམས་སུ་སངས་རྒྱས་པའི་གདམས་ངག་གཅིག་གནང་བར་འཚལ་ཞེས་གསོལ་པ་ན། ཤྲཱིསེངྷས་གསུངས་པ། རིགས་ཀྱི་བུ་ཤིན་ཏུ་ལེགས། ཆོས་ཐམས་ཅད་ཀྱི་ཡང་རྩེ། ལྟ་བ་ཐམས་ཅད་ཀྱི་ཞེ་ཕུགས། ཐེག་པ་ཐམས་ཅད་ལས་འདས་ཤིང༌། མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཏིག གསང་བ་བས་ཆེས་ཤིན་ཏུ་གསང་བའི་དོན། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཆེན་པོ། སེམས་ལས་འདས་པ། ཡིད་དཔྱོད་དང་བྲལ་བ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ། ཡིན་མིན་གྱི་མཐའ་ལ་མི་གནས་ཤིང༌། ལྟ་སྒོམ་བསྐྱེད་རྫོགས་ཀྱི་ཡུལ་ལས་འདས་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ། རིག་འཛིན་ཆེན་པོ་རྣམས་ཀྱི་ཉེ་ལམ། མཐར་ཐུག་པའི་མན་ངག་བླ་ན་མེད་པ། ལོ་གསུམ་གྱི་སངས་རྒྱས་ཀྱི་བྱང་ཆུབ་འགྱུབ་པའི་གདམས་པ་ཞིག་ཡོད་ཀྱིས་བསྟན་པར་བྱའོ། གསུངས་ནས། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་མཁའ་འགྲོ་སྙིང་ཏིག་གི་དབང་དང༌། དེའི་ཉམས་ལེན་མན་ངག་གི་ཡི་གེ་རབ་ཏུ་མང་པོ་དང༌། དེའི་རྒྱབ་རྟེན་དུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། ཡི་གེ་མེད་པ་གཞིའི་རྒྱུད། སྐུ་གདུང་འབར་བ་རྟགས་ཀྱི་རྒྱུད། རྫོགས་པ་རང་བྱུང་དབང་གི་རྒྱུད། ངོ་སྤྲོད་སྤྲས་པའི་རྒྱུད། སྒྱོ་མ་འབར་བའི་རྒྱུད། རིག་པ་རང་ཤར་གྱི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་རྒྱུད། རིན་པོ་ཆེ་སྤུངས་པའི་རྒྱུད། ཉི་ཟླ་ཁ་སྦྱོར་གི་རྒྱུད། ནོར་བུ་ཕྲ་བཀོད་ཀྱི་རྒྱུད། རིག་པ་རང་གྲོལ་གྱི་རྒྱུད། མུ་ཏིག་ཕྲེང་བའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། བཀྲ་ཤིས་མཛེས་ལྡན་གི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། ཀློང་དྲུག་པའི་རྒྱུད། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད་དང་བཅས་བཅོ་རྒྱད་པོ་ཡོངས་སུ་རྫོགས་པར་གསུངས་ཤིང་བསྟན་པ་གཏད་དོ། དེ་ནས་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་བྱོན་ཏེ་ལོ་གསུམ་ཉམས་སུ་བླངས་པས་སྐུ་སྣོང་ལ་རང་བཞིན་མ་གྲུབ་པ་ཆུ་ཟླ་ལྟ་བུ་གྲུབ་ནས་རྫུན་འཕྲུལ་གྱིས་གནས་རྣམས་པ་སྣ་ཚོགས་སུ་མི་དང་མི་མིན་གྱི་འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེ་མཛད་པ་མ་ཟད། རྒྱ་གར་གྱི་རྒྱལ་པོ་དྷརྨ་པ་ལའི་མཆོད་གནས་སུ་བྱས་ནས། མཚན་མོ་དུ་ཁྲོད་ཆེན་པོ་བསིལ་བའི་ཚལ་དང༌། ས་སོ་གླིང༌། རབ་ཏུ་སྣང་བྱེད། དགའ་བྱེད། བྷ་སིང༌། ཐ་ཆུང༌། འཇིགས་བྱེད་ལ་སོགས་པར་བྱོན་ཏེ། མཁའ་འགྲོ་འབར་བའི་སྤྲིན་ཕུང་དང་ལྷན་ཅིག་ཏུ་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དོ། དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡ་ར་བ་ཞེས་མཁའ་འགྲོའི་མཚན་དང་ལྡན་པ་དེ་དབང་དུ་བསྡུས་ནས་སྒྲུབ་རྟེན་གྱི་ཕྱག་རྒྱ་མོ་ལ་ཁྲིད་སྟེ་བལ་ཡུལ་བྲག་ཕུག་མཱ་ར་ཏི་ཀར་ཚེའི་སྒྲུབ་པ་ཟླ་གསུམ་མཛད་པས། མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར་ཞིང་ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེ་རྒྱུད་བྱེ་བ་ཕྲགས་བརྒྱ་གནང་བས་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་གྲུབ་པ་དང༌། ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་དོན་ལ་ཕེབས་ནས་རྒྱལ་བློན་རྣམས་ཀྱིས་མེ་ལ་སྲེགས་པ་ན་ཏིལ་མར་མཚོར་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོའི་རྩེར་བཞུགས་པའི་རྫུན་འཕྲུལ་བསྟན་ནས་དད་པ་ལ་བཀོད་ཅིང་ཐམས་ཅད་ཆོས་ལ་སྒྱུར། སླར་ཡང་ཨོ་རྒྱན་གྱི་རྒྱལ་ཁམས་འདུལ་བའི་ཕྱིར་བསོད་སྙོམས་ལ་ཕེབས་པས། ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ་སྔོན་གྱི་བདུད་བློན་རྣམས་ཀྱིས་ཙནྡན་གྱི་མེ་བསྲེགས་པས་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་བཞུགས་ཏེ། སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བ་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དུ་གྲགས། དེ་ནས་རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་ནས་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད། བཀའ་འདུས་ཆོས་ཀྱི་རྒྱལ་མཚོའི་སྨིན་གྲོལ་བསྩལ་ཏེ་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅད་ཐམས་ཅད་མཆོག་གི་རིག་འཛིན་གྱི་ས་ལ་བཀོད་པས་མཚན་ལ་པདྨ་རྒྱལ་པོ་ཞེས་གྲགས། དེ་ནས་དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ཏེ་མཁའ་འགྲོ་མ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན། ཕྱི་ནང་གི་དྲེགས་པ་ཅད་ཐམས་ཅད་ཀྱི་སྲོག་སྙིང་བླངས་ནས་བསྟན་སྲུང་དུ་བསྐོས་པ་སོགས་མཛད་པའི་ཚེ་མཚན་ལ་ཉི་མ་འོད་ཟེར་དུ་གྲགས། དེ་ནས་རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་ལ་རྒོལ་བ་རྩོམ་པའི་ཚེ་རྩོད་པ་དང་ནུས་པ་འགྲན་པས་སློབ་དཔོན་ཉིད་རྒྱལ། ཁོང་རྣམས་ཀྱིས་ངན་སྔགས་སྒྲུབ་པའི་ཚེ་མཁའ་འགྲོ་བདུད་འདུལ་པས་ཕུལ་བའི་དྲགས་སྔགས་ཀྱིས་ཕྱིར་ཟློག་སྟེ་ཐོག་ཆེན་ཕབ་ནས་མུ་སྟེགས་ཀྱི་སྟོན་པ་རྣམས་བསྒྲལ་ནས་གྲོང་ཁྱེར་མེ་བསྲེགས། ལྷག་མ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་བཙུག་ནས་ཆོས་ཀྱི་རྒྱལ་མཚན་དགུང་དུ་བསྒྲེངས་བའི་ཚེ་མཚན་ལ་སེང་གེ་སྒྲ་སྒྲོག་ཏུ་གྲགས། འདི་ཡན་ཆད་ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་གྱི་ཚུལ་དུ་བཞུགས་པ་ཡིན་ནོ།

དེ་ནས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་བོའི་རྒྱལ་པོ་དགེ་འཛིན་གྱི་སྲས་མོ་བལ་མོ་ཤཱཀྱ་དེ་བ་སྒྲུབ་རྟེན་མཛད་ནས་དཔལ་ཡང་དག་གི་སྒོ་ནས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚེ་འདྲེ་སྲིན་མཐུ་བོ་ཆེ་གསུམ་གྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་ཆར་མ་བབས། ནད་དང་མུ་གེ་བཏང་བ་ན། རྒྱ་གར་དུ་བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས་ལེན་པར་བཏང་བས་ཕུར་པའི་རྒྱུད་ལུང་མི་ཁུར་གཉིས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུར་བཞུགས། གཞན་ཡང་དུས་སྐབས་ཅི་རིགས་པར། ཨོ་རྒྱན་གྱི་གླིང་ཕྲན་ཧུརྨུ་ཛུ་དང༌། སི་ཀོ་དྷ་ར། དྷ་ན་ཀོ་ས། རུཀྨ། ཏི་ར་ཧུ་ཏི་སོགས་ཐ་རུའི་རྒྱལ་ཁམས་དང༌། ཀཱ་མ་རུ་ལ་སོགས་པ་རྣམས་སུ་གཅིག་དང་དུ་མའི་རོལ་གར་གྱིས་གདུལ་བྱའི་སྐལ་པ་དང་འཚམས་པར་ཆོས་སྟོན་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱིས་སེམས་ཅན་ཀུན་ལ་ཕན་བཏགས་པ་སྟེ། ཧོར་དང་རྒྱ་ནག་སོགས་འདུལ་བ་ལ་རྒྱལ་པོ་མངོན་ཤེས་ཅན་དང༌། རྣལ་འབྱོར་པ་སྟོབས་ལྡན་དུ་སྤྲུལ་པ་དང༌། གཞན་ཡང་ཞང་ཞང་གྱི་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་བྱུང་གི་ཁྱེའུ་སྤྲུལ་ནས་རྫོགས་ཆེན་སྙན་བརྒྱད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་གསལ་རྫོགས་པ་ཆེན་པོ་མངོན་དུ་གསལ་བ་མ་ཟད། ཡུལ་དང་སྐད་རིགས་མི་གཅིག་པ་རྣམས་སུ་གང་ལ་གང་འདུལ་གྱི་འཕྲིན་ལས་སྣ་ཚོགས་པས་སྐྱེ་རྒུ་རྣམས་ཐར་ལམ་དུ་བཀོད་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་ག་ལ་ནུས། ཁྱེད་པར་རང་ཅག་སྲིལ་ལྗོངས་ཁ་བའི་ཡུལ་ལ་རྒྱལ་བསྟན་མདོ་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་བ་ནི། སློབ་དཔོན་འདི་ཉིད་ཁོ་ནའི་བཀའ་དྲིན་དང་ཕྲིན་ལས་ཡིན་པ་སྔོན་གྱི་རྒྱལ་རབས་དང་ཆོས་འབྱུང་སོགས་ལ་ཡང་གསལ། དེ་ལྟར་རྫུ་འཕྲུལ་གྱི་རོལ་གར་ཙད་མེད་པས་རྒྱ་བལ་བོད་གསུམ་གཙོ་བོར་གྱུར་པའི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ས་ལ་བཀོད། མཐར་རྔ་ཡབ་སྲིན་པོའི་གླིང་དུ་སྐུ་ལུས་མ་སྤངས་བར་འཇའ་འོད་ཀྱི་ཀློང་དུ་བྱང་ཆུབ་པའོ།

དེ་ཡན་ཆད་རིག་འཛིན་བརྡ་ཡི་བརྒྱུད་པ་སྟེ་འོད་གསལ་རྫོགས་པ་ཆེན་པོ་རིག་པའི་རང་རྩལ་ལས་ཤར་བ་ནི། བརྡ་ཐབས་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམས་དུ་སོང་བ་ཤ་སྟག་ཡིན་ཕྱིར། རིག་འཛིན་བརྡ་ཡི་བརྒྱུད་པ་ཞེས་གསང་ཆེན་སྔ་འགྱུར་པའི་བརྡ་ཆད་ཐུན་མོང་མ་ཡིན་པ་འདིར་ད་ལྟའི་བར་བརྒྱུན་མ་ཆད་པར་གནས་སོ།།

གཉིས་པ་བོད་ཡུལ་དུ་བསྟན་པ་བྱུང་ཚུལ་ལ།།

བསྟན་པ་སྔ་དར་དང༌།། ཕྱི་དར་གཉིས་ལས།།

དང་པོ་བསྟན་པ་སྔ་དར་ནི།

ཁྱེ་སྐུ་གཟི་ཕྱད་ཆུ་སྐྱེས་མཚོ་འཁྱུངས་ལས།།

མཚན་དཔའི་རབ་རྫོགས་ལྷ་ཡས་བཟློས་གར་གཞོལ།།

མུན་པའི་ལྗོངས་འདིར་སྒྲོན་མེ་སྟོན་འཛད་པ།།

རང་བྱོན་སྤྲུལ་བའི་བསྐྱབས་གཅིག་གཙུག་ཏུ་མཆོད།།

ཅེས་མཆོད་པར་བརྗོད་པ་དབྱངས་ཀྱིས་སྣ་དྲངས་ཏེ་བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པར་དར་ཚུལ་མདོར་ཙམ་བརྗོད་པར་བྱ་བ་ལ། དེ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་ན་འཁོར་དགྲ་བཅོམ་པས་བསྐོར་ཏེ་བཞུགས་པའི་ཚེ། མཛོད་སྤུ་ནས་འོད་ཟེར་ཁ་དོག་ལྔ་བྱང་ཕྱོགས་ཁ་བ་ཅན་ལ་སྤྲོས་ཏེ་ཞལ་འཛུམ་པས་ན། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་བཤད་དུ་གསོལ་ཞེན་གསོལ་བས། བཅོ་ལྡན་འདས་ཀྱིས་བཀའ་བརྩལ་བ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་སུ་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཐར་བ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། མཐའ་འཁོབ་དེ་འདྲན་པའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ནོ། དེ་གང་ཞེས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅག་པའི་གནས། མཐའ་འཁོབ་ཁ་བའི་ཅན་ཀྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་བ་བྱང་ཆུབ་ཀྱི་ལམ་ལ་འཁོབ་པར་གྱུར་ཅིག མཐའ་འཁོབ་དེ་ཡང་བདག་གིས་འདུལ་བའི་ཞིང་དུ་གྱུར་ཅིག ཞེས་གསུངས་སོ།།

དེ་ཡང་བོད་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོ་ནི། རྒྱ་གར་གྱི་རྒྱལ་པོ་ཤཱཀྱའི་གདུང་བརྒྱུད་རྒྱལ་པོ་ཨ་ཤྭ་ཀ་འམ་ཆོས་རྒྱལ་མྱ་ངན་མེད་ནས་རིན་པར་བྱོན་པས་གདུང་རབས་གྱི་ཁྱེའུ་ཞིག་ཆུ་བོ་གངྒ་ལས་བརྒྱུད་ནས་ཁ་བའི་ལྗོངས་སུ་སླེབས། ལྷ་རི་གྱང་མཐོའི་རྩེ་ནས་གཟིགས་པས། གངས་ཡར་ལྷ་ཤམ་པོ་ནི་ཤིན་ཏུ་མཐོ་བ་དང༌། ཡུལ་ཡར་ལུང་དགེ་བཅུའི་དཔལ་གྱི་མཛེས་ལྗོངས་དེ་མཐོང་མ་ཐག་ཤིན་ཏུ་དགའ་ནས། བཙན་ཐང་གོང་མའི་རི་ལ་བབས་པས། ཕྱུག་གི་རྫི་བོ་རྣམས་ཀྱིས་མཐོང་སྟེ། རྩར་ཕྱིན་ནས་ཁྱོད་སུ་ཞིག་ཡིན་དྲེས་པས། ཁོ་སྐད་ཟླ་མ་འཕྲོད་པའི་ས་དེའི་དམུང་ལ་བཙན་ཐང་བྱིས་པས་དེ་བཤད་མ་ཤེས་ནས་བཙན་པོ་བྱས་བཤད། གང་ནས་འོང་དྲིས་པའི་ཚུལ་གྱིས་ཟླ་བྱས་པས། ལྷ་རི་གྱང་མཐོ་ལ་མཛུམ་མོ་བསྒྲེང་བས་རི་དེ་ནི་ཤིན་ཏུ་མཐོ་བའི་རྫི་བོ་རྣམས་ཀྱིས་ནམ་མཁའ་ལ་མཛུབ་མོ་བསྒྲེང་བ་མཐོང་ནས། བོན་རྣམས་ཀྱིས་འདི་ནི་ནམ་མཁའི་ལྷ་ལས་འཆད་པས་རྗེས་སུ་བཟུང་སྟེ་གཉའ་བར་ཁྲི་བྱས་ནས་འོང་བ་ན་གཉའ་ཁྲི་བཙན་པོ་ཞེས་ཐོགས། དེ་ནི་བོད་ཀྱི་རྒྱལ་པོ་ཐོག་མར་ཡིན་ནོ།།

དེ་ནས་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་ནས། རིམས་པ་བཞིན་གནམ་ལ་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་དུ་ལེགས་དྲུག ས་ལ་སྡེ་བརྒྱད། འོག་གི་བཙན་གསུམ་པའི་བར་ཆབ་སྲིད་བོན་ལུགས་སུ་བསྐྱངས་སོ།།

དེ་ནས་རྒྱལ་རབས་ཉེར་བདུན་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྤྲུལ་བ་ལྷ་ཐོ་ཐོ་རི་སྙན་བཙན་དགུང་གྲངས་དྲུག་བཅུ་སྐབས། ཕོ་བྲང་ཡུམ་བུ་བླ་མཁར་གྱི་ཐོག་ཏུ། མདོ་སྡེ་ཟ་མ་ཏོག་དང༌། གསེར་གྱི་བྲེས་པས་སྤང་སྐོར་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་བ། ཙིནྡྷ་མ་ནིའི་གཟུངས་ཀྱི་བསྐོས་ཕོར། སྙིང་པོ་ཡི་གེ་དྲུག་མ་རྣམས་ནམ་མཁའ་ནས་བབས་ཏེ། མི་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་བར་སྣང་ནས་སྒྲ་གྲགས་པས། དམ་པའི་ཆོས་ཀྱི་དབུ་ཐོག་མར་བརྙེས་པ་དང༌། དོན་མ་ཤེས་ཀྱང་རྒྱལ་པོའི་མཛོད་དུ་བཞག་སྟེ། གཉན་པོ་གསང་བ་ཞེས་མིང་བཏགས་པ་དང༌། དེའི་བྱིན་རླབས་ཀྱིས་རྒྱལ་པོ་སླར་གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་བར་བཞུགས་སོ།།

དེ་ནས་རྒྱལ་རབས་སོ་གཉིས་པ་འཕགས་པ་སྤྱིན་རས་གཟིགས་ཀྱི་སྤྲུལ་བ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བཙུན་མོ་འབྲི་བཟའ་ཐོད་དཀར་ལ་མེ་མོ་གླང་གི་ལོ། ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས་མ་ཐག ས་ཡང་རྣམ་པ་དྲུག་ཏུ་གཡོ། ནམ་མཁའ་ནས་ཡི་གེ་དྲུག་མའི་སྒྲ་གྲགས། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་པ་སོགས་བཀྲ་ཤིས་པའི་ལྟས་དུ་མ་དང་ལྡན་པ་མ་ཟད། དབུ་ལ་ཨ་མི་དེ་བ་དང༌། ཕྱག་ཞབས་ལ་འཁོར་ལོ་སོགས་མཚན་བཟང་གི་ལྟས་དུ་མ་དང་ལྡན་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར། དེ་ནས་དགུང་ལོ་བཅུ་གསུམ་ནས་རྒྱལ་སྲིད་བཅང་ཏེ། བློན་པོ་ཐོན་མི་བློ་རྣོ་བས་རྒྱ་གར་འཕགས་པའི་ཡུལ་དུ་ཤེས་ཡོན་སྦྱང་དུ་བཏང༌། བློན་པོ་མགར་སོགས་བློན་ཆེན་ཁ་ཤས་བལ་ཡུལ་ནས་སྒྲོ་མ་དཀར་མོའི་སྤྲུལ་བ་བལ་གཟའ་ཁྲི་བཙུན་དང༌། རྒྱ་ཡུལ་ནས་སྒྲོ་མ་སྔོན་མོའི་སྤྲུལ་བ་རྒྱ་བཟའ་ཀོང་ཇོ་གཉིས་རྒྱལ་པོའི་བཙུན་མོར་བསུས་པ་ན། དེ་གཉིས་ཀྱི་སྐུ་སྐལ་དུ་ལྷ་ཇོ་བོ་མི་སྐྱོད་རྡོ་རྗེ་དང་ཇོ་བོ་ཤཱཀྱ་མུ་ནེ་གཉིས་བོད་དུ་སྤྱན་དྲངས། དཔལ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་གསར་དུ་བཞེངས། བློན་པོ་ཐོན་མི་རྒྱ་གར་འཕགས་པའི་ཡུལ་དུ་བྲམ་ཟེ་ལི་བི་ཀ་ར་དང༌། པནྜི་ཏ་ལྷ་རིག་པའི་སེང་གེ་སོགས་བསྟེན་ནས། ཡིག་རིགས་དང་མདོ་སྔགས་ཀྱི་ཆོས་ཅི་རིགས་སྦྱངས་ཏེ་ཕྱིར་ཕེབས་པ་དང༌། སྔར་བོད་ལ་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད་ཅིང་བརྡ་སྤྲོད་ཀྱི་བསྟན་བཅོས་བརྒྱད་བརྩམས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་སྐད་དུ་བསྒྱུར་ཏེ། རྒྱལ་པོ་དང་བློན་པོ་འབངས་བཅས་ལ་གནང༌། ཁོང་ནི་བོད་དུ་མཁས་པ་བྱོན་པའི་ཐོག་མ་ཡིན་པར་བརྟེན། མཚན་ལ་ཡང་ཐོག་མི་སམྦྷོ་ཊ་ཞེས་ཐོགས། གཞན་ཡང་རྒྱལ་པོ་ཉིད་ཀྱིས་སྐལ་ལྡན་གྱི་གང་ཟག་རྣམས་ལ་ཆོས་ཀྱི་ཆར་ཕབས་པ་དང༌། བོད་ཡུལ་ཀུན་ལ་རྒྱལ་སྲིད་ཆོས་བཞིན་སྐྱངས་ནས་དགའ་སྐྱིད་ཀྱི་ཉི་མ་དང་པོ་ཤར་བར་གྲགས། འདི་ནི་བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྣང་བ་ཐོག་མ་བྱུང་བ་ཡིན་ནོ།།

དེ་ནས་རྒྱལ་རབས་སོ་དྲུག་པ་ཆོས་རྒྱལ་བཙན་པོ་ཨག་ཚོམ་ཅན་ནི། ལྕགས་ཕོ་འབྲུག་གི་ལོ་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས། དགུང་ལོ་བཅུའི་ནས་རྒྱལ་སྲིད་བཟུང་སྟེ། བྲག་ཁ་མུ་ལེ་ཤོག་ཀ་དང་སྙན་ནམ་ཀུ་མ་ར་གཉིས་གངས་རི་ཏི་སེ་ལ་སློབ་དཔོན་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་སྤྱིན་འདྲེན་དུ་བཏང་བས། གདན་དྲང་མ་ཐུབ་ཀྱང༌། ཐེག་པ་ཆེན་པོ་མདོ་སྡེ་རྣམས་ཡི་གེར་གླེགས་བམ་ལྔ་བྲིས་ནས་རྒྱལ་པོ་ལ་ཕུལ། རྒྱལ་པོ་ཤིན་ཏུ་དགའ་ནས་གླེགས་བམ་ལྔ་ལ་ལྷ་ཁང་ལྔ་བརྩིགས་ནས། བོད་ཡུལ་ཀུན་ལ་དགྲགས་སོ།།

དེ་ནས་རྒྱལ་རབས་སོ་བདུན་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་བ་ཆོས་རྒྱལ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནི། ཆོས་རྒྱལ་བཙན་པོ་ཨོག་ཚོམ་ཅན་དང་རྒྱལ་མོ་གཟའ་ཀོ་ཇོ་ཕྱི་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་ལོན་པ་དང༌། རྒྱལ་སྲིད་བཟུང་ནས་རྒྱལ་ཁམས་ཀུན་ལ་དབང་བསྒྱུར། དགུང་ལོ་བཅུ་བདུན་ནས་དམ་པའི་རིགས་སད། ཐབས་ཤེས་ཀྱིས་སྙན་གྲགས་ཅན་གྱི་བྱ་བ་རླབས་པོ་ཆེ་མཛད་ནས། གཙང་པོ་ཟངས་ཀྱི་སྤུ་གུར་འདྲེན་རྒྱུ་དང། ཧས་པོ་རི་ཟངས་ཀྱིས་གཡོགས་རྒྱུ། ཝ་ལུང་གྲོག་པོ་གསེར་ཕྱེས་བཀང་རྒྱུ། ཞང་པོ་རྒྱ་ཡི་ཡུལ་མཐོང་བའི་མཁར་ཞིག་བརྩིགས་རྒྱུ། གཙུག་ལག་ཁང་བྲེ་ཙམ་གཅིག་བཞེང་རྒྱུ་རྣམས་འབངས་ལ་འདེམས་སུ་བཅུག་པ་ན། ཐམས་ཅད་གཙུག་ལག་ཁང་བཞེངས་རྒྱུར་ཟེར་བས། བསམ་ཡས་བཞེངས་པ་ན། ཉིན་མོར་མི་ཡི་བཞེངས་ཚད། མཚན་མོར་ལྷ་འདྲེས་ས་རྡོ་རང་མས་དུ་བསྐྱལ་ཏེ་བཤིག་པ་སོགས་བྱུང་བ་ན། འཕགས་ཡུལ་གྱི་མཁན་པོ་བོདྷི་ས་ཏྭ་བལ་ཡུལ་དུ་བཞུགས་ཡོད་པ་རྒྱལ་པོའི་གསན་ནས། རྦ་ཡེ་ཤེས་དབང་པོ་བཏང་ནས་བོད་དུ་སྤྱན་དྲངས། རྒྱལ་པོ་ལ་ལྐོག་ཏུ་དགེ་བ་བཅུའི་ཆོས་གསུངས། བསམས་ཡས་ཀྱི་ས་འདུལ་ཞུས་ཀྱང་དགོས་པའི་དབང་གིས། མཁན་ཆེན་གྱི་ཐུགས་ལ་གལ་ཏེ་ས་འདུལ་ཐེབ་ན་སློབས་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་དུ་ཕེབས་པ་དཀའ་དགོང་ནས་ས་གཞི་འདུལ་མ་ནུས་པའི་ཚུལ་མཛད། དེ་ནས་བོན་བློན་རྣམས་ཀྱིས་དབྱེན་དཀྲུག་དང་ངན་སྨས་སྣ་ཚོགས་བྱུང་བ་ན། རྒྱལ་པོའི་ཐབས་ཀྱི་སྒོ་ནས་མཁན་ཆེན་གནས་སྐབས་རིང་བལ་ཡུལ་དུ་བསྐྱལ་ཏེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བལ་ཡུལ་དུ་བཞུགས་པ་སྤྱན་དྲངས་ནས། ནག་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། ཆུ་བོ་གྱེན་ལ་བཟློག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་བསྟན། ནམ་མཁའ་ལ་རྡོ་རྗེའི་གར་འགྲོས་ཀྱི་ས་གཞི་འདུལ་བ་མཛད། སླར་ཡང་མཁན་ཆེན་བྱང་ཆུབ་སེམས་དཔའ་བལ་ཡུལ་ནས་ཚུལ་སྤྱན་དྲངས་པ་དང༌། སྐུ་སྐྱེ་རབས་དུ་མ་ནས་ཐུགས་བསྐྱེད་དང་སྨོན་ལམ་དབང་གིའི་སྤྲུལ་བའི་མཁན་སློབ་ཆོས་གསུམ་གངས་ཅན་བོད་ཀྱི་ཡུལ་དུ་ཞལ་འཛོམས་དུས་གཅིག་ལ་བྱུང་ནས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་མོ་ངོ་མཚར་རྫུན་འཕྲུལ་གྱི་ངང་ནས། འཕགས་ཡུལ་གྱི་ཨོ་ཏན་ཏ་པཱུ་རིའི་གཙུག་ལག་ཁང་དཔེར་བྱས་ཏེ། ཉིན་མོར་མི་ཡིས་བཞེངས་པ་ལས་མཚན་མོ་ལྷ་འདྲེ་གིས་བཞེངས་ནས་ལེགས་པར་གྲུབ་རྗེས། བོད་ཡུལ་ཀུན་ལ་བོང་ཆེ་སྟོངས་ནས་ཕྱོགས་གཅིག་ཏུ་འདུས་སྟེ་གསོལ་སྟོན་རྒྱ་ཆེ་བྱས་པ་མ་ཟད། ཀུན་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། དེ་ནས་བོད་ལ་རབ་བྱུང་མེད་པའི་དབང་གིས་མཁན་ཆེན་བྱང་ཆུབ་སེམས་དཔའ་ཕྱིར་འཕགས་ཡུལ་དུ་ཕེབས་ནས་ཁོང་གི་སློབ་ཕྲུག་དགེ་སློང་བཅུ་གཉིས་བོད་དུ་སྤྱན་དྲངས་པ་དང༌། མཁན་སློབ་དགེ་འདུན་བཅུ་གསུམ་འཛོམས་པ་ལས། ཐོག་མར་བོད་མི་ལ་རབ་ཏུ་བྱུང་བའི་སྡོམ་པ་གནང་ན་སྲུང་ཐུབ་དང་མི་ཐུབ་ཚོད་ལྟ་བྱས་ནས་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ཡིན་པས། སད་མི་མི་བདུན་ཞེས་གསུངས་པར་ཁོང་བདུན་རབ་ཏུ་བྱུང་སྟེ་ཆོས་སློབ་ཏུ་བཅུག རྗེ་སུ་ཚང་མ་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཤིན་ཏུ་མཁས་ཤིང་འཕགས་ཡུལ་གྱི་དགེ་སློང་བཞིན་ཚུལ་ཁྲིམ་གཙང་ཞིང་མཐར་ཕྱིན་པར་བྱུང་བ་དང༌། དེ་རྣམས་ནི་བོད་དུ་རབ་བྱུང་དང་མཁན་པོ་བྱུང་བའི་ཐོག་མར་ཡིན། དེ་ནས་རྒྱལ་པོའི་རིམ་པ་བཞིན་འབངས་སུམ་བརྒྱ་ཙམ་རབ་ཏུ་བྱུང་བཅུག་སྟེ། རེ་རེ་ལ་བསོད་སྙོམས་སོགས་ཀྱི་ཞབས་འདེགས་ཞུ་བའི་འབངས་མི་ཁྱིམ་བདུན་བདུན་ཕུལ་བ་དང༌། དེ་ནི་སྔོན་རྒྱལ་པོ་སྲོང་བཙན་སྒམ་པོས་མ་འོངས་པར་ངའི་རྒྱལ་ཁམས་འདིར། དབུ་རིལ། ན་བཟའ་ཤུར་བུ། ཞབས་རྗེན་པ་བྱུང་བས་དེ་རྣམས་ལ། ངའི་ཚ་བོའི་རྒྱུད་ཐམས་ཅད་ཀྱིས་གུས་ཤིང་བཀུར་སྟི་བྱ་དགོས། དེ་ལྟར་བྱས་ན་བོད་དུ་བཀྲ་ཤིས་པ་འབྱུང་ཞེས་གསུངས་པའི་ཞལ་ཆེམས་ཀྱི་ཡི་གེ་བཞག་པ་དེ། བློན་པོ་མགར་གྱིས་ཟངས་མ་ལ་བྲིས་ཏེ་གཏེར་དུ་སྦས་པ་རྗེས་སུ་ཡང་གསལ་ལོ།།

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་མཆིམས་ཕུའི་དབེན་གནས་སུ་གསང་སྔགས་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རྒྱལ་པོ་གཙོས་བློན་པོ་དང་འབངས་མི་སྐལ་ལྡན་དག་ལ་དབང་བསྐུར་བ་དང༌། མཁན་ཆེན་གྱིས་བྱང་ཆུབ་སེམས་ཀྱི་བསླབ་པ་ཡང་བྱིན་ཟིན་པས་རབ་ཏུ་བྱུང་བ་ཐམས་ཅད་སོར་བྱང་སྔགས་གསུམ་བསླབ་ལྡན་དུ་གྱུར་ནས། གངས་ཅན་བོད་ཀྱི་རབ་བྱུང་རྣམས་ལ་གསུམ་ལྡན་རྡོ་རྗེ་འཛིན་པ་ཞེས་ཆུ་བོ་གཅིག་འདྲེས་སུ་གྱུར་བའི་བཀའ་སྲོལ་གསར་དུ་རྙེད་དོ། དེ་ནས་རྒྱ་གར་འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་བཱི་མ་མི་ཏྲ་དང༌། སངས་རྒྱས་བསང་བ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཤཱནྟིཾ་གརྦྷ། དྷརྨ་ཀིརྟི་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་དང༌། ལོ་ཆེན་བཻ་རོ་ཙ་ན། སྐ་བ་དཔལ་བརྩེགས། ཅོ་རོ་ཀླུ་ཡི་རྒྱལ་མཚན། རྨ་རིན་ཆེན། གཉགས་ཛྙཱ་ན་ཀུ་མ་ར་སོགས་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དུས་གཅིག་ལ་འཛོམས་ཏེ། མདོ་སྡེ་སྣོད་གསུམ་དང༌། སྔགས་རྒྱུད་སྡེ་བཞི་དགོངས་འགྲེལ་བསྟེན་བཅོས་དང་བཅས་པ་ཐམས་ཅད་བསྒྱུར་ཞིང༌། བོད་ཆོ་ག་གསུམ་ལ་རྒྱལ་བསྟན་གྱི་སྒྲོན་མེ་གཞིར་བཞེངས་སུ་སྦར། ཁྱད་པར་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ཐུན་མོང་མ་ཡིན་པ་ལྷ་ཀླུའི་གནས་དང་མཁའ་འགྲོའི་གསང་མཛོད་ན་བཞུགས་པ་རྣམས་ཀྱང༌། སློབ་དཔོན་པདྨ་དང་བཱི་མ་མི་ཏྲ་གཉིས་ཀྱི་རྫུ་འཕྲུལ་གྱིས་སྤྱན་དྲངས་ཏེ་སྐལ་ལྡན་གྱི་སློབ་མ་རྣམས་ལ་རྒྱུད་བྱིན་གྱིས་རླབས། འོད་གསལ་ཆོས་ཉིད་ཀྱི་དོན་མངོན་དུ་གསལ་བར་བྱ། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ཀྱང་ཁོང་གི་ཞལ་ནས། བོད་དུ་གསང་སྔགས་ཀྱི་སྟན་པ་དར་བ་འདི་འདྲ་བ་སྔོན་རྒྱ་གར་དུའང་མ་བྱུང་བ་འདྲ་ཞེས་བསྔགས་པར་མཛད། དེ་ནས་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་ཨརྱཱ་པ་ལོའི་གླིང་དུ་སློབ་དཔོན་དབང་སྐུར་བ་རྣམས་སྒྲུབ་པ་མཛད་པའི་སྐབས། རྟ་མགྲིན་ཞལ་དངོས་སུམ་དུ་གཟིགས་ནས། རྟ་སྐད་ཐེངས་གསུམ་གྲགས་པས་འཛམ་གླིང་སུམ་གཉིས་ཀྱིས་ཐོས་པ་གྲགས། དེ་ལྟ་བུ་དངོས་གྲུབ་ཐོབ་པའི་རྗེས་འབངས་ཉེར་ལྔ་དང༌། ཡེར་བའི་གྲུབ་ཆེན་བརྒྱད་ཅུ་སོགས་གྲངས་མེད་པ་བྱུང་བ་དང༌། ཕྱིས་སུ་མཁན་ཆེན་གྱི་བཀའ་བཞིན་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་གདན་དྲངས་ནས། རྒྱ་ནག་ཧ་ཤང་སྒོར་བ་ངན་པ་ཚར་བཅད་སྟེ་ཕྱིར་རྒྱ་ཡུལ་སུ་སྟོང༌། ཆོས་རྒྱལ་ཆེན་པོས་བོད་རྒྱལ་ཁམས་ཀུན་ལ་དགེ་བ་བཅུའི་ཁྲིམས་བསྡམས་ནས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་དོ།།

ཕྱིས་སུ་བཞེད་ཚུལ་མི་འདྲ་བ་མང་ཡང་ཁ་གཅིག་གིས་བོད་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་རིམ་བཞིན། མུ་ནེ་བཙན་པོ་དང༌། མུ་རུ་བཙན་པོ། མུ་ཏིག་བཙན་པོ་གསུམ་གྱི་དུས་སུ་མེ་པོའི་སྲོལ་རྒྱུན་ལྟར་དམ་པའི་ཆོས་བླ་ན་མེད་པ་དར་བ་མ་ཟད་གཙུགས་ལག་ཁང་སོགས་མང་དུ་བཞེངས་རྒྱ་གར་གྱི་པཎྜི་ཏ་དུ་མ་གདན་དྲངས་སྟེ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་སོ།།

དེ་ནས་ཆོས་རྒྱལ་མུ་ཏིག་བཙན་པོ་ལ་སྲས་གཙང་མ་དང༌། དར་མ། རལ་བ་ཅན་གསུམ་འཁྲུངས། ཆེ་ཤོས་གཙང་མ་ཡིན་ཡང་རབ་ཏུ་བྱུང་བ་དང༌། དེ་ནས་དར་མ་ཡིན་ཀྱང་སེམས་རྒྱུད་རྩུབ་པས་མི་འོང་ཟེར་ནས་བློན་ཆེན་རྣམས་ཀྱིས་རལ་བ་ཅན་རྒྱལ་པོར་བསྐོས་པས། རྒྱལ་རབས་ཞེ་གཅིག་པ་བཙན་པོ་ཁྲི་རལ་པ་ཅན་ཞེས་མཚན་སྙེན་གྱི་བ་དན་དཀར་པོ་ཕྱོགས་བཞི་ཀུན་ལ་གྲགས། ཁོང་གིས་འུ་ཤང་རྡོའི་ལྷ་ཁང་སོགས་བཞེངས་ནས། འཕགས་ཡུལ་གྱི་པནྜི་ཏ་མང་པོ་སྤྱན་དྲངས། ལོ་ཙཱ་བ་བརྒྱ་ནས་སྟོང་བར་གྱིས་སྒྱུར་གྲྭ་ཆེན་པོ་བཙུགས་ཏེ་མདོ་སྔགས་དགོངས་འགྲེལ་དང་བཅས་པ་སྔར་མ་སྒྱུར་བ་ཐམས་ཅད་གསར་དུ་བསྒྱུར་བ་མ་ཟད། བཀའ་དང་བསྟན་བཅོས་གང་ཡིན་ཀྱང་ལོ་ཙཱ་བའི་བསྒྱུར་བས་ཐོག་མར་འགྱུར་ཕྱག་བཀོད་པ་ན། འདུལ་བའི་ཕྱོགས་སུ་གཏོགས་པ་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པ་བརྗོད་པ་དང༌། མདོ་སྡེ་ཕྱོགས་སུ་གཏོགས་པ་ཐམས་ཅད་སངས་རྒྱས་དང་བྱུང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པར་བརྗོད་པ་དང༌། མངོན་པའི་ཕྱོགས་སུ་གཏོགས་པ་ཐམས་ཅད་རྗེ་བཙུན་འཇམ་དཔའི་དབྱངས་ལ་མཆོད་པ་བརྗོད་པ་དང༌། དེ་ལྟ་བུར་བསྟན་བཅོས་སོ་སོར་ངོས་ཟིན་པའི་འགྱུར་ཕྱག་དགོས་ཞེས་བཀའ་བཅད་ཀྱང་མཛད་པ་མ་ཟད། སྟོད་ཆུ་བོ་གངྒའི་མན་ཆད་དང་སྨད་རྒྱ་ཡི་མཆོད་རྟེན་དཀར་པོ་ཚུལ་ཆད་ལ་བཀའ་ཡིས་དབང་བསྒྱུར་ནས་འཛམ་གླིང་སུམ་གཉིས་ལ་རྒྱལ་སྲིད་ཆོས་བཞིན་སྐྱངས་བ་མ་ཟད། མངའ་ཐང་དཔལ་འབྱོར་སོགས་ཀུན་གྱི་འགྲིན་ཟླ་དང་བྲལ་བར་གྱུར། དེ་ཡན་ཆད་བོད་འབངས་རྣམས་ཤིན་ཏུ་སྐྱིད་པའི་རྒྱལ་རབས་ཞེས་གྲགས་སོ།།

དེ་ནས་དར་མས་རང་གི་ནུ་བོ་རལ་བ་ཅད་མེད་པར་བྱས་ནས་རང་ཉིད་རྒྱལ་པོ་བྱས། དང་པོ་ཡག་ཙན་བྱས་ཡོད་ཀྱང༌། ཕྱིས་སུ་བོན་བློན་རྣམས་དང་བགྲོས་ཏེ་སངས་རྒྱས་ཀྱི་བསྟན་པ་མེད་པར་བྱས་ནས། ལོ་ཙཱ་བའི་སྒྱུར་གྲྭ་ཐམས་ཅད་གཏོར། འཕགས་ཡུལ་གྱི་པནྜི་ཏ་ཚང་མ་ཕར་བརྫངས། རབ་ཏུ་བྱུང་བ་ཚང་མ་བསད་པ་དང༌། རི་དྭགས་བཤོལ་དུ་བཏང་བར། ལག་ཏུ་རྔ་དང་གཤང་སོགས་གཟུང་དུ་བཅུག འགའ་ཞིག་ནི་མི་དྲག་ཚོའི་རྟ་ཞོན་པའི་སྟེགས་སུ་ཡང་བྱས། གསང་སྔགས་ཀྱི་ཆོས་དཔེ་ཐམས་ཅད་འཕགས་ཡུལ་དུ་བསྐུར། མཆོད་ཆ་ཐམས་ཅད་མི་མཐོང་བའི་མུན་ཁུང་དུ་སྦས་སུ་བཅུག ལྷ་ཇོ་ཤཱཀ་རྣམ་གཉིས་སོགས་སྐུ་རྟེན་རྣམས་བྱེ་མའི་འོག་ཏུ་སྦས། གཙུག་ལག་ཁང་གི་སྒོར་ས་ཕག་བརྩིགས་ཏེ་ཞལ་ཞལ་བྱས། སྒོ་ཁྱིམ་དུ་བྱོལ་སོང་བསད་སའི་བཤས་རར་བྱས་པ་སོགས་སྤྱོད་ངན་གྱི་བྱ་བ་ཡོངས་རྫོགས་བྱས་ཟིན་པ་ན། གཡེར་བའི་བྲག་ཕུག་ཏུ་སྒྲུབ་པ་མཛད་བཞིན་བཞུགས་ཡོད་པའི་ལྷ་ལུང་དཔལ་གྱི་རྡོ་རྗེ་གིས་གནས་ཚུལ་ཐམས་ཅད་གསན་པས། ད་ནི་འདུལ་བའི་དུས་ལ་བབ་ཡོད་དགུང་ནས་ལྷ་ས་ལ་འོངས་སྟེ། རྟ་དཀར་པོ་གཅིག་ལ་སོལ་བ་བྱུགས་ནས་ནག་པོ་བྱས། བེར་ནག་པོ་ནང་དཀར་པོ་ཅན་ཞིག་གྱོན། ཞྭ་ནག་པོ་ཕོད་ཁ་ཅན་ཞིག་བཅས་གདོང་པ་ལ་སོལ་བ་བྱུགས། མདའ་གཞུ་བེར་གྱི་ཕུག་ཏུ་སྦས་ཏེ་ག་ལེ་ཆུ་ལན་གཡོག་མོ་ཞིག་ལ་དྲིས་པ་ན། རྒྱལ་པོ་ད་ལྟ་གླ་བའི་ཚལ་དུ་སྐྱོ་སངས་ལ་ཕེབས་སོང་བས་མགྱོགས་པོ་ཚུར་སླེབས་ཀྱི་རེད་ཟེར། ཁོ་ག་ལེར་སོང་སྟེ་བལྟས་པས། རྒྱལ་པོ་རྡོ་རིང་གི་རྩར་སོང་ནས་ཡི་གེ་ཀློག་བཞིན་པ་ན། དཔལ་རྡོས་རྟ་ཕ་ཚད་ན་བཏགས་ནས་གུས་འདུན་ཞུ་བའི་ཚུལ་གྱིས་ཕྱག་འཚལ་བཞིན་གོམ་པ་སྤོས་ཏེ་འོང་བར། ཕྱག་གསུམ་པ་འཚལ་བ་དང་མདའ་གཞུ་རྒྱུད་དང་སྤྲད། སྐབས་དེར་རྒྱལ་པོས་གུས་འདུན་ཞུ་བ་རེད་བསམ་ནས་ཚུལ་ལྟས་བྱུང་བ་ན་ཐོད་པའི་དཀྱིལ་དུ་མདའ་བརྒྱབ་པས། ས་ལ་འགྱེད་མ་ཐག་གསང་སྐད་མཐོན་པོས་ངང༌། ཡང་ན་ལོ་གསུམ་སྔ་སོང༌། ཡང་ན་ལོ་གསུམ་ཕྱི་སོང་ཟེར་ནས་ཤི དེའི་རྒྱུ་མཚན་གང་ཡིན་མཁས་པ་རྣམས་ཀྱིས་རྟགས་ཤིང་བཤད་པར་བྱ། རང་གི་ལྟའི་ན་གལ་ཏེ་ལོ་གསུམ་སྔ་ན་བསྟན་པ་ལ་སྐྱོན་གྱི་མ་གུས་པ་དང༌། ལོ་གསུམ་ཕྱི་ན་བསྟན་པ་དར་བ་ཡིན་ནམ་སྙམ། གནས་སྐབས་བསྟན་པ་མེད་པར་བྱས་པ་ནི་རྒྱ་ནག་ཀྱི་དམག་ཟློག་པས་ཕྱིར་དུ་ཡིན་ནམ་སྙམ། དེ་ནས་མི་མང་ཟིང་ཞིང་འཐོར་བ་ན། དཔར་རྡོས་མགྱོགས་མྱུར་གྱིས་རྟ་ལ་ཞོན་ཏེ་བྲོས་བ་དང༌། ལྷོ་ནས་གཙང་ཆུ་ཕར་ཀར་བཅད་པ་ན་རྟའི་སོལ་བ་ཆུས་བཤལ་ནས་སྤུ་མདོག་དཀར་པོ་ཆགས། ཁོང་གི་བེར་དང་ཞྭ་གཉིས་ཕྱི་ནང་སྒྱུར་ནས་དཀར་པོ་གྱུར་བས། རྗེས་འདེད་ཀྱི་མི་ཁ་གཅིག་སླེབས་བྱུང་བ་ན། མི་དཀར་རྟ་དཀར་ཞྭ་དཀར་ཅན་ལག་ན་མདུང་དར་དཀར་པོ་འཛིན་པ་ཅན་ཞིག་བྱས་ཏེ། ང་ནི་གནམ་གྱི་ལྷ་དཀར་པོ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་བསྒྲགས་ནས་བྲོས་པ་དང༌། རྗེས་གཅོད་མཁན་གྱི་མི་རྣམས་ཀྱིས་རྒྱལ་པོ་ཆོས་བསྣུབས་ཏེ་མེད་པར་བྱས་པས། དཀར་པོའི་ལྷ་ཡིས་ཆད་པ་བཅད་ཡིན་པར་འདྲ་ཟེར་ནས་ཕྱིར་ལོག་སོང༌། དེ་ནས་དཔར་རྡོར་མདོ་སྨད་དུ་བྲོས་ནས་ཐར། དེ་ལ་རྨ་བྱང་ཆུབ་དང༌། གཙང་རབ་གསལ། གཡོ་དགེ་འབྱུང་ཞེས་པའི་དགེ་སློང་གསུམ་བྲག་ཕུག་ཏུ་སྒྲུབ་པ་ལ་བཞུགས་ཡོད་པའི་སྐབས་ཤིག ནགས་གསེབ་ཏུ་རྔ་གཤང་ཐོགས་པ་ཞིག་རི་དྭགས་གཤོལ་དུ་བྱུང་བར་ཕྲད་དེ་ངན་པའི་ལོ་རྒྱུས་ཐམས་ཅད་ཐོས་པས། རབ་བྱུང་གི་ཆས་ཐམས་ཅད་བསྒྱུར། དྲེའུ་གཅིག་ཡོད་པ་དེར་ཆོས་དཔེ་རྣམས་བཀལ་ནས་ག་ལེ་བྱང་ལམ་དུ་བརྒྱུད་དེ་མདོ་སྨད་རྨ་ལུང་བྲག་ཕུག་གཅིག་ཏུ་ཡིབས་ཏེ་བཞུགས་པ་ན། མདའ་ཡི་གྲོང་ཚོའི་ནང་གི་བུ་ཆུང་ཞིག་ཡོད་པར། དེས་མཐོང་བ་དང་དད་ནས་ཉིན་ལྟར་རང་གི་ར་འཚོ་བའི་རྫི་ཆས་ཅུང་ཟད་ཡོད་པ་དེ་ཁོང་གསུམ་ལ་ཕུལ་བས། ཁོང་གསུམ་གིས་བུ་ཆུང་འདི་ལས་ཅན་ཞིག་ཡིན་པ་དགོངས་ནས་འདུལ་བའི་བསླབ་བྱ་སོགས་ཆོས་ཅུང་ཟད་རེ་བསྟན་པ་ན། ཁོང་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་གསོལ་བྱུང་བས། དགེ་སློང་གསུམ་གྱིས་ལྷ་ལུང་དཔལ་རྡོ་འདན་སྒྲོ་མ་ལྷ་ཁང་ཕྱོགས་སུ་བཞུགས་ཡོད་པར་གསན་ནས། དེ་ལ་ལྐོག་ཏུ་འཕྲིན་བསྐུར་ནས་འདུལ་བའི་བསྙེན་པར་རྫོགས་པའི་ལས་ཀྱི་ཁ་སྐོང་དུ་བྱོན་པར་ཞུས་པས། ང་ནི་རྒྱལ་པོ་སྡིག་ཅན་བསད་པའི་ཕམ་པ་བྱུང་ཟིན་པས་མི་རུང༌། འོན་ཀྱང་ཐབས་ཤེས་ཡོད་གསུངས་ནས་རྒྱ་ཡི་དགེ་སློང་ཀེ་ཝང་དང་གྱི་ཕན་གཉིས་སྤྱན་དྲངས་སྟེ། མཁན་སློབ་དགེ་འདུན་ལྔ་ཚོགས་ཀྱིས་ར་རྫི་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས མཚན་ལ་དགོངས་པ་རབ་གསལ་ཞེས་བཏགས། འདུལ་བ་སོགས་ཆོས་ཀྱི་སློབ་གཉེར་ཅི་རིགས་གནང་བ་མ་ཟད། བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་བྱུང་བར་གྲགས་སོ།།

གཉིས་པ་བསྟན་པ་ཕྱི་དར་ལ།།

ཕྱི་དར་བསྟན་པའི་མེ་རོ་སྤྱི་བཤད་པ་དང༌།། བྱེ་བྲག་ཏུ་སོ་སོར་དབྱེ་བ་ཏེ་གཉིས་ལས།

དང་པོ་ཕྱི་དར་བསྟན་པའི་མེ་རོ་སྤྱི་བཤད་པ་ནི།།

དེ་ཡང་བོད་རྒྱལ་བཙན་པོ་དར་མའི་བསྟན་པ་བསྣུབས་པའི་དུས་ཡུན་ལོ་གསུམ་ལས་མ་བྱུང་ཡང༌། བོན་བློན་རྣམས་ཤུགས་ཆེ་བའི་དབང་གིས་ལོ་མང་རང་འགོར། ཕྱིས་སུ་བླ་ཆེན་དགོན་པ་རབ་གསལ་ལས་བསྙེན་པ་རྫོགས་པའི་རྒྱུད་རིམ་པར་ཀླུ་མེ་དང༌། ཚོང་བཙུན། འབྲོག་བཙུན། ཡེ་ཤེས་བློ་གྲོས་སོགས་དབུས་གཙང་གི་མི་བཅུ་བསྟན་པ་སྔ་དར་གྱི་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱུན་སོགས་མདོ་སྨད་ནས་སྤྱན་དྲངས་སྟེ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་རྒྱུན་ནི་སྨད་འདུལ་དང༌། ཡང་ཁ་ཆེའི་པཎ་ཆེན་གྱིས། ས་སྐྱ་པཎ་ཆེན་དང༌། ལོ་སྟོན་རྡོ་རྗེ། རྒྱལ་བ་བྱང་ཆུབ་གསུམ་ལས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་རྒྱུད་ནི་སྟོད་འདུལ་ཡིན་ནོ།

དེ་ཡང་གསང་བ་སྔགས་ཀྱི་ནང་རྒྱུད་སྡེ་གསུམ་ནི། སྔགས་འཆང་རྒྱལ་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་གོས་དཀར་ལྕང་ལོ་འཛིན་པ་རྣམས་ཀྱིས། དབུས་གཙང་གི་གངས་རི་གཡའ་ཁྲོད་དུ་མ་ཉམས་པ་བཟུང་བས། ཕྱིས་སུ་བབས་སོ་བདུན་གྱི་སྒོ་ནས་རིམ་པར་བརྒྱུད་དེ། སྟོད་ལ་རྡོ་རྗེ་བྲག་དང༌། སྨིན་གྲོལ་གླིང༌། དཔལ་རི་ཐེག་མཆོག་གླིང༌། སྨད་ལ་ཀཿཐོག་དང༌། དཔལ་ཡུལ། རྫོགས་ཆེན་བཅས་གདན་ས་ཆེན་པོ་དྲུག་ཏུ་གྲགས། གཞན་ཡང་རྫོགས་ཆེན་གྱི་བུ་དགོན་ཆེན་པོ་མདོ་སྔགས་བསྟན་གཉིས་དར་རྒྱས་གླིང་ལས། རྫོགས་པ་ཆེན་པོ་ལ་མངའ་གཉེས་པའི་མཁས་པ་དང་གྲུབ་པ་བསམ་གྱི་མི་ཁྱབ་པ་བྱུང་བ་མ་ཟད། ས་སྐྱ་དང༌། བཀའ་བརྒྱུད། དགེ་ལྡན་བཅས་དགོན་ཆེན་པོ་འདི་རྣམས་ཀྱི་བཀའ་དྲིན་ཁོ་ན་ལས་གངས་རིའི་ཁྲོད་དུ་གསང་སྔགས་རྡོ་རྗེ་ཐེགས་པའི་བསྟན་པ་འདིར་ད་ལྟའི་བར་རྒྱུན་མ་ཆད་པར་གནས་པ་མ་ཟད། འཛམས་གླིང་ས་ཆེན་པོའི་ཁྱོན་ཀུན་ཏུ་གྲགས་སོ།།

གཉིས་པ་བྱེ་བྲག་ཏུ་སོ་སོར་དབྱེ་བ་བཤད་པ་ལ།།

ཨེ་ཝཾ་ལྕོག་སྒར་ཐུབ་བསྟན་རྡོ་རྗེ་བྲགས་དང༌།། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང༌།། འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང༌།། ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན།། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང༌།། གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན།། སྔ་འགྱུར་མདོ་སྔགས་བཤད་བསྒྲུབ་བསྟན་གཉིས་དར་རྒྱས་གླིང༌།། དཔལ་ས་སྐྱའི་ཆོས་སྡེ་ཆེན་པོ།། རྒྱལ་བ་བཀའ་བརྒྱུད་པ།། རི་བོ་དགེ་ལྡན་པ་ཅེས་བཅུ་གཅིག་ཡོད་པ་ལས།།

དང་པོ་ཨེ་ཝཾ་ལྕོག་སྒར་ཐུབ་བསྟན་རྡོ་རྗེ་བྲགས་ནི།།

དེ་ཡང་ཨེ་ཝཾ་ལྕོག་སྒར་ཐུབ་བསྟན་རྡོ་རྗེ་བྲགས་ནི། དང་པོ་གཏེར་སྟོན་རྒོད་ལྡམ་རིག་འཛིན་འཕྲུལ་ཅད་གྱིས་བྱང་གཏེར་གྱི་ཆོས་རྣམས་མངོས་སུ་གསོལ་སྟོད། དེ་ནས་ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་སྒྲུབ་པ་མཛད་པའི་ཕུག་པ་བྱིན་ཅན་ཞིག་ཡོད་པ་དེ་ལ། རྒོད་ལྡམ་རིག་འཛིན་ངག་གི་དབང་པོ་མཆོག་གིས་ཨེ་ཝཾ་ལྕོག་སྒར་ཞེས་པའི་ཆོས་སྒར་ཆུང་ངུ་ཞིག་བཏབ། བྱང་གཏེར་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་བསྟན་པར་སྤེལ། རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ལོར་རྡོ་བྲག་རིག་འཛིན་ཆེན་པོ་མཆོག་གིས། ཨེ་ཝཾ་ལྕོག་སྒར་ཐུབ་བསྟན་རྡོ་རྗེ་བྲགས་གི་ཆོས་སྡེ་ཆེན་མོ་འདི་དངོས་སུ་ཕྱག་བཏབ། དེའི་རྗེས་སུ་ཐུགས་སྲས་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་གདན་ཚབ་མཛད་ཅིང་རིམ་པར་རྒོད་ལྡེམ་རིམ་བྱོན་གྱིས་བསྟན་པ་བསྐྱངས། དེ་ནས་རྒོད་ལྡེམ་བཞི་བ་རིག་འཛིན་ཀུན་བཟང་པདྨ་ཕྲིན་ལས་ནི། བསམ་ཡས་ཀྱི་ཐད་མོན་མཁར་རྣམ་སྲས་གླིང་དུ་སྐུ་འཁྲུངས་ནས། ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་རྒྱལ་མཆོག་ལྔ་བ་སོགས་ལ་བསྟན་ཅིང་མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པ་གྱུར། དམ་པ་འདིའི་སྐུ་རིང་ལ་དགེ་འདུན་པ་ཉིས་སྟོང་ལྷག་གནས་པ་མ་ཟད། ཆོས་བརྒྱུད་ཀྱི་བུ་དགོན་རྣམས་སྔལ་ལས་ཇེ་མང་དུ་འཕེལ་བ་དང༌། ཁོང་གི་སྐུ་ཚེ་རིང་པོར་བཞུགས་ཤིང་མཐར་དགོངས་པ་ཆོས་དབྱིངས་སུ་ཐིམ། རྒོད་ལྡེམ་ལྔ་བ་རིག་འཛིན་སྐལ་བཟང་པདྨ་དབང་ཕྱུག་ནི། སྤོ་འབོར་སྒང་གི་ནང་ཚན་ཉག་རོང་ལྕགས་མདུད་ཅེས་པར་སྐུ་འཁྲུངས། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་ཉམས་གསོ་ཕུལ་དུ་བྱུང་བ་མཛད་པས་བཀའ་དྲིན་ཤིན་ཏུ་ཆེ་བ་མ་ཟད། དགོངས་གཏེར་དག་སྣང་གི་ཆོས་སྐོར་དུ་མ་མཛད་དོ། རྒོ་ལྡེམ་དྲུག་པ་རིག་འཛིན་ཀུན་བཟང་འགྱུར་མེད་ལྷུན་གྲུབ་རྡོ་རྗེ་ནི། དར་མདོ་ལྕགས་ལའི་རྒྱལ་ཁབ་དང་ཉེ་བའི་གསེར་ཏོག་དུ་སྐུ་འཁྲུངས། འཁོར་ལོ་གསུམ་གྱི་མཛད་བཟང་རྨད་དུ་བྱུང་བས་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་སྤེལ། དག་སྣང་ལུང་བསྟན་གྱི་ཆོས་ཚན་དུ་མ་མཛད་ཀྱང་སྐུ་ཚེ་མཐར་མ་ཕྱིན་པར་ཞི་བར་གཤེགས། རྒོད་ལྡེམ་བདུན་པ་ངག་དབང་འཇམ་དཔལ་མི་འགྱུར་ལྷུན་གྲུབ་རྡོ་རྗེ་ནི། མོན་མཁར་རྣམ་སྲས་གླིང་དུ་སྐུ་འཁྲུངས། འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱ་ཆེ་བའི་ངང་དགོངས་པ་གཞན་དོན་དུ་གཤེགས། རྒོད་ལྡེམ་བརྒྱད་པ་རིག་འཛིན་པདྨ་དབང་རྒྱལ་ནི། རབ་བྱང་བཅུ་བཞི་པའི་ནང་ལྷོ་བྲག་ལ་ཡག་སྟོད་དུ་སྐུ་འཁྲུངས། མདོ་སྔགས་བཀའ་གཏེར་གྱི་ཟབ་ཆོས་མང་དུ་གསན་ནས། འཁོར་ལོ་གསུམ་གྱི་མཛད་ཕྲིན་སྔར་ལས་ཇེ་རྒྱས་སུ་གྱུར། ལྷག་པར་དུ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ནུས་མཐུ་འགྲན་ཟླ་དང་བྲལ་བས་སྟན་འགྲོའི་དོན་དུ་མཐའ་དམག་ཟློག་པ་སོགས་ཀྱི་ལས་སྦྱོར་ཅི་རིག་མཛད་ནས། རྟགས་དང་མཚན་མ་མངོན་དུ་གྱུར་བས་སྙན་གྲགས་ཀུན་ལ་ཁྱབ། དེ་ལྟར་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཡར་ངོས་ཟླ་བཞིན་མཛད་ནས། མཐར་འོག་གསལ་ཆོས་དབྱིངས་སུ་བྱང་ཆུབ་པའོ། རྒོད་ལྡམ་དགུ་བ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་ནི། རབ་བྱུང་བཅོ་ལྔ་བའི་ཤིང་སྤྲེལ་ལོ་ལྷ་ས་དུ་སྐུ་འཁྲུངས། གདན་ས་གོང་མའི་གསེར་ཁྲིར་མངའ་གསོལ་ནས། མདོ་སྔགས་ཀུན་ལ་གསན་བསམ་མཐར་ཕྱིན་པར་མཛད། དེ་ནས་མདོ་སྨད་ཁམས་ཕྱོགས་སུ་ཕེབས་ཏེ་སྐལ་ལྡན་གྱི་སློབ་ཚོགས་བསྐྱངས། འཁོར་ལོ་གསུམ་གྱི་མཛད་འཕྲིན་རྒྱས་བཞིན་དགུང་གྲངས་ཞེ་དགུ་སྐབས་དགོང་པ་ཆོས་དབྱངས་སུ་བྱང་ཆུབ་པའོ། རྒོ་ལྡེམ་བཅུ་བ་རིག་འཛིན་ཆེན་མོ་ཐུབ་བསྟན་འཇིགས་མེད་རྣམ་གྲོལ་རྡོ་རྗེ་ནི། རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོར་ལྷ་ས་སྦྲ་ནག་ཞོལ་དུ་སྐུ་འཁྲུངས། རྭ་སྒྲེང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་དབུ་སྐྲ་གཙུག་ཕུད་ཕུལ་ནས། གདན་སར་མངའ་གསོལ། སྐུ་གོང་མའི་ཞལ་སློབ་འགོ་ཚ་མཁན་ཆེན་ཐེག་མཆོག་བསྟན་འཛིན་གྱི་ཞལ་སྔ་ནས་བྱང་གཏེར་གྱི་དབང་ལུང་ཕལ་ཆེ་བ་བསན། གཞན་ཡང་སྨུན་གླིང་མཁན་ཆེན་དང༌། སྐྱབས་རྗེ་བདུན་འཇོམ་རིན་པོ་ཆེ་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་དུ་མ་ལ་བསྟན་ནས། ཐུན་མོང་རིག་གནས་དང༌། མདོ་སྔགས་གཞུང་ལུགས། བཀའ་གཏེར་སྨིན་གྲོལ་སོགས་ལ་གསན་བསམ་རྒྱ་ཆེར་མཛད་ཅིང་མཁྱེན་རབ་ཀྱི་པདྨོ་རྒྱས་ནས། སྐལ་ལྡན་གྱི་སློབ་ཚོགས་རྣམས་བསྐྱངས་བཞིན་པའོ།

དེ་ལྟར་རྒོད་ལྡེམ་རིག་འཛིན་ཆེན་པོ་སྐུ་འཁྲུངས་རིམ་བྱོན་གྱིས་འཁོར་ལོ་གསུམ་གྱི་མཛད་འཕྲིན་བརྒྱུད་མར་སྤེལ་པས་ཆོས་བརྒྱུད་འཛིན་པའི་དགོན་ལག་གིས་གངས་ལྗོངས་མངའ་རིས་ཀྱི་ཡུལ་གྲུ་ནས་སྨད་མདོ་ཁམས་དར་མདོ་སོགས་ལ་འཕེལ་ཏེ་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་བྱུང་བ་དང༌། རྒྱལ་བསྟན་ཡང་དར་གྱི་དུས་འདིར་རིག་འཛིན་ཆེ་པོ་སྐུ་རབས་བཅུ་བ་རིག་འཛིན་རྣམ་གྲོལ་རྒྱ་མཚོ་མཆོག་བསྟན་འགྲོའི་དཔལ་མགོན་དུ་སྐུ་འཚོ་ཞིང་གཞེས་པའི་ཐུགས་བསྐྱེད་འོག ལྷག་བསམ་མཐུ་སྟོབས་ཕུལ་དུ་བྱང་བའི་དབུ་ཆེན་རྒན་ཆོས་འབྱོར་སོགས་བླ་གྲྭ་ཡོངས་ནས་དུས་དབང་གིས་ཉམས་རྒུད་དུ་གྱུར་པའི་ཕྱི་ནང་གི་རྟེན་གསུམ་དང་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་སླར་གསོ་གནང་བཞིན་པ་དང༌། ཁྱད་པར་དུ་རབ་བྱུང་བཅུ་བདུན་པ་ཤིང་ཕག་ལོར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གདན་ས་ཆེན་མོ་གང་དུ་ཞབས་པད་དུ་བཀོད་ནས་སྒྱུ་འཕྲུལ་ཞི་ཁྲོ་སོགས་སྔ་འགྱུར་བཀའ་མའི་སྨིན་དབང་ཟབ་མོ་དང༌། རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་རྒྱུད་རྣམས་སྤེལ་བ་མ་ཟད། ལོ་ལྟར་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ནས་བཤད་གྲྭའི་མཁན་སློབ་རྒྱུན་གཏོང་གནང་རྒྱུའི་ཞལ་བཞེས་མཛད་དེ་འཆད་ཁྲིད་ཀྱི་སྲོལ་བཙུགས་པ་ནས། ད་ལྟའི་བར་བཤད་སྒྱུབ་ལས་གསུམ་གྱི་འཁོར་ལོ་ཡར་ངོས་ཟླ་བཞིན་རྒྱས་བཞིན་པའོ།

དེ་བཞིན་དུ་ཆོས་སྡེ་འདིའི་བུ་དགོན་ཆེན་མོ་ཡར་འབྲོག་སྟག་ལུང་དགོན་གྱི་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་འཕགས་ཡུལ་དུ་ཞབས་སོར་བཀོད་ནས། ཧི་མ་ཅལ་མངའ་ཁོངས་སིམ་ལ་རུ། ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་རྟེན་དང་བརྟེན་པ་གསར་དུ་བཞེངས་གནང་མཛད་དེ། བཤད་སྒྲུབ་ཀྱི་བསྟན་པ་འཛམ་གླིང་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་པ་མ་ཟད། བོད་རབ་བྱུང་ ༡༧ པ་ས་བྱི་ལོ་ཟླ་དགུ་བའི་ཚེས་བཅུ་ནས་གཟུང༌། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་རིན་ཆེན་གཏེར་མཛོད་ཆེན་མོ་བཀའ་དབང་ཟབ་མོ་སོགས་མཛད་འཕྲིན་ཡར་ངོས་ཟླ་བཞིན་བརྒྱས་ནས་འཛམ་གླིང་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་བོ།།

གཉིས་པ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནི།།

སྔ་འགྱུར་བཀའ་གཏེར་བསྟན་པའི་འབྱུང་གནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནི། ཐོག་མར་གཏེར་ཆེན་རཏྣ་གླིང་པའི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལྷོ་བྲག་སྨད་ཐང་དུ་སྐུ་འཁྲུངས། མདོ་སྔགས་རིགས་གནས་དང་བཅས་པ་གསན་བསམ་མཐར་ཕྱིན་ནས་སློབ་ཚོགས་དུ་མ་བསྐྱངས། དགུང་ལོ་ཞེ་གཉིས་སྐབས་གྲྭ་ནང་དར་རྒྱས་ཆོས་སྡིངས་གི་རི་ཁྲོད་ཕྱག་བཏབ། མཐར་དགུང་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ། དེ་རྗེས་པདྨ་གླིང་པའི་སྤྲུལ་སྐུ་བསྟན་འཛིན་གྲགས་པ་དང༌། གཉོན་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན། དེ་ཉིད་ཀྱི་སྲས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་བར་དར་རྒྱས་ཆོས་སྡིངས་སུ་བཞུགས་ནས་ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པ་རྒྱ་ཆེར་སྤེལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་གཏེར་ཆེན་འགྱུར་མེད་རྡོ་རྗེའམ་འགྲོ་འདུལ་གཏེར་བདག་གླིང་པ་མཆོག་གིས། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྡེ་ཆེན་མོ་དངོས་སུ་ཕྱག་བཏབ་པ་ནས་བཟུང་ཁྲི་རབས་དང་པོ་ཞེས་གྲགས་སོ།

དེ་ནས་བཟུང་འོད་མིན་ཨོ་རྒྱན་སྨིན་གྲོལ་གླིང་ལ་ཁྲི་རབས་དང་མཁན་རབས་གཉིས་ཀྱིས་རིམ་པར་བཞིན་རྒྱུན་སྐྱོངས་བ་ལས། དང་པོ་ཁྲི་རབས་ནི། དེ་ཡང་ཁྲི་རབས་གཉིས་པ་རྒྱལ་སྲས་པདྨ་འགྱུར་མེད་རྒྱལ་མཚོ་ནི། ཡབ་རིག་འཛིན་གཏེར་བདག་གླིང་པ་དང་ཡུམ་ཡོན་ཏན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་དང་གཅུང་རིན་པོ་ཆེ་རྣམ་གཉིས་ལས་བཀའ་གཏེར་གྱི་དབང་ཁྲིད་མ་ལུས་པ་གསན། ཁྱད་པར་ཉི་ཤུ་པ་ལ་ཁུ་བོ་ལོ་ཙཱ་བ་ངག་དབང་ཆོས་དཔལ་རྒྱལ་མཚོ་ལས་ཆིག་རྫོགས་ཀྱིས་བསྙེན་པར་རྫོགས། སུམ་ཅུ་པར་ཁྲིར་ཕེབས་ནས་ཡབ་རྗེ་གོང་མའི་མཛད་རྒྱུན་བསྐྱངས་ཤིང་སོ་གསུམ་པ་གཟུགས་སྐུ་ཆོས་དབྱིངས་སུ་བྱང་ཆུབ་པའོ། ཁྲི་རབས་གསུམ་པ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནི། ཡབ་གཏེར་བདག་གླིང་པ་དང་ཡུམ་ཕུན་ཚོགས་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་རྗེ་ཁུ་དབོན་རྣམས་ལས་དབང་ཁྲིད་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དང༌། ཐུན་མོང་ཐུན་མིན་གྱི་རིགས་གནས་མཐའ་དག་ཀྱང་བཔྱིས་ཕྱིན་པར་གསན། ཇུན་གར་བའི་སྡེ་གཟར་སྐབས་མོན་བོད་བརྒྱུད་ནས་ཁམས་ཕྱོགས་ཉག་རོང་ལྕགས་མདུད་བར་ཕེབས་པས་ལོག་སྨོན་ཅན་རྣམས་ཀྱིས་བརྫི་བར་མ་ནུས། སླར་དབུས་སུ་ཕེབས་ནས་གདན་སའི་ཉམས་གསོ་གནང་ཞིང་བསྟན་པ་ལ་བཀའ་དྲིན་ཤིན་ཤུ་ཆེ། མཐར་གདུང་གྲངས་དྲུག་ཅུ་རྩ་ལྔ་ཐོག་དགོངས་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ། ཁྲི་རབས་བཞི་བ་གདུང་སྲས་འགྱུར་མེད་པདྨ་བསྟན་འཛིན་ནི། ཡབ་རྒྱལ་སྲས་རིག་འཛིན་རྣམ་རྒྱལ་དང་ཡུམ་ཚེ་དབང་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་རྗེ་དམ་པའི་སྐུ་མདུན་ནས་མདོ་སྔགས་བཀའ་གཏེར་དང་བཅས་པས་དབང་ཁྲིད་མན་ངག་ཕྱག་བཞེས་དང་བཅས་པ་ཐམས་ཅད་སྦྱོང་བ་མ་ལུས་པ་མཐར་ཕྱིན། དགུང་ལོ་ཉེར་གཅིག་ཐོག་ཡབ་རིག་འཛིན་ཆེན་པོ་ཞིང་དུ་གཤེགས་པའི་དགོངས་རྫོགས་དང་རྟེན་བཞེངས་རྒྱ་ཆེར་མཛད། ཁྲི་རབས་བཞི་གསེར་ཁྲིར་ལ་ཞབས་སོར་བཀོད་ནས་མཁས་ཚུལ་གྱི་མཛད་པས་སྤྱི་དང་བྱེ་བྲག་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ནས་མཐར་དགོངས་པ་ཆོས་དབྱིངས་སུ་བྱུང་ཆུབ་པའོ། ཁྲི་རབས་ལྔ་བ་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ནི། ཡབ་ཁྲི་ཆེན་འགྱུར་མེད་པདྨ་བསྟན་འཛིན་གྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་མཁྱེན་རྟོགས་ཀྱི་རྩལ་རྫོགས་པས་མདོ་སྔགས་བཀའ་གཏེར་དང་བཅས་པ་ཐམས་ཅད་ལ་བྱང་ཆུབ། ཁུ་བོ་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་དྲང་ནས་བཀའ་ཆོས་ཐམས་ཅད་གསན་བསམ་མཛད་ནས། ཁྲི་རབས་ལྔ་བའི་གསེར་ཁྲིར་བཀོད་ནས་བསྟན་འགྲོའི་དོན་ཕན་བདེ་རྒྱ་ཆེར་སྤེལ་མཐར་དགོང་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ། ཁྲི་རབས་དྲུག་པ་འགྱུར་མེད་པདྨ་དབང་རྒྱལ་ནི། ཡབ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་གྱི་སྲས་སུ་འཁྲུངས། ཆུང་ངའི་དུས་ནས་རང་ལུགས་སྨིན་གླིང་གི་ཆོས་སྤྱོད་ཆོ་གའི་སྒྲུབ་འཕྲིན་རིགས་ལ་མཁས་པར་སྦྱངས། གདན་བསམ་གྱི་སྣོད་དུ་གྱུར་ནས་རྗེ་ཁུ་བོ་དབོན་རྣམས་ལས་སྔ་འགྱུར་ཡོ་ག་རྣམ་གསུམ་གཙོ་བོར་གྱུར་བའི་ཕྱི་ནང་གི་རྒྱུད་སྡེ་ཁག་དང༌། གཏེར་ཆོས་གསར་རྙིང་ཀུན་ཀྱི་སྨིན་ཁྲིད་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང༌། ཁྲི་རབས་དྲུག་པའི་གསེར་ཁྲིར་བཞུགས་ནས་ཡབ་རྗེ་གོང་མ་རིམ་བྱོན་གྱི་ཕྱག་བཞེས་ལྟར་བཤད་སྒྲུབ་ཀྱི་རྒྱུན་བསྐྱངས། དོན་གཉིས་ཀྱི་མཛད་པ་མཐའ་རུ་ཕྱིན་པའི་ངང་ཞི་བ་ཆོས་དབྱིངས་སུ་བྱང་ཆུབ་པའོ། ཁྲི་རབས་བདུན་པ་འགྱུར་མེད་སངས་རྒྱས་ཀུན་དགའ་ནི། ཡབ་ཁྲི་ཆེན་འགྱུར་མེད་པདྨ་དབང་རྒྱལ་གྱི་སྲས་སུ་འཁྲུངས། སྦྱོང་བའི་ཡོན་ཏན་རྣམས་ལ་ཤིན་ཏུ་མཁས་པར་གྱུར། ཁྲི་རབས་བདུན་པའི་གསེར་ཁྲིར་བཞུགས་ནས་གོང་མའི་རིམ་བྱོན་ལྟར་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེ་བསྐྱངས་མཐར་གཟིགས་སྐུ་ཆོས་དབྱིངས་སུ་བྱང་ཆུབ་པའོ། ཁྲི་རབས་བརྒྱད་པ་འགྱུར་མེད་ཡིད་བཞིན་དབང་རྒྱལ་ནི། ཁྲི་ཆེན་སངས་རྒྱས་ཀུན་དགའི་སྲས་སུ་འཁྲུངས། མཁས་དང་གྲུབ་པའི་ཡོན་ཏན་གྱིས་མངོན་པར་མཐོ་བ་དང༌། ཁྲི་རབས་བརྒྱད་པའི་གསེར་ཁྲིར་བཞུགས་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེ་བསྐྱངས་མཐར་དགོང་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ། ཁྲི་རབས་དགུ་བ་འགྱུར་མེད་བདེ་ཆེན་མཆོག་གྲུབ་ནི། ཡབ་ཁྲི་ཆེན་ཡིད་བཞིན་དབང་རྒྱལ་གྱི་སྲས་སུ་འཁྲུངས། སྦྱོང་བའི་ཡོན་ཏན་རྣམས་མཐར་ཕྱིན་ནས་མཁན་ཆེན་ཀུན་དགའ་ཚུལ་ཁྲིམ་རྡོ་རྗེ་ཞེས་གྲགས། ཕྱིས་སུ་དགོས་པའི་དབང་གིས་ཕྱག་རྒྱ་མ་བཞེས་ནས་ཁྲི་རབས་དགུ་བའི་གསེར་ཁྲིར་བཞུགས་ནས་སྲས་མོ་འཆི་མེད་བདེ་ལྡན་སྒྲོ་མ་སྐུ་འཁྲུངས། ཆོས་རྒྱལ་གཏེར་བདག་གླིང་པའི་རྣམ་སྤྲུལ་ཁམས་ཉགས་རོང་གི་གཏེར་སྟོན་རང་རིག་རྡོ་རྗེའི་སྲས་པདྨ་དབང་ཆེན་གྱིས་རྗེ་བཙུན་མ་བདེ་ལྡན་སྒྲོ་མ་ཐབས་གྲོགས་སུ་བཞེས་ནས་གདུང་རིགས་ཁྲི་ཚབ་སུ་མཛད་མཐར་དགོངས་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ། ཁྲི་རབས་བཅུ་བ་འགྱུར་མེད་དིན་འགྲུབ་དབང་རྒྱལ་ནི། ཡབ་ཁྲི་ཚབ་པདྨ་དབང་ཆེན་དང་ཡུམ་རྗེ་བཙུན་མ་བདེ་ལྡན་སྒྲོ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཁྲི་རབས་བཅུ་བའི་གསེར་ཁྲིར་བཞུགས་ནས་ལུགས་གཉིས་ཀྱི་ཕྲིན་ལས་མཐར་རྒྱས་སུ་གྱུར་མཐར་དགོང་པ་ཆོས་དབྱངས་སུ་བྱང་ཆུབ་པའོ། ཁྲི་རབས་བཅུ་གཅིག་པ་འགྱུར་མེད་ཀུན་བཟང་དབང་རྒྱལ་ནི། ཡབ་འགྱུར་མེད་དོན་འགྲུབ་དབང་རྒྱལ་དང་ཡུམ་ཟླ་བ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལོར་སྐུ་འཁྲུངས། ཡབ་རྗེ་དམ་པ་དང་ཕུ་བོ་མཁན་གཅུང་རྣམ་གཉིས་དང་ཞེ་ཆེན་རབ་འབྱམས་དྲུག་པ་སོགས་ལ་བསྟན་ནས་རང་ལུགས་གཙོ་བོར་གྱུར་བའི་བཀའ་གཏེར་གསར་རྙིང་གི་དབང་ཁྲིད་མ་ལུས་པ་གསན་བསམ་མཛད་མཐར་ཁྲི་རབས་བཅུ་གཅིག་པའི་གསེར་ཁྲིར་བཞུགས་ནས་ཡི་རིང་མ་སོང་བར་བོད་ཡུལ་ཀུན་ལ་དུས་འགྱུར་ཆེན་མོ་བྱུང་ནས་འཕགས་ཡུལ་དུ་ཞབས་སོར་བཀོད། དཔལ་སྤྲུལ་འཇམ་དཔལ་བློ་གྲོས་དང༌། སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་རྣམ་གཉིས་ཀྱིས་གདན་ཞུས་བཞིན་འཕགས་ཡུལ་དྷེ་རཱ་དཱུན་དུ་ཕྱག་བཏབ་པའི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྡེ་ཆེན་པོ་དུ་ཁྲི་རབས་བཅུ་གཅིག་པ་སྤྱན་དྲངས་ནས་རྒྱལ་བསྟན་འཁོར་ལོ་གསུམ་གྱི་ཕྲིན་ལས་ཡར་ངོས་ཟླ་བཞིན་རྒྱས་པ་མ་ཟད། སྔགས་འགྱུར་རྙིང་མའི་བསྟན་བདག་མཛད་ནས་སངས་རྒྱས་ཀྱི་བསྟན་པ་འཛམས་གླིང་ས་ཆེན་པོ་ཀུན་ལ་ཁྱབ་པར་དཔེལ་མཐར་བོད་རབ་བྱུང་ ༡༧ པ་ས་བྱི་ལོ་ཟླ་དང་པོ་ཚེས་གསུམ་ཉིན་དགུང་པ་ཆོས་དབྱངས་སུ་བྱང་ཆུབ་པའོ།

གཉིས་པ་མཁན་རབ་དང་པོ་གཅུང་རྒྱལ་སྲས་བསྟན་པའི་ཉི་མ་ནི། ཡབ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་འཁྲུངས། གཅེན་གཏེར་ཆེན་རིན་པོ་ཆེ་སོགས་ཡོངས་འཛིན་དམ་པ་མང་པོ་བསྟན་ནས་མདོ་སྔགས་བཀའ་གཏེར་སོགས་གསན་པ་རྒྱ་ཆེ་གནང་ནས་ཐུན་མོང་རིག་གནས་དང་བཅས་པ་ཐུགས་སུ་ཆུབ་མཐར། མཁན་རབ་དང་པོའོ་ཆོས་ཁྲིར་བཞུགས་ཤིང་བར་ཆད་ཀྱིས་སྐུ་ཚེ་དེ་ཙམ་མཐར་མ་ཕྱིན་པར་དགུང་ལོ་ཉེར་བདུན་པར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐུམ། མཁན་རབས་གཉིས་པ་གཅུང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་ནི། སྔ་འགྱུར་སོ་ཐར་གྱི་སྡོམ་རྒྱུན་སྨད་འདུལ་ལས་གསལ། མཁན་རབས་གསུམ་པ་མཁན་ཆེན་འགྱུར་མེད་དོན་ཡོད་ལོ་ཤས་ཆོས་ཁྲིར་བཞུགས་ཀྱང་སྐུ་སྙུན་གྱིས་འདུལ་བའི་ཕྱག་ལེན་ཕྲག་རགས་གནང་བ་མ་གྲུབ་པས་གསོ་སྦྱོང་མདོ་འདོན་པ་དང༌། དགེ་ཚུལ་སློང་གི་སྡོམ་འབོག་མཁན་པོ་རབ་འབྱམས་པ་ཆོས་གྲགས་སོགས་ཀྱིས་མཛད་པར་གྲགས། མཁན་རབས་བཞི་བ་གཅུང་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ནི། ཡབ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་ཡུམ་ཚེ་དབང་དཔལ་འཛོམས་གཉིས་ལ་རྔ་ཆེན་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་སྒོར་ཞུགས་ཏེ་དབང་ལུང་ཟབ་ཁྲིད་གསན་བསམ་ཕྱོགས་མེད་དུ་མཛད་ཅིང་ཕྱི་ནང་གི་རིག་པ་མཐའ་དག་ལ་མཁས་པའི་རྩེར་སོན། དགུང་གྲངས་བཅོ་ལྔའི་ཐོག་རབ་འབྱམས་པ་འགྱུར་མེད་ཆོས་འཕེལ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་སྦྲུལ་ལོར་རབ་འབྱམས་པ་འགྱུར་མེད་ཆོས་ལྡན་སོགས་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས་ནས་བཙུན་པའི་མཆོག་ཏུ་གྱུར་བ་བཅས་མཁས་ཚུལ་གསུམ་གྱི་རྣམ་ཐར་ཕུལ་དུ་ཕྱིན་པའི་ངང་དགོང་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ། མཁན་རབས་ལྔ་བ་གཅུང་འགྱུར་མེད་གསང་སྔགས་བསྟན་འཛིན་ནི། ཡབ་ཁྲི་ཆེན་འགྱུར་མེད་པདྨ་བསྟན་འཛིན་གྱི་སྲས་སུ་འཁྲུངས། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་སོགས་བཤེས་གཉེན་དམ་པ་དུ་མས་མདུན་ནས་མདོ་སྔགས་རིགས་གནས་དང་བཅས་པ་གསན་བསམ་མཐར་ཕྱིན་ནས། མཁས་བཙུན་གྲུབ་པའི་རྩེ་མོར་སོན། མཁན་རབས་ལྔ་བའི་ཆོས་ཁྲིར་བཞུགས་ཏེ་འཆད་རྩོད་རྩོམ་གསུམ་གྱི་མཛད་པས་རྒྱལ་བསྟན་མཐར་རྒྱས་སུ་སྤེལ་ནས་དགོང་པ་ཆོས་དབྱིངས་སུ་ཐུམ། མཁན་རབས་དྲུག་པ་གཅུང་ཨོ་རྒྱན་ཆོས་འཕེལ་ནི། ཡབ་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་གྱི་སྲས་སུ་སྐུ་བལྟབས། མཁས་ཚུལ་གསུམ་གྱི་རྣམ་ཐར་འགྲན་པའི་ཟླ་དང་བྲལ་ཞིང་མཁན་རབས་དྲུག་པའི་ཆོས་ཁྲིར་བཞུགས་ནས་མཐར་དགོང་པ་ཆོས་དབྱིངས་སུ་བྱུང་ཆུབ་པའོ། མཁན་རབས་བདུན་པ་རིག་འཛིན་བཟང་པོ་ནི། དཔལ་ལྡན་གཉོས་རིགས་ཀྱི་གདུང་རྒྱུད་དུ་སྐུ་འཁྲུངས། གཞོན་ནུ་དུས་ནས་དགེ་བའི་བཤེས་གཉེན་དུ་མ་ལས་གསན་བསམ་རྒྱ་ཆེན་མཛད། དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་གཞི་གསུམ་གྱི་ཕྱག་ལེན་སོགས་མདོ་ཕྱོགས་ལ་གསན་སྦྱང་གནང༌། ཁྱད་པར་དུ་རང་ལུགས་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་རྒྱལ་བརྟེན་དང་བཅས་པ་བུམ་པ་གང་བྱོས་སུ་མནོས། ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རབ་བདུན་པའི་ཁྲིར་བཞུགས་ནས་རྒྱལ་བསྟན་ལུང་རྟོགས་ཀྱི་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་ཡུན་རིང་བསྐྱངས་མཐར་དགུང་པ་ཆོས་དབྱིངས་སུ་བྱུང་ཆུབ་པའོ། མཁན་རབས་བརྒྱད་པ་ཀུན་དགའ་ཚུལ་ཁྲིམ་རྡོ་རྗེ་ནི། མཁས་བཙུན་གྲུབ་པའི་བཙུག་ཏུ་གྱུར་ནས། མཁན་རབ་བརྒྱད་པའི་གསེར་ཁྲིར་བཞུགས་ནས་རྒྱལ་བསྟན་ཕྱོགས་མཐར་ཀུན་ལ་ཁྱབ་པར་མཛད་མཐར་དགུང་པ་ཆོས་དབྱིངས་སུ་ཐུམ། མཁན་རབས་དགུ་བ་ངག་དབང་མཁྱེན་བརྩེ་ནོར་བུ་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁན་རབས་དགུ་བའི་ཁྲིར་བཞུགས་ནས་རྒྱལ་བསྟན་ཉི་འོད་ཀྱི་སྣོང་བ་མཛད་བསྐྱོངས་བྱེད་བཞིན་པའོ།།

དེ་བཞིན་དུ་བོད་ཡུལ་གྱི་གདན་ས་ཆེན་མོ་འདིར་ཡང་རྒྱལ་བསྟན་ཡང་དར་གྱི་སྐབས་འདིར། ཐུགས་བསྐྱེད་མཚུངས་པ་མེད་པའི་རྒན་འཇམ་དཔལ་སོགས་གཞི་ལུས་བླ་གྲྭ་ཡོངས་ཀྱིས་སྐུ་གསུང་ཐུགས་རྟེན་སྐྱར་གསོ་དང་འབྲེལ་འོད་མིན་ཨོ་རྒྱན་སྨིན་གླིང་གི་རང་ལུགས་ཐུན་མོང་མ་ཡིན་པ་མཛད་སྐྱངས་དཔེལ་གསུམ་བྱས་ནས་ཡར་ངོས་ཟླ་བཞིན་རྒྱས། ཁྱད་པར་དུ་རབ་བྱུང་བཅུ་བདུན་པ་ཤིང་ཕག་ལོ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཞབས་སོར་བཀོད་ནས་འདུས་པ་མདོ་དབང་དང༌། སྒྱུ་འཕྲུལ་ཞི་ཁྲོ་སོགས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་དུ་མ་གནང་བ་དང༌། རང་ལུགས་སོ་ཐར་འདུལ་བའི་སྡོམ་རྒྱུད་སྤེལ་ཞིང་བཤད་གྲྭའི་འཆད་ཁྲིད་ཀྱི་མཁན་སློབ་རྣམས་ཤྲཱི་སེང་ཆོས་གྲྭ་ནས་རྒྱུན་གཏོང་གནང་བ་བཅས་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྒྱས་བཞིན་པའོ།།

གསུམ་པ་འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་ནི།།

སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་ནི། རབ་བྱུང་བཅུ་བའི་ལྕགས་ལུག་ལོར་གཏེར་ཆེན་ཤེས་རབ་འོད་ཟེར་གྱིས་ཕྱག་བཏབ་པ་དང༌། དེ་ནས་རྒྱལ་སྲས་ཀུན་བཟང་དང༌། མཚོ་རྒྱལ་སྤྲུལ་སྐུ་རིན་འཛིན་ཕྲིན་ལས་རྣམ་རྒྱལ། ངག་དབང་པདྨ་ཀུན་བཟང༌། ངག་དབང་བློ་བཟང་པདྨ། པདྨ་ཆོས་འབྱོར་རྒྱལ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་བརྒྱུད་མར་བྱོན་པས་གྲོལ་ཐིག་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཤིན་ཏུ་དར་ཞིང་ཆོས་བརྒྱུད་ཀྱང་བོད་ཡུལ་ཐ་གྲུ་ཀུན་ལ་ཁྱབ། ཕྱིས་སུ་གྲུབ་དབང་པདྨ་རིག་འཛིན་དང་ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་སྔ་འགྱུར་སྙིང་མའི་མཁས་གྲུབ་སྐྱེ་ཆེན་དུ་མས་ཆོས་སྡེ་འདི་ནས་ཐོས་བསམ་མཛད་དེ་བཤད་གྲུབ་ཀྱི་འགྲོ་དོན་རྒྱ་ཆེར་སྤེལ་བ་མ་ཟད། སྐབས་དེར་དགེ་འདུན་པ་སུམ་སྟོང་ལྷག་ཙམ་བྱུང་བས་ཆོས་སྡེ་ཆེན་མོ་འདི་མཚན་སྙན་གྱི་བ་དན་དཀར་པོ་བོད་ཡུལ་ཀུལ་ལ་གྲགས། བར་ལམ་དུས་ཀྱི་འགྱུར་བ་སྣ་ཚོགས་པས་གདན་ས་འདི་ཉིད་ཆེས་ཉམས་རྒུད་དུ་གྱུར་པས་སྐབས། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དབུས་སུ་ཕེབས་ཏེ་ཆོས་སྡེ་འདིར་ཆེད་དུ་ཞབས་པད་བཀོད་ནས་དབང་ཆོས་ཀྱི་བཀའ་དྲིན་བརྩལ་ཅིང༌། ཐུགས་ཁུར་ཆེ་བཞེས་ཀྱིས་གཞུང་ས་ཆེན་མོར་སྙན་ཞུས་ལྟར་མཆོད་གཞིས་ཀྱི་གསོལ་རས་ཐོབ་པ་སོགས་སླར་གསོའི་བདག་རྐྱེན་རྒྱ་ཆེར་གནང་ཡང་དུས་ཀྱི་འགྱུར་བས་ཐུགས་བཞེད་མཐར་མ་ཕྱིན། ཕྱིས་སུ་རྒྱལ་བསྟན་ཡང་དར་གྱི་སྐབས་འདིར་དེ་གའི་བླ་གྲྭ་དད་ལྡན་ཡོངས་ཀྱིས་སྐུ་ངལ་ཁྱད་བསད་ཀྱིས་ཕྱི་ནང་གི་རྟན་གསུམ་སླར་གསོ་གནང་བ་མ་ཟད། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གིས་ཐུགས་ཁུར་མཛད་ནས་གནས་དེར་ཞབས་ཟུང་བཀོད་དེ་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་ཉི་འོད་བཞིན་ཕྱོགས་ཀུན་ལ་ཁྱབ་པར་མཛད་ནས། ལོ་ལྟར་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ནས་མཁན་སློབ་རྣམས་གདན་དྲངས་ཏེ་ད་ལྟའི་བར་བཤད་སྒྱུབ་ལས་གསུམ་གྱི་འཁོར་ལོ་ཡར་ངོས་ཟླ་བཞིན་རྒྱས་བཞིན་པའོ།།

བཞི་བ་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་ནི།།

མཁས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་ནི། རབ་བྱུང་གསུམ་པའི་ས་ཡོས་ལོར་ཀཿ་དམ་པ་བདེ་གཤེགས་ཤེས་རབ་སེངྒའི་ཕྱག་བཏབ་སྟེ། སྔ་འགྱུར་མདོ་བརྒྱུད་སེམས་གསུམ་གྱི་ཕྲིན་ལས་འཁོར་ཡུག་ཀུན་ཏུ་བསྐྱངས། རྗེ་དེ་ཉིད་ལ་ཞལ་སློབ་གཙོ་བོ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང༌། བྱམས་པ་འབུམ། མཁན་པོ་གྲགས་ཡེ་སོགས་དང༌། འོད་ལུས་སུ་གྲུབ་པའི་སློབ་མ་བཻ་རོའི་ཕུག་ཏུ་བླ་མ་འབུམ་སྟོན་དང༌། ཙྭ་རྭི་བླ་མ་མགོན་རྒྱལ། དབུས་པ་ཡོན་ཏན་འབུམ། མེ་ཉག་འཇམ་དབྱངས་ཡོན་ཏན། གླིང་གི་དགེ་སློང་ཤེས་རབ་ཅེས་ལྔ་བྱོན་པས་འཇའ་ལུས་པ་འབུམ་གྱི་འགོ་ཚུགས། གཞན་ཡང་མཆོག་དང་ཉེ་བའི་སློབ་མ་བཅུ། བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག་དུ་མ་དང༌། ཚུལ་འཆལ་གྱི་དྲི་ཙམ་མ་གོས་པའི་དགེ་སློང་འདུལ་བ་འཛིན་པ་ཁྲི་བརྒྱད་ཉེ་བ་བྱོན་ནས་རྒྱལ་བསྟན་སྨད་ནས་གསོ་བའི་ཕྲིན་ལས་ཕྱོགས་མཐར་ཁྱབས། རྗེ་དེ་ཉིད་ནས་བླ་རབ་བཅུ་གསུམ་དང༌། དྲུང་རབ་བཅུ་གསུམ། རྨོག་རབ་བཅུ་གསུམ་སོགས་སློབ་བརྒྱུད་ཡང་སློབ་དང་བཅས་པར་ཀཿཐོག་སྔ་རབས་པར་གྲགས་པ་དང༌། ཕྱིས་སུ་རབ་བྱུང་བཅུ་བའི་ཤིང་གླང་ལོར་སྤྲུལ་བའི་གཏེར་སྟོན་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོས་སྔར་དུས་ཉམས་རྒུད་དུ་ཕྱིན་པའི་གདན་སའི་རྟེན་དང་བརྟེན་པ་སླར་གསོ་མཛད་ཅིང༌། དེ་ནས་རིམ་པར་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཡང་སྲིད་ཀཿཐོག་ཞིང་སྐྱོང་སྐུ་ཕྲེང་རིམ་བྱོན་དང༌། བྱམས་པ་འབུམ་གྱི་ཡང་སྲིད་དགེ་རྩེ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་སྐུ་ཕྲེང་རིམ་བྱོན། ཀཿདམ་པ་རིན་པོ་ཆེའི་ཡང་སྲིད་སི་ཏུ་སྐུ་ཕྲེང་རིམ་བྱོན། གསང་བདག་ཆེན་པོ་རྨོག་རྩ་སྐུ་ཕྲེང་རིམ་བྱོན་སོགས་བླ་རབ་བརྒྱད་དང་གདན་རབ་བརྒྱད་ཅུར་གྲགས་པའི་མཁས་གྲུབ་སྐྱེ་ཆེན་བརྒྱུད་མར་བྱོན་ཏེ། འཁོར་ལོ་གསུམ་གྱི་ཕྲིན་ལས་དཀར་ནག་རྒྱ་ཡི་ཡུལ་གྲུ་ནས་འཇང་སོག་གི་བར་ཡར་ངོས་ཟླ་བཞིན་འཕེལ་བ་མ་ཟད། སྐབས་འདིར་ཀཿཐོག་ཞིང་སྐྱོང་དང་ཀཿཐོག་སི་ཏུ། ཀཿཐོག་རྨོག་རྩ་སོགས་ཀྱི་ཐུགས་རྗེ་དབང་གིས་མཛད་འཕྲིན་ཡར་ངོས་ཟླ་བཞིན་བརྒྱས་ནས་འཛམས་གླིང་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་བོ།།

ལྔ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་ནི།།

སྔ་འགྱུར་བསྟན་པའི་ཆུ་འགོ་གདན་ས་ཆེན་མོ་དཔལ་ཡུལ་རྣམ་རྒྱལ་ཆོས་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ལོར་རིག་འཛིན་ཆེན་མོ་ཀུན་བཟང་ཤེས་རབ་ཀྱིས་ཕྱག་བཏབ། དེ་ནས་བསྟན་པའི་རྒྱལ་ཏུ་མངའ་གསོལ་བ་སོག་པོ་ལྷ་དཔལ་གྱི་རྣམ་འཕྲུལ་པདྨ་ལྷུན་གྲུབ་རྒྱ་མཚོ་དང། རིག་འཛིན་འཇའ་ཚོན་སྙིང་པོའི་རྣམ་འཕྲུལ་གྲུབ་དབང་པདྨ་ནོར་བུ། ཤུད་བུ་དཔལ་གྱི་སེང་གེའི་རྣམ་འཕྲུལ་མཁས་གྲུབ་ཀརྨ་བཀྲ་ཤིས། མཁས་གྲུབ་ཀར་མ་ལྷ་དབང༌། འཁྲུལ་ཞིག་ཀརྨ་དོན་དམ། དབོན་སྤྲུལ་འཇིགས་མེད་རང་གྲོལ། གྲུབ་དབང་དཔལ་ཆེན་འདུན་པ། ཀརྨ་ཐེག་མཆོག་སྙིང་བོའི་ནས་དེང་དུས་འཚོ་ཞིང་བཞེས་པ་སྐྱབས་རྗེ་གྲུབ་དབང་གསུམ་པ་ལེགས་བཤད་ཆོས་ཀྱི་སྒྲ་དབྱངས་དང༌། གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་གདན་རབས་ཀྱི་ཕྲེང་བ་རིམ་པར་བྱོན་པ་དག་གི་འཁོར་ལོ་གསུམ་གྱི་ཕྲིན་ལས་བོད་ཡུལ་ཀུན་ལ་གྲགས།

ཕྱིས་སུ་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་འཕགས་ཡུལ་དུ་ཞབས་སོར་བཀོད་ནས། རྒྱ་གར་ལྷོ་ཕྱོགས་མེ་སོར་བྷེ་ལོ་ཀོ་པ་བོད་མིའི་གཞིས་ཁོངས་སུ་རྣམ་གྲོལ་གླིང་ཞེས་པའི་ཆོས་གཞི་ཆེན་པོ་ཞིག་བཏབ་ནས། དགེ་འདུན་པ་དང་བཙུན་མ་སོགས་བཞི་སྟོང་ལྷག་ཙམ་གནས་པ་མ་ཟད། མཁན་རབ་དང་པོ་རྫོགས་ཆེན་མཁན་པོ་རྩོ་འགྲུས་མཆོག་གི་ཐུགས་སྐྱེད་སྨོན་ལམ་ལ་བསྟན་ནས་བོད་ལ་ཡོན་པའི་མ་དགོན་ཆེན་པོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དང༌། འཕགས་ཡུལ་རྫོགས་ཆེན་ཨོ་རྒྱན་བསམ་སྟན་ཆོས་གླིང༌། བོད་གཞུང་རྣམ་རྒྱལ་གྲྭ་ཚང་སོགས་རེས་སུ་མ་ཆད་པའི་དགོན་ཁག་དུ་མ་ལ་མཁན་སློབ་གཏང་གནང་བ་དང༌། ཁྱད་པར་དུ་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་སྔ་འགྱུར་སྙིང་མའི་བསྟན་བདག་མཛད་ནས། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འཛམས་གླིང་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་པ་མ་ཟད། བོད་རབ་བྱུང་༡༧ ས་གླང་ལོ་ཟླ་གཉིས་པ་ཚེས་གཅིག་ཉིན་གཟུགས་སྐུ་དཀོད་པ་ཆོས་དབྱིངས་སུ་བྱུང་ཆུབ་པའོ། དེ་ནས་གཟུང་སྐྱབས་རྗེ་ཀ་མ་སྐུ་ཆེ་མཆོག་བསྟན་པའི་ཐུགས་འགན་བཞེས་ནས་བཀའ་དྲིན་ཀྱང་བཞིན་པའོ།།

དྲུག་པ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ནི།།

སྔ་འགྱུར་བསྟན་པ་འབྱུང་གནས་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ནི། ཇི་སྐད་དུ། ལྷ་མོ་དྲི་མེད་པས་ཞུས་པའི་མདོ་ལས། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་སར། དགེ་བ་ལྡན་པའི་ས་ཕྱོགས་ན། དམ་པའི་ཆོས་ནི་རྒྱས་པར་འགྱུར། ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ང་ནི་འདས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། སཱ་ལའི་གནས་ནི་འབྱུང་བར་འགྱུར། ཞེས་མདོ་རྒྱུད་དུ་མ་ལས་ལུང་གི་ཟིན་པ་ལྟར། གནས་ཕུན་སུམ་མཚོག་པ་མདོ་ཁམས་རུ་དམ་སྐྱིད་ཁྲམ་ནི། སྟོད་ལ་གངས་རི་དཀར་པོ་ཤེར་གྱི་མཆོད་རྟན་འདྲ་བ། བར་ལ་ནག་རི་དཔག་བསམ་ལྗོངས་ཤིང་འདྲ་བ། མཐའ་འཁོར་སྤོང་ལྔོངས་ཡི་སྟོང་དུ་མེ་ཏོག་ཁྲ་ཤིག་ཤིག་ངང་ཁུ་ཕྱིག་གི་བསུང་སྐད་ཡང་ཕྱོགས་བཞི་ཀུན་ནས་གྲགས་པའི་སྐྱིད་མོའི་ཚལ་དུ། རབ་བྱུང་བཅུ་གཅིག་པའི་ཤིང་མོ་གླིང་ལོར་གྲུབ་དབང་པདྨ་རིག་འཛིན་གྱིས་ཕྱག་བཏབ། དེ་ནས་རིམ་བཞིན་དགེ་འདུན་པ་སྟོང་ལྷག་འཕེལ་བ་མ་ཟད། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཡར་ངོས་ཟླ་བཞིན་རྒྱས་པ་དང༌། ཁྱད་པར་དུ་གྲུབ་དབང་སྐུ་རབས་དྲུག་དང་གདན་རབས་བཅུ་གཉིས་ཀྱི་རིང༌། འོད་གསལ་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྱིས་གྲུབ་པས་འདུལ་བྱ་སོ་སོར་སྣང་བ་ལྟར་བོད་ཡུལ་ཀུན་ལ་ཁྱབ་པར་དཔེལ།

དེ་ནས་བཤད་པའི་ཆོས་སྡེ་ཆེན་མོ་དཔལ་ནཱ་ལེནྡྲ་གཉིས་པ་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ནི། རབ་བྱུང་བཅུ་བཞི་པའི་ས་སྤྲེལ་ལོར་རྫོགས་ཆེན་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དང༌། མཁན་ཆེན་སེང་ཕྲུག་པདྨ་བཀྲ་ཤིས། ཁྱབ་བདག་བཀའ་འགྱུར་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་བཅས་ཕྲིན་ལས་དུས་བབ་ཀྱི་སྐྱེས་བུ་ཆེན་པོ་དག་བཀའ་བགྲོས་ཏེ། རྫོགས་ཆེན་དགོན་གཞུང་ལས་རྒྱང་གྲགས་གཅིག་གིས་རིང་བའི་མདུན་ཐང་ཆེན་མོའི་དཀྱིལ་དབུས་མཁས་པའི་ལྗགས་སམ་ཤེས་རབ་རལ་གྲིའི་དབྱིབས་དང་མཚུངས་པའི་སྤང་ལྗོངས་ཉམས་དགའ་བའི་སྟོང་དུ། རིག་འཛིན་ཤྲཱི་སེང་ཧཱ་རྫུ་འཕྲུལ་གྱིས་བྱོན་ནས་བྲག་ལ་སྐུ་རྗེ་བཞག་སྟེ་བྱིན་གྱི་བརླབས་ཤིང༌། མདོ་མཁྱེན་བརྩེ་སྐྱེ་བུ་ཡེ་ཤེས་རྡོ་རྗེ་སྐུ་དངོས་ཀྱིས་ས་འདུལ་དང་རལ་གྲིས་ས་ཐིག་མཛད་པའི་གནས་དེར་རྫོགས་ཆེན་ཤྲཱི་སེང་ཧཱ་ཞེས་འཛམས་གླིང་ས་ཆེན་མོ་ཀུན་ལ་གྲགས་པའི་ཆོས་སྡེ་ཆེན་མོ་འདི་ཉིད་གསར་དུ་ཕྱག་བཏབ། དུས་དེར་གཉུག་མར་གནས་པའི་དགེ་འདུན་པ་ཞལ་གྲངས་ལྔ་བཅུ་ལྷག་བཞུགས་པའི་གཙུགས་ལག་ཁང་གྲྭ་ཤག་དང་བཅས་པ་ལེགས་གྲུབ་བྱུང་ནས། མདོ་ཁམས་ཉི་མ་ཤར་ཕྱོགས་ཀྱི་ལྗོངས་འདིར་མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་ཕྱི་འདུལ་བ་གཞི་གསུམ་གྱི་ཆོ་ག་ཉམས་སུ་ལེན་ཤིང༌། ནང་འཆད་བརྩོད་བརྩོམ་གསུམ་གྱི་ལུང་རིག་ཟབ་མོ་སཻངྒ་ང་རོལ་ཕྱོགས་མཐའ་སྒྲོག་པ། དེ་འཛིན་གྱི་བསྐྱེས་ཆེན་དམ་པ་མཁས་ཤིང་གྲུབ་པ་མང་པོ་འབྱུང་བས་གནས་བསྙི་སུ་གྱུར་བ་མ་ཟད། མི་ཕམ་ཕྱོགས་ལས་རྣམ་རྒྱལ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་བོ། རྒྱ་ཀོང་མཁན་པོ་གཞན་ཕན་སྣང་བ། ཉི་གྲགས་རིག་འཛིན་ཆེན་པོ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། ཨ་སྐྱོང་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ། མཁན་ཆེན་པདྨ་ཚེ་དབང༌། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ། མཁན་ཆེན་ཡིད་བཞིན་ནོར་བ་འཛིགས་མེད་ཕུན་ཚོགས་སོགས་སློབ་བརྒྱུད་ཡང་སློབ་དང་བཅས་པ་རེས་མེད་བསྟན་པ་འཛིན་པའི་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་མཚན་སྙན་གྱི་བ་དན་དཀར་པོ་འཛམས་གླིང་ཕྱོགས་ཀུན་ལ་ཁྱབ་པའི་མཁས་གྲུབ་ཀྱི་ལྟེ་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཞེས་གྲགས།

ཕྱིས་སུ་བསྟན་པ་ཡང་དར་གྱི་སྐབས་སུ་སྐྱབས་རྗེ་པདྨ་སྐལ་བཟང་བརྩོའི། འབྲུག་པ་སྤྲུལ་སྐུ་དང༌། ལྟོག་ལྡན་སྤྲུལ་སྐུ་རྣམས་ཐུགས་ཁུར་ཆེ་བཞེས་གནང་ནས། རྫོགས་ཆེན་དགོན་དང༌། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་གཉིས་གསར་བཞེངས་ལེགས་པར་གྲུབ་ནས་སྔར་ལས་ཇེ་རྒྱས་སུ་གྱུར་བ་མ་ཟད། རྫོགས་པ་ཆེན་པོ་ལ་མངའ་བསྙེས་པའི་ཨ་སྐྱོང་རྟོག་ལྡན་རིན་པོ་ཆེ་ཞབས་ཟུང་བཀོད་དེ་འོད་གསལ་རྫོགས་པ་ཆེན་པོ་སྨིན་གྲོལ་ཆོས་ཀྱི་དགའ་སྟོན་ཉི་འོད་བཞིན་ཕྱོགས་ཀུན་ལ་ཁྱབ་པར་མཛད། སླར་ཡང་པདྨའི་ཐང་དུ་ལུང་རྟོགས་པདྨའི་དགའ་ཚལ་ལེགས་པར་བཞེངས་གྲུབ་ནས། སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གིས་ལོ་ལྟར་རྫོགས་ཆེན་སྐོར་གྱི་ཁྲིད་བརྒྱུན་དཔེལ་བཞིན་པ་དང༌།

དེ་བཞིན་དུ་འཕགས་ཡུལ་དུ་ཡང་༧གོང་ས་མཆོག་གི་བཀའ་ལྟར་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༢ལོ་རྒྱ་གར་ལྷོ་ཕྱོགས་མེ་སོར་ཀོ་ལེས་སྒར་བོད་མའི་བཞི་ཆགས་དོན་ལྡན་གླིང་དུ། རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་རྟེན་དང་བརྟེན་པ་ལེགས་པར་བཞེངས་གྲུབ་ནས། ༧གོང་ས་མཆོག་དང༌། གྲུབ་དབང་པདྨ་ནོར་བུ། མཁན་ཆེན་པདྨ་ཚེ་དབང༌། སྐྱབས་རྗེ་པདྨ་སྐལ་བཟང༌། བསོད་རྒྱལ་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་གདན་བྲངས་ཏེ། ས་གཞི་ཐམས་ཅད་བྱིན་གྱི་བརླབས་ནས། བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་སྡེ་བཙུགས་ནས་ད་ལྟའི་བར་ཡར་ངོས་ཟླ་བཞིན་རྒྱས་བཞིན་པ་མ་ཟད། སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཚན་སྙན་གྱི་བ་དན་དཀར་པོ་འཛམས་གླིང་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་བོ།།

བདུན་པ་སྔ་འགྱུར་མདོ་སྔགས་བཤད་བསྒྲུབ་བསྟན་གཉིས་དར་རྒྱས་གླིང་ནི།།

དེ་ཡང་མགོ་ལོག་ཨ་རྐྱང་རྭ་ལོ་སྡེ་བའི་ཁུངས་སུ་རྟོགས་པ་འབྲོང་བའི་དགོན་ནམ་སྔ་འགྱུར་མདོ་སྔགས་བཤད་བསྒྲུབ་བསྟན་གཉིས་དར་རྒྱས་གླིང་ནི། གསང་ཆེན་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དྲུག་ཏུ་གྲགས་པའི་ཡ་གྱལ། སྔ་འགྱུར་གྲུབ་དབང་བརྒྱལ་བ་རྫོགས་ཆེན་པའི་དགོན་མ་ལག་བཅུ་བདུན་གྱི་སྐབས་སུ། ༡༨༡༤ལོར་རྫོགས་ཆེནཔདྨ་རིན་འཛིན་སྐུ་ཕྲེང་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་ཡིས་ཕྱགས་བཏབ་ཤིང༌། མཚན་ལ་ཡང་མདོ་སྔགས་བཤད་བསྒྲུབ་བསྟན་གཉིས་དར་རྒྱས་གླིང་ཞེས་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་བཅུའི་ཀུན་ཏུ་གྲགས། སྐབས་དེར་བྱང་ཆུབ་སེམས་དཔའ་བསམ་བཞིན་མི་ཡི་བཟློས་གར་སུ་གཞོལ་བས་བླ་མ་ཀརྨ་ཆོས་འཕེལ་བྱས་བྱ་བ་སྔོན་བྱོན་སྤྲུལ་བའི་གྲུབ་ཆེན་ཐང་བསྟོང་སྐུ་ཡི་བ་སྤུ་ཆ་ཤས་ཙམ་སེམས་ཅན་གདུལ་ཞིང་ལ་འགྲོ་བའི་ཐབས་སུ་བྱོན་པ། དེ་འཛིན་གྱི་སྐྱེ་བུ་ཆེན་པོ་མཁས་ཤིང་གྲུབ་བརྙེས་བསྟན་འཛིན་དམ་པ་རྣམས་ཀྱི་ཞབས་སྤྱི་བོ་གཏུག ལུང་དང་རྟོགས་པའི་མཁྱེན་རབ་རྩལ་ལས་སྤོབས་པའི་གཏེར་བརྒྱད་གྲོལ། ཚོགས་གཉིས་ལས་སྨོན་སྒྱུ་བས་གྲུབ་དབང་རྫོགས་ཆེན་པའི་ལྷ་སྐར་སུ་འཁྲུངས་བའི་རྣམས་འབྱོར་བ་ཆེན་པོ་འདི་ཉིད། གྲུབ་དབང་རྫོགས་ཆེན་པའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་འཛིན་སྐྱོང་སྤེལ་གསུམ་མངའ་དབང་སྒྱུ་བས་མཐུས། བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་མཛད་འཕྲིན་མངའ་ཐང་ཕྱོགས་མཐའ་ཡུལ་གྲུ་ཀུན་ལ་ཁྱབས་པ་དང༌། བརྩེ་ཆེན་སྙིང་རྗེའི་རང་གཟིགས་འགྲོ་བའི་སྡུག་བསྔལ་སེལ་ཤིང༌། སེམས་ཅན་གྱི་དོན་རྒྱ་ཆེ་བསྐྱངས། མཐའ་མི་རྟག་ཚུལ་བཟུང་ནས་དགོངས་པ་ཆོས་དབྱིངས་སུ་བྱང་ཆུབ་པའོ།

དེ་ནས་༡༨༩༢ལོ་རྫོགས་པའི་སངས་རྒྱས་སྨན་གྱི་ལྷས་བྱིན་གྱིས་བརླབས་པས་སྐུ་ཡི་སྤྲུལ་བ་མིའི་ཤ་ཚུགས་སུ་གྱུར་བས་བླ་མ་དཀོན་སྡེས་མཆོག་ནི། ཆོས་རྫོགས་པ་ཆེན་པོ་ལ་མངའ་བསྙེས་པས་རིག་པ་ཚེ་ཕེབས་ཀྱི་སྣང་བ་མངོན་དུ་གསལ་བ་འདི་ཉིད། སྟོད་འབྲིང་བའི་དགོན་དུ་ཞབས་སོར་བཀོད་སྟེ། བསྟེན་པའི་མངའ་བདག་མཛད་ནས་སྡེ་ཡུལ་དགོན་ཀུན་གྱིས་སྐྱབས་མགོན་སུ་གྱུར་སྟེ་སངས་རྒྱས་ཀྱི་བསྟེན་པ་ཉི་མ་ཤར་བ་ལྟར་མཛད་འཕྲིན་ཡར་ངོས་ཟླ་བཞིན་འཕེལ་བ་མ་ཟད། ༡༨༩༧ལོ་ཐོབ་བསམ་ནོར་བུ་གླིང་ཞེས་པའི་ཆོས་གཞི་ཆེན་པོ་ཞིག་བཏབ་ནས་ལོ་ལྟར་རྫོགས་ཆེན་མ་དགོན་ནས་མཁན་སློབ་རྣམས་གདན་དྲངས། སྐབས་དེར་དགེ་འདུན་པ་ལྔ་རྒྱ་ལྷག་ཙམ་གྱུར་བ་མ་ཟད། བཤད་གྲྭའི་སློབ་གཉེར་བ་རྣམས་ནི། མཉམ་མེད་ཤཀྱའི་བུ་རིམ་གསུང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་སྙིང༌། ལུང་སྡེ་སྣོད་གསུམ་ལ་ཉམས་སུ་ལེན་པས། བཙུན་ཆུང་གཞོན་ནུ་ཚོགས་ཀྱི་གནས་ལྔ་རིགས་པའི་ཤེས་བྱ་ཀུན་ལ་སྐམ་པ་ཆུ་འདོད་ལྟར་ཉིན་མཚན་བར་མེད་དུ་སྦྱོང་འབྲས་མི་ཉུང་བར་བྱས་ནས་མཁས་པ་དང་གྲུབ་པ་བསམ་གྱི་མི་ཁྱབ་པ་བྱང་བ་མ་ཟད། ཁྱད་པར་དུ་རྫོགས་པ་ཆེན་པོ་ལ་མངའ་བསྙེས་པའི་ཨ་སྐྱོང་རྟོག་ལྡན་རིན་པོ་ཆེ་ཡང་ཆོས་གཞི་ཆེན་པོ་འདི་ལས་བྱང་བ་ཡིན། དེ་བཞིན་དུ་རྫོགས་པ་ཆེན་པོ་ལ་མངའ་བསྙེས་པའི་རྣམ་འབྱོར་བ་དུ་མ་བྱོན། དེ་ཐམས་ཅད་སྐུ་མྱ་ངས་ལས་འདས་པའི་སྐབས་སྐུ་ལུས་འོད་ཕུང་དུ་ཡལ་བ་དང༌། འཇའ་འོད་ཀྱི་གུར་ཕུག་པ་སོགས་ངོ་མཚར་བའི་གནས་སུ་གྱུར། དེ་གཞན་དུ་བླ་མ་དཀོན་སྡེས་མཆོག་གིས་བླ་མ་ཀརྨ་ཆོས་འཕེལ་སྐུ་འཕྲེང་གཉིས་པ་ངོས་འཛིན་ནས་མཚན་ལ་མཆོག་སྤྲུལ་སྐར་སྡེས་ཞེས་གསོལ། དེ་ནས་བཟུང་སྐུ་འཕྲེང་ཐམས་ཅད་ཀྱི་མཚན་ལ་སྐར་སྡེས་རིན་པོ་ཆེ་ཞེས་བརྗོད་བཞིན་ཡོད། དེ་ལྟ་བུ་བསྟན་འགྲོ་དོན་རླབས་པོ་ཆེ་སྨིན་བཞིན་པའི་བར་སོང་ཞིག་ལ། རྭ་ལོ་སྡེ་བའི་ནང་འཁྲུག་བྱས་ནས། སྟོད་སྨད་གཉིས་སུ་གྱིས་སྟེ་དུད་ཁྱིམ་ཁ་ཤས་སྟོད་རྨ་འབྲི་མགོ་ཁུངས་སུ་གཞིར་ཆགས། སྐབས་དེར་༡༩༤༡ ལོ་ཟངས་སྤྲུལ་ཟླ་བ་འོད་ཟེར་གྱིས་བསྟན་པའི་མངའ་བདག་མཛད་ནས། ནག་སྒར་བྱས་པའི་སྒྲ་གུར་གྱི་ནང་དུ་གནས་ཡོད་པ་མ་ཟད། སྐབས་དེར་ཁོང་གི་སྐུ་སྲེས་དཀར་སྡེ་རིན་པོ་ཆེ་དང༌། དཀོན་སྡེ་རིན་པོ་ཆེ། གུ་ཇོ་བླ་མ། ཨ་རིགས་སྤྲུལ་སྐུ་བཅས་དགེ་འདུན་པ་ལྔ་བཅུ་ལྷག་ཙམ་བཞུགས་པ་དང༌། དུས་དེར་སྒྲུབ་ཁག་ཆེན་པོ་རྣམས་བར་མ་ཆད་པར། སིདྷི་བུམ་སྒྲུབ། ཞི་ཁྲོ་གནས་སྟོང༌། སྨིན་གླིང་རྡོ་སེམས། དགུ་གཏོར་ཆེན་མོ། བདེ་ཆེན་ཞིང་ཁྲིད། ཚེས་བཅུ་ཉེར་ལྔ་བཅས་དང༌། གཞི་གསུམ་ཆོ་ག་ལྟར་དབྱར་གནས་དང་གསོལ་སྦྱང༌། དེ་བཞིན་དུ་དགོན་སྡེ་གཉིས་ཀྱི་སྤྱི་གསང་ཆེན་མོ་སོགས་ལོ་ལྟར་རྒྱུན་མ་ཁྱད་པར་གནས་པ་དང༌། དེ་ནས་ཡི་རིང་མ་སོང་བར་དུས་ཀྱི་འཕོས་འགྱུར་གཞན་དབང་དུ་སོང་ནས། ༡༩༦༦ལོ་རྒྱ་དམར་གཞུང་གི་བཙན་དབང་དུ་བསྒྱུར་ནས། རང་རའི་བོད་བཙན་པོ་ཡི་ལྡུང་རྒྱུད་རྒྱལ་སྲིད་ཆོས་བཞིན་སྐྱང་བའི་དགའ་སྐྱིད་ཀྱི་ཉི་མ་ནུབ་ཕྱོགས་སུ་བསྒྱུར་ནས། སངས་རྒྱས་ཀྱི་བསྟན་པ་ཤུན་ཏུ་ཉམས་དམའ་བ་གྱུར་བས་དགོན་འདི་གཏོར་བརླགས་ཚབ་ཆེན་བྱས། མེ་བོའི་ཤུལ་བཞག་གི་སྟེན་རྩ་ཆེན་སྐུ་གསུང་ཐུགས་བསྟེན་དང༌། ཆོས་དང་རིགས་གཞུང་སོགས་རྩ་མེད་དུ་གཏོང་བ་དང༌།

ཕྱིས་སུ་བསྟན་པ་སླར་ཉམས་བསོ་བྱེད་པའི་སྐབས། པན་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་ཆུ་དམར་དུ་ཞབས་སོར་བཀོད་ནས་དངོས་སུ་ཕྱག་བཏབ། མཚན་ལ་ཡང་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་ཞེས་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་བཅུ་ཀུན་ཏུ་གྲགས། དེ་ནས་༡༩༤༡ལོ་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་གོང་རིམ་ནས་ཆོག་མཆན་བཀོད་པ་བཞིན། ཕྱོགས་བཅུ་ཀུན་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་གདན་བྲངས་ཏེ། ས་གཞི་ཐམས་ཅད་བྱིན་གྱི་བརླབས་ནས། བཤད་སྒྲུབ་ལས་གསུམ་གྱི་འཁོར་ལ་སྡེ་ཐོག་མར་བཙུགས། དེ་ནས་བཟུང་དཀར་སྡེས་རིན་པོ་ཆེ་མཆོག་གིས་སྔོན་གྱི་བཀོད་དབྱིབས་ལྟར་སྟེན་དང་བསྟེན་གཞི་གཙུགས་ལག་ཁང་སོགས་བཞེངས་བསྒྲུབ་ལེགས་པར་བྱས་ནས། སྔོན་གྱི་སྒྲུབ་ཁག་ཆེན་པོ་རྣམས་ལྷར་བསོ་བྱས་ནས། སིདྷི་བུམ་སྒྲུབ། ཞི་ཁྲོ་གནས་སྟོང༌། སྨིན་གླིང་རྡོ་སེམས། དགུ་གཏོར་ཆེན་མོ། བདེ་ཆེན་ཞིང་ཁྲིད། ཚེས་བཅུ་ཉེར་ལྔ་བཅས་དང༌། གཞི་གསུམ་ཆོ་ག་ལྟར་དབྱར་གནས་དང་གསོལ་སྦྱང༌། དེ་བཞིན་དུ་དགོན་སྡེ་གཉིས་ཀྱི་སྤྱི་གསང་ཆེན་མོ་སོགས་ལོ་ལྟར་རྒྱུན་མ་ཁྱད་པར་ཚོགས་བཞིན་པ་མ་ཟད། དཀོན་སྡེས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་སྐྱབས་རྗེ་དཀར་རམ་རིན་པོ་ཆེ་མཆོག་དགུང་པ་ཆོས་དབྱིངས་སུ་ཐུམ་པའི་སྐབས་ཁོང་གི་ཞལ་སྔ་ནས། ཨ༔ ༈སྐྱེ་མེད་ཀ་དག་ཆོས་ཀྱི་དབྱིངས། ༈འབྲལ་མེད་ཡེ་ཤེས་མངོན་དུ་གསལ། ༈དྷརྨ་བྱ་བའི་སྐུ་རུ་འགྱུར། ༈ཀུན་གྱི་མུན་པ་བསལ་བར་བྱ།། ཞེས་མ་འོངས་རང་གི་ཡང་སྲིད་ལུང་བསྟན་ནས་དགོངས་པ་ཆོས་དབྱིངས་སུ་བྱང་ཆུབ་པ་དང༌། དེ་བཞིན་དུ་དཀར་སྡེས་རིན་པོ་ཆེ་མཆོག་གིའི་མ་གཟའ་དམ་གསུམ་ལ་སྐྱབས་རྗེ་དཀོན་སྡེས་རིན་པོ་ཆེ་སྐུ་འཁྲུལ་མེད་དུ་ཚོལ་ཅིག་ཅེས་བཀའ་དགོས། དེ་ནས་རྨི་ལམ་འོག་གསལ་དུ་ཉམས་པར་བཞག་ནས་ཡི་རིང་མ་སོང་བར། མགོན་པོ་ཚེ་དཔག་མེད་ཞལ་མངོན་སུམ་དུ་གཟིགས་ནས། ༈ཇ་ཆུང་འོ་མའི་བསྟན་པ་དགུང་ལ་སྙམས།། ༈བསོད་ནམས་ལོང་སྤྱོད་རྒྱས་པས་བུ་རུ་གྱུར།། ཅེས་གསུངས། དེ་ལ་བརྟགས་ན། ཕ་ཇ་ཡིན་པ་དང༌། མ་བསྟན་ཡིན་པ་བུ་བསོད་ནམས་ཡིན་པ་སོགས་གསལ། དེ་བཞིན་དུ་སྐུ་གོང་མའི་ལུང་བསྟན་དང་མཐུན་ནས་འཁྲུལ་མེད་དུ་ངོས་འཛིན་གནང་བའི་བཞུར་བཅས། ༧གོང་ས་མཆོག་དང༌། ས་སྐྱ་གོང་མ་རིན་པོ་ཆེ། རྫོགས་སྤྲུལ་བདུན་པ་འཇིག་མེད་བློ་གསལ་དབང་པོ། སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེ། སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ། མཆོག་སྤྲུལ་འཇི་ཝང་རིན་པོ་ཆེ། ཉི་གྲགས་རྒྱལ་པོའི་སྤྲུལ་སྐུ་སོགས་དམ་པ་དུ་མས་མཆོག་སྤྲུལ་དཀར་སྡེས་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་སྐུ་འཁྲུལ་བྲལ་ཡིན་པ་ཞལ་བཞེས་གནང༌། དེ་ནས་རྫོགས་ཆེན་ཤྲྭི་སེང་ཆོས་གྲྭར་ཕེབས་ཏེ་མདོ་སྔགས་ཀྱི་རིག་གཞུང་ཀུན་ལ་ཉིན་མཚན་བར་མེད་དུ་སྦྱངས་བ་མི་ཉུང་བར་བྱས་ནས་ཧོར་ཐང་བཀྲ་ཤིས་ཆོས་སྒར་གླིང་གི་མཁན་རབས་དང་པོ་ཞེས་མཚན་གསོལ། དེ་ནས་འཕགས་ཡུལ་དུ་ཞབས་སོར་བཀོད་ནས་སྐྱེ་ཆན་དམ་པ་རྣམས་ཀྱི་མདུན་ནས་དབང་ལུང་མན་ངག་སོགས་མང་དུ་ཞུས། སྤྱི་ལོ་༢༠༠༧ལོ་ཟླ་༧ཚེས་༡༨ཉིན་ཐོས་བསམ་ནོར་བུ་གླིང་གི་ལོ་འཁོར་༡༡༠ལོན་པས་དགའ་སྟོན་དང་བཅས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དབུ་འཛུགས་པའི་སྐབས་དེར། ཁོང་གིས་སྤྱོད་འཇུག་དང་འདུལ་བ། སུམ་བཅུ་བ་དང་རྟགས་ཀྱི་འཇུག་པ། ཅེས་གསུང་ནས་ལུང་རིག་གི་མན་ངག་སྤྲོས་པ་དང༌། དེ་ནས་ཐོག་མའི་མཛད་རྒྱས་ལྟར། བཤད་གྲྭའི་གྲྭ་ཤགས་དང་འདུ་ཁང་སོགས་སླར་གསོ་བྱེད་བཞིན་པ་མ་ཟད། ཁོང་གི་སློབ་བུ་རྣམས་ཀྱི་ཐུགས་དགོང་དང་བསྟུན་ནས། གསང་ཆེན་འོག་གསལ་རྫོགས་པ་ཆེན་པོའི་དྲི་ལན་མེ་ཏོག་ཕྲེང་བ། ཞེས་པའི་དེབ་སྟོད་སྨད་གསུམ་རྩོམ་ཡོད་པ་ལས། དང་པོ་ནི་སྔོན་འགྲོ་དང༌། གཉིས་པ་ནི་རྫོགས་པ་ཆེན་པོ་དངོས། གསུམ་པ་ནི་བར་དོ་འཆར་ཚུལ་སོགས་ཡིན། དེབ་དེ་རྣམས་བོད་བཞུང་ཆོས་རིག་ལས་ཁང་དང༌། ༧གོང་ས་མཆོག སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་སོགས་སྐྱེ་ཆེན་དམ་པ་དུ་མས་རྗེས་སུ་ཡི་རིང་བས་སྔགས་བརྗོད་མཛད་པ་མ་ཟད། རྒྱ་དབྱིན་སོགས་ཕྱི་རྒྱལ་ཁག་དུ་མའི་ཡིག་རིག་ལ་རྒྱུར་བཞིན་པའོ།།

བརྒྱད་པ་དཔལ་ས་སྐྱའི་ཆོས་སྡེ་ཆེན་པོ་ནི།།

དེ་ཡང་བོད་བསྟན་པ་ཕྱི་དར་གྱི་སྐབས་སུ། གཡའ་ལུང་ན་འོད་གསལ་ལྷ་རིགས་འཁོན་གྱི་གདུང་རབས་བཅུ་གཉིས་པ་ལ། སྲས་གཉིས་ཡོད་པ་ལས། ཆེ་བ་ཤེས་རབ་ཚུལ་ཁྲིམས་ནི། གསང་སྔགས་རྙིང་པའི་འོད་གསལ་རྫོགས་པ་ཆེན་པོ་ལ་ལྔ་རྙེས་པ་ཞིག་བྱུང༌། ཆུང་བ་འཁོན་དཀོན་མཆོག་རྒྱལ་པོ་ནི། འབྲོག་ལོ་ཙཱ་བ་ལ་མཚན་ཐོས་པ་ཙམ་གྱི་དད་པ་ཚད་མེད་སྐྱེས་ཏེ། མཇལ་དུ་ཕེབས་པས་ལམ་ཞིག་ནས་འབྲོག་ལོ་ཙཱ་བའི་དངོས་སློབ་འཁྱིན་ལོ་ཙཱ་བ་དང་མཇལ། དེའི་མདུན་ནས་ཀྱེ་རྡོར་གྱི་དབང་དང་ཁྲིད་ཅི་རིགས་ཞུ་བཞིན། འཁྱིན་གོ་ཙཱ་བ་ཁོང་བླ་མའི་མདུན་བྱོན་པའི་དུས་ཞོར་དུ་ཁྲིད་དེ། བླ་ཆེན་འབྲོག་མི་དང་མཇལ་བ་ན་སྐྲ་ནས་འཐེན་ཏེ། དབང་ཐོབ་བམ། མངོན་རྟོགས་སྒོམ་ཤེས་སམ། སྔོན་གནས་དྲན་ནམ་སོགས་ལོ་རྒྱུས་དྲིས་མཐར་ནས་ཐུགས་དགྱེས་ཚོར་གནང༌། འཁྱིན་ལོག་ཀྱང་ཞུས་པར་བརྟེན། དབང་གྲལ་དུ་ཚུད་དེ་ཀྱེ་རྡོར་གྱི་དབང་ཞིག་གནང༌། ད་ཁྱེད་དཔོན་སློབ་འཆད་ཉན་གྱིས་དང་གསུངས། འཁྱིལ་ལོ་ཙཱ་བ་འདི་ཁྱེད་ཀྱི་ཐ་མའི་སློབ་མ་མཆོག་ཅིག་འོང་བས། རྒྱུད་ཀྱི་བཤད་པ་ཟིན་བྲིས་ཐེབས་སུ་བཅུག་ཅེས་ལུང་བསྟན་པ་དང༌། དེ་ནས་ཕྱིར་ཡོང་སྟེ་དཔོན་སློབ་རྒྱུད་ཀྱི་བཤད་པ་འཆད་ཉན་མཛད་བཞིན་པ་ན། བླ་མ་འཁྱིལ་ལོ་ཙཱ་ནི་འཇའ་འོད་རོལ་མོའི་སྒྲ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་རྗེས། བླ་ཆེན་འབྲོག་མའི་མདུན་དུ་ཕེབས་ནས། རྒྱུད་བཤད་ཀྱི་འཕྲོས་ཞུས་པས་དགྱེས་བཞིན་གནང་བར་ཡོངས་རྫོགས་ཚར་བ་བྱུང་བ་ན། ད་མན་ངག་ཀྱང་གནང་བར་ཞུས་པས། ངས་བླ་མ་ཞིག་ལས་དམ་ཚིག་བླངས་པར་བརྟེན། ལམ་འབྲས་ནི་སྦྱིན་དུ་མི་བཏུབ་གསུངས། ལམ་སྐོར་ཕྱི་མ་བརྒྱད་ཚར་བར་གནང་སྟེ། ལར་ཁྱོད་ཀྱི་བུ་ཚ་བོ་རྒྱུད་པ་དང་བཅས་པ་ཆོས་འདི་ཡི་བདག་པོ་ཡོངས་བར་བྱ་རྒྱུ་ཡིན་གསུངས། དེ་ལྟར་ན་འཁོན་དཀོན་མཆོག་རྒྱལ་པོ་ནི། བླ་ཆེན་འབྲོག་མི་ལོ་ཙཱ་བའི་རྒྱུད་ཀྱི་བཤད་པ་རྫོགས་པའི་སློབ་མ་ལྔ་ལས་མཆོག་ཏུ་གྱུར་པ་ཡིན་པར་གསུངས་སོ། དེ་ནས་འཁོན་དཀོན་མཆོག་རྒྱལ་པོ་ཕྱིར་ཕེབས་ཏེ་གྲོ་བོ་ལུང་པར་དགོན་ཆུང་ཞིག་བཞེངས་ནས་དེར་ལོ་ཤས་བཞུགས། རྒྱུད་ཀྱི་བཤད་པ་འདྲ་གནང་བཞིན་པར། ནུབ་གཅིག་རྨི་ལྟས་ཁྱད་པར་ཅན་ཞིག་བྱུང་བར་བརྟེན། རི་མགོར་ས་ལྟས་སུ་ཕེབས་རེ་གཟིགས་པ་ན། ཕ་ཀི་དཔོན་པོ་རིའི་གཤམ་དེར། གླང་པོ་ཆེ་ཉལ་བའི་མཁལ་ཁུག་གཡས་པའི་མདུན། ཆུ་གཡས་སུ་འབབ་ཅིང༌། ས་དཀར་པོ་ལ་ཉི་འོད་ཕོག་པས་འཇའ་འོད་འཕྲོས་བ་སོགས་དགེ་བའི་ལྟས་དུ་མ་དང་ལྡན་པ་དེར་དགོན་པ་ཞིག་ཕྱག་བཏབ་ན། མ་འོངས་པར་གཞན་དོན་རྒྱ་ཆེན་འབྱུང་བའི་དཔྱད་བཟང་པོར་གཟིགས་ཏེ། ཆུ་མོ་གླང་ལོར་དཔལ་ས་སྐྱའི་ཆོས་སྡེ་ཆེན་པོ་དངོས་སུ་ཕྱག་བཏབ། དེར་བླ་བྲང་ཞིག་བཞེངས་ནས། ཐུགས་དམ་གཙོ་བོའི་ཞོར་དུ་ཆོས་བཀའ་འགའ་རེའང་གནང་བཞིན་ཡོད་པ་ན། བླ་མ་སེ་སྟོན་ཀུན་རིག་བྱོན་ཏེ་མཇལ་ཁ་ཞུས། བླ་ཆེན་འབྲོག་མིའི་ཕྱག་བྲིས་ཕུལ་བ་ན་གཟིགས་ནས། ང་གཉིས་ཀྱི་བླ་མ་དེ་རྡོ་རྗེ་འཆང་དངོས་སུ་འདུག་པས། ཕྱག་བྲིས་འདི་འདྲ་ཞིག་གནང་བ་ལ་གསུངས་ཏེ་སེའི་ཕྱག་ནས་འཛིན་འཐེན་འཐེན་མཛད། ཇོ་མོ་ལ་མངགས་ཏེ་ཁོང་ནང་དུ་གདན་དྲོངས། བཞུགས་ས་སྐུ་ཆས་དང་གསོལ་ཆས་གྲ་སྒྲིག་གྱིས་གསུངས། ཞལ་ཤས་ནས། རྩ་རྒྱུད་བརྟག་པ་གཉིས་པ་དང༌། བཤད་རྒྱུད་ཐུན་མོང་མིན་པ་རྡོ་རྗེའི་ཚིགས་རྐང་སོགས་ཕུལ་ནས། བླ་མ་སེ་སྟོན་ཀུན་རིག འཁོན་དཀོན་མཆོག་རྒྱལ་པོ་བསྟེན་ཏེ་མན་ངག་དང་རྒྱུད་བཤད་གཉིས་ཀའི་བདག་པོར་གྱུར། ས་སྐྱ་ལ་ལོ་བཞི་བཞུགས་པར་གསུངས་སོ། དེ་ནས་བླ་མ་དཀིན་མཆོག་རྒྱལ་པོས་གདན་ས་བསྐྱངས་ནས་བཞུགས་པ་ལ། བཙུན་མོ་ལ་སྲས་མ་བྱུང་ཞིང༌། ཁའུ་སྐྱིད་ལྷས་སུ་བླ་མ་གནམ་ཁའུ་པ་ཆོས་ཀྱི་བློ་གྲོས་མདུན་སྐབས་འཕྲལ་ཆོས་ཞུར་ཕེབས་ཀྱི་ཡོད་པ་ལ། ནམ་ཞིག་བླ་མ་གནམ་ཁའུ་པ་ཐུགས་དམ་ལ་བཞུགས་པའི་དག་སྣང་དུ་སྐྱིད་ལྷས་ཀྱི་ནམ་མཁར་འཇའ་གུར་གྱི་ནང༌། སྤྱིན་རས་གཟིགས་ཁ་སར་པ་ཎི་ཞིག་བཞེངས་སྟབས་སུ་ཟླ་བ་གཅིག་ཙམ་རིང་གཟིགས་པ་དེ། ལུང་པ་དེ་ཕྱོགས་སུ་སྤྲུལ་བ་ཅིག་འབྱོན་རྒྱུར་མཁྱེན་ཏེ། ས་སྐྱ་ནས་དཀོན་མཆོག་རྒྱལ་པོ་ཡང་ཤོགས་གསུངས་པ་ལ། སྔ་ཙམ་ནས་བྱོན་ཀྱང་ཉིན་གུང་གསུང་མོ་འདྲ་གནང་ནས་ཕྱི་བོར་སོང་བས། དོ་དགོང་ང་བླ་མས་འདིར་སྡོད་བཅུག་པ་འདྲ་སྙམ། ཉི་མ་ལ་ཙམ་ནས་ད་སོང༌། དོ་དགོང་ལམ་དུ་ལྷག་ན་འདི་ཕུད་རིན་གྱིས་གསུངས་ཏེ། ཆང་རིན་ཞིག་གནང་ནས་བཏང་བྱུང་བས་སེམས་སྐྱོ་བཞིན་ཕེབས་པས་ན། དཀར་གོང་ལུང་པའི་མདའ་དེར་བུ་མེད་ཅིག་གིས་གཡས་བསྐོར་གྱིས་ཆུ་ལེན་བཞིན་བྱུང་བ་དང་འཕྲད་དེ་ནུབ་མོ་དེར་གནས་ཚང་གཡར། ཆང་ཉོས་ཏེ་གསོལ། བུ་མེད་དེ་ལ་བདེ་བའི་ངང་སྲས་ཀྱི་རྟེན་འབྲེལ་འགྲིག དེ་ནས་ཟླ་ཞག་ཚང་རན་པ་ན་བླ་མ་གནམ་ཁའུ་པས་སྐྱིད་ལྷས་སུ་ཡར་སུས་ཤོག་གསུངས། འཁྲུངས་མ་ཐག་མདུན་དུ་ཁྱེར་ཤོག་གསུངས་ནས་སྐུ་པང་དུ་བཞེས་ཏེ། འདི་ནི་ངེས་པར་དུ་སྤྱིན་རས་གཟིགས་སམ་རྣམ་འབྱོར་དབང་ཕྱུག་ཐ་མི་དད་དོ། ཞེས་སྔགས་བརྗོད་མང་པོ་མཛད། ཡམ་སྲས་གཉིས་ཆར་ལ་བཀུར་སྟི་དང་རིམ་གྲོ་རྒྱ་ཆེ་གནང༌། རིམ་པས་བསྐྱེད་བསྲེངས། མཚན་དཔེས་བརྒྱན་ཞིང་ཀུན་གྱིས་མཇལ་བ་ཙམ་གྱིས་ཡིད་དུ་འོང་བ་ཞིག་ཡོད་པར་བརྟེན། སྲས་ཀྱི་མཚན་ལ་ཐོག་མ་ནས་ཀུན་དགའ་སྙིང་པོ་ཞེས་གསོལ། ཡབ་ཀྱིས་དང་པོ་རང་གི་བཙུན་མོ་ལ་གསང་བཞིན་པ་ལ། ནམ་ཞིག་བཙུན་མོས་ཤེས་ཏེ་ཡབ་ལ་ང་གསང་ནས་ཅི་དགོས། ཁྱེད་ཀྱི་མི་རྒྱུད་འདི་ཆད་དུ་དོགས་ཏེ་ཤིན་ཏུ་ཕོངས་པ་ལ། ད་རེས་སྲས་བྱུང་བ་ཤིན་ཏུ་ལེགས་ཤིང༌། ད་འདིར་བླ་བྲང་དུ་སུས་ཤོག་གསུངས་ནས་བསྙེན་བཀུར་གང་དགོས་གནང༌། དེ་ནས་སྲས་དགུང་ལོ་བཅུ་ལོན་པ་ན། ཡབ་ཀྱི་མདུན་ནས་ཀྱེ་རྡོར་སོགས་ཟབ་ཆོས་མང་པོ་ཞུས་པ་མ་ཟད། རི་ལོ་ཙཱ་བའི་འཇམས་དབྱངས་ཀྱི་སྒྲུབ་ཐབས་གནང་སྟེ། སྙེན་དུ་བཅུག་པས་ཟླ་བ་དྲུག་ནས་འཇམ་པའི་དབྱངས་ཀྱིས་ཞལ་དངོན་སུམ་དུ་མཇལ། དེ་ནས་སྟོད་སྨད་ཀྱི་མཁས་གྲུབ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད། ཕྱིས་སུ་བླ་མ་ཞང་སྟོན་ཆོས་འབར་གྱི་མདུན་དུ། ལོ་བཞི་བར་རྣལ་འབྱོར་དབང་ཕྱུག་བིར་ཝ་པའི་གདམས་ཟབ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་མན་ངག་དང༌། རྒྱུད་གསུམ་གྱི་བཤད་པ། ལམ་སྐོར་ཕྱི་མ་བརྒྱད་དང་བཅས་པ་ཆ་ཚང་གནང་ནས། སྒྲུབ་པ་ལུང་སྦྱིན་གྱི་སྐབས་སུ་བླ་མས་བྱ་དང་རི་དྭགས་འདྲ་མིན་ལུང་པ་གང་བ་ཙམ་དང༌། ནམ་མཁར་སྐྱིལ་ཀྲུང་གཅིག་གིས་ས་གཞི་ཁྱབ་པ་ཙམ་སོགས་སྤྲུལ་པའི་རྣམ་གྲང་མང་དུ་མཛད། དེ་ནས་བླ་མའི་ཞལ་སྔ་ནས། ཕྱིན་ཆད་ལོ་བཅོ་བརྒྱད་བར་ཆོས་འདིའི་མིང་ཙམ་ཡང་མ་བཤད། དེ་ནས་གཞན་ལ་བཤད་པའང་འབྲི་བ་སོགས་གང་བྱེད་ཀྱང་ཆོས་འདི་བདག་པོ་ཁྱེད་རང་ཡིན་གསུངས་ནས་དགོང་པ་ཆོས་དབྱིངས་སུ་བྱང་ཆུབ། ཕྱིས་སུ་འབྲི་གང་ཨ་སྐྱབས་གི་སྲས། ཨ་སེང་ལ་ལམ་འབྲས་ཡོང་རྫོགས་གསུངས། དེ་ནས་རིམ་བཞིན་རྒྱུད་འཕེལ་སྟེ་དཔལ་ས་སྐྱ་པའི་ཆོས་སྡེ་ཆེན་པོ་བོད་ཡུལ་ཀུན་ལ་ཁྱབ།

ཕྱིས་སུ་འཕགས་ཡུལ་དུ་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གིས་ཁྲི་རབས་ཞེ་གཅིག་པ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་དྷེ་རཱ་དཱུན་དུ་ཕྱག་བཏབ་པའི་དཔལ་ས་སྐྱའི་ཆོས་སྡེ་ཆེན་པོ་དང༌། ས་སྐྱ་མཐོ་སློབ་ཆེནཔོ་སོགས་སྟེན་དང་བསྟེན་གཞི་གཙུགས་ལག་ཁང་དང་བཅས་པ་བཞེངས་བསྒྲུབ་ལེགས་པར་བྱས་ནས་འཛམ་གླིང་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་པར་དཔེལ་ལོ།།

དགུ་བ་རྒྱལ་བ་བཀའ་བརྒྱུད་པ་ནི།།

གཙང་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་ལྷོ་བྲག་མར་བ་ལོ་ཙཱ་འཕགས་ཡུལ་དུ་ཕེབས་པའི་ཐོག་མར། འབྲོག་ལོ་ཙཱ་བའི་མདུན་དུ་ལོ་བཞི་ཙམ་བཞུགས་ཏེ་རྒྱ་གར་གྱི་སྐད་ཡིག་སྒྲ་སྒྱུར་སོགས་ལ་མཁས་པར་སྦྱངས། དེ་ནས་འཕགས་ཡུལ་དུ་བྱོན་ནས། པཎ་ཆེན་ན་རོ་པ་གྲུབ་པ་ཐོབ་སྟེ་སྤྱོད་པ་མཛད་པ་དང་མཇལ་ཏེ་སྔ་ཕྱི་ལོ་བཅུ་དྲུག་བར་ཐེངས་གསུམ་བྱོན། བདེ་མཆོག་གི་རྫོགས་རིམ་ཆོས་དྲུག་གཙོ་བྱས་པའི་མདོ་རྒྱུད་མཐའ་དག་གསན་བསམ་བསྒོམ་པར་ཟུང་དུ་སྤྲེལ་བས་གྲུབ་པའི་དབང་ཕྱུག་ཆེན་པོ་གྱུར་ཏེ་ཚུལ་བོད་ཡུལ་དུ་བྱོན་པ་ན། ལྷོ་བྲག་གྲོ་བོ་ལུང་དུ་བཞུགས་ཏེ་དམ་པའི་ཆོས་སྤེལ་བས་སློབ་ཚོགས་གྲངས་ལས་འདས་པ་ཞིག་བྱུང་བ་མ་ཟད། ཟབ་ཆོས་སྩལ་བའི་སློབ་མའི་གཙོ་བོ་མི་ལ་གཞད་པ་རྡོ་རྗེ་ལ་བཀའ་བབས་ནས་བྲག་དཀར་རྟ་སོ་དུ་སྒྲུབ་བ་མཛད་བཞིན་སློབ་ཚོགས་བསྐྱོངས། ཁོང་གི་སློབ་མ་མཁའ་སྤྱོད་དུ་གཤེགས་པ་བདུན། རས་པ་མཆེན་བརྒྱད་སོགས་མང་དུ་བྱོན་བ་མ་ཟད། གཙོ་བོ་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལས་རས་ཆུང་བཀའ་བརྒྱུད་བྱུང༌། ཚེ་དཔག་མེད་དང་གཏུམ་མོ་སོགས་གདམས་ཁྱེད་པར་ཅན་བོད་ཡུལ་ཀུན་ལ་ཁྱབ་པར་མཛད། སྐུ་ཚེ་སྨད་ཀྱི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ཟླ་འོད་གཞོན་ནུ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཆོས་མཚུངས་པས་སྨིན་གྲོལ་དུ་ངཛད་པའི་སློབ་ཚོགས་བསམ་གྱིས་མི་ཁྱབ་ཀྱང༌། བརྒྱུད་འཛིན་གཙོ་བོ་འབའ་རོམ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་རྒྱུད་བྱུང༌། ཕག་གྲུབ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུབ་བཀའ་བརྒྱུད་བྱུང༌། དཔལ་ལྡན་དུས་གསུམ་མཁྱེན་པ་ལས་ཀརྨ་བཀའ་བརྒྱུད་བྱུང༌། དབོན་སྒོམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་བ་བཀའ་བརྒྱུད་བྱུང༌། དེ་རྣམས་ནི་བཀའ་བརྒྱུད་ཆེ་བཞི་ཞེས་གྲགས། དེ་ནས་དྭགས་པོ་རྩ་བའི་གདན་སར་དྭགས་པོ་ཁུ་དབོན་གསུམ་ནས་རིམ་པར་བྱོན་པ་དྭགས་པོ་བཀའ་བརྒྱུད་བཅས་ལྔ་བྱུང༌། ཕག་གྲུབ་སློབ་མ་གདུགས་ཐོགས་ལྔ་བརྒྱར་གྲགས་པའི་གཙོ་བོ་རྣམས་ལས་བཀའ་བརྒྱུད་ཆུང་བརྒྱད་དམ་ཟུང་བཞི་ཡ་བརྒྱད་དུ་གྲགས་པ་རྣམས་བྱུང༌། དེ་ནས་ཡང་སྐྱོབས་པ་འཇིགས་རྟེན་གསུམ་གྱི་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད་བྱུང༌། ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད་བྱུང༌། འགྲོ་མགོན་རྒྱལ་ཚ་ཁུ་དབོན་ལས་ཁྲོ་ཕུ་བཀའ་བརྒྱུད་བྱུང༌། གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད་བྱུང༌། སྨར་པ་རིན་ཆེན་བློ་གྲོས་ལས་སྨར་ཚང་བཀའ་བརྒྱུད་བྱུང༌། ཡེལ་བ་ཡེ་ཤེས་བརྩེགས་ལས་ཡེལ་བ་བཀའ་བརྒྱུད་བྱུང༌། ཟར་པ་ཡེ་ཤེས་སེངྒེའི་སློབ་མ་རྒྱལ་བ་གཡའ་བཟང་པ་ལས་གཡའ་བཟང་བཀའ་རྒྱུད་བྱུང༌། སྙི་ཕུ་གྱེར་སྒོམ་ཆོས་ཀྱི་སེངྒེ་ལས་ཤུག་གསེབ་བཀའ་བརྒྱུད་ཅེས་མ་དགོན་ཆེན་པོ་དེ་རྣམས་ལས་ཆོས་བརྒྱུད་ཀྱི་འཕྲིན་ལས་མཐའ་ཡས་པ་བྱུང་ཞིང༌། ཁྱེད་པར་དུ་གླིང་རས་པའི་ཐུགས་སྲས་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བུ་སློབ་གཙོ་བོ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་འབྲུག་པ་བཀའ་བརྒྱུད་བྱུང༌། འདིའི་སློབ་བརྒྱུད་ལས་རྒྱལ་བ་ཡང་དགོན་པ། ལ་སྟོད་ཤེས་རབ་མགོན་པོ། འབའ་ར་བ་རྒྱལ་མཚན་དཔལ་བཟང་སོགས་ཀྱི་བཀའ་བརྒྱུད་ཟུར་དུ་བྱུང༌། ལོ་རས་དར་མ་དབང་ཕྱུག་ལས་སྨད་འབྲུག་ས་ཡི་དྲེག་པ། གདན་ས་འཛིན་པའི་སེངྒེ་དགུ་ཚར་ལས་བར་འབྲུག་གི་བཀའ་བརྒྱུད་བར་མ་ཆད་པར་བྱུང༌། དེ་ནས་རིམ་བཞིན་ཐུགས་བསྐྱེད་དང་སྨོན་ལམ་དབང་གིས་བསམ་བཞིན་དུ་སྐུ་ཕྲེང་རེ་རེའི་བུ་སློབ་དང་འཕྲིན་ལས་བསམ་གྱི་མི་ཁྱབ་པ་མ་ཟད། རྗེ་ལྔ་བ་ཆེན་པོ་མཆོག་གིས་དེ་བཞིན་གཤེགས་པས་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་བདག་པོར་མངའ་གསོལ་བ་དྲུང་རྨ་སེ་བློ་གྲོས་རིན་ཆེན་ལས་ཟུར་མང་བཀའ་བརྒྱུད་དང༌། གར་དབང་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ་མཁས་གྲུབ་ཀརྨ་ཆགས་མེད་ལས་གནམ་མདོ་བཀའ་རྒྱུད་གཉིས་སུ་གྱིས། ཕྱིས་སུ་བསྟན་པ་ཅུང་ཟད་ཉམས་པའི་ཚེ། ལྷོ་བྲག་མར་བ་ལོ་ཙཱ་བསམ་བཞིན་སྤྲུལ་བས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ། རྗེ་རང་བྱུང་ཞབས་དང༌། རྗེ་མཆོག་བདུན་པ་ཆེན་པོ། སྤྱན་སྔ་ཆོས་གྲགས་སོགས་སྔོན་གྱི་བཀའ་བརྒྱུད་གོང་མའི་མཛད་པ་ཇི་ལྟར་བ་བཞིན་ཕ་ནོར་བུ་བདག་གི་ཚུལ་དུ་མཛད་སྐྱོངས་སྤེལ་གསུམ་བྱས་ནས་ཆོས་བརྒྱུད་འཛིན་པའི་བུ་དགོན་བོད་དང་རྒྱ་སོག་ཀུན་ལ་ཁྱབ༌། ཕྱིས་སུ་བཀའ་བརྒྱུད་ཆེ་བཞི་ལས་ཡ་གྱལ་ཀརྨ་བཀའ་བརྒྱུད་ལས་༧རྒྱལ་དབང་ཀརྨ་པ་མཆོག་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་བཞི་ཀུན་ཏུ་འཛམ་གླིང་ས་ཆེན་པོའི་ཁྱོན་ཀུན་ལ་ཁྱབ་བོ།།

བཅུ་བ་རི་བོ་དགེ་ལྡན་པ་ནི།།

དེ་ཡང་བོད་བསྟན་པ་ཕྱི་དར་གྱི་སྐབས་སུ། ཆུ་བོ་གངྒའི་འགྲམ་དེར་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནང་དུ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་ས་གསུམ་དུ་གྲགས་པས་ཁྱབ་པ་སློབ་དཔོན་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཞབས་སོར་བཀོད། ཕྱི་དར་བསྟན་པའི་མེ་རོ་སླར་ཡང་གསལ་བར་མཛད་པའི་སླད་དུ། ལྟ་བ་དབུ་མ་དང༌། སྤྱོད་པ་འདུལ་བ། གདམས་ངག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཙོར་སྟོན་པ་མ་ཟད། རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་ངང་ཁྲིད་སྲོལ་བཙུགས་པ་ལས། བརྒྱུད་འཛིན་རྣམས་ལྷ་བཞིའི་ལུས་བརྒྱན་ཞེས། བསྟན་པའི་བདག་པོ་ཤཱཀྱ་ཐུབ་པ། བྱམས་སྙིང་རྗེའི་བདག་པོ་སྤྱིན་རས་གཟིགས། ཕྱིའི་བར་ཆད་སེལ་བ་སྒྲོལ་མ། ནང་གི་བར་ཆད་སེལ་བ་མི་གཡོ་བ་རྣམས་དང༌། སྡེ་སྣོད་གསུམ་གྱི་ངག་བརྒྱན། བསླབ་པ་གསུམ་གྱི་ཡིད་རྒྱན། དེ་གཉིས་རྗོད་བྱེད་དང་བརྗོད་བྱའི་དབང་གིས་གཅིག་ཏུ་བསྡུས་ཏེ་ལྔ་ཆོས་བདུན་ལྡན་གྱི་མངའ་བདག་ཏུ་གྲགས། ཇོ་བོ་རྗེ་སློབ་མ་ཁུ་རྔོག་འབྲོག་གསུམ་ལས། རྔིག་ལེགས་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་བཏབ། ཁུ་སྟོན་བརྩོན་འགྲུས་གིས་སོལ་ནག་ཆེ་ལ་ཉམས་གསོ་མཛད། སྤྱན་རས་གཟིགས་དངོས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བྱང་རྭ་སྒྲེང་གི་ཆོས་གྲྭ་བཏབ་ཅིང་སློབ་ཚོགས་མཐའ་ཡས་པ་བྱུང་བའི་ནང་ནས་གཙོ་བོ་སྐུ་མཆེན་གསུམ་དུ་གྲགས་པ་ལས། བུ་ཏོ་བ་རིན་ཆེན་གསལ་ལས་གླང་ཤར་ཉི་ཟླ་ཟུང་འབྲེལ་སོགས། སྐྱེས་ཚོམ་དད་པ་སྐྱེད་པའི་གཞུང༌། བསླབ་སྤྱོད་སྤྱོད་པ་སྟོན་པའི་གཞུང༌། ས་རྒྱན་ཏིང་ངེ་འཛིན་གྱི་གཞུང་སྟེ་གཞུང་དྲུག་གི་བཤད་སྲོལ་འཛིན་པ་བཀའ་གདམས་གཞུང་པ་དང༌། སྤྱན་སྔ་ཚུལ་ཁྲིམས་འབར་ལས་བདེན་བཞི་གདམས་ངག་ཏུ་སྟོན་པ་བྱ་ཡུལ་བ་སོགས་བརྒྱུད་པའི་གདམས་ངག་པ། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལས་མན་ངག་ཐིག་ལེ་བཅུ་དྲུག་གི་སྨིན་གྲོལ་རྒྱབ་བརྟེན་གསང་ཆོས་གླེགས་བམ་རིན་པོ་ཆེ་བཅས་སྟབས་ཀ་བ་སོགས་ལས་བརྒྱུད་པ་མན་ངག་པ་སྟེ་གསུམ་དང༌། གཞན་ཡང་ནག་ཚོའི་བཀའ་བརྒྱུད་རྒྱ་ཆེར་བྱོན་པས་ཁམས་དབུས་ཀུན་ཏུ་ཁྱབ།

ཕྱིས་སུ་འཇམ་པའི་དབྱངས་ཀྱི་རྣམ་འཕྱུལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སླར་ཡང་བསྟན་པ་གསལ་བར་མཛད་པའི་ཕྲིན་ལས་ཀྱི་སྣང་བས་སྟེང་ཀུན་ཏུ་ཁྱབ་པར་མཛད་ཚུལ་ནི། དེ་ཡང་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དཔལ་གྱི་སེངྒེ་ནི། མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་དགུའི་ཐོག་དབུས་སུ་ཕེབས། ལྷ་ས་ནས་བླམ་ཞང་ལས་ཆོས་ཅི་རིགས་གསན། དེ་ནས་གསང་ཕུ་བརྒྱུད་ནས་རིམ་པས་ས་སྐྱར་བྱོན་ནས། རེད་མདའ་བ་གཞོན་ནུ་བློ་གྲོས་ལས་དབུ་མའི་སྐོར་སོགས་མཚན་ཉིད་ཀྱི་ཆོས་རྣམས་གསན་ཏེ་གྲྭ་བསྐོར་ཡང་མཛད་པས་མཁས་པའི་སྙན་གྲགས་ཀུན་ལ་ཁྱབ། དེ་ནས་ཞལ་ལུར་བྱོན་ཏེ། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་ཐུགས་སྲས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གཙོས་བུ་སྟོན་རིན་པོ་ཆེའི་སློབ་མ་འགའ་ལས། བདེ་མཆོག་དང༌། གསང་འདུས། འཇིགས་བྱེད་སོགས་རྒྱུད་སྡེའི་ཆོས་སྐོར་རྣམས་གསན། དེ་ནས་རྗེ་རིན་པོ་ཆེ་ཁོང་གི་ལུགས་ལ་མཚན་ཉིད་ས་སྐྱའི་ལུགས་དང༌། སྔགས་བུ་སྟོན་ལུགས་ལྟར་མཛད་རྒྱུར་ཡིན་གསུངས་ནས་དབུས་སུ་ཕེབས། དེ་ནས་བཀའ་བསྟན་གྱི་གཞུང་རྒྱ་སྐད་ཅན་བཅོ་ལྔ་དབུ་བཙུགས་ཏེ་ཟླ་བ་གཅིག་རིང་ཆོས་གསུངས་ནས་མཁས་པའི་རྩལ་བཏོན། དགེ་འི་བཤེས་གཉེན་ཆེན་པོ་བྱ་ཡུལ་བ་སོགས་ལས། བཀའ་གདམས་ཀྱི་ཆོས་སྐོར་ཐམས་ཅད་གསན། འཕགས་ཡུལ་དུ་བྱོན་རྩིས་ཀྱིས་ལྷོ་བྲག་དུ་ཕེབས་པ་ན། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་མཇལ་ཏེ། དེའི་མདུན་ནས་བཀའ་བརྒྱུད་པའི་ཕྱག་ཆེན་སྐོར་སོགས་ཟབ་ཆོས་ཡོངས་རྫོགས་གསན་པ་ན། བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྱུར་པར་གསུངས། དེ་ནས་ཚུར་བྱོན་ནས་རིམ་པས་ལྷ་སར་སྨོན་ལམ་ཆེན་མོ་བཙུགས་ཏེ་སྐུ་བསོད་ཤིན་ཏུ་རྒྱས་པ་དང༌། ཕྱིས་སུ་སྐུ་ཚེ་སྨད་ཙམ་ནས་དགའ་ལྡན་དུ་སྒྲུབ་པ་གནང་ནས་ཉམས་རྟོགས་ཀྱི་རྩལ་རྫོགས། སློབ་མའི་གཙོ་བོ་རྒྱལ་ཚབ་རྒྱས་དང༌། མཁས་གྲུབ་རྒྱས་གཉིས་བྱུང་སྟེ། རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཡང་བྱུང༌། དེ་ནས་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་དགོན་པ་ཕྱག་བཏབ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང་བྱམས་ཆེན་ཆོས་རྗེ་གཉིས་ནས་ཀྱང༌། ལྷ་སར་སེ་ར་དང་འབྲས་སྤུངས་གཉིས་ཕྱག་བཏབ། རྗེ་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པ་སོགས་རྗེ་རིན་པོ་ཆེའི་དངོས་སློབ་དང་སློབ་རྒྱུད་རྣམས་ཀྱིས་ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་སོགས་ས་ཆེན་པོ་ཀུན་ལ་རི་བོ་དགེ་ལྡན་པའི་བསྟན་པ་དར་རྒྱས་སུ་གྱུར་བ་མ་ཟད། འཕགས་པ་སྤྱན་རས་གཟིགས་བསམ་བཞིན་མི་ཡི་ཤ་ཚིག་སུ་གྱུར་བས། རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ནས་གཟུང་ད་ལྟའི་བར་ཆོས་སྲིད་གཉིས་ཀྱི་བཀའ་དྲིན་བླ་ན་མེད་པ་ཀྱང་བ་མ་ཟད། ད་ལྟ་ཡང་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱལ་མཚོ་མཆོག རབ་བྱུང་༡༦པའི་ཤིང་ཕག་ལོར་སྐུ་འཁྲུངས། དགུང་གྲངས་ལྔར་སོན་པ་ལྕགས་འབྲུག་ལོ་གངས་ལྗོངས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་ལྷུར་བཞེས་དང༌། ལྷ་ལྡན་ནོར་བུ་གླིང་ཁར་དཔལ་དུས་ཀྱི་འཁོར་ལོའི་དབང་མཆོག་དང་པོ་གནང་བ་ནས་བཟུང་ད་བར་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་གནང་བ་དང༌། ས་མོ་ཕག་ལོར་བཙན་བྱོལ་དུ་ཕེབས་ཤིང་ཆོས་དང་རིག་གཞུང་མི་ཉམས་སྲུང་སྐྱོབ་ཆེད་གཞིས་ཆགས་དང༌། དགོན་སྡེ་ཁག་དང༌། སློབ་གྲྭ བཟོ་གྲྭ་ཆེ་ཆུང་སོགས་གསར་འཛུགས་དང༌། མང་གཙོའི་རྩ་ཁྲིམས་གསར་གཏོད་མཛད་དེ་རིམ་པ་སོ་སོའི་འགན་བཞེས་གནང༌།

གཞན་ཡང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་མདོ་སྔགས་སྤྱི་དང་ཁྱད་པར་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་ཆོས་སྐོར་རྣམས་གསན་བསམ་རྒྱ་ཆེར་མཛད་དེ་ས་གསུམ་མཁས་གྲུབ་བྱེ་བའི་གཙུན་རྒྱན་དུ་གྱུར། གནས་མཆོག་ཝྭ་ར་ཎཱ་སིར་བསྒྲུབ་བྱ་བཅོ་ལྔ་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཐེངས་དང་པོ་གནང་ནས་བཟུང་ཆོས་སྡེ་གསར་རྙིང་ཀུན་ལ་འདུལ་འཛིན་ཡོངས་ཀྱི་བརྒྱུན་པའི་ཆུ་འགོ་གཅིག་ཏུ་གྱུར། གཞན་ཡང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་རྣམས་སུ་འཚེ་མེད་ཞི་བའི་ལམ་སྟོན་དང༌། ནང་ཆོས་དང་ཚན་རིག་གོ་བསྡུར་གྱིས་ནང་པའི་ལྟ་གྲུབ་དག་གི་ཁྱད་ཆོས་གསལ་སྒོན་དང༌། ཆོས་ལུག་སོ་སོའི་བར་འགལ་མེད་མཐུན་སྒྲིལ། བྱམས་དང་སྙིང་རྗེའི་ཉམས་བཞེས་རྒྱུན་དུ་གནང་བས། སྤྱི་ལོ་༡༩༨༩ལོར་འཛམ་གླིང་ཞི་བདེའི་དེད་དཔོན་ལ་དབང་བའི་མཚན་རྟགས་སུ་ནོར་བེལ་ཞི་བདེའི་གཟུངས་རྟགས་དང༌། གསེར་གྱི་རྟགས་མ་གཙོས་པའི་གཟེངས་རྟགས་བརྒྱ་ཕྲག་ལྷག་བཞེས་པ་མ་ཟད། འཛམས་གླིང་ལ་ཆེས་སྙན་གྲགས་ཆེ་བའི་མི་སྣ་ཞིག་དང་བོད་ལ་སྙན་གྲགས་ཅན་གྱི་མི་ཐོག་མར་དེ་ཡིན། དེ་བཞིན་དུ་བོད་གཞིས་བྱེས་གཉིས་སུ་ལུགས་གཉིས་ཀྱི་ཆབ་སྲིད་འགན་བཞེས་མཛད་ཅིང་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཐོག་ནས་འགྲོ་བ་མིའི་རིགས་ཀུན་ལ་ཐོབ་ཐང་འདྲ་མཉམ་དང༌། བོད་ལ་གསར་དུ་བཞེད་པའི་ལུགས་སྲོལ་ངན་པ་སྟག་གཟིགས་གི་པག་པ་མཛེས་རྒྱན་བྱས་པ་སོགས་རྩ་བ་ནས་མེད་པ་བྱས་སྟེ། བོད་གཞིས་བྱེས་གཉིས་ཀྱི་རྩ་དོན་ཆེད་དུ་དབུ་མའི་ལམ་གྱི་སྲིད་བྱུས་གསར་གཏོན་གནང་སྟེ་ཐུགས་ཁུར་ཆེ་བཞེས་ཀྱིས་ངང་ནས་བསྟན་སྲིད་གཉིས་ཀྱི་མཛད་ཕྲིན་རླབས་པོ་ཆེ་སྐྱོང་བཞིན་པའོ།།

སླར་སྨས་པ།
ཐེག་ཆེན་ཟབ་ལམ་སྐད་ཅིག་གྲོལ་བའི་ཆོས།།
ངོ་མཚར་བཀོད་པ་རྫུན་འཕྲུལ་ངང་དུ་འབྱུང༌།།
ཨིནྡྲ་བྷུ་ཏི་རྨི་ལྟས་བདུན་དང་བཅས།།
གསང་སྔགས་རྡོ་རྗེ་ཐེགས་པ་མངོས་སུ་བབ།།
ཕ་མེད་བུ་ཆུང་དགའ་རབ་རྡོ་རྗེ་དེས།།
འོད་གསལ་རྫོགས་ཆེན་བརྡ་ཡི་ཚུལ་དུ་སྦས།།
མཚོ་སྐྱེས་བླ་མའི་བྱིན་རླབས་ཁོ་ན་ལས།།
རིག་པའི་རང་རྩལ་ལྟོག་གྲོལ་གཅིག་ཏུ་འབྲེལ།།
དེ་ལྟར་དཔེལ་བའི་ཤྭཀྱའི་བསྟན་པ་འདི།།
མི་མཉམ་གོང་དུ་འཕེལ་བས་བཀྲ་ཤིས་ཤོག།

བཅེས་པ་འཕགས་བོད་ཐེག་ཆེན་ཆོས་འབྱུང་མདོར་བསྡུས་ཞེས་བྱ་བ་འདི་ཉིད་བློ་དམན་བདག་གི་ཤེས་ཡོན་གྱི་ཆ་ཚད་ཤིན་ཏུ་ཞན་པའི་དབང་གིས་ནོར་འཁྲུལ་སོགས་མང་དུ་ཡོད་ངས་པས། མཁྱེན་ལྡན་གློག་པ་པོ་རྣམས་ཀྱི་དག་བཅོས་གང་ཐུབ་ཐུབ་བྱེད་པར་མཁྱེན་མཁྱེན་ཞུ། དེ་ལྟར་དགེ་བའི་རྩ་བ་འདི་ལ་བསྟེན་ནས། བདག་ལ་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་གཙོའི་བྱས་པའི་རིགས་དྲུག་གི་སེམས་ཅན་རྣམས་ལ། གནས་སྐབས་འཁྲུག་རྩོད་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ནས་བསམ་པའི་དོན་མ་ལུས་པ་ལྷུན་གྱིས་འགྲུབ་པ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མཆོག་མྱུར་དུ་ཐོབ་པར་ཤོག་ཅིག ཆུ་དམར་པ་དྷརྨཛུ་ཥྱ༔འམ་བསོད་ནམས་དགའ་བ་དེས། བོད་རབ་བྱུང་ ༡༧ པ་ས་བྱི་ལོ་ཟླ་དགུ་བའི་ཚེས་བཅོ་ལྔ་ནས་གཟུང༌། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྐྱབས་རྗེ་ནམ་མཁའི་སྙིང་བོ་རིན་པོ་ཆེ་མཆོག་གིས་རིན་ཆེན་གཏེར་མཛོད་ལྗགས་གླིང་ཟབ་མོ་གནང་བཞིན་པའི་སྐབས་སུ་བྲིས་པ་དགེའོ།། སརྦྤམངྒལྃ༔

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།