དགོངས་ཚུལ།

མཁན་ཆེན་མཆོག་གིས་ཨ་རིའི་བོད་པ་དག་ལ་བསྩལ་བའི་བཀའ་སློབ། སྟོད་ཆ།

ཡིག་ཕབ་པ། གླིང་ལོ་མ་སེར་པོ།
དེ་རིང་བོད་རིགས་མང་པོ་ཞིག་དང་ལྷན་དུ་འཛོམས་ནས་ཁ་བརྡ་བྱེད་རྒྱུ་བྱུང་བར་སེམས་ཧ་ཅང་དགའ་པོ་བྱུང༌། དེ་རིང་ཁ་བརྡ་བྱ་རྒྱུ་གཅོ་བོ་འཚོ་བ་དང་ཆོས་རིག་གནས་སྐོར་གྱི་ཁ་བརྡ་བྱ་རྒྱུ་ཡིན། ཁ་བརྡ་དེ་དོན་ཚན་གསུམ་གྱི་ཐོག་ནས་བྱ་རྒྱུ་ཡིན།

ཕྱི་སྡོད་ཀྱི་བོད་མིས་རིག་གནས་སོགས་གང་གི་ཆེད་དུ་ཐུགས་གཟབ་གནང་དགོས་མིན། འདི་ན་ཡོད་པའི་བོད་མི་ཁ་ཤས་ཨ་རི་ལ་འབྱོར་ནས་ཡུན་རིང་ཡིན་པས་རྒྱལ་ཁབ་འདི་ལ་ཆ་རྒྱུས་ཧ་ཅང་ཡོད་རྒྱུ་རེད། ང་རང་ལ་ཆ་རྒྱུས་ཆེན་པོ་དེ་ཙམ་མེད་པས་ཆ་རྒྱུས་མེད་མཁན་ཞིག་གིས་ཆ་རྒྱུས་ཡོད་མཁན་ཞིག་ལ་མང་པོ་བཤད་ན་ཁྱད་མཚར་དེ་འདྲ་འགྱུར་གྱིན་རེད། ཡིན་ན་ཡང༌། ཕྱོགས་གཅིག་ནས་བསམ་བློ་གཏོང་བ་ཡིན་ན་གནས་ཡུལ་ཙམ་མ་གཏོགས་བོད་རིགས་ཤིག་ཡིན་དུས་དོན་ཚན་གསུམ་ལ་བསམ་བློ་གཏོང་དགོས་ཀྱིན་འདུག དཔེར་ན། བོད་ནང་དུ་མཚོན་ན་མི་རིགས་གཞན་དང་ལྷན་དུ་འདུས་སྡོད་བྱེད་མཁན་མང་པོ་ཡོད་རེད། དེ་ཚོ་གང་འདྲ་བྱེད་ནས་གནས་དགོས་མིན་ཐད་བསམ་བློ་མང་པོ་གཏོང་མྱོང་ཡོད། མདོར་བསྡུས་ན་དོན་དག་གསུམ་ལ་འདུས་ཀྱིན་འདུག

དང་པོ། ང་ཚོ་མི་རིགས་གཞན་དང་ལྷན་དུ་གནས་སྐབས་གནས་ཡུལ་དེའི་རྩ་ཁྲིམས་དེ་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་ཡག་པོ་བྱ་དགོས་འདུག ཁྲིམས་ལུགས་ནི་རང་ཉིད་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་དང་ཡུལ་ལུང་དེར་ཡུན་རིང་གནས་ཐུབ་པའི་ཐབས་ལམ་ཡག་ཤོས་ཀྱང་རེད། སྤྱིར་འཛམ་གླིང་གི་གྲོང་ཁྱེར་ཆེ་ཆུང་གང་སར་བོད་རིགས་མེད་ས་ཞིག་ཕལ་ཆེར་མི་འདུག རྩ་བའི་ཆ་ནས་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་ཐད་ཡག་པོ་བྱ་རྒྱུ་འདུག ཡིན་ན་ཡང༌། ཁ་ཤས་ནས་འཁྲུག་རྩོད་བྱས་པ་དང་མི་བསད་པའི་གནས་ཚུལ་ཉུང་ཤས་བྱུང་འདུག རྗེས་སུ་དེ་འདྲ་མི་ཡོང་བ་བྱེད་ནས་ཁྲིམས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་འདུག ཨ་རིའི་གྲོང་ཁྱེར་འདི་ལ་མཚོན་ན་མི་རིགས་འདྲ་མིན་མང་པོ་ཞིག་འདུག མི་མང་པོ་འདི་དག་དང་མཉམ་གནས་བྱེད་དགོས་དུས་མི་དེ་དག་གི་ལུགས་སྲོལ་ཡག་པོ་ཞིག་ཧ་གོ་བའི་ཐོག་ནས་ལུགས་སྲོལ་དེ་དག་ལ་བརྩི་སྲུང་བྱེད་ཐུབ་དགོས་ཀྱིན་འདུག སྤྱི་ཚོགས་གང་དུ་གནས་ཀྱང་སྤྱི་ཚོགས་དེའི་ནང་དུ་ཞུགས་ཐུབ་པ་དང་གཏིང་ལ་འགྲོ་ཐུབ་པ་ཞིག་དགོས་འདུག མ་གཏོགས་སྤྱི་ཚོགས་ཀྱི་མཐའ་ལ་སོང་ན་མ་འོངས་པར་ཧ་ཅང་ཁག་པོ་ཡོང་རྒྱུ་རེད། སྤྱི་ཚོགས་དེའི་ནང་ཞུགས་དགོས་ན་དེའི་ནང་ཡོད་པའི་མི་དག་གི་བསམ་བློ་གོམས་སྲོལ་རྣམས་ཤེས་པའི་ཐོག་ནས་དགོས་པ་མེད་སར་ཕོག་ཐུག་མི་གཏོང་བར་བྱ་རྒྱུ་གལ་ཆེན་རེད། དེ་དག་ལ་ཕོག་ཐུག་གཏོང་བ་ཡིན་ན་སྤྱི་ཚོགས་ཀྱི་གྲལ་དུ་མི་ཚུད་པར་མ་ཟད་དཀའ་ངལ་མང་པོ་ཞིག་ཡོང་གི་རེད།

ས་གནས་འདི་ལ་ཆོས་ལུགས་དད་མོས་འདྲ་མིན་མང་པོ་ཡོད་པས་ཆོས་ལུགས་བཟང་ཕྱོགས་ལྡོག་ཕྱོགས་གང་བེད་སྤྱོད་གནང་ན་ནུས་པ་ཧ་ཅང་ཆེན་པོ་རེད། འཛམ་བུ་གླིང་གི་ནང་དུ་ཆོས་ལུགས་ཀྱི་ནུས་པ་འདྲ་བ་ཕལ་ཆེར་མེད་པ་ལྟ་བུ་རེད། རྒྱུ་མཚན། ཆོས་ལུགས་ཀྱིས་མིའི་སེམས་ཀྱི་གཏིང་དུ་བག་ཆགས་ཟབ་མོ་བཞག་ཡོད་པས་རེད། དེ་མིན་དཔལ་འབྱོར་ལྟ་བུ་ཡིན་ན་དོ་སྣང་བྱེད་ཀྱིན་ཡོད་རེད་མ་གཏོགས་སེམས་པའི་གཏིང་དུ་འཛུལ་ཐུབ་ཡོད་མ་རེད། རྒྱུ་མཚན། དེའི་ཕྱིར་དུ་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་འདྲ་མིན་གྱི་དད་མོས་ལ་བརྩི་བཀུར་ཡག་པོ་བྱེད་ཐུབ་དགོས་རེད། བོད་པ་ལྟ་བུར་མཚོན་ན་རང་ས་རང་ཡུལ་དུ་ཡོད་སྐབས་ནང་ཆོས་མ་གཏོགས་ཆོས་ལུགས་གཞན་མུ་སྟེགས་པ་ཟེར་ནས་ཐབས་སྡུག་ཅིག་ལ་བརྩི་སྲོལ་ཡོད་རེད། ཡིན་ན་ཡང། ང་ཚོས་རྒྱལ་ཁབ་གཞན་པའི་ནང་དུ་བསམ་བློ་དེ་འདྲ་ཁྱེར་རྒྱུ་མི་འདུག རྒྱུ་མཚན་ཆོས་ལུགས་ཡོད་ཚད་དད་མོས་འདྲ་མཉམ་ཡིན་པས་བསམ་བློ་དེ་འདྲ་གཏོང་རྒྱུ་མེད་པར་མ་ཟད། ཁོ་ཚོའི་དད་མོས་ལ་བརྩི་བཀུར་བྱ་དགོས་ཀྱིན་འདུག ས་ཆ་གང་ཞིག་ཏུ་གནས་པ་ཡིན་ན་ས་གནས་དེའི་གོམས་སྲོལ་དང་ཆོས་ལུགས་དད་མོས་རྡོག་རོལ་ཏུ་བཏང་ན་རྙོག་གྲ་མང་པོ་ཡོང་བ་རེད། རྙོག་གྲ་དེ་འདྲ་ཡོང་བ་ཡིན་ན་སྤྱི་ཚོགས་ནང་དུ་གནས་རྒྱུ་ཁག་པོ་ཡོང་བ་རེད། དཔེར་ན། བོད་ནང་དུ་བསམ་བློ་གཏོང་བ་ཡིན་ན་བོད་པ་མང་པོ་སྡོད་སའི་གྲོང་ཁྱེར་ཆེ་ཤོས་གཉིས་ཡོད་རེད། ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་མཚོ་སྔོན་ཟི་ལིང་གཉིས་རེད། ཁྲིན་ཏུའུ་གྲོང་ཁྱེར་ནང་དུ་བོད་རིགས་མཉམ་དུ་གནས་ཡོད་པའི་ས་ཕྱོགས་ཤིག་ཡོད་རེད། ས་གནས་དེ་བོད་རིགས་ཀྱི་མཚོན་བྱེད་འདྲ་པོ་ཞིག་གྱུར་བསྡད་ཡོད་རེད། དངོས་གནས་བཤད་ན་ས་གནས་དེ་ལ་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན། བྱམས་སྙིང་རྗེ་ང་ཚོ་ལ་ཡོད་ཟེར་མཁན་གྱི་མི་རིགས་བསྡད་ཡོད་རེད། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་མེད་ཟེར་མཁན་ལས་ལྷག་ཅིག་ཡོད་དགོས་པ་རེད། ཡིན་ན་ཡང༌། དེ་འདྲ་རྩ་བ་ནས་མིན་པར་མ་ཟད་དེ་ལས་ལྡོག་པར་གྱུར་ཚར་བ་རེད། ཁྲིན་ཏུའུ་གྲོང་ཁྱེར་གྱི་རྙོག་གྲ་ཆེ་ཤོས་ཀྱི་ས་གནས་སུ་གྱུར་ཡོད་རེད། ད་སྐབས་བོད་མི་རིགས་ཟེར་བ་དེ་དེ་འདྲ་ཞིག་ཡིན་ས་རེད་བསམ་པའི་བག་ཆགས་བཞག་ཚར་བ་རེད། དཔེར་ན། འདི་ན་ཡོད་མཁན་དག་གིས་ཀྱང་ཁྲིན་ཏུའུ་ན་ཡོད་པའི་བོད་པ་ཚོ་ནང་བཞིན་ས་གནས་ཀྱི་ཁྲིམས་དང་ཆོས་ལུགས་སོགས་བརྩི་འཇོག་གང་ཡང་བྱེད་མ་ཤེས་པར་རྐུ་འཕྲོག་སོགས་གཡོ་སྒྱུའི་ལས་བྱས་པ་ཡིན་ན། མི་རིགས་གཞན་ཚང་མས་བོད་རིགས་ལ་བརྩི་མཐོང་བརླག་འགྲོ་བས་ཚང་མས་ཐུགས་བསམ་གནང་དགོས་འདུག དེང་སང་དྲྭ་བའི་ཐོག་ལ་བོད་པའི་སྐོར་རྩོམ་མང་པོ་འདུག ཁ་ཤས་ཀྱིས་བོད་པ་ཡག་པོ་འདུག་ཅེས་བྲིས་འདུག ཡང་ཁ་ཤས་ཀྱིས་སྡུག་པོ་འདུག་ཅེས་བྲིས་འདུག དེ་དག་ནི་བོད་པ་ཡག་པོ་ཞིག་དང་འཕྲད་པའི་རྩོམ་འབྲི་དག་གིས་བོད་པ་ཡག་པོ་འདུག་ཅེས་བྲིས་པ་རེད་འདུག ཡང་བོད་པ་སྡུག་པོ་ཞིག་དང་འཕྲད་མཁན་རྩོམ་འབྲི་བ་དག་གིས་བོད་པ་སྡུག་པོ་རེད་ཅེས་བྲིས་པ་རེད་འདུག རྒྱུ་མཚན་དེས་ཕྱིར་བོད་པ་མི་རེ་རེ་བོད་པའི་མཚོན་བྱེད་དུ་འགྱུར་འགྲོ་བཞིན་འདུག དེ་དག་ཡག་པོ་ཞིག་ཧ་གོ་བའི་ཐོག་ནས་ཚང་མས་སེམས་ལ་འཛིན་རྒྱུ་གལ་ཆེན་པོ་རེད་འདུག

ང་ཚོ་ཡུལ་ལུང་གང་འདྲ་ཞིག་ཏུ་གནས་ཀྱང་རང་ཚུགས་མི་ཤོར་བ་བྱ་དགོས་འདུག ས་གནས་འདི་ལ་མཚོན་ན་བོད་པ་སྟོང་ཁྲག་ཁ་ཤས་འདུག གལ་ཏེ་ཆོས་དང་རིག་གཞུང་རང་ཚུགས་བཟུང་ནས་གནས་མ་ཐུབ་པ་ཡིན་ན་ལོ་སུམ་ཅུ་ཡི་རྗེས་སུ་བོད་པ་རེད་ཟེར་ནས་བཤད་ན་ཆོག་པ་མང་པོ་ལྷག་ཡོད་རྒྱུ་མ་རེད། ལོ་བདུན་ཅུ་བརྒྱད་ཅུ་ཡི་རྗེས་སུ་སྔོན་མ་གྲོང་ཁྱེར་འདིའི་ནང་དུ་བོད་པ་མང་པོ་ཡོད་རེད། ད་ལྟ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཟེར་བ་དེ་འདྲར་འགྱུར་འགྲོ་རྒྱུ་རེད། རང་ཚུགས་ཡག་པོ་བཟུང་ཐུབ་སོང་ན་ད་ལྟ་སྟོང་ཕྲག་ལྔ་ཡོད་པ་ཡིན་ན་ལོ་སུམ་ཅུའི་རྗེས་སུ་སྟོང་ཕྲག་བརྒྱད་དགུ་ཙམ་གོང་འཕེལ་ལ་འགྲོ་རྒྱུ་རེད། ལོ་བདུན་ཅུ་ཡི་རྗེས་སུ་ཁྲི་ཉིས་གསུམ་ཙམ་ལ་འགྱུར་འགྲོ་རྒྱུ་རེད།
རང་ཚུགས་ཡག་པོ་བཟུང་ནས་གནས་ཐུབ་པ་ཡིན་ན་རྗེས་མ་རིམ་གྱིས་ཆོས་དང་རིག་གཞུང་གང་གི་ཐད་ནས་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། དེ་འདྲ་མ་ཐུབ་པ་ཡིན་ན་ཆོས་དང་རིག་གནས་སྲུང་སྐྱོབ་བྱ་རྒྱུ་ཕར་ཞོག་སོ་སོ་རང་ཉིད་ཡང་སྲུང་སྐྱོབ་བྱ་མ་ཐུབ་པར་གཞན་པའི་ནང་དུ་ཐིམ་འགྲོ་རྒྱུ་རེད། གནས་ཚུལ་དེ་འདྲ་བོད་པ་གཅིག་པོ་མ་རེད། དུས་རབས་ཉེར་གཅིག་པའི་ནང་དུ་མི་རིགས་ཉམ་ཆུང་མང་པོ་ཞིག་དེ་འདྲར་འགྱུར་འགྲོ་བཞིན་འདུག བོད་ཀྱི་གཏམ་དཔེའི་ནང་དུ་ཡང༌། རོགས་ལ་ལྟ་ཤེས་དང༌། ཁྱིམ་ཚེས་ལ་ཉན་ཤེས། ཟེར་བ་ཞིག་ཡོད་རེད། དེ་བཞིན་མི་རིགས་གཞན་པ་དག་ཅི་འདྲ་འགྱུར་གྱིན་ཡོད་པ་དག་ལ་བལྟས་ནས་ང་ཚོ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་པ་ཅུང་ཙམ་ཤེས་རེད།

རང་ཚུགས་བཟུང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རང་ཚུགས་གང་གི་ཐོག་ནས་འཛིན་དགོས་རེད་དམ་ཞེ་ན། ཆོས་དང་རིག་གཞུང་གི་སྟེང་ནས་འཛིན་དགོས་རེད། འཛམ་བུ་གླིང་གི་ཐོག་ནས་མི་རིགས་ཤིག་ཡིན་མིན་ཆ་རྐྱེན་བཞི་ཡི་ཐོག་ནས་བཤད་ཀྱིན་ཡོད་རེད། དང་པོ་ནི། སྔོན་ཆད་ཡིན་ན་ས་ཆ་གཅིག་གི་ཐོག་ཏུ་སྡོད་མཁན། ད་ལྟ་ཡིན་ན་དེ་ལ་ངེས་པ་ཡོད་མ་རེད། གཉིས་པ་ནི། དཔལ་འབྱོར་གྱི་ཐོན་ཁུངས་གཅིག་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན། བོད་པ་ལ་མཚོན་ན་གཙོ་ཆེ་བ་ཕྱུགས་ལས་དང་ཞིང་ལས་ལ་བརྟེན་ན་ས་འཚོ་བ་སྐྱེལ་བཞིན་ཡོད་རེད། དེ་ཡང་སྔ་མའི་ལོ་རྒྱུས་རེད། གསུམ་པ་ནི། སྐད་དང་ཡི་གེ་གཅིག་པ། བཞི་པ་ནི། བསམ་བློ་ཡི་འཁྱེར་སོ་གཅིག་པ། ད་སྐབས་ཡིན་ན་སྐད་དང་ཡི་གེ་གཅིག་པ་ཡིན་པ་དང་བསམ་བློ་ཡི་འཁྱེར་སོ་གཅིག་པ་ཡིན་པ་གཉིས་དེ་ཚང་ན་མི་རིགས་ཤིག་ལ་ངོས་འཛིན་བྱ་ཆོག་རེད། ཉིན་ཞིག་ལ་རྒྱ་ནག་ཏུ་གནས་མཁན་གྱིས་རྒྱ་ཡིག་རྒྱ་སྐད་བཤད། ཕྱི་རྒྱལ་དུ་གནས་མཁན་དག་གིས་ཡུལ་ལུང་དེ་དག་གི་སྐད་བཤད་ནས་ང་ཚོ་ལ་སྐད་དང་ཡི་གེ་སོ་སོར་གྱུར་བ་དང་དེ་ནང་བཞིན་བསམ་བློ་གཏོང་ཚུལ་ཡང་སོ་སོར་གྱུར་སོང་ན་དེ་དུས་ང་ཚོ་མི་རིགས་གཅིག་ཡིན་བཤད་དགོས་ན་ཧ་ཅང་ཁག་པོར་འགྱུར་ཚར་བ་རེད། གནས་སྐབས་དེ་འདྲ་སླེབས་དུས་ཁྲག་རྒྱུན་གཅིག་པ་ཟེར་བ་མ་གཏོགས་ཡོད་མ་རེད། ཁྲག་ནི་འཕྲུལ་ཆས་ཀྱིས་མ་བརྟག་ན་ཅི་ཡང་ཤེས་ཐུབ་པ་མ་རེད། འཛམ་བུ་གླིང་གི་ནང་དུ་ང་རང་སོག་པོ་ཡིན་བསམ་མཁན་ཁ་ཤས་ཁྲག་བརྟག་དཔྱད་བྱེད་དུས་སོག་པོ་ཡི་ཁྲག་རྒྱུན་མིན་མཁན་དེ་འདྲ་མང་པོ་འབྱུང་བཞིན་ཡོད་རེད། སེམས་ཀྱི་ནང་དུ་ཞེན་པ་དང་བརྩེ་བ་ཕྲན་བུ་ནི་མི་རིགས་གཅིག་པ་མིན་ནའང་འབྱུང་ཆོག་པ་རེད། དེ་དག་ལ་ཐུགས་བསམ་ཆེན་པོ་གནང་དགོས་ཀྱིན་འདུག འཛམ་བུ་གླིང་ནང་དུ་བོད་པ་གཅིག་པུ་མ་ཡིན་པ་སྐྱབས་བཅོལ་བ་མང་པོ་ཡོད་རེད། སྐྱབས་བཅོལ་མི་རབས་དང་པོ་དཀའ་ལས་ཆེ་ཤོས་རེད། མི་རབས་དང་པོ་དེས་འཚོ་བ་དང་རིག་གནས་སོགས་ཀྱི་ཆེད་དུ་དཀའ་ལས་མང་པོ་ཞིག་བརྒྱབ་དགོས་རེད། གནད་དོན་ཆེ་ཤོས་དང་འགན་ཆེ་ཤོས་ཀྱང་མི་རབས་དང་པོ་དེ་ལ་ཡོད་རེད། མི་རབས་རྗེས་མ་དག་ལམ་ཁ་གང་འདྲ་ཞིག་ལ་འཁྲིད་མིན་མི་རབས་དང་པོ་དེར་རག་ལས་ཡོད་རེད། མི་རབས་དང་པོ་དེས་གདམ་ཁ་ཡག་པོ་མ་བརྒྱབ་ན་མི་རབས་གསུམ་པ་ནས་འཇུག་རྫོགས་འགྲོ་རེད། རྣམ་པ་ལྷན་རྒྱས་ཀྱིས་སྐྱབས་བཅོལ་མི་རིགས་དག་གི་ལོ་རྒྱུས་ལ་གཟིགས་དང་ཤེས་རེད། ང་ཚོས་མིག་རྒྱང་རིང་ཙམ་ལ་ལྟ་རྒྱུ་དེ་གནད་འགག་ཧ་ཅང་གལ་ཆེན་རེད་འདུག བོད་པའི་སྤྱི་ཚོགས་ནང་དུ་བལྟས་པ་ཡིན་ན་ཉེན་ཁ་ཅན་གྱི་གནས་ཚུལ་ཡང་འདུག དཔེར་ན། བོད་པའི་བྱིས་པ་ལ་ཤས་བོད་སྐད་རྩ་བ་ནས་རྒྱག་མི་ཤེས་མཁན་འདུག དེ་དག་ཕ་མ་ཚོའི་རིན་ཐང་གི་ལྟ་བར་ཐུག་ཡོད་རེད། ཕ་མ་ཚོས་བསམ་བློ་གཏོང་དགོས་རེད། སྤྱིར་མི་ཡུལ་ལུང་པ་ནས་འཚོ་བ་སོགས་ཀྱི་ཐད་ནས་དཀའ་ལས་ཡོད་པས་ཁག་མེད་པ་འདྲ་པོ་ཡང་ཡོད་རེད། ཡིན་ན་ཡང༌། སྐད་དང་ཡི་གེ་ཕར་གཡུག་དགོས་པའི་གནས་ཚུལ་དེ་འདྲ་ཡོང་མ་རེད། སྤྱིར་ན་མི་རིགས་གཞན་གྱི་སྐད་ཡིག་ཤེས་དགོས་རེད། དེ་དགོས་མ་རེད་ཅེས་ནམ་ཡང་བཤད་ཀྱིན་མེད། འོན་ཀྱང་ང་ཚོའི་མི་རིགས་འདིའི་སྐད་ཡིག་བརླག་བཞག་ན་འགྲིག་པ་མ་རེད། ཕ་མ་ཚོ་ཡིན་ནའང་འགན་ཁུར་དགོས་རེད། གལ་སྲིད་རང་ཉིད་ཀྱི་བྱིས་པ་བོད་སྐད་བོད་ཡིག་མ་ཤེས་པ་བཟོས་ན་རང་ཉིད་ཀྱི་བྱིས་པ་དེ་བོད་མི་རིགས་ཀྱི་གྲལ་ནས་ཕར་ཕུད་བཞག་པ་རེད། མི་གཞན་པ་སུས་ཀྱང་མི་རིགས་ཀྱི་གྲལ་ནས་ཕུད་ཐུབ་རྒྱུ་ཁག་པོ་རེད། རང་ཉིད་ཀྱིས་ཕུད་ཀྱིན་ཡོད་རེད། མི་རབས་གསུམ་པར་སླེབས་དུས་ལོ་ཆུང་མང་པོ་ཞིག་སེམས་ནང་རང་ཉིད་བོད་མི་རིགས་ཀྱི་གྲལ་ནས་ཕུད་ཡོད་པ་ཤེས་ནས་ཁོང་ཁྲོ་ལངས་ཀྱིན་རེད། གནས་ཚུལ་དེ་འདྲ་ནི་མི་རིགས་གཞན་པའི་ནང་དུ་ཧ་ཅང་མང་པོ་འདུག གནས་ཚུལ་དེ་འདྲ་བྱུང་ན་ཡག་པོ་ཡོད་མེད་ད་ལྟ་ནས་བསམ་བློ་གཏོང་དགོས་རེད། གནད་དོན་ཚོ་ཤེས་པའི་ཐོག་ནས་ཐབས་ཤེས་གང་འདྲ་དགོས་ཀྱིན་འདུག་གམ་ཅེ་ན། སྤྱིར་འཛམ་བུ་གླིང་གི་ཐོག་ལ་སློབ་གསོའི་ཀ་ཆེན་གསུམ་ཡོད་རེད། དེ་ནི་ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་གསུམ་རེད།

སློབ་གྲྭའི་སློབ་གསོ་འདི་ལ་ཡོད་པའི་བོད་པ་ཡིན་ན་དབྱིན་ཇིའི་སློབ་གྲྭ་ནང་ལ་འགྲོ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་རེད། མ་གཏོགས་སྤྱི་ཚོགས་ནང་ནས་གོམ་པ་རྒྱག་ཐུབ་གི་མ་རེད། གལ་སྲིད་མ་འོངས་པར་སློབ་གྲྭ་འདི་དག་གི་ནང་དུ་བོད་ཡིག་འཛིན་གྲྭ་འཛུགས་ཐུབ་ན་ཡག་པོ་ཡོང་རྒྱུ་རེད། དཔེར་ན། དབྱིན་ཏོས་ནིས་ཤུ་ཡའི་རྒྱལ་པོ་གོང་མ་དེས་མི་ལོ་སུམ་ཅུ་ལ་དབང་ཆ་འཛིན་འདུག ལོ་དེ་དག་གི་ནང་དུ་ཆ་གཞི་གང་འདྲ་བཞག་ཅེ་ན། དེ་ལ་ཡོད་པའི་རྒྱ་ནག་སློབ་གྲྭ་གཅིག་ཀྱང་མེད་པ་བཟོས་པར་མ་ཟད་རྒྱ་ནག་གི་བྱིས་པ་དག་གིས་རྒྱ་སྐད་རྒྱག་མ་ཆོག་པའི་སྲིད་ཇུས་བཞག་འདུག ཆ་གཞི་དེ་འདྲ་བཞག་ནས་ལོ་སུམ་ཅུ་མ་གཏོགས་སོང་ཡོད་མ་རེད། མི་ལོ་སུམ་ཅུའི་དུས་ཡུན་རིང་པོ་དེ་འདྲ་མ་རེད། ཡིན་ན་ཡང༌། དེ་ལ་ཡོད་པའི་རྒྱ་ནག་གི་བྱིས་པ་དག་གིས་རྒྱ་ནག་གི་སྐད་ཡིག་རྩ་བ་ནས་མི་ཤེས་པར་བཟོས་འདུག ད་སྐབས་ཀྱི་སྲིད་འཛིན་གསར་པ་དེས་སྒོ་ཕྱེས་ནས་རྒྱ་ནག་གི་སྐད་ཡིག་བསླབ་ཆོག་པ་བྱས་འདུག ཡིན་ན་ཡང༌། མང་ཆེ་བས་ཤེས་ཀྱིན་མི་འདུག ང་ཚོ་དེ་འདྲ་ཞིག་ལ་གྱུར་སོང་ན་ཧ་ཅང་བློ་ཕམ་པོ་རེད། རྒྱང་ལ་བལྟས་ནས་ལས་ཀ་མ་ལས་པ་ཡིན་ན་ཉེན་ཁ་ཆེན་པོ་ཡོད་རེད། དོན་དངོས་སྟེང་དུ་ལས་ཀ་མ་ལས་པར་ཁ་གཅིག་པོས་བཤད་ནས་བསྡད་པ་ཡིན་ན་དཀའ་ལས་ཁག་པོ་རེད། དང་ཐོག་ཁྱིམ་ཚང་གི་སློབ་གསོ་ནས་འགོ་འཛུགས་རྒྱུ་ཧ་ཅང་གལ་ཆེན་རེད་འདུག ང་ཚོ་བོད་ཀྱི་སྲོལ་རྒྱུན་ནང་དུ་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་ཟེར་ནས་བཤད་སྲོལ་མེད་པར་མ་ཟད་དོན་དངོས་ཐོག་ཏུ་དེ་འདྲ་ལག་ལེན་ཡང་མི་འདུག དབུས་གཙང་ལ་མཚོན་ན་སྐུ་དྲག་མང་པོ་ཡོད་རེད། དེ་ཚོ་ལ་མཚོན་ན་ཡིག་ཐོག་ལ་མེད་རུང་ངག་རྒྱུན་ལ་བྱིས་པ་དག་ལ་སློབ་གསོ་མང་པོ་ཞིག་འདུག གཞན་ཁམས་དང་ཨ་མདོ་ཕྱོགས་སུ་ཡིན་ན་ཁྱིམ་ཚང་སྐྱོ་པོ་ཕ་མས་ཡི་གེ་རྩ་བ་ནས་མ་ཤེས་རུང་བྱིས་པ་དག་ལ་སློབ་གསོ་རྒྱག་ཚུལ་ཞིག་འདུག དཔེར་ན། མི་ལ་སྐད་ཆ་བཤད་ན་གང་འདྲ་བཤད་དགོས་མིན་དང་ཟ་མ་བཟའ་ན་གང་འདྲ་ཞིག་བྱེད་ནས་བཟའ་དགོས་མིན་སོགས་མང་པོ་ཞིག་འདུག དེ་དག་ནི་ཁྱིམ་ཚང་སློབ་གསོ་རེད། ང་ཚོས་ཀྱང་ཁྱིམ་ཚང་སློབ་གསོ་ནས་འགོ་འཛིན་དགོས་རྒྱུ་འདུག སྤྱིར་མི་རིགས་གཞན་པའི་སྐད་ཡིག་ཤེས་དགོས་པ་ཡིན་ན་ཡང་ཁྱིམ་ཚང་དུ་འཛོམས་དུས་རང་སྐད་མ་གཏོགས་སྐད་རིགས་གཞན་རྒྱག་མི་ཆོག་པའི་སྒྲིག་ལམ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ས་གནས་གཞན་ལ་ཡོད་པའི་མི་རིགས་དག་ལ་དེ་འདྲའི་ལུགས་སྲོལ་འདུག བོད་རིགས་མང་པོ་ཞིག་ལ་འབྲེལ་འདྲིས་བྱས་ནས་སྐད་ཆ་དྲིས་པ་ཡིན། ཁོང་ཚོ་མང་པོ་ཞིག་གིས་བཤད་རྒྱུར། བོད་མི་ལྷན་འཛོམས་སྐབས་སུ་བོད་སྐད་བེད་སྤྱོད་མི་བྱེད་པར་གཞན་སྐད་ཀྱི་སྟེང་ནས་ཁ་བརྡ་བྱེད་ཀྱིན་རེད་ཟེར་ནས་བཤད་ཀྱིན་འདུག ང་རང་གིས་བསམ་བློ་གཏོང་བ་ཡིན་ན་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་གཉིས་འདུག

དང་པོ་ནི། བོད་མི་གཉིས་ཐུག་སྐབས་གཞན་སྐད་སྨྲ་ནས་ཁ་བརྡ་མ་བྱས་ན་རང་ཉིད་རིག་གནས་ཀྱི་ཆུ་ཚད་མེད་པའི་སྣང་ཚུལ་དང་སྤྱི་ཚོགས་ཀྱི་རྗེས་ཆོད་ཀྱིན་མེད་པའི་ཉམས་སྣང་བྱུང་བ། གཉིས་པ་ནི། སྣང་ཚུལ་དེ་བསམ་བློ་ཡག་པོ་མ་རེད། སྣང་ཚུལ་དེ་འདྲ་ང་ཚོ་བོད་རིགས་གཅིག་པུ་མ་ཡིན་པ་འཛམ་གླིང་གི་མི་རིགས་སྐྱོ་བོ་ཐམས་ཅད་ལ་ཚོར་སྣང་དེ་བྱུང་འདུག ཚོར་སྣང་དེ་འདྲ་ལ་བརྟེན་ནས་སྐད་རིགས་ཧ་ཅང་མང་་པོ་ཉམས་རྒུད་ལ་སོང་ཡོད་རེད། འདི་ན་ཡོད་པའི་བོད་རིགས་མང་པོ་ཞིག་འདི་ལ་གནས་འགྲོ་རྒྱུ་རེད། གང་ཡིན་ཞེ་ན། ལོ་ཆུང་མང་པོ་ཞིག་འདི་ཡི་འཚོ་བ་དང་ས་ཆ་ལ་གོམས་སོང་བས་ཕ་ཡུལ་ལྟ་བུར་གྱུར་ཡོད་རེད། འདི་ལ་གནས་ཀྱང་མ་གནས་ཀྱང་རང་སྐད་རྒྱག་དུས་རྗེས་ལུས་ཡིན་པའི་ཚོར་སྣང་དེ་ཡག་པོ་མིན་པ་བསམ་བློའི་ནང་ནས་དོར་དགོས་རེད། བོད་པ་གཉིས་ལྷན་དུ་འཛོམས་དུས་གཞན་གྱི་སྐད་རིགས་སྤྱོད་དགོས་པ་ཡོད་མ་རེད། རང་གི་སྐད་རིགས་སྤྱོད་རྒྱུ་གནད་འགག་ཆེན་པོ་རེད། ཚན་རིགས་སོགས་གསར་པ་མང་པོ་ཞིག་གི་ཐོག་ནས་ཅུང་ཙམ་རྗེས་ལུས་རེད་འདུག འོན་ཀྱང་བསམ་བློ་སོགས་ཧ་ཅང་གཏིང་ཟབ་མོ་དང་ཕུན་སུམ་ཚོགས་པ་ཞིག་འདུག ང་ཚོས་ང་ཚོར་ཡོད་བཤད་པ་མ་རེད། འཛམ་བུ་གླིང་གི་བོད་ལ་ཆ་རྒྱུས་ཡོད་མཁན་དག་གིས་ཧ་གོ་ནས་བཤད་ཀྱིན་ཡོད་རེད། སྟོན་ཆ་རྫོགས་སོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།