གསར་འགྱུར་གསར་པ།:

བཀའ་ཁྲི་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ཐོག་བསྩལ་བའི་བཀའ་སློབ།

༄༅།།རྩོམ་སྒྲིག་པའི་ངོ་སྤྲོད༌།ཕྱི་ལོ་༢༠༠༤ཕྱི་ཟླ་༡ཚེས་༥ཉིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་སྐོང་ཚོགས་གནང་བའི་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཐེངས་དང་པོའི་ཐོག་རང་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཐེངས་དང་པོའི་ཐོག་སྐབས་བཅུ་གཉིས་པའི་བཀའ་ཤག་ཐོུང་ནས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་ཐད།༡༽བོད་ཀྱི་གསོ་བ་རིག་པའི་ད་ཡོད་ཀྱི་གནས་བབ་རང་བཞིན་ལ་ཕྱོགས་བསྡོམས།༢༽བོད་ཀྱི་གསོ་བ་རིག་པའི་འགྲོ་ཕན་གྱི་གལ་ཆེའི་དོན་སྙིང་སྐོར།༣༽བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་དང་དར་རྒྱས་གོང་འཕེལ་གྱི་བརྒྱུད་རིམ་ལ་དཔྱད་གླེང༌།༤༽བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་བརྒྱུད་པ་མི་འདྲ་བའི་ཕྱག་ལེན་སྐོར་མཐའ་དཔྱོད་མཛད་པ།༥༽བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཕྱག་ལེན་ཁག་ཁྱོན་ཡོངས་ནས་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་གྱི་མཛད་ཕྱོགས་རྒྱས་གླེང༌།༦༽བོད་ཀྱི་གསོ་བ་རིག་པའི་སྲོལ་བཟང་རྒྱུད་འཛིན་དང་དར་རྒྱས་གོང་འཕེལ་ཐད་ཕྱི་ནང་གི་ཁྲིམས་མཐུན་རང་བཞིན་སྲ་བརྟན་གཏོང་ཐབས་སྐོར།༧༽བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་གྱི་སྒྲིག་འཛུགས་དང་ལས་དོན་བྱེད་ཕྱོགས་བཅས་པ་ཚུད་པའི་མཁས་པའི་རྣམ་དཔྱོད་ཀྱི་བློ་མིག་ཡངས་པོར་ཕྱེ་ཞིང་ཕུན་སུམ་ཚོགས་པའི་ཉམས་མྱོང་གྱི་བསླབ་བྱ་དང་འབྲེལ་བའི་རང་གཞུང་གི་མཛད་ཕྱོགས་སྐོར་གསུང་བཤད་གལ་ཆེ་ཞིག་གནང་ཡོད་པ་འདི་ནི་རང་གཞུང་ནས་བོད་ཀྱི་གསོ་བ་རིག་པ་དང༌།གསོ་བ་རིག་པའི་འཐབ་ཕྱོགས་ཐོག་གནས་པའི་ལས་དོན་པ་ཡོངས་དང༌།བོད་ཀྱི་གསོ་བ་རིག་པར་བརྟེན་ནས་མི་མང་གི་འཕྲོད་བསྟེན་དང༌།བདེ་དོན་ཐད་ལས་དོན་སྤེལ་མཁན་སོགས་འབྲེལ་ཡོད་ཚང་མའི་ལས་དོན་དང༌།འགན་ནུས་ལ་སྨན་པའི་གཞུང་གི་ཐབས་བྱུས་ཀྱི་མཛད་བྱུས་དང༌།ལས་དོན་གྱི་བཀོད་བྱུས།བྱེད་སྒོའི་ལམ་སྟོན་གྱི་བསླབ་བྱ་བཅས་ཀྱི་གལ་ཆེའི་གསུང་བཤད་ཅིག་ཡིན་ན།འདི་ག་རྩོམ་སྒྲིག་ཁང་གིས་གསུང་བཤད་ཆ་ཚང་སྒྲ་ཕབ་ཞུས་ཏེ་ཆེད་བཀོད་ཞུས་ཡོད་པས་འདིར་ཐུགས་སྣང་ཆེར་བསྐྱེད་ཞུས་ཏེ་རང་གཞུང་གི་འཕྲོད་བསྟེན་བྱ་གཞག་ཚན་པ་ཁག་གི་འགན་ཁུར་བ་སྨོས་ཅི།བོད་ཀྱི་གསོ་བ་རིག་པའི་འཐབ་ཕྱོགས་ཀྱི་ལས་དོན་པ་ཡོངས་ཀྱི་བསམ་བློ་དང༌།བྱ་སྤྱོད་གང་ཐད་ནས་ཆབ་སྲིད་ཀྱི་ལྟ་གྲུབ་དང༌།རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས།དོན་དངོས་ཀྱི་ལག་ལེན་བཅས་ཆ་ཚང་བ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནུས་པ་མཐའ་དག་སྤྱི་དོན་ཐོག་སྤུངས་ནས་རང་རེའི་བསྒྲུབ་བྱ་སྤྱི་དང་བྱེ་བྲག་གྱི་མངོན་འདོད་མཐའ་དག་མངོན་གྱུར་ཡོང་བའི་ཆེད་ཐབས་བྱུས་གཅིག་གྱུར་དང༌།བསམ་བློ་གཅིག་གྱུར།གོམ་སྟབས་གཅིག་གྱུར་གྱི་འབད་འཐབ་ཅི་ནས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༄༅།།ན་མོ་གུ་རུ་བྷཻཥཛ་ཡ་རཱཇཱཡ།སྐྱབས་ཡུལ་དགེ་འདུན་པ་རྣམ་པ།མཆོག་ཏུ་བཀུར་བར་འོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དཔལྡན་སྐོུ་པདྨ་འབྱུང་གནས་མཆོག་དང༌།དེ་རིང་གི་ཚོགས་འདུ་འདིའི་མགྲོན་གྱི་གཙོ་བོ་ཨ་པོ་མཐུ་ཆེན་མཁས་དབང་སྨན་པ་རྣམ་པ།བླ་སྨན་པ་ཞབས་ཞུ་བ་རྣམ་པས་མཚོན་པའི་གཉུག་མར་གནས་པ་དང༌།གློ་བུར་དུ་ལྷགས་པའི་ཚོགས་མི་རྣམ་པ།ཕྱག་སྦྲེལ་བཀའ་བློན་རྣམ་པ།འཕྲོད་བསྟེན་དྲུང་ཆེས་དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཆེ་ཕྲ།གསར་འགོད་པ་རྣམ་པ་བཅས་ཚོགས་ཕེབས་པ་ཡོངས་ལ།ཕྲན་བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་འགོ་ཁྲིད་ཡིན་པའི་ཆ་ནས་དང༌།གངས་ཅན་སྐྱིད་གཤོངས་སུ་གཉུག་མར་གནས་པ་ཞིག་ཡིན་པའི་ཆ་ནས་ངའི་ལས་འགན་དང་པོ་དེ་ཁྱེད་རྣམ་པར་དགའ་བསུ་ཞུ་རྒྱུ་དེ་རེད།དགའ་བསུ་དེའང་རྣམ་གྲངས་ཁ་ཤས་ཤིག་ཞུ་རྒྱུ་ཡིན།

དང་པོ།བཙན་བྱོལ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་ཙམ་དུ་མ་ཟད།ད་ཆ་ཕྱག་ལེན་དུ་བསྟར་བའི་རིམ་པའི་ནང་ཕེབས་བཞིན་ཡོད་པར་བརྟེན།གལ་ཆེའི་ཁྲིམས་ཡིག་དེ་གཏན་འབེབས་གནང་ཐུབ་པར་དགའ་བསུ་ཞུ་རྒྱུ་ཡིན།

གཉིས་པ།འཕྲོད་བསྟེན་ལས་ཁུངས་ཀྱིས་ཐུགས་འགན་བཞེས་ཏེ་དེ་རིང་སྨན་པའི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཐུབ་པ་དེར་དགའ་བསུ་ཞུ་རྒྱུ་ཡིན།སྨན་པ་རྣམ་པ་ཚོ་དུས་རྒྱུན་དུ་ཐུགས་བྲེལ་ཚ་པོ་དང༌།ཡང་ཡང་ཕྱོགས་ཕེབས་གནང་མ་ཐུབ་པའི་གནས་ཚུལ་ཞིག་ཡོད་ཙང༌།སྨན་པ་མང་པོ་མཉམ་དུ་ཚོགས་རྒྱུ་དཀའ་ལས་ཁག་པོ་རེད།དེ་རིང་དམིགས་བསལ་གྱི་དགའ་བསུ་ཞུ་འོས་པ་ཞིག་ལ།རྒྱ་གར་ཙམ་དུ་མ་ཟད།ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ནས་སྨན་པ་མང་པོ་རྒྱགས་རང་ཁུར་འཚོ་བ་རང་སྐྱོང༌།དྭང་བླངས་ཀྱི་ཐོག་ནས་ཚོགས་ཕེབས་གནང་འདུགབཙན་བྱོལ་བོད་མིའི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ལ་མོས་པ་དང་དྭང་ལེན་དགའ་བསུ་མེད་པ་ཡིན་ན་ཚོགས་མི་འདི་འདྲ་མང་པོ་ཕེབས་ཐུབ་ཀྱི་མ་རེད།ཚོགས་ཕེབས་རྣམ་པ་ཡོངས་ལ་བོད་གཞུང་བཀའ་ཤག་གི་ངོས་ནས་དང༌།ང་རང་སྒེར་གྱི་ངོས་ནས་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན།

དོན་གནད་གཉིས་པ་ཞུ་རྒྱུ་ཞིག་ལ།དེ་རིང་གི་ཚོགས་ཆེན་འདི་བཀའ་ཤག་གི་ངོས་ནས་དང༌།ང་རང་གི་ངོས་ནས་ཀྱང་གལ་ཆེན་པོར་བརྩིས་པ་ཡིན།གལ་ཆེན་པོ་བརྩི་དགོས་པའི་རྒྱུ་མཚན་ཁ་ཤས་ཡོད།

དང་པོ།བོད་ཀྱི་གསོ་བ་རིག་པ་དེ་ཉམས་ཆག་འགྲོ་བཞིན་པ་རེད།ད་ལྟ་འཕྲོད་བསྟེན་དྲུང་ཆེས་ཚོགས་འདུ་ངོ་སྤྲོད་གནང་སྐབས་བཟང་ཕྱོགས་ཀྱི་ཆ་ནས་གནས་ཚུལ་མང་པོ་ཞིག་གསུངས་སོང་ཞིང༌།དེ་ཚོ་ཚང་མ་བདེན་པའང་རེད།འོན་ཀྱང་དེ་དང་ཆབས་ཅིག་ཏུ་ཞན་ཕྱོགས་ཀྱི་ཆ་མང་པོ་ཞིག་ཀྱང་ཡོད་པ་དེར་ང་ཚོས་དོ་སྣང་མ་བྱས་པར་བཞག་ན་འགྲིག་གི་མ་རེད།ཕྱོགས་གཅིག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་ནག་གི་སྲོལ་རྒྱུན་གྱི་གསོ་བ་རིག་པའི་ཡན་ལག་གམ་ཆ་ཤས་ཡིན་པར་བསྟན་རྒྱུའི་ཆེད་དུ་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་དང་སྤེལ་བཞིན་པ་རེད།ཕྱོགས་གཞན་ཞིག་ནས་དེང་སང་འཛམ་གླིང་འདི་འགྲན་བསྡུར་ཤ་སྟག་གི་ནང་འགྲོ་བའི་སྐབས་ཡིན་པས་བོད་ཀྱི་གསོ་བ་རིག་པར་འགྲན་བསྡུར་དང་ཁ་གཏད་བཅའ་མཁན་མང་པོ་ཞིག་གིས་བོད་ཀྱི་གསོ་བ་རིག་པ་ཉམས་ཆག་གཏང་རྒྱུ་དང༌།མིང་བྱད་ཡོང་རྒྱུའི་འབད་བརྩོན་སྣ་ཚོགས་བྱེད་བཞིན་ཡོད་པ་དེ་ཚོ་ལ་ང་ཚོས་ཆིག་བསྒྲིལ་གྱི་ཐོག་ནས་གདོང་ལེན་བྱེད་དགོས་པ་ཞིག་རེད།

དེ་ཙམ་དུ་མ་ཟད།བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་བྱ་རྒྱུའི་ལས་དོན་ལ་བར་ཆད་མང་པོ་ཞིག་ཡོད་པའི་དབང་གིས་རང་བཞིན་གྱིས་ཉམས་ཆག་འགྲོ་བཞིན་པ་ཡིན་ཙང༌།ང་ཚོའི་ངོས་ནས་ཡང་དག་པའི་རིག་གཞུང་ཁྱད་པར་ཅན་འདི་མི་ཉམས་རྒྱུན་འཛིན་ཐུབ་པའི་ཐབས་ཤེས་གང་ཡོང་བྱེད་དགོས་པ་དང༌།གཅིགསྨན་བཅོས་ལག་ལེན་དུ་བསྟར་བའི་སྐབས་དང༌།སློབ་སྦྱོང་སྤྲོད་པའི་སྐབས་ལམ་སྲོལ་གཞན་གྱི་བསྲེ་ལྷད་མ་འཇུག་པར་གཙང་མར་བཞག་དགོས་པ་དང༌།གཉིས།གསོ་རིག་འདི་བོད་ཀྱི་ཐོུང་མ་ཡིན་པའི་རིག་གནས་ཡིན་པའི་ངོས་འཛིན་མ་བརླགས་པར་བདག་གཉེར་དགོས་པ་དང༌།གསུམ།རྒྱལ་ཁབ་གང་འདྲ་ཞིག་གི་ནང་དུའང་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལག་ལེན་བསྟར་བའི་སྐབས་བྱུང་ན་རྒྱལ་ཁབ་དེ་དང་དེའི་ཁྲིམས་ཐོག་ནས་ངོས་ལེན་ཡོད་པ་ཞིག་དང༌།མ་མཐར་ཡང་ཁྲིམས་འགལ་མིན་པ་ཞིག་ཡོང་ཐབས་བྱེད་དགོས་པ་དང༌།བཞི་ནི་བོད་ཀྱི་གསོ་རིག་རྒྱུན་འཛིན་བྱ་རྒྱུར་མེད་དུ་མི་རུང་བའི་དོན་གནད་ཅིག་ཆགས་ཀྱི་འདུགདོན་གནད་དེ་དག་བོད་གཞུང་འཕྲོད་བསྟེན་ལས་ཁུངས་གཅིག་པུས་བྱེད་ཐུབ་པ་ཞིག་མིན་ལ།སྨན་རྩིས་ཁང་ལ་སོགས་པའི་སྒྲིག་འཛུགས་བྱེ་བྲག་པ་རེ་ཟུང་གིས་ད་ཕན་ཕྱག་ལས་གང་ལེགས་གནང་ཡོད་ཀྱང་དེ་ཚོ་རྐྱང་པས་འཐུས་རྒྱུ་ཞིག་ཀྱང་མ་རེད།བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ཡོངས་རྫོགས་རྡོག་རྩ་གཅིག་བསྒྲིལ་དང་གཅིག་ཕན་གཅིག་གྲོགས་བྱས་ནས་གོང་ཞུས་ཀྱི་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་དགོས་པ་དང༌།བསྒྲུབ་བྱ་དེ་དག་བསྒྲུབ་དགོས།དེར་བརྟེན་ད་རེས་ཀྱི་ཚོགས་འདུ་འདི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མ་ཟད།གྲུབ་འབྲས་བཟང་པོ་ཐོན་པའི་རེ་བ་ཡོད།ད་རེས་ཀྱི་གོ་སྐབས་བཟང་པོ་འདིའི་ཐོག་རང་གི་ལྟ་ཕྱོགས་དང༌།མཐོང་ཚུལ།དོགས་པ།མ་འོངས་པའི་རེ་འདུན་བཅས་དང་འབྲེལ་བའི་གནས་ཚུལ་འགའ་ཤས་ཞུ་རྒྱུའི་འདོད་པ་ཆེན་པོ་བྱུང༌།གང་ཡིན་ཟེར་ན།བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྐད་གྲགས་ཡོད་པའི་སྨན་པ་བརྒྱ་ཕྲག་བརྒལ་བ་སྡེབ་གཅིག་ཏུ་འཛོམས་པའི་མདུན་སར་གཏམ་བཤད་ཞུ་རྒྱུའི་གོ་སྐབས་གསེར་ལས་དཀོན་པ་འདི་འདྲ་མི་ཚེའི་ནང་ཡང་ཡང་རྙེད་རྒྱུ་ཁག་པོ་རེད།མ་གཞི་ང་རང་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་བ་ཞིག་མིན་ཙང་གཏིང་ཟབ་པོའི་གནས་ཚུལ་ཞུ་རྒྱུ་མེད་ནའང༌།ང་རང་ཆུང་དུས་ཀྱི་རྒན་ཡོངས་འཛིན་རིན་པོ་ཆེ་དམ་པ་དེ་སྤྱིར་རིག་པའི་གནས་མཐའ་དག་ལ་མཁས་པ་དང༌།ལྷག་པར་གསོ་བ་རིག་པའི་ཕྱག་ལེན་ཤུགས་ཆེ་གནང་མཁན་ཞིག་ཡིན་པས་ཁོང་གི་སྐུ་མདུན་ལོ་ལྔ་ཙམ་བསྡད་པའི་རིང་རྣ་ཐོས་མང་པོ་བྱུང་བ་དང༌།སློབ་གཉེར་བ་གཞན་དག་གི་སློབ་སྦྱོང་བྱེད་པ་མཐོང་བ་བཅས་མཐོང་མྱོང་ཐོས་མྱོང་ཕྲན་བུ་ཡོད་པའི་དབང་གིས་མཐོང་ཚུལ་དང་དོགས་པ་བྱུང་བ་རྣམས་ཞུས་ཆོག་པ་ཞུ་རྒྱུ་ཡིན།

སྤྱིར་བཏང་བོད་ཀྱི་རིག་གཞུང་འདི་ད་ལྟའི་འཛམ་གླིང་ནང་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་ངས་མཐོང་གི་ཡོད་ལ།ང་དང་མཚུངས་པ་གལ་ཆེན་པོར་གཟིགས་མཁན་གཞན་དག་ཀྱང་མང་པོ་ཡོད་པ་རེད།དེ་ལྟར་མཐོང་དགོས་པའི་རྒྱུ་མཚན་ནི།

༡༽དེང་སང་འཛམ་གླིང་ནང་བརྒྱུད་པ་བར་མ་ཆད་ཅིང་བསྲེ་ལྷད་ཉམས་ཆག་མ་ཕྱིན་པའི་སྲོལ་རྒྱུན་གྱི་རིག་གཞུང་ཡང་དག་པ་ཞིག་ནི་བོད་ཀྱི་རིག་གཞུང་ཙམ་མ་གཏོགས་གཞན་ཧ་ཅང་དཀོན་པོ་ཆགས་ཟིན་པ་རེད།རྒྱ་གར་དང་རྒྱ་ནག་གིས་མཚོན་པའི་གནའ་བོའི་བྱུང་རབས་རིང་པོ་ཡོད་པའི་ཡུལ་ལུང་རྣམས་ཀྱི་རིག་གཞུང་ཕལ་ཆེ་བ་བསྲེ་ལྷད་དང༌།འགྱུར་བ་ཕྱིན་པ།བརྒྱུད་པ་བར་ཆད་པ།ལག་ལེན་བྱེད་མཁན་མེད་པ་སོགས་ཀྱི་སྒོ་ནས་ཉམས་ཆག་ཕྱིན་ཟིན་པ་རེད།དེར་བརྟེན་བསྲེ་ལྷད་མེད་ཅིང༌།བརྒྱུད་པ་མ་ཆད་པ།མཐོང་བ་བརྒྱུད་པའི་ཕྱག་ལེན་ཡོད་པ་བཅས་ཀྱི་ཆ་ནས་བོད་ཀྱི་རིག་གཞུང་རྣམས་ཧ་ཅང་གལ་ཆེན་པོ་རེད།

༢༽དེ་ཙམ་དུ་མ་ཟད།བོད་ཀྱི་རིག་གཞུང་ཡོངས་རྫོགས་བྱམས་པ་དང༌།བརྩེ་བ།འཚེ་བ་མེད་པའི་ལྟ་གྲུབ་ལ་བརྟེན་པའི་སངས་རྒྱས་ཀྱི་ཆོས་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང༌།དེའི་དབང་གིས་ད་ལྟའི་སྐྱེ་རྒུ་ཡོངས་ཀྱི་དགོས་མཁོ་དང་འཚམས་པ་ཡིན་པས་གལ་ཆེན་པོ་ཡིན།

༣༽འཇིག་ལ་ཉེ་བའི་ས་ཡི་གོ་ལ་འདིའི་ཐོག་ཏུ་གནས་པའི་སྐྱེ་འགྲོ་ཚང་མའི་མ་འོངས་པའི་ཕན་བདེ་བསྒྲུབ་རྒྱུའི་རེ་བ་ཞིག་ད་ལྟའི་བོད་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་སྲོལ་རྒྱུན་གྱི་རིག་པ་འདི་དག་ལ་ཡོད་པ་ཡིན་པས་དེའི་ཆ་ནས་ཀྱང་གལ་ཆེན་པོ་ཡིན།

བོད་ཀྱི་རིག་གཞུང་ཞེས་པ་མདོར་བསྡུས་ན།བཟོ་དང་གསོ་བ།སྒྲ་དང་ཚད་མ།ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔའི་ནང་འདུ་བར་བོན་པོའི་གཞུང་ལུགས་དང༌།རྒྱ་གར་ནས་བྱུང་བའི་ནང་པའི་གཞུང་ལུགས་གཉིས་ཀས་མཐུན་པར་འདོད་ཀྱི་ཡོད།བོད་ཀྱི་སྒྲ་སྟེ་སྐད་ཡིག་གི་རིག་པར་མཚོན་ན་ད་ལྟའི་འཛམ་གླིང་གི་སྐད་ཡིག་རྣམས་ཀྱི་ཁྲོད་དུ་ལེགས་སྦྱར་གྱི་སྐད་དེ་སྐད་ཡིག་གནས་ཚད་མཐོ་ཤོས་དེ་རེད།གང་ལགས་ཟེར་ན།སྐད་ཡིག་འདི་ནི་རྒྱུ་མཚན་ལ་བརྟེན་ནས་ལེགས་པར་སྦྱར་བ་ཡིན་པས་ཚད་མ་རིག་པ་དང་མཐུན་པའི་སྐད་ཡིག་ཅིག་ཡིན་པར་མ་ཟད།ལྷག་པར་མིའི་གཟུགས་ཁམས་དང་རྣམ་དཔྱོད་ཀྱི་གནས་ཚད་མཐོ་ཤོས་སུ་སླེབས་པའི་སྐབས་བེད་སྤྱོད་བྱ་རྒྱུའི་སྐད་ཡིག་དེ་རེད།ཐེག་ཆེན་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པ་ལེགས་སྦྱར་ལྷ་ཡི་སྐད་དུ་གསུངས་པར་ངོས་འཛིན་བྱེད་ཀྱི་ཡོད།ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་གདུལ་བྱ་སོ་སོའི་རང་རང་གི་སྐད་དུ་གོ་ནའང་སངས་རྒྱས་ཀྱི་རང་སྐད་དེ་ལེགས་སྦྱར་གྱི་སྐད་ཡིན་པར་འདོད་ཀྱི་ཡོད།དེ་ལྟ་བུའི་ལེགས་སྦྱར་གྱི་སྐད་དང་བརྒྱ་ཆ་༩༩མཉམ་དུ་འགྲོ་ཐུབ་མཁན་འཛམ་གླིང་སྐད་ཡིག་རྣམས་ཀྱི་ནང་ནས་བོད་སྐད་གཅིག་པུ་མ་གཏོགས་མེད།ལེགས་སྦྱར་སྐད་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་སུ་ཡོད་པའི་ཉེ་སྒྱུར་ལྟ་བུ་ཞིག་ལ་མཚོན་ནའང༌།རྒྱ་གར་གྱི་སྐད་ཡིག་ལེགས་སྦྱར་ལས་མཆེད་པ་ཧིན་དི་དང༌།གུ་ཇ་ར་ཏི།མཱ་རཱ་༽འི་ལ་སོགས་པའི་ནང་ཉེ་སྒྱུར་གང་འཚམས་ཤིག་ཡོད་པ་ལས།རྒྱ་གར་ལས་གཞན་པའི་སྐད་ཡིག་གང་གི་ནང་ཉེ་སྒྱུར་ཡོད་མཁན་བོད་སྐད་གཅིག་པུ་ལས་གཞན་མི་རྙེད།དེར་བརྟེན་བོད་ཀྱི་སྒྲ་རིག་པ་དེ་སྒྲ་སྐད་ཐམས་ཅད་ཀྱི་མཐར་ཐུག་པའི་ཁྱད་འཕགས་ཀྱི་སྒྲ་རིག་པ་ཞིག་ཡིན།

བོད་ཀྱི་ཚད་མ་རིག་པའང་ཚད་མ་རིག་པ་གཞན་ལས་ཟབ་ཅིང་རྒྱས་པ་ཞིག་ཡིན་པ་དེང་སང་ཚད་མ་རིག་པར་སྦྱོང་མཁན་རྣམས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད།འབྲས་རང་མ་དམིགས་པའི་རྟགས་གསུམ་གྱི་རྣམ་བཞག་དང༌།དེང་རབས་ཚད་མ་རིག་པའི་(Logic)བར་ཕྲ་རགས་ཀྱི་ཁྱད་པར་ཆེན་པོ་ཡོད།འབྲས་རང་མ་དམིགས་པའི་རྟགས་ལ་བརྟེན་ནས་ལྐོག་གྱུར་གྱི་གནས་རྗེས་སུ་དཔག་ཚུལ་གྱི་གནད་གསང་དེ་ནང་པའི་ཚད་མ་རིག་པར་མ་གཏོགས་མེད་ཅིང༌།ད་ལྟའི་གནས་སྐབས་སུ་བོད་ཙམ་མ་གཏོགས་ཐ་ཡི་ལེན་ཌ་དང༌།ཤྲིའ་ལངྐཱ།།བྷར་མ་སོགས་ནང་པའི་རྒྱལ་ཁབ་གང་དུའང་ཕྱོགས་གླང་ཆོས་གྲགས་ནས་བརྒྱུད་པའི་ཚད་མ་རིག་པའི་གཞུང་ལུགས་དང༌།དེའི་བཤད་རྒྱུན་ཡོད་པ་མ་རེད།དེར་བརྟེན་བོད་ཀྱི་ཚད་མ་རིག་པ་ཧ་ཅང་གལ་ཆེན་པོ་ཡིན།

དེ་བཞིན་བོད་ཀྱི་བཟོ་རིག་པར་མཚོན་ནའང༌།ལུས་ངག་ཡིད་གསུམ་གྱི་བཟོ་ཚད་དང་ལྡན་པའི་རིག་པའི་གཞུང་ལུགས་ཡོད་པ་ཞིག་དེང་སྐབས་བོད་ཀྱི་བཟོ་རིག་ལ་མ་གཏོགས་མེད།དཔེར་ན་ལྷའི་སྐུ་དང་དཀྱིལ་འཁོར་གྱི་ཐིག་ཚད་དང་ཚོན་རིས་ཀྱི་རྣམ་གཞག་སོགས་མིའི་ལག་པས་གང་བདེ་བྲིས་བཟོ་བྱས་པ་མ་ཡིན་པར་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་སུ་བཤད་པའི་མཚན་ཉིད་དང་ཚད་གཞི་དང་མཐུན་པར་འགྲོ་དགོས་པའི་བཟོ་ཡི་གནས་དེ་དེང་སང་བོད་ཀྱི་བཟོ་རིག་པའི་ནང་མ་གཏོགས་ལྷག་མེད།

ལྷག་པར་ནང་དོན་རིག་པར་ཆ་མཚོན་ན།ཐེག་པ་གསུམ་དང༌།རྒྱུད་སྡེ་བཞིས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་ཡོད་པ་དེ་བོད་ཀྱི་ནང་དོན་རིག་པ་མ་གཏོགས་མེད།ནང་ཆོས་དར་སའི་རྒྱལ་ཁབ་མང་པོ་ཡོད་ཀྱང་དེ་ཚོ་ཚང་མའི་ནང་ཐེག་པ་ཐོུང་བའི་ཆོས་ཚུལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་གཏོགས་ཐེག་པ་གསུམ་གྱི་གཞི་ལམ་འབྲས་བུ་ཡོངས་སུ་རྫོགས་པ་དང༌།རྒྱུད་སྡེ་བཞིའི་ཟབ་རྒྱས་ཀྱི་གདམས་ངག་ཡོངས་སུ་རྫོགས་པ་ཆ་ཚང་བ་ཞིག་བོད་ཀྱི་ནང་དོན་རིག་པར་མ་གཏོགས་གཞན་གང་དུའང་མི་རྙེད་པས་ཧ་ཅང་གི་གལ་ཆེན་པོ་ཡིན།དེ་དག་ཉམས་པ་ཡིན་ན་བོད་དང་བོད་མི་ཙམ་མ་ཟད།འཇིག་རྟེན་འགྲོ་བ་མི་རིགས་སྤྱི་ཡོངས་ལ་གསབ་མི་ཐུབ་པའི་གྱོང་གུན་ཞིག་ཆགས་ཀྱི་རེད།

དེ་བཞིན་བོད་ཀྱི་གསོ་བ་རིག་པ་དེའང་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད།འདི་ལ་གསོ་བ་རིག་པ་གཞན་ལ་མེད་པའི་ཁྱད་ཆོས་མང་པོ་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།ཁྱེད་རྣམས་གསོ་བ་རིག་པའི་གཞུང་ལུགས་འཛིན་མཁན་ཞིག་ཡིན་ཙང་མཁྱེན་གྱི་རེད།ཡིན་ནའང་ང་རང་གི་མཐོང་ཚུལ་དེ་ཞུ་རྒྱུ་ཡིན།དེ་ལ་ནོར་འཁྲུལ་ཡོད་ན་ནོར་བཅོས་གནང་རོགས་གནང༌།ངའི་མཐོང་ཚུལ་ལྟར་ན་བོད་ཀྱི་གསོ་བ་རིག་པར་ཁྱད་ཆོས་མང་པོ་ཞིག་ཡོད་པ་ནས་དང་པོ་ནི་རིག་གནས་དེ་སངས་རྒྱས་ཀྱི་ཆོས་ནས་བྱུང་བ་དང༌།སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་ཞིག་ཡིན་ཙང༌།ནང་དོན་རིག་པའི་གཞུང་ལུགས་དང་ཟུར་དུ་དབྱེ་མི་རུང་བའི་གསོ་བ་རིག་པ་ཞིག་ཡིན།བོད་ཀྱི་གསོ་བ་རིག་པའི་ཐོག་མའི་འབྱུང་ཁུངས་ལ་ཆ་མཚོན་ན།འདུལ་བ་སྨན་གྱི་གཞིའི་ནང་"སྨན་པ་ཟུག་རྔུ་འབྱིན་པ།ནད་ཀྱི་ངོ་བོ་ལ་མཁས་པ།ནད་ཀུན་འབྱུང་བའི་རྒྱུ་ལ་མཁས་པ།ནད་ཀུན་འབྱུང་བའི་རྒྱུ་ཟློག་པར་བྱེད་པའི་ཐབས་ལ་མཁས་པ།ནད་ཀུན་འབྱུང་བའི་རྒྱུ་བཟློགས་པ་སླར་མི་ལྡོག་པའི་ཚུལ་ལ་མཁས་པ།"ཞེས་བདེན་པ་བཞིའི་རྣམ་བཞག་དང་སྦྱར་ནས་སྨན་པའི་སློབ་སྦྱོང་དང་ལས་ཀ་བྱེད་སྟངས་སོགས་གསོ་བ་རིག་པའི་སྤྱི་ཡོངས་ཀྱི་སྒྲོམ་གཞི་དེ་གསུངས་ཡོད།སྨན་བླའི་མདོའི་ནང་བདེ་གཤེགས་བརྒྱད་ཀྱི་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་རྣམ་གྲངས་བསྟན་པ་ཙམ་ལས།ནད་ངོས་འཛིན་ཚུལ་དང༌།སྨན་སྦྱར་ཐབས་སོགས་མ་བསྟན་མོད།བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱེད་པའི་སྐབས་སངས་རྒྱས་སྨན་བླ་ལྷག་པའི་ལྷའམ་ཡི་དམ་དུ་བསྟེན་ནས་སྨན་སྒྲུབ་སོགས་བྱ་སྲོལ་ཡོད་པ་མ་ཟད།རྒྱུད་བཞི་བཀའ་ཡིན་པར་འདོད་མཁན་རྣམས་ཀྱིས་ཤཱཀྱ་ཐུབ་པ་སྨན་བླའི་སྐུར་བཞེངས་ནས་གསུངས་པར་བཤད་ཀྱི་ཡོད་པས།སྨན་བླའི་མདོ་རྒྱུད་དེ་དག་ང་ཚོའི་སྨན་གཞུང་དང་འབྲེལ་བ་ཆེན་པོ་རེད།དེ་བཞིན་གསེར་འོད་དམ་པའི་མདོ་དང༌།དུས་འཁོར་གྱི་རྒྱུད་ལ་སོགས་པ་མདོ་རྒྱུད་སྣ་ཚོགས་ནང་སྨན་གྱི་སྐོར་མང་པོ་གསུངས་ཡོད་པས།མདོ་རྒྱུད་དེ་དག་བོད་ཀྱི་གསོ་བ་རིག་པའི་ལུང་ཁུངས་ཡིན་པས་ནང་ཆོས་དང་འབྲེལ་བ་ཆེན་པོ་ཡོད་པ་རེད།

གཉིས་པ།བོད་ཀྱི་གསོ་རིག་འདི་རྒྱ་གར་ནས་བྱུང་བའི་རིག་གནས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།དེང་སང་བོད་ཀྱི་རིག་གནས་ཡོངས་སུ་རྫོགས་པ་རྒྱ་གར་ནས་བྱུང་བ་ཡིན་ཞེས་ཟེར་བ་དེ་ཡང་དག་པ་མིན་པ་དང༌།མི་རིགས་རང་ཉིད་ཀྱི་ཐོུང་མ་ཡིན་པའི་རིག་གནས་ཡོད་དགོས་པ་དང༌།བོད་ལའང་དེ་བཞིན་བོད་མི་རང་གི་བློ་རྩལ་གྱིས་བསྐྲུན་པའི་རིག་གནས་གཏིང་ཟབ་ཡོད་ཅེས་གསུང་མཁན་མང་པོ་འདུགདེ་ཚོའང་བདེན་པ་ཡིན་གྱི་རེད།ཡིན་ནའང་མི་རིགས་ཀྱི་ཆེ་མཐོང་དེ་རིག་གནས་ཀྱི་དཔལ་ཡོན་གྱི་ཐོག་ནས་ཡོང་གི་ཡོད་པ་དང༌།དེའང་གནའ་རབས་ཀྱི་རིག་གཞུང་གཏིང་ཟབ་ཡོད་པའི་རྒྱ་གར་གྱི་གཞུང་ལུགས་ཚད་ལྡན་ནས་བྱུང་བ་ཡིན་པའི་ཁུངས་སྐྱེལ་བྱས་ན་མི་རིགས་ཀྱི་ཆེ་མཐོང་ལ་གནོད་ཀྱི་མ་རེད་བསམ་གྱི་ཡོད།དེང་སང་ནུབ་ཕྱོགས་ནས་བྱུང་བ་རེད་ཟེར་ན་ཆ་མཐོང་ཆེན་པོ་བྱེད་པ་དང༌།ཚན་རིག་དང་མཐུན་པ་རེད་ཟེར་ན་དེ་བས་ཀྱང་ཆ་འཇོག་ཆེ་བ་བྱེད་ཀྱི་འདུགཨ་མི་རི་ཀ་ནས་ཡོང་བ་རེད་ཟེར་དུས་ཚང་མས་མགོ་ལ་བཞག་རྐྱང་བྱེད་ཀྱི་འདུགདེང་རབས་ཀྱི་ལྟ་སྟངས་དེ་ཚོས་མི་རིགས་ཀྱི་ཆེ་མཐོང་ལ་གནོད་ཀྱི་མེད་ན།གནའ་རབས་ཀྱི་རིག་གཞུང་རྒྱ་གར་ནས་བྱུང་བ་དང༌།སངས་རྒྱས་ཀྱི་ཆོས་ལུགས་ནས་བྱུང་བ་རེད་ཅེས་བརྗོད་པ་དེས་མི་རིགས་ཀྱི་ཆེ་མཐོང་ལ་གནོད་པར་མཐོང་གི་མེད།དེ་ལས་ལྡོག་སྟེ་རིག་པའི་གཞུང་ལུགས་ཀྱི་ཁུངས་དང་ལུང་ཚད་ལྡན་ཡོད་པའི་རིག་གནས་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པར་བསྒྲུབས་ཐུབ་ན་མི་རིགས་ཀྱི་ཆེ་མཐོང་ལ་ཕན་པར་མཐོང་གི་ཡོད།རྒྱ་གར་ནས་བོད་དུ་བསྒྱུར་བའི་སྨན་གཞུང་གྲས་སྦྱོར་བ་བརྒྱ་པ་དང༌།སྨན་འཚོ་བའི་མདོ།རྩ་ཨ་ཝའི་ཆོ་ག་སོགས་ཀླུ་སྒྲུབ་ཀྱིས་མཛད་པར་རྩོད་མེད་ཀྱི་གཞུང་གསུམ་བཞི་ཞིག་དང༌།ཀླུ་སྒྲུབ་ཀྱི་སློབ་མའི་སློབ་མ་སློབ་དཔོན་དཔའ་བོས་མཛད་པའི་སྨན་གྱི་ལུས་ཡོངས་སུ་རྫོགས་པ་བསྟན་པའི་ཡན་ལག་བརྒྱད་པའི་སྙིང་པོ་དང༌།དེའི་འགྲེལ་པ་སློབ་དཔོན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར།སློབ་དཔོན་པདྨས་མཛད་པར་གྲགས་པའི་དཔྱད་ཀྱི་གཞུང་སོགས་མི་ཉུང་བ་ཞིག་བོད་དུ་བསྒྱུར་ཡོད།ད་ལྟའི་རྒྱུད་བཞིའི་ནང་བསྟན་པའི་བརྗོད་བྱ་བརྒྱ་ཆ་དགུ་བཅུ་ལྷག་ཙམ་གྱི་ཁུངས་ཡན་ལག་བརྒྱད་པའི་སྙིང་པོའི་ནང་རྙེད་ཐུབ་པ་ཞིག་རེད།རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་ཁུངས་གཏུགས་ས་དེ་རྒྱ་གར་གྱི་སྨན་གཞུང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།འོན་ཀྱང་དེང་སང་ལོ་རྒྱུས་སྨྲ་བ་མང་པོ་ཞིག་དང༌།ཁྱད་པར་དེང་དུས་བོད་ཀྱི་ནང་དེ་བྱུང་རིག་པའི་མཁས་དབང་ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་བོད་ཀྱི་སྨན་གཞུང་རྒྱུད་བཞི་དེ་བོན་པོའི་གཞུང་ལུགས་ནས་བྱུང་བ་ཡིན་པར་སྒྲུབ་ཐབས་ཀྱི་འབད་བརྩོན་གནང་ཡོད།བོན་གྱི་སྨན་གཞུང་འབུམ་བཞི་ཞེས་པ་ཞིག་ཡོད་པ་དང༌།དེ་ལ་མཚན་འདོགས་སྟངས་མི་འདྲ་བ་ཁ་ཤས་འདུགའདིར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཟུར་འཛར་དཔེ་ཐོའི་ནང་ཡོད་པའི་འབུམ་བཞིའི་མཚན་དེ་ཚོ་ངས་གོ་མྱོང་བ་ཞིག་རེད་མི་འདུག་ཅིང༌།ཐུབ་ཕུན་གྱི་ལོ་རྒྱུས་ནང་བྲིས་པའི་མཚན་དང་ཡང་ཅུང་ཟད་མི་འདྲ་བ་ཞིག་རེད་འདུགད་ལྟའི་རྒྱུད་བཞི་དང་བོན་པོའི་འབུམ་བཞི་གཉིས་སྨན་པ་ཞིག་གིས་མཚུངས་བསྡུར་བྱས་པ་ཡིན་ན་གཞི་ནས་རྒྱུད་བཞི་འབུམ་བཞི་ནས་བྱུང་བ་ཡིན་མིན་ཐག་ཆོད་བྱེད་ཐུབ་ཀྱི་རེད་མ་གཏོགས།ད་ལྟ་ང་ཚོས་ཉམས་ཞིབ་མ་བྱས་པར་དཔེ་ཆའི་ཞལ་བྱང་དང་དཀར་ཆག་ཙམ་ལ་བལྟས་ནས་གནས་ཚུལ་ངོ་མ་ཇི་ཡིན་བཤད་ཐུབ་ཀྱི་མ་རེད།ཕྱི་མ་རྒྱུད་ཀྱི་ནང་སྨན་གྱི་གཞུང་ཁ་ཤས་དྲངས་པའི་སྐབས་སུ་ཙ་ར་ཀ་སྡེ་བརྒྱད་དེ་གསལ་པོར་གསུངས་ཡོད།སྨན་གཞུང་ཙ་ར་ཀ་བོད་དུ་བསྒྱུར་མེད་ཀྱང༌།རྒྱ་གར་གྱི་ཨཱཡུརྦེདའི་སྨན་གཞུང་གཙོ་བོ་དེ་རང་རེད།དེའང་ཕྱི་མ་རྒྱུད་ལས།རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས།།རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོང་གསུངས།།དོལ་པོའི་ཡུལ་དུ་གཏར་ཁ་གཙོ་བོར་བསྟན།།བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན།།ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས།།དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད།།མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད།།ཅེས་གསུངས་པ་དེ་དག་རྒྱུད་བཞིའི་ཁུངས་གཏུགས་སའི་གཞུང་ལུགས་སྟོན་པའི་ཆེད་དུ་ཡིན་པ་དང༌།དེའི་ནང་ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས་ཞེས་འབུམ་ཟེར་བ་ཞིག་ཡོད་པ་དེ་ད་ལྟའི་བོན་པོའི་འབུམ་པ་སྡེ་བཞི་ཞེས་པ་དེ་ཡིན་ནམ་མིན་དཔྱད་དགོས།གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་དུ་ཁོང་གིས་སྨན་པ་ཚོར་ལག་འཁྱེར་སྤྲད་པའི་སྐབས་འབུམ་རམས་པ།དཀའ་བཅུ་པ།སྨན་རམས་པ།བསྡུས་ར་བ་བཅས་སུ་ཕྱེ་འདུགགཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་དེ་དུས་རབས་གང་ཙམ་དུ་བྲིས་པ་ཡིན་མིན་ངས་ཤེས་ཀྱི་མེད་ཀྱང༌།ཐུབ་ཕུན་སོགས་ཀྱིས་རྣམ་ཐར་དེ་ཚད་ལྡན་དུ་བཟུང་ནས་ཕྱི་ལོ་༧༦༢ནས་བོད་ཀྱི་སྨན་དཔྱད་སློབ་གཉེར་ཁང་བཙུགས་ཟིན་པ་དང༌།གཡུ་ཐོག་ཡོན་ཏན་མགོན་པོས་དེའི་སློབ་དཔོན་གནང་བ།འབུམ་རམས་པ་སོགས་ཀྱིས་སློབ་གཉེར་བྱ་ཡུལ་སློབ་ཚན་དཔེ་ཆ་གཏན་འབེབས་གནང་ལུགས་སོགས་གསུངས་འདུག་པ་ལྟར་ན།སློབ་ཚན་དེ་ཚོའི་ནང་བོན་གྱི་འབུམ་སྡེ་བཞི་རྩ་བ་ནས་གསལ་མི་འདུགདེའི་ནང་གསལ་བའི་སྨན་གཞུང་ནི་ཡོངས་གྲགས་རྒྱུད་བཞིའི་ཐོག་འགྲེལ་པ་ཟླ་ཟེར་གྱིས་གཙོས་པའི་རྒྱ་གར་ནས་བསྒྱུར་བའི་སྨན་གཞུང་དེ་དག་བཀོད་འདུག

ལྷག་པར་རྒྱུད་བཞིའི་མཚན་དུ་"བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ།གསང་བ་མན་ངག་གི་རྒྱུད།"ཅེས་གསུངས་པ་དེ་རང་གི་ཆ་ནས་རྒྱ་གཞུང་ལ་ཁུངས་གཏུགས་པ་རྟོགས་ནུས།མཚན་དེ་རྒྱ་གར་བས་འདོགས་སྟངས་ཤིག་མ་གཏོགས་གནའ་རབས་བོད་ཀྱི་འདོགས་སྟངས་ཤིག་མ་རེད།སྤྱིར་བཏང་ཡན་ལག་བརྒྱད་པ་ཞེས་པ་རྒྱ་གར་གྱི་ཨཱཡུརྦེད་ཀྱི་ཐོུང་མ་ཡིན་པའི་བརྡ་ཆད་ཅིག་རེད།ཡན་ལག་བརྒྱད་རྩིས་སྟངས་འདྲ་མིན་ཁ་ཤས་ཡོད་ཀྱང༌།རྒྱ་གཞུང་མང་ཆེ་བས་ཡན་ལག་བརྒྱད་ཀྱི་སྒོ་ནས་བསྟན་པ་ཡིན་སྟབས།རྒྱུད་བཞིའི་ནང་དུའང་ཐོག་མ་ཡན་ལག་བརྒྱད་ཀྱི་སྒོ་ནས་བཤད་དགོས་པ་དེ་རྒྱ་གཞུང་དང་བསྟུན་པའི་རྒྱུ་མཚན་གྱིས་ཡིན་པར་བསམ་གྱི་ཡོད།རྒྱུད་བཞིའི་བཤད་པའི་ཁོག་འབུབ་སྟངས་ཡན་ལག་བརྒྱད་དང༌།གནས་བཅུ་གཅིགསྐབས་བཅོ་ལྔ།།མདོ་བཞི་ཞེས་བང་བསྒྲིགས་ཡོད་པ་ལྟར།མདོ་བཞི་དང༌།སྐབས་བཅོ་ལྔ།།གནས་བཅུ་གཅིག་ཅེས་པ་ཞིག་རྒྱ་གར་གྱི་སྨན་གཞུང་དང་བོན་གྱི་སྨན་གཞུང་ནང་ཡོད་མེད་མི་ཤེས་ཀྱང༌།ཡན་ལག་བརྒྱད་ཨཀྤངྒཟེར་བ་དེ་རྒྱ་གར་བའི་བཤད་སྲོལ་ཡིན་པ་མ་ཟད།བརྗོད་བྱ་དོན་གྱི་ཆ་ནས་རྒྱུད་བཞི་ནས་བཤད་པ་དང༌།རྒྱ་གཞུང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ནས་བཤད་པ་གཉིས་མང་ཆེ་བ་གཅིག་པ་ལྟ་བུར་འདུགགཞན་ཡང་གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར་དུ་ཁོང་ལ་སྨན་བླའི་ལུང་བསྟན་བྱུང་ཚུལ་གསུངས་པའི་ནང་"རྒྱ་གར་ཡུལ་ནས་གདམས་པ་གནད་ལྡན་ལོངས།།བོད་ཡུལ་དབུས་སུ་གསོ་དཔྱད་སྒྲོན་མེ་སྦོར།།"ཅེས་དྲངས་པ་དེ་ཚད་ལྡན་ཡིན་ན་གཡུ་ཐོག་པས་རྒྱ་གར་ནས་གདམས་ངག་བླངས་ཏེ་བོད་ཡུལ་དུ་སྒྲོན་མེ་སྤར་དགོས་པའི་ཚུལ་དུ་བཤད་འདུག

ཡང་ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུ་མེ་ལོང་ཞེས་པའི་ནང་རྒྱུད་བཞི་རྒྱ་གར་གྱི་གཞུང་ལ་བརྟེན་པ་མ་ཡིན་པའི་སྒྲུབ་བྱེད་དུ་"སླེ་ཏྲེས་"དང༌།"ད་ཏྲིག་"སོགས་རྒྱ་གར་གྱི་སྐད་དང་བོད་སྐད་མ་ཡིན་པར་ཞང་ཞུང་གི་སྐད་ཡིན་པའི་རྒྱུ་མཚན་བཀོད་འདུག་ཀྱང༌།དེ་ལ་རིགས་པ་མགོ་མཚུངས་སུ་"ཨ་རུ་"དང༌།"བ་རུ་"སོགས་རྒྱ་གར་གྱི་སྐད་ཡིན་པས་རྒྱ་གར་ནས་བྱུང་བ་རེད་ཅེས་ཀྱང་བརྗོད་ཆོག་པ་ཡིན།རྒྱུད་བཞིའི་ནང་སྨན་གྱི་མིང་ལེགས་སྦྱར་གྱི་སྐད་རང་སོར་བཞག་པ་མང་པོ་ཡོད།གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱུད་བཞི་རྒྱ་གར་གྱི་གཞུང་ལ་བརྟེན་པ་དང༌།སངས་རྒྱས་ཀྱི་ཆོས་ལ་བརྟེན་པ་དེ་གསལ་པོར་བརྗོད་ཐུབ་པ་ཞིག་རེད།

གསུམ་པ།བོད་ཀྱི་གསོ་བ་རིག་པའི་ནང་རྒྱ་གར་གྱི་སྨན་གཞུང་དུ་མེད་པའི་བོད་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ཡོད་པ་དེ་རེད།ཆོས་རྒྱལ་སྲོང་བཙན་གྱི་སྐབས་རྒྱ་གར་དང༌།རྒྱ་ནགཏཱ་ཟིག་གསུམ་ནས་སྨན་པ་མཁས་པ་གསུམ་གདན་དྲངས་ཏེ་རྒྱལ་ཁབ་གསུམ་པོ་དེའི་གསོ་རིག་གི་ལེགས་ཆ་བཏུས་པའི་སྨན་གཞུང་"མི་འཇིག་པའི་མཚོན་ཆ་"ཞེས་པ་ཞིག་བརྩམས་པ་རེད་ཅེས་གསུངས་སྲོལ་འདུགབདེན་མིན་མི་ཤེས།གལ་སྲིད་བདེན་པ་ཡིན་ན་བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་འགྲོ་བའི་མགོ་དེ་ནས་ཚུགས་པར་བརྗོད་ཐུབ།རྒྱ་གར་གྱི་ཨཱཡུརྦེད་སྨོས་མ་དགོས་པའི་ཐོགརྒྱ་ནག་དང་ཏཱ་ཟིག་ཏུ་དར་བའི་སྐབས་དེའི་སྨན་གྱི་རིག་གཞུང་གི་ལེགས་ཆ་མང་པོ་བླངས་ཡོད་པར་དཔོག་ཐུབ།དེའི་རྗེས་ཁྲི་སྲོང་གི་སྐབས་ཕྱི་རྒྱལ་གྱི་སྨན་པ་དགུས་སྨན་གཞུང་མང་པོ་བསྒྱུར་ཡོད་པ་རེད་ཅེས་ལོ་རྒྱུས་ཁ་ཤས་ནང་བཀོད་འདུགབོད་ཀྱི་རིག་གནས་ཀྱི་ནང་བྱུང་བ་རིག་པ་དེ་ཚད་དང་ལྡན་པ་ཞིག་མེད་ལ།ད་དུང་ཡང་ཚད་ལྡན་ཞིག་བཟོས་ཐུབ་ཡོད་མ་རེད།ང་ཚོའི་ཆོས་འབྱུང་རྒྱལ་རབས་ཡིག་ཚང་སོགས་སུ་གྲགས་པ་རྣམས་ཀྱི་ནང་སྒྲུང་དང༌།དངོས་བདེན་གྱི་བྱུང་བ་བསྲེས་ནས་ཡོད་ཙང༌།བྱུང་བ་དངོས་ཟུར་འདོན་བྱེད་དཀའ་ཙམ་ཡོད།གལ་སྲིད་ཕྱིའི་སྨན་པ་མཁས་པ་དགུ་ཕེབས་པ་དངོས་གནས་ཡིན་ན།དེ་ཚོའི་ས་ནས་ལེགས་ཆ་མང་པོ་བླངས་ཡོད་པ་ཐག་ཆོད་པ་རེད།ཕྱི་མ་རྒྱུད་ཀྱི་ནང་རྒྱ་གར།རྒྱ་ནགདོལ་པོ།བོད།དྲང་སྲོང༌།མུ་སྟེགས་བཅས་གསུངས་པ་དེ་དག་ནས་ལེགས་ཆ་བཞེས་ཡོད་པའི་དོན་གསལ་པོ་རེད།རྒྱུད་བཞིའི་ནང་ངོ་མཚར་རྩ་ བདུན་ལྟ་ཚུལ་གསུངས་སྐབས་མ་བུ་དགྲ་གྲོགས་བརྩི་ཚུལ་གསུངས་པ་དེ་ལས་རྒྱ་ནག་ནས་ལེགས་ཆ་བླངས་ཡོད་པ་ཧ་ཅང་གསལ་པོ་རེད།མ་བུ་དགྲ་གྲོགས་ཀྱི་རྣམ་གཞག་དེ་རྒྱ་གར་དུ་གྲགས་ཚོད་མི་འདུག

བཞི་པ།བོད་ཀྱི་གསོ་བ་རིག་པ་འདི་ཡན་ལག་ཐམས་ཅད་ཆ་ཚང་བ་ཞིག་རེད།དེང་སང་གསོ་བ་རིག་པའི་གཞུང་ལུགས་མང་པོ་ཡོད་ཀྱང༌།ཡན་ལག་ཐམས་ཅད་ཚང་བ་ཞིག་ཧ་ཅང་དཀོན་པོ་རེད།མིག་དང༌།རྣ་བ།སྣ་ཁུང༌།ལྕེ།སོ་སོགས་ཀྱི་ནད་གཞི་བརྟག་དཔྱད་དང་སྨན་བཅོས་སོགས་རིགས་གཅིག་རྐང་འཛིན་པ་རྣམས་ཀྱིས་སོ་སོར་ལྟ་བ་མ་གཏོགས།ནད་དེ་ཚོ་ཚང་མ་ཡོང་སའི་མིའི་ལུས་ངག་ཡིད་གསུམ་ཆ་ཚང་གསོ་ཐུབ་པའི་གསོ་བ་རིག་པ་ཞིག་དེང་སང་འཛམ་གླིང་ནང་ཇེ་དཀོན་ཇེ་དཀོན་དུ་འགྲོ་བཞིན་པ་རེད།དེར་བརྟེན་དེང་སང་ནུབ་ཕྱོགས་པ་ཚོས་ཀྱང་དབྱིན་སྐད་དུ་Holistic Health Careཞེས་ཐབས་ལམ་གསར་པ་ཞིག་འཚོལ་གྱི་ཡོད་རེད།སྤྱིར་བཏང་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་དེ་ཡག་པོ་མ་རེད་ཅེས་ཞུས་ཀྱི་མེད་ལ།བོད་མི་ཚོས་ཀྱང་སོ་སོའི་རིག་གནས་ལ་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད།ཡིན་ནའང་རིགས་གཅིག་རྐང་འཛིན་གྱི་ཡལ་ག་མ་སྐྱེས་པའི་སྔོན་དུ་རིག་གནས་སྤྱི་ཡོངས་ཀྱི་སྡོང་པོ་ཆ་ཚང་ཞིག་ངེས་པར་དུ་དགོས།རྒྱུད་བཞིའི་ནང་གནས་ཚུལ་མང་པོ་སྡོང་པོ་དང་ཡལ་གར་དཔེ་སྦྱར་ནས་གསུངས་པ་དེ་གནད་འགག་ཆེན་པོ་རེད།སྡོང་པོ་བརྟན་པོ་ཞིག་བྱུང་བའི་རྗེས་ཡལ་ག་གཅིག་ལ་རིགས་གཅིག་རྐང་འཛིན་བྱས་པ་ཡིན་ན་ཡག་པོ་རེད།བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ནང་ནད་བརྟག་ཚུལ་གྱི་ཡན་ལགབཅོས་ཚུལ་གྱི་ཡན་ལགསླར་མི་འབྱུང་བར་བྱེད་ཚུལ་གྱི་ཡན་ལག་ཐམས་ཅད་ཚང་ཡོད་པ་རེད།ནད་ཀྱི་མཚན་མ་དང་རྟགས་ཙམ་ལ་སྨན་བཅོས་མི་བྱེད་པར་ནད་ཀྱི་རྒྱུ་ལ་སྨན་བཏང་སྟེ་བརྩད་ནས་འབྱིན་པ་དང༌།སླར་མི་འབྱུང་བར་བྱེད་པའི་ཚུལ་དེ་བོད་ཀྱི་གསོ་བ་རིག་པའི་ཐོུང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།ནད་རྟགས་འཇོམས་པའི་སྨན་རེ་བཏང་བའི་སྐབས་སྨན་དེས་རྐྱེན་པའི་ན་ཚ་གཞན་ཞིག་དྲངས་ཡོང་བ་དེ་དེང་རབས་ཕྱི་ལུགས་སྨན་གྱི་སྐྱོན་ཆེ་ཤོས་ཤིག་རེད།

དེ་བཞིན་བོད་ཀྱི་གསོ་བ་རིག་པ་ནས་བཤད་པའི་ལུས་དང༌།རྩ་རྒྱུད་སོགས་ཀྱི་ཆགས་ཚུལ་ངོ་སྤྲོད་དེ་དག་ཀྱང་ད་ལྟ་ནུབ་ཕྱོགས་པས་བཤད་པའི་(Anatomy)དང་ཁྱད་པར་ཆེན་པོ་ཡོད།གནས་པ་རྩ་དང༌།གཡོ་བ་རླུང༌།བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གཞག་མིའི་ལུས་གཟུགས་ཀྱི་ནང་ཡོད་པའི་གནས་ཚུལ་མང་པོ་ཞིག་ཐ་མལ་པའི་མིག་གིས་མཐོང་ཐབས་མེད་པར།ཚོར་བ་དང༌།ཉམས་མྱོང༌།རྗེས་དཔག་ཚད་མས་ངེས་དགོས་པའི་རིགས་དེ་དག་དེང་སང་ཚན་རིག་པས་མ་མཐོང་བ་ཙམ་གྱིས་མེད་པ་ལ་ཆ་བཞག་སྟེ་ཤེས་ཀྱི་ཡོད་མ་རེད།དེ་བཞིན་སྨན་གྱི་རྣམ་གྲངས་དང༌།དེ་ཚོའི་རོ་དང༌།ནུས་པ།བསིལ་དྲོད།ལྕི་ཡང༌།འཕྲལ་དང༌།འཇུ་རྗེས།འགྱུར་རྗེས་ཀྱི་ནུས་པ་སོགས་ཕྲ་ཞིང་ཕྲ་བ་ཡོད་པ་དེ་དག་ཐམས་ཅད་མཁྱེན་པའི་ལུང་ཚད་མ་ལས་བྱུང་བ་མ་གཏོགས།ཚན་རིག་པས་བརྟག་དཔྱད་བྱས་ནས་ཡོང་ཐུབ་པ་ཞིག་མ་རེད།དེ་དག་བོད་ཀྱི་གསོ་བ་རིག་པའི་ཐོུང་མ་ཡིན་པའི་ཁྱད་ཆོས་ཡིན་པར་བརྗོད་མ་དགོས།

ལྷག་པར་བོད་ཀྱི་གསོ་བ་རིག་པས་ནད་མེད་དུ་གནས་པ་དང༌།ནད་གསོ་བའི་ཆེད་དུ་སྨན་རྐྱང་པར་མ་བརྟེན་པར་ཟས་དང༌།སྤྱོད་ལམ།སྨན།དཔྱད་བཞི་མཉམ་དུ་འགྲོ་དགོས་པར་གསུངས་པ་དེ་ཁྱད་དུ་འཕགས་པའི་ཁྱད་ཆོས་ཤིག་རེད།སྨན་རྐྱང་པས་ནད་གསོ་མི་ཐུབ།ནད་དང་ནད་ཀྱི་རྒྱུ་གཉིས་ཀ་བརྩད་ནས་འབྱིན་པ་ལ།ཟས་དང༌།སྤྱོད་ལམ།དཔྱད་གསུམ་པོ་དེ་སྨན་གྱི་གྲོགས་སུ་འགྲོ་དགོས་པ་དེ་གནད་འགག་ཆེན་པོ་ཞིག་རེད།དེང་རབས་ཀྱི་སྨན་པ་ཚོས་ཀྱང་འདི་དང་འདི་མ་ཟ་ཞེས་ལབ་ཀྱི་ཡོད་རུང༌།བོད་ཀྱི་གསོ་བ་རིག་པ་དང་ཚད་མཉམ་པའི་ཟས་སྤྱོད་སྨན་དཔྱད་བཞི་མཉམ་དུ་སྟོན་པའི་རིག་པའི་གཞུང་ལུགས་ཤིག་ཡོད་པ་མ་རེད།གོང་དུ་ཞུས་པའི་ཁྱད་ཆོས་དེ་དག་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དེ་ཡན་ལག་ཡོངས་སུ་རྫོགས་པ་དང་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་དེ་ང་ཚོས་ངོ་ཤེས་དགོས་ཀྱི་འདུག་ལ།གཞན་ལའང་ངོ་སྤྲོད་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག

འོན་ཀྱང་དེ་འདྲ་བའི་ཕུན་སུམ་ཚོགས་པའི་བོད་ཀྱི་གསོ་བ་རིག་པ་དེ་ཉམས་ཆག་མེད་པར་ང་ཚོས་རྒྱུན་འཛིན་བྱེད་ཐུབ་ཀྱི་རེད་དམ་ཞེ་ན།རྒྱུན་འཛིན་ཐུབ་མིན་ལ་བློ་དྭོགས་ཆེན་པོ་ཡོད།བོད་ཀྱི་གསོ་བ་རིག་པ་འདི་དེང་སང་བདག་པོ་བརྒྱབ་འདོད་མེད་པ་དང༌།བདག་པོ་རྒྱག་སྟངས་མ་ཤེས་པའི་དབང་གིས་ཉམས་ཆག་འགྲོ་བ་མཐོང་གི་འདུག་ལ།དེ་བཞིན་ཡར་རྒྱས་གཏོང་འདོད་མེད་པ་དང༌།ཡར་རྒྱས་གཏོང་སྟངས་མ་ཤེས་པའི་དབང་གིས་ཉམས་ཆག་འགྲོ་བའང་མཐོང་གི་འདུགདེང་སང་མི་མང་པོས་ཡར་རྒྱས་དང་མདུན་བསྐྱོད་རླབས་ཆེན་བྱུང་ཟིན་པའི་དེང་རབས་ཀྱི་སྨན་གྱིས་བཅོས་མ་ཐུབ་པའི་ནད་གཞི་གང་ཡང་མེད་པ་མ་ཟད།འཕྲོད་བསྟེན་གྱི་མཐུན་རྐྱེན་རྨད་དུ་བྱུང་བ་ཡོད་པའི་དུས་ཚོད་འདིར་རྗེས་ལུས་ཐེབས་པའི་བོད་ཀྱི་གསོ་བ་རིག་པ་དེ་དགོས་པ་མི་འདུག་གསུང་མཁན་དང༌།ཡང་འདི་རིག་པ་ཚད་ལྡན་མ་རེད།ཚན་རིག་དང་མཐུན་པ་མ་རེད་ཅེས་གསུང་མཁན་ཡང་ཡོད་པ་རེད།ཡང་གཞན་དག་གིས་བོད་ཀྱི་གསོ་བ་རིག་པ་འདི་དཀའ་ལས་ཁག་པོ་རེད།ལོ་མང་པོ་སློབ་སྦྱོང་བྱེད་དགོས་པ་མ་ཟད།བོད་ཀྱི་སྐད་ཡིག་ཡག་པོ་ཤེས་དགོས་ཀྱི་རེད།དེ་ཚོ་དཀའ་ལས་ཁག་པོ་རེད།ལྷག་པར་དུའང་བོད་སྨན་གྱི་སྨན་སྣ་འཛོམས་དཀའ་བ་དང་སྨན་སྦྱོར་བྱེད་དཀའ་བ་དེ་ཚོ་ལས་ཁྲོམ་ནས་ཉོ་ཆོག་ཡོད་པའི་དེང་རབས་ཀྱི་སྨན་ལ་བརྟེན་ན་འགྲིག་གི་རེད་སྙམ་པ་དེ་འདྲའི་དབང་གིས་བདག་པོ་བརྒྱབ་འདོད་མེད་པའི་བསམ་ཚུལ་ཞིག་བོད་མིའི་སྤྱི་ཚོགས་ནང་ཡོང་བཞིན་པ་ཡིན་སྟབས།བསམ་ཚུལ་དེ་རིགས་མེད་པ་བཟོ་ཐབས་བྱ་རྒྱུ་ང་ཚོའི་ལས་འགན་རེད།

ཡང་བདག་པོ་བརྒྱབ་འདོད་ཡོད་ཀྱང་རྒྱག་སྟངས་མ་ཤེས་པས་ཉམས་ཆག་ཏུ་འགྲོ་བཞིན་པ་དཔེར་ན།ཁ་ཤས་ཀྱིས་སྨན་གཞུང་ཆ་ཚང་མ་ཤེས་གོང་ནས་སྨན་པ་བྱས་ཏེ་རྒྱུད་ཀྱི་སློབ་སྦྱོང་དང༌།ནད་བརྟག་ཚུལ།སྨན་སྦྱར་ཚུལ།སྨན་རྒྱུ་ངོ་སྤྲོད་སོགས་ཆ་ཚང་མ་ཤེས་པར་རྩ་ཆུ་ལྟ་ཤེས་ཙམ་བྱུང་སྐབས་ནད་གང་ལ་སྨན་གང་སྤྲོད་དགོས་ཀྱི་ངོ་སྤྲོད་ཟིན་ཏིག་ལྟ་བུའི་དེབ་ཆུང་རིགས་བཀླགས་ནས་སྨན་པ་བྱེད་མཁན་བྱུང་བ་ཡིན་ན་ཉེན་ཁ་ཆེན་པོ་རེད།བཀའ་གདམས་པ་གོང་མ་ཚོས་"བེའུ་བུམ་ལག་མཐིལ་ཙམ་པ་ཞིག་སྟོན་པ་ཙུགསྦས་པ་ཙུག་བྱས་པས་གར་ཡང་མི་ཕྱིན།"ཞེས་གསུངས་པ་ལྟར་ལག་དེབ་དང་ཟིན་ཏིག་ལྟ་བུའི་ཐོག་ནས་སྨན་དཔྱད་ཀྱི་ལག་ལེན་བྱས་པ་ཡིན་ན་ཡག་པོ་མ་རེད།

ཡང་མཁྱེན་ཡོན་ཡག་པོ་ཡོད་པ་ཚོས་ཀྱང་སྐབས་རེས་ལས་སླ་ཆོས་མང་པོ་ཞིག་གནང་གི་མེད་དམ་སྙམ།དཔེར་ན་ཐོག་མར་བརྟག་ཚུལ་ལྟ་བུ་ཞིག་ལ་ཆ་མཚོན་ནའང༌།རྒྱུད་ལས་"ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ།"ཞེས་བལྟ་བ་དང་དྲི་བ་དང་རེག་པ་གསུམ་གྱི་སྒོ་ནས་བརྟག་དཔྱད་བྱེད་དགོས་པར་གསུངས་ཤིང༌།བལྟ་བའང་མིག་ལ་བལྟ་བ་དང༌།ཆུ་ལ་བལྟ་བ།ལྕེ་ལ་བལྟ་བ་གསུམ་དང༌།ལག་པས་རེག་སྟེ་རྩ་ལ་བརྟག་པ་དང༌།དེ་བཞིན་དྲི་བའི་ཐོག་ནས་སློང་རྐྱེན་དང་ན་སྟངས་སོགས་གང་ཡིན་བརྩད་བཅད་དེ་ལྟ་ཚུལ་སོགས་རྩ་རྒྱུད་ནས་བརྟག་ཐབས་སོ་བརྒྱད་གསུངས་པ་དང༌།བཤད་རྒྱུད་ནས་ཉེས་པ་དངོས་སུ་སྟོན་པའི་བརྟག་ཐབས་དང༌།ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་ཐབས།སྤང་བླང་མུ་བཞིའི་སྒོ་ནས་བརྟག་ཐབས་སོགས་བརྟག་ཐབས་མང་པོ་ཞིག་གསུངས་ཡོད་ཀྱང༌།དེང་སང་ཚང་མས་རྩ་གཟིགས་རྐྱང་པ་མ་གཏོགས།ཆུ་ལའང་ཕྱག་འཆང་མ་དགོས་པ་ལྟ་བུ་ཞིག་གནང་གི་འདུགལྷག་པར་དུ་སྨན་སྦྱོར་བྱེད་སྐབས་མགྱོགས་ལས་དང༌།ཁེ་བཟང་ཡོང་བའི་ཆེད་དུ་ལས་སླ་སྟབས་བདེ་མང་པོ་ཞིག་གནང་གི་མེད་དམ་སྙམ་པ་འདུགསྨན་རྐྱང་པར་ཆ་མཚོན་པ་ཡིན་ན།རྒྱུད་ནས།ཐང་གི་སྡེ་ཚན་དང༌།ཕྱེ་མ།རིལ་ བུ།ལྡེ་གུསྨན་མར།ཐལ་སྨན།ཁབྲསྤྱ།རིན་ཆེན།སྨན་ཆང༌།སྔོ་སྦྱོར་བཅས་ཞི་བྱེད་སྨན་གྱི་སྡེ་ཚན་བཅུ་བཤད་པ་དང༌།དེ་དག་སྡེ་ཚན་དྲུག་ཏུ་བསྡུ་ཚུལ་སོགས་ཡོད་མོད།དེང་སང་རིལ་བུ་མ་གཏོགས་གཞན་གང་ཡང་མི་དགོས་པའི་སྲོལ་གཅིག་གསར་གཏོད་བྱུང་འདུགཕྱེ་མའི་སྡེ་ཚན་ཡང་རིལ་བུར་བསྒྲིལ་འདུགཐང་གི་སྡེ་ཚན་ཡང་རིལ་བུར་བསྒྲིལ་འདུགདེ་བཞིན་སྦྱོང་བྱེད་ལ་བཤལ་དང༌།སྐྱུགས་དང༌།སྣ་སྨན་དང༌།འཇམ་རྩི་དང༌།ནི་རུ་ཧ་བཅས་ལྔ་གསུངས་ནའང་དེང་སང་སྨན་པ་བྱེ་བྲག་པ་རེ་ཟུང་གིས་ཕྱག་བཞེས་གནང་གི་ཡོད་ན་མ་གཏོགས།དུས་རྒྱུན་ང་ཚོའི་འབྲེལ་བ་ཞུ་ཡུལ་སྨན་ཁང་ཚོའི་ནང་དེ་ཚོ་བེད་སྤྱོད་གནང་མཁན་མེད་པ་ལྟ་བུ་ཞིག་མཐོང་གི་འདུགདེ་བཞིན་སྨན་ཟ་ཚུལ་ལ་མཚོན་ན།རྒྱུད་ལས་"ཟས་མ་ཟོས་དང་ཟས་སྔོན་དབུས་དང་མཐར།"སོགས་སྨན་གཏོང་ཚུལ་བཅུ་བཤད་འདུག་ཀྱང༌།དེང་སང་སྨན་ཟ་ཚུལ་གཅིག་ལས་མི་འདུགདོན་གནད་དེ་དག་ང་ཚོས་ལས་སླ་ཆོས་དང་བདག་པོ་མ་བརྒྱབས་པའི་དབང་གིས་བྱུང་བ་མིན་ནམ་སྙམ།

ལྷག་པར་དུ་བློ་འཚབ་སྐྱེ་གཞི་ཆེ་ཤོས་ཤིག་ནི།སྨན་པའི་དམ་ཚིག་གི་ནང་ཤེས་པར་བྱ་བའི་དམ་ཚིག་གཉིས་པ་སྨན་ལ་བདུད་རྩིེར་བྱིན་གྱིས་བརླབས་པའི་སྒོ་ནས་སྨན་བདུད་རྩིར་ཤེས་པར་བྱ་བ་འདི་མེད་དུ་མི་རུང་བའི་དམ་ཚིག་ཅིག་རེད།དེར་བརྟེན་སྨན་བདུད་རྩིར་བྱིན་གྱིས་བརླབ་སྟངས་རྒྱུད་ནས་གསུངས་པ་དང༌།གཡུ་ཐོག་སྙིང་ཐིག་ནས་བྱུང་བ་སོགས་སྨན་སྒྲུབ་བྱེད་ཚུལ་ཟབ་ཅིང་རྒྱས་པ་ཡོད་ཀྱང༌།དེང་སང་སྨན་བཟོས་ཟིན་པ་དང་ལམ་སེང་བཙོངས་པ་མ་གཏོགས།སྨན་སྒྲུབ་དང་བྱིན་རླབས་ཀྱི་ཕྱག་ལེན་དེ་ཕལ་ཆེར་གནང་གི་ཨེ་ཡོད་བསམ་པ་འདུགངས་དེ་འདྲ་གནང་བ་མཇལ་མ་སོང༌།གནང་གི་ཡོད་ན་ཡག་པོ་རེད།གནང་གི་མེད་པ་ཡིན་ན་བོད་སྨན་གྱི་བླ་སྲོག་ཆད་པ་ལྟ་བུ་རེད་བསམ་གྱི་འདུགཁྲོམ་ནས་(Aspirin)གྱི་རིལ་བུ་ཞིག་ཉོས་ནས་ཟས་པ་དང༌།སྨན་རྩིས་ཁང་ནས་རིན་ཆེན་རིལ་བུ་ཞིག་ཉོས་ནས་ཟས་པ་གཉིས་ཀྱི་བར་སྨན་སྣ་མི་འདྲ་བ་ཙམ་ཡོད་ཀྱི་རེད་མ་གཏོགས།དེ་ལས་གཞན་པའི་བྱིན་རླབས་དང་ནུས་པའི་ཆ་ནས་ཁྱད་པར་གང་ཡང་མེད་པ་རེད།རིལ་བུའི་འཐུམ་བསྒྲིལ་གྱི་སྒང་དུ་བྲིས་པའི་གོང་ཚད་དེ་ལ་བྱིན་རླབས་འདྲ་ཡོད་ན་ལས།དེ་མིན་སྔགས་དང༌།ཕྱག་རྒྱ་དང༌།ཏིང་ངེ་འཛིན་གྱི་སྒོ་ནས་བྱིན་གྱིས་བརླབ་དགོས་པ་དེ་ཚོ་བྱུང་མེད་པ་རེད།

དེ་བཞིན་དེང་སང་སྨན་གྱི་སྦྱོར་སྡེ་ཁག་ལ་བལྟས་པ་ཡིན་ནའང་རྒྱུད་ནས་བཤད་པའི་སྦྱོར་སྡེ་ལས་མན་ངག་ནས་བྱུང་བའི་སྦྱོར་སྡེ་མང་བ་མེད་དམ་སྙམ་པ་འདུགརྒྱུད་ནས་བཤད་པའི་སྨན་རིགས་དེ་དག་ཆ་ཚང་ཞིག་ད་ལྟ་སྦྱར་གྱི་ཡོད་མིན་མི་ཤེས།རྒྱུད་ནས་བཤད་པའི་སྨན་སྦྱོར་ཡོངས་རྫོགས་ལག་ལེན་བྱས་པའི་ཐོག་ཏུ་མན་ངག་ནས་བྱུང་བ་ཁ་ཚར་བསྣན་པ་ཡིན་ན་ཡར་རྒྱས་རེད།མན་ངག་རྐྱང་པ་ལ་བརྟེན་ནས་རྒྱུད་ནས་བཤད་པ་དེ་དག་རིམ་པས་བསྡུ་གསོག་བརྒྱབ་པ་ཡིན་ན་སྐབས་ཤིག་ནས་སྨན་བསླབ་པའི་སྐབས་རྒྱུད་བཞི་ལག་པ་འཆང་མི་དགོས་པ་ཡོང་སྲིད་པ་རེད།དེ་འདྲ་བྱུང་ན་བོད་ཀྱི་གསོ་བ་རིག་པའི་ཐོུང་མ་ཡིན་པའི་ཁྱད་ཆོས་དེ་དག་རྒྱུན་འཛིན་ཐུབ་ཀྱི་མ་རེད་བསམ་གྱི་འདུགབདག་པོ་བརྒྱབས་པ་ཡིན་ནའང་རྒྱག་སྟངས་ཇི་བཞིན་མ་ཤེས་ན་ཉམས་ཆག་འགྲོ་ཉེན་ཆེན་པོ་རེད།

ཡར་རྒྱས་གཏོང་འདོད་མེད་མཁན་དེང་སང་ཕལ་ཆེར་ཉུང་ཉུང་ཡིན་གྱི་རེད།ད་དུང་ཡང་གླ་ལྤགས་ཀྱི་ཁུག་མའི་ནང་སྨན་བླུགས་ནས་བཞག་དགོས་ཟེར་བ་ལྟ་བུའི་གནའ་སྲོལ་དམ་འཛིན་བྱེད་མཁན་ཕལ་ཆེར་ཡོད་ཀྱི་མ་རེད།ཡོད་ན་ཡར་རྒྱས་གཏོང་འདོད་མེད་པའི་སྐྱོན་རེད།འོན་ཀྱང་ཡར་རྒྱས་གཏོང་སྟངས་མ་ཤེས་པའི་དབང་གིས་རྒྱུད་དང་མན་ངག་གི་ལམ་སྲོལ་བཞག་ནས་འཕྲུལ་ཆས་ལ་བརྟེན་པ་དང༌།སྨན་གྱི་རྒྱབ་ཤ་རྫིག་པོ་བཟོས་པ།སྨན་ཕོན་ཆེན་ཐོན་སྐྱེད་བྱས་ནས་ཚོང་ལས་སུ་བསྒྱུར་བ།དེང་རབས་ཀྱི་ལམ་སྲོལ་དང་བསྲེས་པ་སོགས་བྱས་ན་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་ལ་གནོད་སྐྱོན་འགྲོ་སྲིད་པ་རེད།དེང་རབས་ཀྱི་ལམ་སྲོལ་ཁ་ཤས་ང་ཚོས་ལེགས་ཆ་བླང་ཆོག་པ་དཔེར་ན།རིལ་བུ་སྤྲོད་སྐབས་ལག་པ་དམར་རྗེན་གྱིས་མ་འཆང་བར་ལག་ཤུབ་གྱོན་པ་དང༌།རིལ་བུར་ཧམ་བུ་མ་ཐེབས་པའི་ཆེད་དུ་ཆུ་རླུང་ཚུགས་པའི་འཐུམ་བསྒྲིལ་བཟོས་པ་སོགས་ཕན་ཐོགས་ཡོད་པ་ཞིག་རེད།དེ་མིན་ཨམ་ཆི་ལགས་ཚོས་ཀྱང་སྨན་ཁབ་བསྐྱོན་པ་དང་ནད་པ་ལྟ་དུས་རྣ་བས་ཉན་སྤྱད་ཀྱི་འཕྲུལ་ཆས་བེད་སྤྱོད་བྱེད་པ་དེ་དག་ཡར་རྒྱས་མ་ཡིན་པར་བསྲེ་ལྷད་གཏོང་གི་མེད་དམ་བསམ་གྱི་འདུག

གོང་དུ་ཞུས་པའི་བློ་འཚབ་དང་ཐེ་ཚོམ་དེ་དག་གི་འོག་ནས་ད་ལྟ་ངས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་རྣམས་ལ་རེ་འདུན་ཞུ་རྒྱུའི་གྲས་སུ།

༡༽བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་དེ་དག་བླ་མ་གོང་མའི་བརྒྱུད་རིམ་བར་མ་ཆད་པ་བཞུགས་པ་རྣམས་འབྱུང་འགྱུར་ཡང་ཉམས་པ་མེད་པར་སོར་གནས་ཐུབ་ཐབས་སུ་གཞུང་གི་བཤད་པ་དང༌།སྨན་གྱི་ངོས་འཛིན།སྦྱོར་ཚད།དུག་འདོན་གཡའ་སེལ་སོགས་ལག་ལེན་གྱི་ཉམས་མྱོང་དམར་ཁྲིད་དགོས་པ་དེ་དག་ཡོངས་སུ་རྫོགས་པ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་ཞིག་གིས་མ་ཚིམས་པར་ཕྱོགས་ཡོངས་ནས་ཆ་ཚང་ཞིང་ཞིབ་ཚགས་པ་ཞིག་ཡོང་ཐབས་གནང་དགོས་གལ་གནད་ཆེན་པོ་འདུག་ཅེས་ཞུ་རྒྱུ་ཡིན།

༢༽དེ་བཞིན་དེང་རབས་དང་མཐུན་པའི་ཉམས་ཞིབ་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུ་དེའང་ཧ་ཅང་གལ་ཆེན་པོ་འདུགབོད་ཀྱི་གསོ་བ་རིག་པའི་ནང་ཆ་མ་ཚང་བ་ཞིག་ཚང་བ་བཟོ་རྒྱུ་འམ།སྔོན་མེད་པ་ཞིག་གསར་གཏོད་བྱེད་རྒྱུའི་ཆེད་དུ་ཉམས་ཞིབ་དགོས་གལ་བྱུང་བ་མ་རེད།ང་ཚོའི་གསོ་རིག་གི་ཁྱད་ཆོས་དེང་རབས་ཀྱི་མི་ཚོར་ངོ་སྤྲོད་བྱེད་སྐབས་དེང་རབས་དང་མཐུན་པའི་འགྲེལ་བརྗོད་ཐུབ་པའི་ཆེད་དུ་ཉམས་ཞིབ་བྱེད་དགོས་ཀྱི་འདུགདཔེར་ན་དངུལ་ཆུ་འདུལ་སྦྱོང་བྱས་པའི་རྗེས་སུ་འདུལ་སྦྱོང་མ་བྱས་པའི་དངུལ་ཆུ་དང་གཅིག་མཚུངས་མིའི་ལུས་ལ་གནོད་ཀྱི་མེད་པ་མ་ཟད།ད་དུང་ནད་རིགས་མང་པོ་སེལ་བའི་ཕན་ཡོན་ཇི་ཡོད་ཀྱི་སྐོར་དེང་རབས་ཀྱི་འཕྲུལ་ཆས་(Laboratory)ལ་བརྟེན་ཏེ་ཉམས་ཞིབ་ཀྱི་ལམ་ནས་ངོ་སྤྲོད་བྱས་ཐུབ་པ་ཡིན་ན་འགྲེལ་བཤད་མང་པོ་བརྒྱབ་མ་དགོས་པར་རྒྱུ་མཚན་མིག་སྟོན་ཐུབ་པ་ཡོང་གི་རེད།དེ་འདྲ་ཞིག་མ་བྱུང་གི་བར་ང་ཚོས་རྒྱུད་དང་རྒྱ་གཞུང་གི་ལུང་དྲངས་ནས་ཁོང་ཚོར་འགྲེལ་བཤད་བརྒྱབ་ཐུབ་ཀྱི་མ་རེད།འདི་ནི་དཔེ་མཚོན་ཙམ་ཞིག་ཞུས་པ་ལས།དེང་རབས་དང་ མཐུན་པའི་ཉམས་ཞིབ་ཀྱི་ལམ་ནས་ར་སྤྲོད་བྱེད་དགོས་པའི་དོན་གནད་ཧ་ཅང་མང་པོ་འདུག

༣༽དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་འདི་མང་ཚོགས་ཀྱི་འཕྲོད་བསྟེན་ལ་མཁོ་བ་དང༌།ཕན་ཐོགས་ཆེན་པོ་ཡོད་པ་ཞིག་བཟོ་དགོས་ཀྱི་འདུགམང་ཚོགས་ཀྱི་འཕྲོད་བསྟེན་(Public Health)ཞེས་པ་དེང་སང་རིག་གནས་རང་རྐྱ་བ་ཞིག་གི་གྲངས་སུ་བརྩི་བ་རེད།སྨན་གྱི་སློབ་དཔོན་འཛིན་གྲྭ་(M.D.)ཐོན་པ་ཚོས་ཀྱང་བསྐྱར་དུ་སློབ་སྦྱོང་བྱ་རྒྱུའི་སློབ་ཚན་ཞིག་རེད།ང་ཚོས་ལག་ལེན་ལ་མ་བཀལ་བ་མ་གཏོགས་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་ནང་མང་ཚོགས་ཀྱི་འཕྲོད་བསྟེན་གྱི་ལམ་སྲོལ་ཆ་ཚང་ཡོད་ཡོད་པ་རེད།མང་ཚོགས་ནད་མེད་བདེ་ཐང་དུ་གནས་ཐབས་དེ་གལ་གནད་ཧ་ཅང་ཆེ་བ་དང༌།ཅི་སྟེ་ནད་རིགས་བྱུང་ན་གསོ་ཐབས་སྨན་གཏང་རྒྱུ་དེ་གལ་གནད་གཉིས་པར་བརྩི་དགོས་པ་བོད་ཀྱི་སྨན་གཞུང་ཐམས་ཅད་དུ་ཧ་ཅང་གསལ་པོ་རེད།མང་ཚོགས་སུ་ནད་རིགས་སྔོན་འགོག་དང༌།ནད་མེད་གནས་ཐབས་ཀྱི་ཆེད་དུ་རྒྱུན་དང༌།དུས་དང༌།གནས་སྐབས་ཀྱི་སྤྱོད་ལམ།ཟས་ཟ་ཚུལ།ཟས་འདེམས་ཚུལ་སོགས་གདམས་ངག་ཧ་ཅང་མང་པོ་ཞིག་ང་ཚོའི་སྨན་གཞུང་དུ་ཡོད་པ་དེ་དག་ལག་ལེན་དུ་འཁེལ་ཐབས་གནང་དགོས།དེང་རབས་ཀྱི་འཕྲོད་བསྟེན་གྱི་ལམ་སྲོལ་ནང་ཁ་ལག་ཟ་སྟངས་སློབ་མཁན་ལོགས་ཁ་དང༌།ལུས་རྩལ་རྩེད་སྟངས་སློབ་མཁན་ལོགས་ཁ་སོགས་ཡོད་པ་དེ་འདྲ་མ་ཡིན་པར།ཕྱོགས་ཐམས་ཅད་ནས་ཆ་ཚང་བ་ཞིག་ཡོད་པ་དེ་ལག་ལེན་ལའང་བསྟར་ཐུབ་པ་ཞིག་དགོས་ཀྱི་འདུགམདོར་བསྡུས་ན་ནད་པ་སྨན་པའི་སར་མ་སླེབས་པའི་གོང་དུ་སྨན་པ་མང་ཚོགས་ཀྱི་སར་སླེབས་པ་བྱས་ཏེ་ནད་རིགས་སྔོན་འགོག་དང༌།ཟས་སྤྱོད་སློབ་གསོའི་ལམ་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་གཏོང་ཐབས་གནང་དགོས་ཀྱི་འདུགདེའི་ཆེད་དུ་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་བསམ་ཞིབ་དང་འཆར་འགོད་བྱེད་བཞིན་པ་ཡིན།ད་ལྟའི་གནས་སྐབས་སུ་བོད་ཀྱི་གསོ་རིག་སྨན་པ་ཕལ་ཆེ་བས་ནད་གསོ་བ་ཙམ་མ་གཏོགས།སྤྱི་ཚོགས་ནད་མེད་དུ་གནས་ཐབས་ང་ཚོའི་རིག་གཞུང་ནང་ཡོད་པ་དེ་ཚོ་ཕྱག་ལེན་ལ་བཀལ་གནང་གི་མི་འདུག་པས།འདིའི་ཐོག་དགོངས་བཞེས་དང་ཕྱག་ལེན་གནད་སྨིན་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

༤༽ཡང་བོད་ཀྱི་གསོ་བ་རིག་པ་འདི་རྒྱ་གར་ནང་ཡུལ་ཁྲིམས་ཀྱིས་ངོས་ལེན་ཡོད་པ་ཞིག་བཟོ་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད།དེའི་ཆེད་དུ་དྷ་ས་སྨན་རྩིས་ཁང་དང༌།ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཅས་ནས་ཐབས་ཤེས་འབད་བརྩོན་གནང་བཞིན་པ་རེད།འགལ་རྐྱེན་མང་པོ་འཕྲད་ཀྱི་ཡོད་པ་རེད་དེ།ཚང་མས་མུ་མཐུད་འབད་བརྩོན་གནང་སྟེ་ངོས་ལེན་ཐོབ་པ་བཟོ་རྒྱུ་དེ་གལ་གནད་ཆེན་པོ་རེད།རྒྱ་གར་ནང་ཡུལ་ཁྲིམས་ཀྱིས་ངོས་ལེན་བྱུང་བ་ཡིན་ན་རྒྱལ་ཁབ་གཞན་པའི་ནང་དུའང་ཡུལ་ཁྲིམས་ཀྱིས་ངོས་ལེན་ཐོབ་རྒྱུར་ལས་སླ་རུ་འགྲོ་ངེས།ཨི་ཊ་ལིའི་ནང་བོད་ཀྱི་གསོ་བ་རིག་པ་ངོས་ལེན་ཡོང་བའི་ཁྲིམས་གཞི་གྲོས་ཚོགས་ནང་ངོ་སྤྲོད་བྱེད་ཀྱི་ཡོད་ཚུལ་ཉེ་ཆར་གོ་ཐོས་བྱུང༌།ཁྲིམས་གཞི་དེ་ཐོན་པ་ཡིན་ན་རྒྱ་གར་ནང་དུ་ངོས་ལེན་ཐོབ་རྒྱུ་ལའང་ཕན་ཐོགས་ཡོང་སྲིད་པ་རེད།

༥༽བོད་ཀྱི་གསོ་བ་རིག་པ་དང་ལམ་སྲོལ་མི་མཐུན་པའི་དེང་རབས་ཕྱི་ལུགས་ཀྱི་སྨན་གཞུང་(Allopathy)དང་འབྲེལ་བའམ་མཚུངས་བསྡུར་བྱེད་རྒྱུ་དེ་བཞག་ནས་བོད་ཀྱི་གསོ་རིག་དང་མཐུན་ཚབ་ཆེ་བའི་རྒྱ་གར་གྱི་ཚེའི་རིག་བྱེད་ཨཱཡུརྦེད་དང༌།ཡུ་ན་ནི།སིདྷ།ཡོ་ག་སོགས་ཡོད་པ་དེ་དག་དང་མཉམ་དུ་འབྲེལ་བ་དང་མཚུངས་བསྡུར་གཏིང་ཟབ་བྱས་ཏེ་ང་ཚོའི་གསོ་རིག་གི་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་སྦྱར་ཐུབ་ཐབས་གནང་དགོས་ཀྱི་འདུགདེ་ལ་བརྟེན་ནས་མང་ཚོགས་དང་རིག་གཞུང་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་གི་རེད།གོང་ཞུས་དེ་དག་ཙམ་དུ་མ་ཟད།རྒྱ་གར་ནང་ཧ་ཅང་གྲགས་ཆེ་བའི་རང་བཞིན་གྱི་སྨན་བཅོས་(Naturapathy)ཟེར་བ་དང༌།ཁ་དོག་གི་སྨན་བཅོས་(Color Theraphy)ཟེར་བའི་སྲོལ་རྒྱུན་གཉིས་ཡོད་པ་དེ་དག་བོད་ཀྱི་གསོ་རིག་དང་ཧ་ཅང་མཐུན་པོ་རེད།རང་བཞིན་གྱི་སྨན་བཅོས་པ་དེ་ཚོའི་གཞི་རྩའི་ལྟ་གྲུབ་དང༌།བོད་སྨན་གྱི་གཞི་རྩའི་ལྟ་གྲུབ་གཅིག་པ་རེད།རྒྱུད་ལས་"འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།།གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད།།གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།"ཅེས་གསུངས་པ་ལྟར་ང་ཚོས་འདོད་པའི་འབྱུང་བ་བཞིའི་ཐོག་འབྱུང་བ་ནམ་མཁའ་བསྣན་ཏེ་འབྱུང་བ་ལྔ་བགྲངས་ནས་ལུས་འབྱུང་བ་ལྔ་ལས་གྲུབ་པ་དང༌།ནད་འབྱུང་བ་ལྔ་ལས་བྱུང་བ།དེའི་སེལ་ཐབས་སྨན་ཡང་འབྱུང་བ་ལྔ་པོ་གང་རུང་གི་ངོ་བོ་ཡིན་པར་བཤད་ཀྱི་འདུགདེ་བཞིན་ཁ་དོག་ལ་བརྟེན་ནས་སྨན་བཅོས་བྱ་སྲོལ་དེའང་ཕན་ཐོགས་ལས་གནོད་སྐྱོན་གྱི་ཉེན་ཁ་གང་ཡང་མེད་པའི་འཕྲོད་བསྟེན་གྱི་རིག་པ་ཞིག་རེད།དེ་ཚོ་རིན་གོང་ཆུང་ཆུང༌།མི་མང་དབུལ་ཕྱུག་ཚང་མས་རྙེད་ཐུབ་པ།ནད་རིགས་སྔོན་འགོག་ལ་ཕན་པ་དེ་འདྲ་ཡིན་སྟབས།དེ་ཚོ་དང་མཉམ་དུ་འབྲེལ་བ་དམ་ཟབ་བྱས་ནས་ལེགས་ཆ་བླང་རྒྱུ་དང༌།གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་གལ་ཆེན་པོ་འདུག

མཐའ་དོན་བོད་ཀྱི་གསོ་བ་རིག་པ་འདི་རྒྱལ་སྤྱིའི་ནང་ཁྲིམས་དོན་དང་ཤེས་ཡོན་གྱི་གནས་ཚད་(Legally and Academically)གཉིས་ཀའི་ཐོག་ནས་ངོས་ལེན་འཕེར་བ་དང༌།ངོས་ལེན་ཡོད་པ་བཟོ་རྒྱུ་དང་གཅིགརྒྱུན་འཛིན་སྨན་པ་ནང་ཕན་ཚུན་དང༌།སྒྲིག་འཛུགས་ནང་ཕན་ཚུན་སློབ་སྟོན་སྤྲོད་ཕྱོགས་དང་སྨན་སྦྱོར་ལག་ལེན་གང་ཅིའི་ཐད་ཞུ་དག་གཏོང་རེས་ཀྱིས་བརྒྱུད་རིམ་མི་ཆད་པ་དང༌།བསྲེ་ལྷད་མི་ཞུགས་པ།ཉམས་ཆག་མི་འགྲོ་བའི་ཐབས་ཤེས་གནང་རྒྱུ་དང་གཉིས།སྒྲིག་འཛུགས་དང་སྨན་པ་བྱེ་བྲག་པ་ནང་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་དཀའ་ངལ་ལ་གདོང་ལེན་དང༌།རིག་གཞུང་འཛིན་སྐྱོང་བྱེད་རྒྱུ་གསུམ་པོ་དེ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདིའི་དམིགས་ཡུལ་གཙོ་བོའི་གྲས་རེད།ལྷན་ཚོགས་འདི་བརྒྱུད་ནས་རྒྱལ་སྤྱིའི་ནང་བོད་ཀྱི་གསོ་བ་རིག་པ་ལ་ཁྲིམས་མཐུན་ངོས་ལེན་ཐོབ་ཐབས།ནང་ཕན་ཚུན་སྐྱོན་བརྗོད་དམའ་འབེབས་ལྟ་བུ་མ་ཡིན་པར་ལྷག་བསམ་བཟང་པོས་སྨན་རྒྱུ་དང༌།ལག་ལེན།སློབ་སྟོན་གང་གི་ཐོག་ལའང་ཞུ་དག་གཏོང་རེས་བྱས་ཏེ་ལེགས་སྤེལ་ཉེས་འགོག་གནང་རྒྱུ།དེ་བཞིན་གནས་ཚུལ་དང༌།ཤེས་ཡོན།ཉམས་མྱོང༌།ཉམས་ཞིབ་གྲུབ་འབྲས་གསར་ཐོན་སོགས་ཕན་ཚུན་མཉམ་སྤྱོད་ཀྱིས་གཅིག་ཕན་གཅིག་གྲོགས་གནང་དགོས་པ་གལ་ཆེན་པོ་རེད།ལས་དོན་དེ་ཚོ་གཞུང་གི་སྒྲིག་འཛུགས་ཀྱི་ཐོག་ནས་བྱེད་ཐུབ་པ་ཞིག་མ་རེད།གཞུང་འབྲེལ་མ་ཡིན་པའི་རང་སྐྱོང་སྡེ་ཚན་ཚོས་གནང་དགོས་པ་དང༌།གནང་ཐུབ་པ་ཞིག་ཡིན་ཙང༌།དེ་རིང་ལྷན་ཚོགས་འདི་དབུ་འཛུགས་ཞུས་པ་རེད།འབྱུང་འགྱུར་གསོ་བ་རིག་པས་མཚོན་པའི་རིག་གཞུང་སྲུང་སྐྱོབ་ཁྱབ་སྤེལ་བྱེད་མཁན་ཚང་མ་གཞུང་འབྲེལ་མིན་པའི་རང་སྐྱོང་སྡེ་ཚན་ཁག་གིས་གནང་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་རེད།བོད་གཞུང་སྨན་རྩིས་ཁང་ཡང་ཐོག་མ་ཕྱི་ལོ་༡༩༦༠ལོར་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་བཙུགས་པ་ཞིག་ཡིན་ནའང༌།རིམ་པས་མཛད་གཙོ་ཚང་མས་གཞུང་གི་ཐད་འཛིན་གྱི་འོག་ནས་ཡར་རྒྱས་ཚད་ལྡན་འགྲོ་དཀའ་བར་གཟིགས་ཏེ་༡༩༧༡ཕྱི་ཟླ་༦པའི་ནང་རང་སྐྱོང་སྡེ་ཚན་གྱི་ངོ་བོར་ཡུལ་ཁྲིམས་འོག་དེབ་སྐྱེལ་བྱས་ཏེ་ད་ལྟའི་བར་ཤེས་ཡོན་དང་འཛིན་སྐྱོང་གཉིས་ཀའི་ཐོག་ཡར་རྒྱས་གང་ལེགས་བྱུང་ཡོད།ད་ལྟའི་བཀའ་ཤག་གིས་སྨན་རྩིས་ཁང་འདི་བཞིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་བཏང་འཛིན་བྱུས་གཏོགས་གང་ཡང་མི་དགོས་པ་ཡོང་ཐབས་སུ་ཚོགས་པའི་སྒྲིག་གཞི་རྣམས་ལ་དགོས་ངེས་ཀྱི་བསྒྱུར་བཅོས་བཏང་སྟེ་མ་འོངས་པར་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་བྱེད་ཀྱི་ཡོད།

སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་འདི་གཏན་ལ་ཕབ་སྟེ་ཟླ་བ་དགུ་ལྷག་ཙམ་ཕྱིན་པ་རེད།དེའི་རིང་འགྲིགས་དང་མི་འགྲིགས་ཀྱི་དགོངས་འཆར་གནང་མཁན་སུའང་བྱུང་མ་སོང༌།ཁྲིམས་ཡིག་གཏན་ལ་མ་ཕབ་པའི་སྔོན་དུ་ལོ་ནས་ལོ་བསྟུད་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཡོངས་ལ་གོ་བསྡུར་ཞིབ་ཕྲ་ཞུས་པ་རེད།དེ་འདྲ་ཡིན་ཙང་ཁྲིམས་ཡིག་འདི་འབྲེལ་ཡོད་སྨན་པ་ཕལ་ཆེ་བའི་དགོངས་པར་བབས་པ་དང༌།ཡག་པོ་བྱུང་ཡོད་རེད་བསམ་བྱུང༌།འོན་ཀྱང་ཉེ་ཆར་གསར་ཤོག་ཁག་གི་ནང་བསྐྱར་ཞིབ་དེ་འདྲ་ཐོན་འདུགསྤྱིར་བཏང་ཡག་པོ་རེད།བསྐྱར་ཞིབ་དང་དགོངས་འཆར་གནང་ཆོག་གི་རེད།འོན་ཀྱང་དགོངས་འཆར་དེ་ཚོ་ཁྲིམས་ཡིག་གཏན་ལ་མ་ཕབ་པའི་གོང་དུ་གནང་ཡོད་ན་ཕན་ཐོགས་ཆེན་པོ་བྱུང་ཡོད་སྲིད་པ་རེད།དེ་མིན་ཡང་ལྷན་ཚོགས་འདི་མ་ཚོགས་གོང་གི་ཟླ་བ་ཁ་ཤས་སྔོན་ཐོན་ཡོད་པ་ཡིན་ན་ང་ཚོས་བསམ་ཞིབ་དང༌།གྲོས་ཚོགས་ལ་བཀའ་བསྡུར་ཞུ་རྒྱུ་སོགས་གང་ལ་ཇི་འོས་ཞུ་རྒྱུའི་གོ་སྐབས་ཡོང་གི་རེད་དེ།དེ་འདྲ་མ་བྱུང་བར་ད་ཆ་ལྷན་ཚོགས་ཀྱི་ཉིན་ཤས་སྔོན་ཐོན་པ་ཡིན་ཙང༌།དགོངས་འཆར་དུ་གསལ་བའི་དོན་གནད་ཁག་ལ་བསམ་ཞིབ་དང་ལག་ལེན་བསྟར་རྒྱུའི་ཆེད་དུ་ཕན་ཐོགས་གང་ཡང་མ་བྱུང་བ་རེད།འཕྲོད་བསྟེན་བཀའ་བློན་གྱིས་གསུངས་པ་དེ་བདེན་པ་རེད།ཁྲིམས་ཡིག་དེ་བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ།ཚོགས་གཙོ་ལྷན་རྒྱས་ཀྱིས་དག་མཆན་བཀོད་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་གསན་ཆོག་མཆན་ཞུས་བསྩལ་བྱུང་བའི་རྗེས་སུ་ཁྲིམས་སུ་བཅས་པ་རེད།དེ་འདྲའི་ཁྲིམས་ཡིག་གཅིག་ལ་བོད་པའི་སྤྱི་ཚོགས་ནང་ནས་ངོས་ལེན་བྱེད་ཀྱི་མིན་ཞེས་གསུང་མཁན་ཞིག་བྱུང་བ་ཡིན་ན་ཡ་མཚན་པོ་རེད།དེ་འདྲ་གསུང་མཁན་དེས་བཙན་བྱོལ་གཞུང་དང༌།གྲོས་ཚོགས།ྋགོང་ས་ྋསྐྱབས་མགོན་ཆེན་པོ་བཅས་ལའང་ངོས་ལེན་གནང་གི་ཡོད་མ་རེད།ཁྲིམས་དང་སྒྲིག་གཞི་ཇི་འདྲ་ཞིག་ཡིན་ནའང་གཏན་ལ་ཕབ་པའི་ཉིན་མོ་ནས་སྐྱོན་མེད་པ་དང༌།ཡོངས་སུ་རྫོགས་པ་ཞིག་ཡོང་ཐུབ་ཐབས་དཀའ།ཉམས་མྱོང་གསོག་གིན་གསོག་གིན་བསྐྱར་བཅོས་བྱེད་ཀྱིན་བྱེད་ཀྱིན་ཡར་རྒྱས་འགྲོ་དགོས་པ་ཞིག་རེད།དེར་བརྟེན་ཁྲིམས་དང་སྒྲིག་གཞི་གང་ཡིན་ཡང་བསྐྱར་བཅོས་བྱེད་སྟངས་ཀྱི་ཆ་རྐྱེན་ཞིག་ངེས་པར་དུ་བཀོད་དགོས་ཀྱི་ཡོད་པ་རེད།ད་ལྟ་ཁྲིམས་ཡིག་འདིའི་ནང་དུའང་ཆ་རྐྱེན་དེ་ཡོད་པ་རེད།བྱས་ཙང་མ་འགྲིགས་པ་དང་ནོར་བ་གང་ཡོད་ཀྱང་བསྐྱར་བཅོས་གྲོས་འཆར་གྱི་ལམ་ནས་གྲོས་ཚོགས་སུ་ཕུལ་བ་ཡིན་ན་བསྐྱར་བཅོས་འགྲོ་འོས་པའི་རིགས་བསྐྱར་བཅོས་གནང་གི་རེད།འགྲོ་མ་འོས་པའི་རིགས་ལ་རྒྱུ་མཚན་ཞིག་གསུང་མདོག་ཁ་པོ་རེད།ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་བྱེད་རྒྱུ་དེ་དགོས་མཁོ་དང་ཐོབ་ཐང་ཞིག་རེད།ཡིན་ནའང་ཁྲིམས་དང་སྒྲིག་གཞི་ངོས་ལེན་བྱེད་ཀྱི་མིན་ཞེས་བརྗོད་རྒྱུའི་ཐོབ་ཐང་དེ་སུ་ལའང་ཡོད་མ་རེད།ཐཱོ་རོ་དང་གན་དྷིའི་ལྟ་གྲུབ་ནས་བྱུང་བ་ལྟར་དྲང་བདེན་མིན་པའི་ཁྲིམས་ཡིག་ཅིག་ཡིན་ན་དེ་ལ་རྩིས་མེད་ཁྲིམས་འགལ་བྱེད་རྒྱུའི་ཐོབ་ཐང་ཡོད་པའི་གསུང་ཚུལ་ཞིག་ཡོད་ཀྱང༌།ཁྲིམས་ལ་རྩིས་མེད་ཁྲིམས་འགལ་བྱ་རྒྱུའང་ཁྲིམས་གཞི་ངོས་ལེན་ནས་བྱེད་དགོས་པ་ཞིག་རེད་མ་གཏོགས།ཁྲིམས་གཞི་ལ་ངོས་ལེན་མ་བྱས་པར་ཁྲིམས་འགལ་དང་རྩིས་མེད་བྱ་རྒྱུའི་ཐ་སྙད་ཡོང་གི་མ་རེད།ཡིན་ནའང་ལྟ་གྲུབ་དེ་ད་ལྟའི་གནས་སྐབས་འདིར་འཚམས་ཀྱི་མ་རེད།གང་ཡིན་ཟེར་ན་ད་ལྟའི་ཁྲིམས་འདི་བཙན་བཀའི་ཐོག་ནས་བཅས་པ་ཞིག་མ་ཡིན་པར་ཁྲིམས་མཐུན་འོས་འདེམས་བྱས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གོ་བསྡུར་དང་བགྲོ་གླེང་གི་ལམ་ནས་གཏན་ལ་ཕབ་པ་དང༌།ཁྲིམས་གཞི་དེ་བསྐྱར་བཅོས་བྱེད་པའི་ལམ་དང༌།གོ་སྐབས།ཐོབ་ཐང་བཅས་ཡོད་པ་ཞིག་རེད།དེ་འདྲ་སོང་ཙང་ཁྲིམས་ཡིག་ནང་འགྲིགས་དང་མ་འགྲིགས་གང་ཡོད་ཀྱང་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་རྒྱུ་མཚན་སྦྱང་བཤད་བྱས་ཏེ་འགྲོ་དགོས་པ་མ་གཏོགས།རང་ཤེད་མཁྲེགས་འཛིན་གནང་ཐབས་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན།མདོ་དོན་བོད་ཀྱི་གསོ་བ་རིག་པའི་རིག་གནས་འདིའི་བརྒྱུད་ནས་འབྱུང་འགྱུར་སྐྱེ་འགྲོ་ཡོངས་ལ་ཕན་ཐོགས་པ་ཞིག་དང༌།ལྷག་པར་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་དེ་གཟུགས་གཞི་བདེ་ཐང་དང་འཕྲོད་བསྟེན་ཚད་ལྡན་ཡོང་བའི་ལས་དོན་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེ་ཞེས་གསུང་ཡོད་པ་རེད།

སྐབས་དེའི་ཚོགས་འདུའི་གཞི་རྩའི་གནས་ཚུལ་རྒྱས་པ་ཕྱི་ལོ་༢༠༠༤

ཕྱི་ཟླ་༡ཤེས་བྱ་ཤོག་གྲངས་༩ནས་༡༣བར་གཟིགས་པར་འཚལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: